Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  collapse section
   
   
   
   
ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་བཤད་པ།
   
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section


 
previousཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་བཤད་པ།next

ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་བཤད་པ།


GLG013_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་བཤད་པ། གཉིས་པ་ངེས་འབྱེད་ཆ་མཐུན་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་ཡོད་དེ། བདེན་པ་བཞིའི་རྣམ་པ་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་གསར་དུ་རྟོགས་པའི་ལམ་ཤེས་རྒྱུད་ལ་སྐྱེ་བ་སྟེ་ཡོངས་སུ་ཤེས་པ་ནི། དེའི་རྒྱུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྟོགས་པ་སྟེ་ཐོབ་པ་སྔོན་དུ་འགྲོ་དགོས་པ་ཅན་ཡིན་པས། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་བརྗོད་ནས། དེ་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འཆད་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ལ་དངོས་བསྟན་ནི། ཤེས་བྱ་ཆོས་ཅན། འཕགས་པ་ཉན་ཐོས་ཀྱིས་ལམ་མངོན་སུམ་དུ་ཤེས་པའི་ལམ་ཤེས་རྒྱུད་ལ་སྐྱེ་བ་ལ་ནི། དེའི་རྒྱུ་ངེས་འབྱེད་ཆ་མཐུན་


GLG013_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་འགྲོ་དགོས་ཏེ། མི་རྟག་སོགས་བཅུ་དྲུག་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ལམ་དེ་ཉིད་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་བསྒོམས་བྱུང་གི་ཤེས་རབ་ཀྱིས་དང་པོར་ཟིན་པའི་ཐེག་ཆེན་གྱི་སྦྱོར་ལམ་དེ་དྲོད་དང་། དེ་ནས་རིམ་གྱིས་རྩེ་མོ། བཟོད་པ། ཆོས་མཆོག་རྣམས་སྔོན་དུ་འགྲོ་དགོས་པའི་ཕྱིར། ཤུགས་བསྟན་གྱི་དྲོད་ནི། འཕགས་པ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་དུ་གྱུར་པའི་དྲོད་ཀྱི་དམིགས་པ་ཡོད་དེ། གཟུགས་སོགས་ཀྱི་ཆོས་རྣམས་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་ཉིད་རྣམས་ངོ་བོ་དབྱེར་མེད་པ་དེའི་དམིགས་པ་ཡིན་པའི་ཕྱིར། དེར་ཐལ། གཟུགས་ལ་སོགས་པ་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་ཕྱིར། རྩེ་མོ་ནི། དེའི་རྒྱུ་ངེས་འབྱེད་ཆ་མཐུན་དུ་གྱུར་པའི་རྩེ་མོའི་དམིགས་པ་ཡོད་དེ། གཟུགས་སོགས་དེ་དག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་མི་དམིགས་པ་དེ། དེའི་དམིགས་པ་དག་ཏུ་འདོད་པ་ཡིན་པའི་ཕྱིར། བཟོད་པ་ནི། དེའི་རྒྱུ་ངེས་འབྱེད་ཆ་མཐུན་དུ་གྱུར་པའི་བཟོད་པའི་དམིགས་པ་ཡོད་དེ། དམིགས་ཡུལ་དུ་མ་ཡོད་པ་དེ་ལས། རྟག་པ་དང་ལ་སོགས་པ་མི་རྟག་པ་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པའི་ཚུལ་གྱིས་གནས་པ་བཀག་པ་དེའི་དམིགས་པ་ཡིན་པའི་ཕྱིར། ཆོས་མཆོག་ནི། དེར་གྱུར་པའི་ཆོས་ཀྱི་མཆོག་གི་དམིགས་པ་བཤད་དུ་ཡོད་དེ། ས་བཅུ་དག་ལས་བརྩམས་ནས་ནི་ལམ་དེ་དག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་མི་གནས་པ་དེའི་དམིགས་པ་མདོ་ལས་རྒྱས་པར་བསྟན་པའི་ཕྱིར། འོ་ན། ལམ་དེ་དག་ཅིའི་ཕྱིར་གནས་བྱར་མི་བདེན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། སངས་རྒྱས་ཀྱིས་མངོན་སུམ་དུ་མཁྱེན་ནས་ཆོས་རྣམས་གནས་བྱར་བདེན་པར་གྲུབ་པ་ཡོད་ན་གཟིགས་དགོས་པ་ལ་མ་གཟིགས་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ།


GLG013_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག །བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་བློ་དེ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་ཡིན་ཟེར་ན། དེ་ཆོས་ཅན། ཁྱོད་ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཐེག་ཆེན་གྱི་རྟོགས་རིགས་སུ་གནས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། དེ་ཆོས་ཅན། ཁྱོད་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་ཡིན་པར་ཐལ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་གང་ཞིག །ཁྱོད་ངེས་འབྱེད་ཆ་མཐུན་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། རྣམ་མཁྱེན་ཆོས་ཅན། ཁྱོད་ལམ་ཤེར་ཕྱིན་ཡིན་པར་ཐལ། ལམ་གང་ཞིག །ཤེར་ཕྱིན་ཡིན་པའི་ཕྱིར། ཁྱབ་པ་ཁས། གཞན་ཡང་། དེ་ཆོས་ཅན། རྒྱུ་ལམ་ཤེས་ཡིན་པར་ཐལ། རྒྱུ་གང་ཞིག །ལམ་ཤེས་ཡིན་པའི་ཕྱིར། ཁོ་ན་རེ། དེ་ཆོས་ཅན། ཁྱོད་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་ཡིན་པར་ཐལ། ཁྱོད་འཕགས་པ་ཉན་ཐོས་ལམ་ལ་ནི། །ཞེས་པའི་གཞུང་གི་སྐབས་ནས་དངོས་སུ་བསྟན་པའི་ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། གཞུང་འདིས་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་དངོས་སུ་མ་བསྟན་པར་དོན་གྱིས་འཕངས་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། འདིར་དངོས་སུ་བསྟན་པ་ནི་སྟོང་ཉིད་རྟོགས་པའི་སྦྱོར་ལམ་ཡིན་ལ། ཉན་ཐོས་ཀྱི་ལམ་ཤེས་པའི་རྒྱུ་ངེས་འབྱེད་ནི་གཞུང་འདིར་དོན་གྱིས་འཕངས་པ་རྣམ་པ་བཅུ་དྲུག་ལ་དམིགས་པའི་འཇིག་རྟེན་པའི་སྒོམ་བྱུང་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །ཉན་ཐོས་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་གྱི་དོན་མངོན་རྟོགས་དེ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་


GLG013_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་གྱི་མཚན་ཉིད་ཟེར་ན། གང་ཟག་གི་བདག་འཛིན་སྤངས་པའི་སྤངས་པ་དོན་གཉེར་གྱི་ཐེག་ཆེན་གྱི་སྦྱོར་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཉན་ཐོས་ཀྱི་ཤེས་རབ་ཀྱི་རྟོགས་རིགས་སུ་གནས་པར་ཐལ། འདོད་པའི་ཕྱིར། འདོད་ན། མི་གནས་པར་ཐལ། དེའི་ཐབས་ཀྱི་རྟོགས་རིགས་སུ་གནས་པའི་ཕྱིར། གཉིས་པ་རང་ལུགས་ནི། ཉན་ཐོས་ཀྱི་ཤེས་རབ་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་གྱི་དོན་མངོན་རྟོགས་དེ་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་གྱི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁོ་ན་རེ། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་སྒོམ་པའི་བློ་ཆོས་ཅན། ཉན་ཐོས་ཀྱི་ཤེས་རབ་ཀྱི་རྟོགས་རིགས་སུ་མི་གནས་པར་ཐལ། དེའི་ཐབས་ཀྱི་རྟོགས་རིགས་སུ་གནས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་དེའི་རྟོགས་རིགས་སུ་གནས་པར་ཐལ། དེའི་རྒྱུད་ཀྱི་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་རྟོགས་པའི་བློ་དེ་ཉན་ཐོས་ཀྱི་ཤེས་རབ་ཀྱི་རྟོགས་རིགས་སུ་གནས་པའི་ཕྱིར། དེར་ཐལ། དེའི་རྒྱུད་ཀྱི་སྡུག་བསྔལ་བདེན་པ་རྟོགས་པའི་བློ་དེ་དེའི་རྟོགས་རིགས་སུ་གནས་པའི་ཕྱིར། དེར་ཐལ། དེའི་རྒྱུད་ཀྱི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་བློ་དེ་དེའི་ཤེས་རབ་ཀྱི་རྟོགས་རིགས་སུ་གནས་པའི་ཕྱིར་ན། འོ་ན། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་ཐར་པ་དོན་གཉེར་གྱི་བློ་དེ་ཉན་ཐོས་ཀྱི་ཐབས་ཤེས་གཉིས་སུ་ཕྱེ་བའི་ཤེས་རབ་ཀྱི་རྟོགས་རིགས་སུ་གནས་པར་ཐལ། དེའི་རྒྱུད་ཀྱི་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་རྟོགས་པའི་བློ་དེ་དེར་གནས་པའི་ཕྱིར། དེར་ཐལ། དེའི་རྒྱུད་ཀྱི་སྡུག་བསྔལ་བདེན་པ་རྟོགས་པའི་བློ་ལ་དེའི་ཕྱིར། དེར་ཐལ། དེའི་རྒྱུད་ཀྱི་མི་རྟག་སོགས་བཅུ་དྲུག་རྟོགས་པའི་བློ་ལ་དེའི་ཕྱིར། གསུམ་པ་འགྲེལ་པ་ལ། དྲོད་ནི། སྟོང་ཉིད་རྟོགས་པའི་ཐེག་ཆེན་གྱི་སྦྱོར་ལམ་དྲོད་མཉམ་


GLG013_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་ཡེ་ཤེས་ཆོས་ཅན། ཁྱོད་ཀྱིས་གཟུགས་ལ་སོགས་པའི་ཕུང་པོ་དང་། དེའི་སྟོང་པ་ཉིད་རྣམས་དོན་དམ་པར་ཕན་ཚུན་ཐ་དད་པ་མེད་པར་རྟོགས་པ་ཡིན་ཏེ། ཁྱོད་ཀྱིས་གཟུགས་སོགས་དོན་དམ་པར་རང་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པར་རྟོགས་པའི་ཕྱིར། རྩེ་མོ་ནི། སྟོང་ཉིད་རྟོགས་པའི་ཐེག་ཆེན་གྱི་སྦྱོར་ལམ་རྩེ་མོ་མཉམ་གཞག་ཡེ་ཤེས་ཆོས་ཅན། ཁྱོད་ཀྱིས་གཟུགས་ལ་སོགས་པ་དོན་དམ་པར་མེད་པར་རྟོགས་པ་ཡིན་ཏེ། ཁྱོད་ཀྱིས་སྔ་མ་དྲོད་ལ་བཤད་པ་བཞིན་དུ་བདེན་པར་ཡོད་ན་དམིགས་སུ་རུང་བ་ལ། ཁྱོད་ཀྱིས་གཟུགས་སོགས་བདེན་པར་མི་དམིགས་པར་རྟོགས་པའི་ཕྱིར། བཟོད་པ་ནི། ཐེག་ཆེན་གྱི་སྦྱོར་ལམ་བཟོད་པ་མཉམ་གཞག་ཡེ་ཤེས་ཆོས་ཅན། ཁྱོད་སྔར་བཤད་པ་དེ་བཞིན་དུ་གཟུགས་ལ་སོགས་པ་ལ་དོན་དམ་པར་དམིགས་པའི་ཚུལ་གྱིས་གནས་པར་བྱ་བ་བཀག་པ་སྟེ་གནས་བྱར་མེད་པར་རྟོགས་པ་ཡིན་ཏེ། ཁྱོད་ཀྱིས་གཟུགས་སོགས་དོན་དམ་པར་སྒྲུབ་པའི་ཚུལ་གྱིས་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པར་རྟོགས་པའི་ཕྱིར། ཆོས་མཆོག་ནི། ཤེས་བྱ་ཆོས་ཅན། སྟོང་ཉིད་རྟོགས་པའི་ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་ཡེ་ཤེས་དེས། ས་དང་པོ་རབ་ཏུ་དགའ་བ་ལ་སོགས་པ་ལ་གནས་བྱར་བདེན་མེད་དུ་རྟོགས་པ་ཡིན་ཏེ། རྒྱུ་མཚན་གང་གི་ཕྱིར་ན་བདེན་པར་ཡོད་ན་དེ་བཞིན་གཤེགས་པས་བདེན་པར་གཟིགས་དགོས་པ་ལ། དེ་བཞིན་གཤེགས་པས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ས་དང་པོ་ལ་སོགས་པའི་ཆོས་རྣམས་དོན་དམ་པར་གནས་བྱར་མ་གཟིགས་པའི་ཕྱིར། ཞེས་བྱ་བ་ཚད་མའི་སྐྱེས་བུས་མ་དམིགས་པའི་གཏན་ཚིགས་ཀྱི་འཐད་པས་དོན་དམ་པར་མི་གནས་པར་རྒྱས་པར་མདོ་ལས་ཇི་སྐད་དུ་བསྟན་པ་ཞེས་བྱ་བའི་རྣམ་པ་དེ་རྣམས་ཀྱིས་གོ་རིམ་བཞིན་དུ་བདེན་པའི་དམིགས་པ་ལ་དམིགས་ནས་བསྒོམས་པས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞི་
སྐྱེའོ་ཞེས་བྱ་བ་ཡིན་ནོ་སྟེ་ཡིན་པའི་ཕྱིར།


previousཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་བཤད་པ།next