Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

6 occurrences of བྱམས་པ་གླིང་
[Clear Hits]


  
collapse section
  
  
  
  
  
  
  
  
 
  
 
  
  
  
  
  
 
  
 collapse section
  
  
  
 collapse section
  
  
  
 collapse section
  
  
  
  
  
  
  
  
 collapse section
  
  
 collapse section
དོན་རྒྱན་གྱི་སྐོར་བཤད་པ།
  
 collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 collapse section
  
  
  
  
  
  
  
  
  
collapse section
  
  
  
 
  
  
 collapse section
  
  
  
  
  
  


6 occurrences of བྱམས་པ་གླིང་
[Clear Hits]

 
previousདོན་རྒྱན་གྱི་སྐོར་བཤད་པ།next

དོན་རྒྱན་གྱི་སྐོར་བཤད་པ།


GLG020_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་གཉིས་པ།དོན་རྒྱན་གྱི་སྐོར་བཤད་པ།ཤེས་བྱའི་རང་བཞིན་རྣམ་པར་ཡངས་པའི་མཛེས་སྡུག་ལང་ཚོར་ཆགས་པའི་སྤྱན། །སྲིད་ལས་བརྒལ་བའི་དཀྱུས་རིང་ཟུར་གྱིས་གཙུག་ལག་ཀུན་ལ་འཇུག་པའི་རྫས། །སྙན་འགྱུར་རིག་པའི་དབྱངས་དང་ལྷན་ཅིག་འདོད་པ་འཇོ་བའི་ངག་གི་ལྷ། །ཚངས་སྲས་མ་ཀྱེ་མགྲིན་པར་བཞུགས་ལ་ངག་གི་དངོས་གྲུབ་མ་ལུས་སྩོལ། །ངོ་མཚར་གཏམ་གྱི་འབྲུག་སྒྲ་མངལ་(༣༥ན)


GLG020_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཅན། །གྲངས་མེད་རྒྱན་གྱི་སྒྲོ་གཤོག་རབ་བཀྲ་བ། །བཅད་ལྷུག་སྤེལ་མའི་ཉམས་འགྱུར་སྟོང་གི་གར། །བསྒྱུར་ཏེ་དཔྱོད་ལྡན་ཡོངས་ཀྱི་གཟིགས་མོར་ཆེ། །མ་རིག་ཆུ་འཛིན་རྒྱར་གྲོལ་མཐའ་ཀླས་ཆོས། །སྐྱེས་ཐོབ་པིར་གྱིས་སྙན་ཚིག་མཁར་བྲིས་པའི། །གནས་ལུགས་དབང་གཞུར་བཀྲ་བའི་གུར་ཁྱིམ་ནས། །ལེགས་བཤད་དབྱངས་ཅན་རྒྱུད་མང་ཅི་ཡང་སྒྲོག །གཉིས་པ་ཐུན་མོང་གི་རྒྱན་བཤད་པ་ལ། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། རྒྱན་ངོས་བཟུང་བ། དེའི་རྣམ་གྲངས་སྔོན་བྱུང་འདིར་བསྡུས་ཚུལ་དང་གཉིས། དང་པོ་ནི། སྡེ་བཞི་སོགས་ཕུན་སུམ་ཚོགས་པའི་བརྗོད་བྱའི་སྲོག་དང་ལྡན་པའི་སྙན་ངག་གི་ལུས་བཅད་ལྷུག་སྤེལ་མ་གསུམ་དང་ལྡན་པ་དེ་མཛེས་པར་བྱེད་པའི་ཁྱད་པར་གྱི་ཆོས་རང་བཞིན་བརྗོད་པ་སོགས་ཀྱི་སྦྱོར་བ་སྣ་ཚོགས་པ་རྣམས་རྒྱན་ཞེས་རབ་ཏུ་བརྗོད་དོ། །གཉིས་པ་ནི། རྒྱན་དེ་དག་ནི་སྙན་ངག་མཁན་རྣམས་ཀྱིས་སྔར་བསྟན་པར་མ་ཟད། ད་ལྟའང་རྣམ་རྟོག་གི་སྤྲོས་པས་མཐའ་མེད་པའི་ཕྱིར། དེ་དག་མ་ལུས་པའི་སྤྲོས་པ་ནི་སུས་ཀྱང་འཆད་པར་མི་ནུས་མོད། འོན་ཀྱང་རྣམ་རྟོག་གི་ས་བོན་ཙམ་ནི་སྔོན་གྱི་སློབ་དཔོན་མཁས་པ་རྣམས་ཀྱིས་རྣམ་གྲངས་མང་དུ་བསྟན་པ་དེ་ཉིད་ཚིག་དོན་རྣམས་རབ་ཏུ་ཉུང་ངུར་གསལ་ཞིང་འགྲིལ་བར་ལེགས་པར་སྦྱར་བའི་ཕྱིར་ན། མཁས་པ་རྣམས་ཡོངས་སུ་ངལ་སོ་བའི་གནས་དམ་པ་འདི་ནི་དབྱུག་པ་ཅན་བདག་གིའོ། །གཉིས་པ་ལ་(༣༥ན)
མཚམས་སྦྱོར་དང་བཅས་ཏེ་དམ་བཅའ་བ། བཤད་ཚུལ་དངོས་གཉིས། དང་པོ་ནི། ཤར་ལྷོའི་ལམ་སྲོལ་ཐ་དད་པ་དག་ནི་རྣམ་པར་དབྱེ་བའི་དོན་དུ་སྦྱར་བ་སོགས་རྒྱན་འགའ་ཞིག་ནི་སྔར་ཡང་བསྟན་ཟིན་ལ། ཤར་ལྷོ་ཐུན་མོང་དག་ཏུ་འདོད་པའི་རྒྱན་གྱི་ནི་རིགས་གཞན་འོག་ནས་འབྱུང་བ་དག་རབ་ཏུ་བསྟན་པར་བྱའོ། །གཉིས་པ་ལ་དོན་རྒྱན། སྒྲ་རྒྱན། གབ་ཚིག་གི་རྒྱན་དང་གསུམ། དང་པོ་ལ་མདོར་བསྟན་པ། རྒྱས་པར་བཤད་པ། ཟློས་གར་གྱི་མཚན་ཉིད་ཀྱང་རྒྱན་དུ་བསྟན་པ། མཇུག་བསྡུ་ཞིང་མ་བཤད་པ་བསླབ་ཚུལ་དང་བཞི། དང་པོ་ནི། རང་བཞིན་བརྗོད་དང་དཔེ་དང་ནི། །གཟུགས་ཅན་གསལ་བྱེད་བསྐོར་བ་དང་། །འགོག་དང་དོན་གཞན་བཀོད་པ་དང་། །ལྡོག་པ་ཅན་དང་སྲིད་པ་ཅན། །བསྡུས་དང་ཕུལ་བྱུང་རབ་བརྟགས་དང་། །རྒྱུ་དང་ཕྲ་མོ་ཆ་དང་རིམ། །དགའ་དང་ཉམས་ལྡན་གཟི་བརྗིད་ཅན། །རྣམ་གྲངས་བརྗོད་དང་ཀུན་ཏུ་ཕན། །རྒྱ་ཆེ་བསྙོན་དོར་སྦྱར་བ་དང་། །ཁྱད་པར་མཚུངས་པར་སྦྱོར་བ་དང་། །འགལ་དང་སྐབས་མིན་བསྟོད་པ་དང་། །ཟོལ་བསྟོད་ངེས་པར་བསྟན་པ་དང་། །ལྷན་ཅིག་བརྗོད་དང་ཡོངས་རྗེས་ཤིས། །རབ་སྤེལ་དེ་ནས་དགོངས་པ་ཅན་ཏེ་རྒྱན་སོ་ལྔ་པོ་འདི་དག་བརྗོད་བྱེད་ཀྱི་ཚིག་རྣམས་དག་གི་ནི་མཛེས་པར་བྱེད་པའི་རྒྱན་དུ། སྔོན་གྱི་སློབ་དཔོན་མཁས་པ་རཱ་མ་ཤརྨ་སོགས་ཤར་ལྷོའི་སྙན་ངག་མཁན་རྣམས་ཀྱིས་བསྟན་ཏོ། །

རང་བཞིན་བརྗོད་པའི་རྒྱན་གྱི་སྐོར་བཤད་པ།


GLG020_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་བརྗོད་པའི་རྒྱན་གྱི་སྐོར་བཤད་པ།གཉིས་པ་ལ་སུམ་ཅུ་རྩ་ལྔ་ལས། དང་པོ་རང་བཞིན་བརྗོད་པ་ལ་མཚན་ཉིད། དཔེར་བརྗོད། དོན་བསྡུ་ཞིང་བསྔགས་པ་དང་གསུམ། དང་པོ་ནི། བརྗོད་བྱའི་དངོས་(༣༦ན)


GLG020_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་ཀྱི་རང་བཞིན་ཏེ་ངོ་བོ་དང་། དེ་དག་གི་རྣམ་པའི་གནས་སྐབས་སྣ་ཚོགས་པ་རྣམས་མེད་པ་ལ་ཡོད་དང་ཡོད་པ་ལ་མེད་པའི་སྒྲོ་བཀུར་སྤངས་ཏེ། ཤུགས་བསྟན་མ་ཡིན་པར་གནས་ལུགས་ཐམས་ཅད་དངོས་སུ་གསལ་བར་བྱེད་པ་དེ་ནི་རང་བཞིན་བརྗོད་པའི་རྒྱན་དང་། རྒྱན་སུམ་ཅུ་རྩ་ལྔ་པོའི་ནང་ནས་དང་པོའི་རྒྱན་ཡིན་ཅིང་། རྣམ་གྲངས་རིགས་སོགས་ཀྱི་དཔེར་བརྗོད་བཞི་ཡོད་དོ། །གཉིས་པ་སོ་སོའི་དཔེར་བརྗོད་བཞི་ལས། དང་པོ་རིགས་ནི། མཆུ་མདོག་ནི་དམར་ཞིང་། དབྱིབས་གུག་པ་དང་། གཤོག་པ་འཇམ་ཞིང་རེག་བྱ་གཉེན་པ་དང་། མགྲིན་པ་དཀར་སྔོ་དམར་པའི་ཁ་དོག་གསུམ་གྱི་ཕྲེང་བ་ཅན་ཚིག་འཇམ་པོར་སྨྲ་བ་དང་ལྡན་པ་རྣམས་ཀྱི་གནས་ལུགས་རྣམས་ནེ་ཙོ་འདི་དག་སྟེ་ཐམས་ཅད་ལ་ཁྱབ་པ་དཔེར་མཚོན་ནས། ཆོས་གང་ལའང་དེའི་གནས་ལུགས་དྲང་པོར་བརྗོད་པས་རང་དང་འདྲ་བའི་རིགས་ཀུན་ལ་ཁྱབ་ལ་རིགས་རུས་ཀྱི་རིགས་ནི་མ་ཡིན་ནོ། །དཔེར་ན། དམར་སེར་ཐུན་མཚམས་གསར་པའི་མདངས་གསལ་ཞིང་། །ན་ཚོད་བཅུ་དྲུག་བགྲང་བྱའི་དཔལ་ལྡན་པ། །མཐོན་མཐིང་རལ་པའི་ཟུར་ཕུད་ལྔ་པ་ཅན། །དབྱངས་ཅན་དགའ་མར་ཐོབ་པའི་འཇམ་པའི་དཔལ། །ཞེས་པ་ལྟ་བུ། གཉིས་པ་བྱ་བ་ནི། བྱེད་པོ་ཕུག་རོན་བྱ་ཡུལ་རང་གི་དགའ་མ་ལ་རྩེ་བར་འདོད་པས་བྱ་བའི་ཁྱད་པར་མགྲིན་པའི་ནང་ནས་སྐད་ཅུང་ཟད་མི་གསལ་བའི་ཚུལ་གྱིས་སྙན་པར་སྒྲོག་ཅིང་ཆགས་པས་མྱོས་པའི་མིག་ནི་དམར་པོ་ཀུན་ཏུ་སྒོར་སྒོར་དུ་འཕྲུལ་པ་ཡི་རྣམ་པས་དགའ་མ་ལ་ཡོངས་སུ་བསྐོར་ནས་མཆུ་དག་སྦྱོར་བ་སོགས་ཆགས་པའི་རྣམ་(༣༦བ)


GLG020_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བྱེད་དོ། །དཔེར་ན། བརྟུན་པ་སྐྱེད་དེ་མེ་སྐྱེས་ཡོངས་བསྒྲུབས་པས། །ལེགས་པར་སྦྱར་བའི་གཙུག་ལག་རབ་རྟོགས་ཤིང་། །གཞོན་ནུ་བདེ་སྤྱོད་རེ་བ་སྐོང་བྱེད་པའི། །དབང་ཕྱུག་གོ་ཆ་བློ་གསལ་དགའ་བ་བསྐྱེད། །ཅེས་པ་ལྟ་བུ། གསུམ་པ་ནི། ཡུལ་དགའ་མ་མཛེས་མ་ཡི་ནི་ལུས་ལ་རེག་པའི་རེག་བྱའི་ཡོན་ཏན་འདི་ཡིས་ཡུལ་ཅན་རང་གི་ལུས་ལ་སྤུ་ལོང་རྒྱས་པ་དང་། ཡིད་ནི་བདེ་བས་ཚིམ་པར་བྱེད་པ་དང་། འདོད་པས་མྱོས་པའི་མིག་དག་ཟུམ་པར་བྱེད་ཅིང་འཁྲིག་པ་ལ་འཇུག་པས། ཚོར་བ་བདེ་བ་ཐོབ་བོ། །དེས་མཚོན་ཏེ་གཟུགས་སྒྲ་དྲི་རོ་སོགས་འདོད་པའི་ཡོན་ཏན་ལྔ་ལ་སྦྱོར་བ་ཡིན་ལ། ཤོང་ལོས། མི་འཇིགས་སྟོབས་དང་མ་འདྲེས་ཆོས། །ཞེས་སོགས་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་ཡོན་ཏན་དང་སྦྱར་བ་འདིས་མི་གནོད་དམ་སྙམ་ན། ཟག་མེད་ཀྱི་ཡོན་ཏན་དེ་ཐུགས་ཀྱི་རེག་བྱ་ཡིན་ཞེས་སློབ་དཔོན་མཁས་པ་ཆེན་པོ་གསུང་ངོ་། །དཔེར་ན། འཇམ་ཞིང་གཉེན་པའི་ཆུ་སྐྱེས་གདན་ལ་གནས། །འཆི་མེད་བདུད་རྩིའི་བཏུང་བས་རབ་ཏུ་ངོམས། །ཐིག་ལེའི་དཔྱིད་གྱུར་སྒེག་མོར་འདྲེན་བྱེད་ནི། །བཅུ་གཉིས་དག་གིས་བལྟ་བའི་གསེར་མངལ་ཅན། །ཞེས་པ་ལྟ་བུ། བཞི་པ་ནི། ལྷ་རྣམས་ཀྱི་བསོད་ནམས་ལས་འཁྲུངས་པར་གྱུར་པའི་ཁྱུ་མཆོག་གི་རྒྱལ་མཚན་ལག་ཏུ་འཛིན་པའི་དབང་ཕྱུག་ལ་གཞན་ལ་མེད་པའི་གང་ཟག་གཅིག་གིས་རང་མཚན་དུ་བདག་ཏུ་བཟུང་བའི་རྫས། རྒྱ་མཚོ་ལས་བྱུང་བའི་དུག་བརྩེགས་པའི་བུམ་པ་མགྲིན་པར་བཞག་པས་མདོག་སྔོ་བ་དང་། ལག་ན་བདུད་རྩིའི་སྣོད་ཚངས་པའི་ཐོད་པ་ནི་གནས་པ་དང་། (༣༧ན)
སྤྱི་བོར་རྒྱ་མཚོ་ལས་བྱུང་བའི་ཟླ་བའི་ཅོད་པན་གྱིས་སྤྲས་པ་དང་། སྣུམ་ཞིང་དམར་བའི་རལ་པ་ནམ་མཁའ་ཁེབས་པ་ཅན་ནི་ཚངས་པ་སོགས་གཞན་ལ་མེད་པས་ཁྱད་པར་པའོ། །དཔེར་ན། ཡིད་འོང་རྣམ་པར་རྒྱལ་བའི་ཁང་བཟང་ན། །ཕྱོགས་ཀུན་བལྟ་བའི་འདྲེན་བྱེད་སྟོང་གཡོ་ཞིང་། །ཞོ་འཐུང་རུས་པའི་རྩེ་བརྒྱ་སྙིམ་པ་ན། །འཛིན་མཁས་གྲགས་པའི་མུ་ཁྱུད་ལྷ་ཡི་མགོན། །ཞེས་པ་ལྟ་བུ། གསུམ་པ་ནི། བཤད་མ་ཐག་པའི་རིགས་དང་། བྱ་བ་དང་། ཡོན་ཏན་དང་། རྫས་བཞི་པོ་དངོས་པོའི་རང་བཞིན་གྱི་གནས་ལུགས་དྲང་པོར་བརྗོད་པ་འདི་འདྲ་བ་ནི། སྤྱིར་བསྟན་བཅོས་ཀུན་ལ་རྒྱལ་པོའི་རྒྱལ་སྲིད་ཀྱི་མངའ་ཐང་ལྟར་གཙོ་ཆེ་ཞིང་། བྱེ་བྲག་ཏུ་དྲང་པོར་བརྗོད་པའི་སྙན་ངག་ལའང་འདི་དག་ཉིད་འདོད་དོ། །

དཔེ་རྒྱན་གྱི་སྐོར་བཤད་པ།


GLG020_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་རྒྱན་གྱི་སྐོར་བཤད་པ།གཉིས་པ་དཔེ་རྒྱན་ལ། མཚན་ཉིད། དཔེར་བརྗོད། སྐྱོན་ཡོན། མཚུངས་པ་གསལ་བྱེད་ཀྱི་སྒྲ་དང་བཞི། དང་པོ་ནི། མཚོན་བྱེད་ཀྱི་དཔེ་ལ་ཇི་ལྟར་ཡོད་པ་དག་ཇི་གཞིག་ཏུ་མཚོན་བྱའི་དཔེ་ཅན་ལ་དེ་ལྟར་ཡོད་པར་མཚུངས་པ་གསལ་བར་གང་དུ་རྟོགས་པར་བྱེད་པ་དེ་ནི་དཔེའི་རྒྱན་ཞེས་བྱ་སྟེ། དེ་ཡི་སྤྲོས་པ་མཐའ་དག་འདིར་ནི་རབ་ཏུ་བཤད་པར་བྱའོ། །གཉིས་པ་ལ་སུམ་ཅུ་རྩ་གཉིས་ལས། དང་པོ་ཆོས་དཔེ་ནི། །དཔེ་ཅན་མཛེས་མ་ཁྱོད་ཀྱི་ལག་པའི་མཐིལ་ནི། དཔེ་དཀར་དམར་གྱི་མདངས་དང་ལྡན་པའི་ཆུ་སྐྱེས་བཞིན་དུ་ཀུན་ཏུ་དམར་བར་ཆོས་མཚུངས་(༣༧བ)


GLG020_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ཞེས་པས་ཆོས་དཔེ་དངོས་སུ་ནི་བསྟན་ཏེ། རྒྱུ་མཚན་མཚུངས་པའི་ཆོས་དམར་པོ་དག་སྒྲས་གསལ་བར་བསྟན་པའི་ཕྱིར་རོ། །དཔེར་ན། ངག་དབང་དབྱངས་ཅན་དགྱེས་པའི་ཞལ་གྱི་སྒོ། །ཡིད་འོང་འཛུམ་པའི་དབུས་ན་བཞི་བཅུའི་ཚེམས། །ཚར་དུ་དངར་འདི་ཉི་འོད་ཀྱིས་ཁྱབ་པའི། །གངས་ཀྱི་རི་བོ་ལྟ་བུར་དཀར་ཞིང་མཛེས། །ཞེས་པ་ལྟ་བུ།གཉིས་པ་དངོས་དཔེ་ནི། དཔེ་ཅན་མཛེས་མ་ཁྱོད་ཀྱི་གདོང་དང་མིག་དག་ནི། དཔེ་པདྨ་དང་ཨུཏྤལ་ལ་སྔོན་པོ་བཞིན་ནོ། །ཞེས་དཔེ་དང་དཔེ་ཅན་གྱི་ངོ་བོ་ཙམ་དངོས་སུ་བརྗོད་ནས། མཚུངས་ཆོས་གདོང་དང་པདྨ་དཀར་ཞིང་མཛེས་པ་དང་། མིག་དང་ཨུཏྤལ་མཐིང་ཞིང་དཀྱུས་རིང་བ་སོགས་དངོས་སུ་མི་གསལ་བར་ཤུགས་ལ་བསྟན་པས་མཚུངས་ཆོས་གཅིག་ཏུ་རྟོགས་པར་བྱེད་པ་དེ་ནི་དངོས་པོའི་དཔེ་ཉིད་དོ། །དཔེར་ན། དབྱངས་ཅན་ལྷ་མོའི་དབུ་སྐྲའི་ཟུར་ཕུད་འདི། །སྤྲིན་བྲལ་འཆི་མེད་ལམ་དང་ཡང་དག་མཚུངས། །ལང་ཚོའི་རང་བཞིན་དར་བའི་ནུ་འབུར་ཟུང་། །དབྱར་གྱི་ཆུ་འཛིན་གསར་པ་གཡོ་བ་བཞིན། །ཞེས་པ་ལྟ་བུ། གསུམ་པ་ཟློག་པའི་དཔེ་ནི། དཔེ་ཅན་མཛེས་མ་ཁྱོད་ཀྱི་གདོང་བཞིན་དུ། དཔེ་པདྨ་ནི་རྣམ་པར་རྒྱས་པར་གྱུར་རོ་ཞེས་པ་དེ་ནི། སྤྱིར་འཇིག་རྟེན་གྲགས་ཚོད་ལ་དཔེས་དཔེ་ཅན་ཕར་འཇལ་དགོས་པ་ལ། དེ་ལས་གོ་ཟློག་པའི་ཕྱིར་ཟློག་པའི་དཔེ་ཞེས་བྱ་བར་འདོད་དོ། །དཔེར་ན། འཇོ་སྒེག་ཉམས་ལྡན་བརྟན་པའི་འཁོར་ལོའི་སྐུ། །འོད་ཀྱི་ཕུང་པོ་མངོན་པར་འཕྲོ་བ་བཞིན། བཅུ་གཉིས་(༣༨ན)


GLG020_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་འཆར་ལ་མངོན་ཕྱོགས་པའི། །མཚམས་སྤྲིན་གསར་པའི་ཁ་དོག་ཡིད་དུ་འོང་། །ཞེས་པ་ལྟ་བུ། བཞི་པ་ཕན་ཚུན་གྱི་དཔེ་ནི། དཔེ་ཅན་མཛེས་མ་ཁྱོད་ཀྱི་ཞལ་བཞིན། ཆུ་སྐྱེས་མཛེས་པ་ལྟར། དཔེ་ཆུ་སྐྱེས་བཞིན་དུ་ཁྱོད་ཀྱི་ཞལ་ཡང་མཛེས་སོ་ཞེས་པ་དཔེ་དཔེ་ཅན་གཉིས་ཕན་ཚུན་འཇལ་རེས་བྱས་པའི་སྒོ་ནས་དཀར་མཛེས་སོགས་གཉིས་ཀ་ལ་མཚུངས་པའི་ཁྱད་འཕགས་བརྗོད་པར་བྱེད་པ་འདི་ནི་ཕན་ཚུན་གྱི་དཔེའོ། །དཔེར་ན། དབྱངས་ཅན་འདོད་པའི་མྱོས་བུམ་ཇི་བཞིན་དུ། །ལང་ལོང་གཡོ་བའི་ཆུ་འཛིན་གསར་པ་སྟེ། །སྤྲིན་དཀར་ལྟ་བུར་ཁྱོད་ཀྱི་ནུ་འབུར་ཡང་། །རབ་དཀར་གཡོ་བ་ཡིད་ཀྱི་དཔལ་དུ་འཇེབས། །ཞེས་པ་ལྟ་བུ། ལྔ་པ་ངེས་པའི་དཔེ་ནི། དཔེ་ཅན་ལུས་ཕྲ་ཁྱོད་ཀྱི་ཞལ་ནི། དཔེ་པདྨ་ཉིད་གཅིག་པུ་དང་མཛེས་པ་སོགས་ཀྱི་སྒོ་ནས་མཚུངས་ཀྱི། དཔེ་ཅན་ཁྱད་པར་དུ་འཕགས་པའི་དབང་གིས་དེའིདཔེར་འོས་པ་གཞན་ནི་འགའ་ཞིག་སྟེ་གང་དང་ཡང་ཡོད་པ་མིན་ནོ་ཞེས་པ་སྟེ། འཇིག་རྟེན་ན་མཚུངས་པ་གཞན་ཟློག་ཕྱིར། འདི་ནི་ངེས་པ་ཉིད་ཀྱི་དཔེའོ། །དཔེར་ན། སྙན་ཚིག་གཞུང་ལུགས་རྒྱ་མཚོ་སྨྲ་བ་ལ། །ངག་གི་དཔལ་གྲུབ་ཤོང་སྟོན་ལོ་ཙཱ་བ། །མཚོ་བྱུང་སྙིང་གར་རོལ་བ་དཎྜཱི་དང་། །མཚུངས་ཀྱི་རིགས་མཐུན་གཞན་ན་ཡོད་མ་ཡིན། །ཞེས་པ་ལྟ་བུ། དྲུག་པ་ངེས་མེད་ཀྱི་དཔེ་ནི། །རེ་ཞིག་དཔེ་ཅན་ལུས་ཕྲ་ཁྱོད་ཀྱི་གདོང་ནི། དཔེ་པདྨ་ཡི་རྗེས་སུ་འགྲོ་བར་མ་ཟད། དཔེ་གཞན་ཡང་། དཔེ་པདྨ་དེ་དང་འདྲ་བ་གལ་ཏེ་ཡོད་ན་གདོང་གི་དཔེ་དེས་བྱེད་པར་འགྱུར་རོ་ཞེས་པ་འདི་ནི་གཅིག་ཏུ་(༣༨བ)


GLG020_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་དཔེའོ། །དཔེར་ན། འཇམ་མགོན་བླ་མ་ཀུན་མཁྱེན་ཙོང་ཁ་པ། །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་མཚུངས་ཀྱི། །གཞན་དུ་དེ་འདྲའི་ངང་ཚུལ་ལྡན་པ་དག །སྲིད་འདིར་མཆིས་ན་ཁྱོད་ཀྱི་དཔེ་ཟླར་རིགས། །ཞེས་པ་ལྟ་བུ། བདུན་པ་བསྡུས་པའི་དཔེ་ནི། དཔེ་ཅན་ཁྱོད་ཀྱི་གདོང་མཛེས་པ་ཁོ་ན་ཡིས། དཔེ་ཟླ་བའི་རྗེས་སུ་འགྲོ་བ་མ་ཡིན་ཏེ། བྱ་བའི་ཁྱད་པར་གཞན་དགའ་བ་སྐྱེད་པར་བྱེད་པའི་ལས་ཀྱིས་ཀྱང་ཟླ་བ་དང་མཚུངས་སོ་ཞེས་པ་འདི་འདྲ་ཡོན་ཏན་གཞན་དག་བསྡུས་པའི་དཔེ་ཡང་ཡོད་དོ། །དཔེར་ན། ཆོས་རྒྱལ་དགེ་དབང་དྲང་སྲོང་བློ་ལྡན་དང་། །སྙན་པར་སྨྲ་བའི་ངག་གི་དངོས་གྲུབ་དག །ཐོབ་པ་ཙམ་གྱིས་མཚུངས་མིན་ལེགས་བྲིས་ཀྱི། །ཕུམ་སུམ་ཚོགས་པའི་ངང་ཚུལ་ལྡན་འདིས་ཀྱང་། །ཞེས་པ་ལྟ་བུ། བརྒྱད་པ་ཕུལ་བྱུང་གི་དཔེ་ནི། དཔེ་ཅན་མཛེས་མ་ཁྱོད་ཀྱི་ཞལ་ནི། ཁྱོད་ཀྱི་གཟུགས་ཉིད་ཁོ་ན་ལས་མཐོང་ཞིང་། དཔེ་ཟླ་བ་ནི་ནམ་མཁའ་ལས་མཐོང་བའི་མཐོང་ཡུལ་གྱི་ཁྱད་པར་ཅུང་ཟད་ཙམ་འདི་ཉིད་ཁོ་ནས་ཐ་དད་དེ། གཞན་ཁྱད་པར་མེད་ཅེས་འུད་ཆེན་པོ་བྱས་པ་འདི་ཕུལ་བྱུང་གི་དཔེ་སྟེ། དངོས་གནས་ལ་གདོང་ལས་ལྷག་པའི་ཁྱད་པར་ཟླ་བ་ལ་མང་དུ་ཡོད་པས་སོ། །དཔེར་ན། སྐད་གཉིས་སྨྲ་བ་རྡོ་རྗེ་རྒྱལ་མཚན་དང་། །ངག་གི་དབང་ཕྱུག་ལྷ་མོ་དབྱངས་ཅན་མ། །འདོད་པའི་མྱོས་བུམ་ལྡན་དང་མི་ལྡན་གྱི། །དབྱེ་བ་ཙམ་ལས་གཞན་དུ་ཐ་མི་དད། །ཅེས་པ་ལྟ་བུ། དགུ་པ་རབ་བཏགས་ནི། དཔེ་ཅན་མཛེས་མ་དེ་ཡི་བཞིན་གྱི་དཔལ། དཔེ་ཟླ་བ་ང་ཉིད་ལ་ཡོད་ཅེས་ཟླ་བ་སྙེམས་པར་བྱེད་མི་དགོས་སོ་ཞེས་དཔེ་ལ་བསམ་པ་(༣༩ན)


GLG020_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བཞིན་དུ་སྒྲོ་བཏགས་ཏེ། ཟླ་བ་ཁྱོད་དུ་མ་ཟད་པདྨ་ལ་ཡང་མཛེས་མའི་གདོང་གི་ཡོན་ཏན་དེ་ཡོད་པའི་ཕྱིར། ཞེས་པ་འདི་ནི་རབ་བཏགས་ཀྱི་དཔེའོ། །དཔེར་ན། འཇམ་མཉེན་ཆུ་སྐྱེས་གཞོན་ནུའི་ཡལ་འདབ་རྣམས། །དབྱངས་ཅན་ལྷ་མོའི་ཕྱག་གི་སོར་མོའི་དཔལ། །སྙེམས་པར་མི་འཚལ་ལེགས་བྲིས་རྐེད་མེད་མའི། །ལག་པའི་ཡལ་ག་དེ་ཡི་དགྲ་ཟླ་བྱེད། །ཅེས་པ་ལྟ་བུ། བཅུ་པ་རྨད་བྱུང་གི་དཔེ་ནི། གལ་ཏེ་དཔེ་པདྨ་འགའ་ཞིག་ལ་འདོད་པས་རྣམ་པར་འཕྲུལ་བའི་མིག་དང་ལྡན་ན། དཔེ་ཅན་སྨིན་ལེགས་མ་ཁྱོད་ཀྱི་བཞིན་གྱི་དཔལ་འཛིན་ཏེ། ཞེས་དཔེ་མིག་དང་ལྡན་པའི་པདྨ་དཀོན་པ་ལྟར་བྱས་ཏེ། དཔེ་ཅན་ངོ་མཚར་བར་སྟོན་པ་འདི་ནི་རྨད་བྱུང་གི་དཔེའོ། །དཔེར་ན། ན་ཚོད་དར་བབས་ཡན་ལག་མཆོག་མ་ཡིས། །མི་ཟད་ངག་གི་དངོས་གྲུབ་སྟེར་ནུས་ན། །རྣ་བ་བརྒྱད་པའི་མཆེ་བ་ལས་འོངས་པའི། །ངག་དབང་དབྱངས་ཅན་མ་དེའི་འགྲན་ཟླར་བྱེད། །ཅེས་པ་ལྟ་བུ། བཅུ་གཅིག་པ་རྨོངས་པའི་དཔེ་ནི། དཔེ་ཅན་ལུས་ཕྲ་མ་ཁྱོད་ཀྱི་གདོང་དང་། དཔེ་རི་བོང་ཅན་གཉིས་ཧ་ཅང་འདྲ་བས་གང་ཡིན་ཞེས་བརྟགས་ཀྱང་ཤན་མ་ཕྱེད་པར། ཁྱོད་ཀྱི་གདོང་ནི་ཟླ་བར་འཁྲུལ་བའི་བསམ་པ་ཡིས། ཆགས་པའི་དབང་གིས་བཅོ་ལྔའི་ཟླ་བ་ཤར་བ་འདིའི་ཡང་རྗེས་སུ་སྙེག་གོ །ཞེས་པ་འདི་ནི་དཔེ་ཅན་དཔེ་རུ་འཁྲུལ་བས་རྨོངས་པའི་དཔེ་རུ་བཤད་དོ། །དཔེར་ན། འཆི་མེད་ཡུལ་དུ་གཤེགས་ཕྱིར་ཤཱཀྱའི་ཏོག །ཀུན་གསལ་ངོས་སུ་ཐོགས་མེད་རྒྱུ་བ་ན། །(༣༩བ)


GLG020_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་བདུན་མཁའ་ལ་འགྲོ་ཞེས་བླུན་པོ་འགའ། །པད་དཀར་འདབ་མ་འཛུམ་ལ་ལྟ་ཕྱིར་རྒྱུག །ཅེས་པ་ལྟ་བུ། བཅུ་གཉིས་པ་ཐེ་ཚོམ་གྱི་དཔེ་ནི། དཔེ་ཁྱད་གཞི་པདྨའི་ནང་དུ་ཁྱད་ཆོས་ཀྱི་བུང་བ་འཁོར་བའམ། དཔེ་ཅན་ཁྱད་གཞི་མཛེས་མ་ཁྱོད་ཀྱི་གདོང་པ་ལ་ཁྱད་ཆོས་མིག་གཡོ་བ་གང་རུང་ཞིག་ཅི་ལྟར་ཡིན་པ་འདྲ་ཡང་། བདག་གི་སེམས་ནི་ཐེ་ཚོམ་གྱི་རྣམ་པར་གཡོ་བ་ལས་གཅིག་ཏུ་ངོས་མ་ཟིན་ནོ། །ཞེས་པ་འདི་ནི་ཐེ་ཚོམ་གྱི་དཔེའོ། །དཔེར་ན། སྨྲ་མཁས་དྲང་སྲོང་ལྷ་ཡི་བླ་མ་དེ། །འཛམ་བུས་མཛེས་པའི་གླིང་འདིར་འོངས་པའམ། །ཡང་ན་ཐམས་ཅད་མཁྱེན་པ་ཆོས་སྐྱོང་བཟང་། །འཆད་རྩོད་རྩོམ་ལ་བྲེལ་སྙམ་འཕྱང་མོ་ཉུག །ཅེས་པ་ལྟ་བུ། བཅུ་གསུམ་པ་གཏན་ལ་འབེབས་པའི་དཔེ་ནི། ཟླ་བ་ཁ་སྐྱེངས་པར་བྱེད་པའི་ཤིན་ཏུ་མཛེས་པ་འདི་དཔེ་པདྨ་མ་ཡིན་ཏེ། པདྨ་དེ་ནི་ཟླ་བས་ཚར་གཅོད་ཅིང་ཟུམ་པར་བྱེད་ལ། འདི་ཚར་མི་གཅོད་པ་དེའི་ཕྱིར། ཟླ་བས་མི་འཇོམས་པའི་དཔེ་ཅན་མཛེས་མ་ཁྱོད་ཀྱི་གདོང་ཉིད་དོ། །ཅེས་དཔེ་དཔེ་ཅན་ཟླ་བས་འཇོམས་མི་འཇོམས་ཀྱི་ངེས་ཚིག་ཡོད་པ་འདི་གཏན་ལ་ཕེབས་པའི་དཔེའོ། དཔེར་ན། བརྡའ་སྤྲོད་གཞུང་བརྒྱ་སྨྲ་བའི་སློབ་དཔོན་འདི། །ལྷ་ཆེན་སྲས་པོ་གདོང་དྲུག་དང་མཚུངས་ཀྱང་། །གངས་ཅན་ལྗོངས་འདིར་ལེགས་སྦྱར་སྟོན་པའི་ཕྱིར། །པང་སྟོན་ལོ་ཆེན་བློ་གྲོས་བརྟན་པར་ངེས། །ཞེས་པ་ལྟ་བུ། བཅུ་བཞི་པ་སྦྱར་བའི་དཔེ་ནི། འདི་ནི་དོན་སྦྱར་བ་ཡིན་པས། སྦྱོར་ལུགས་དཔེ་ཅན་མཛེས་མའི་གདོང་གིས་མཛེས་པའི་(༤༠ན)


GLG020_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་བསིལ་ཟེར་ཅན་གྱི་འགྲན་ཟླ་བྱེད་པ་དང་། དཔེ་པདྨས་ཉི་མའི་ཕྱོགས་ཡིན་པའི་སྒོ་ནས་འགྲན་ཟླ་བྱེད་པ་སྦྱར། དེ་བཞིན་དུ་དཔེ་ཅན་ལ་མཛེས་པའི་དཔལ་དང་། དཔེ་ལ་བུང་བའི་དཔལ་ལྡན་པ་སྦྱར། དཔེ་ཅན་མཛེས་མའི་ཁ་ལ་ཨུཏྤ་ལའི་དྲི་དང་། དཔེ་གསར་གྱི་དྲི་བཟང་པོ་གཉིས་སྦྱར་ནས། དཔེ་ཅན་ཁྱོད་ཀྱི་གདོང་ནི། དཔེ་ཆུ་སྐྱེས་བཞིན་ནོ། །ཞེས་མཚུངས་པའི་སྒྲ་དངོས་སུ་ཡོད་པའི་སྒོ་ནས་སྦྱོར་རྒྱུ་གཉིས་ལས་མི་ཉུང་བ་ནི་སྦྱར་བའི་དཔེ་རུ་བཤད་དོ། །དཔེར་ན། གང་ཞིག་བསྟེན་ན་ལེགས་པའི་དཔལ་སྟེར་ཞིང་། །མི་མཐུན་རྒུད་པའི་ཚོགས་ཀྱི་དགྲར་གྱུར་པ། །སྲིད་འདིར་ཤིན་ཏུ་རྙེད་དཀའ་ཟས་གཙང་སྲས། །ཡིད་བཞིན་དབང་གི་རྒྱལ་པོར་ཡང་དག་མཚུངས། །ཞེས་པ་ལྟ་བུ། བཅོ་ལྔ་པ་མཉམ་ཉིད་ཀྱི་དཔེ་ནི། མཚུངས་པར་ནུས་ཕྱིན། སྒྲ་གཅིག་ལ་གཅོད་མཚམས་མི་འདྲ་བ་གཉིས་སམ། མིང་གཅིག་ལ་དོན་མི་འདྲ་བ་གཉིས་སུ་བྱེད་པ་གང་རུང་གིས་དཔེ་དཔེ་ཅན་གཉིས་མཉམ་པ་ཉིད་དུ་བརྗོད་པར་ནུས་པར་བྱ་བའི་ཕྱིར་མཉམ་ཉིད་ཀྱི་དཔེ་སྟེ། ཇི་ལྟར་ན། དཔེ་ཅན་སྐྱེད་མོས་ཚལ་གྱི་ཕྲེང་བ་འདི། དཔེ་བུ་མོ་བཞིན་དུ་མཛེས་པ་དང་ལྡན་ནོ། །མཚུངས་ཆོས་སཱ་ལ་སྟེ་སྤོས་དཀར་གྱི་ཤིང་དང་། ཀཱ་ན་ན་ནགས་ཏེ། སྐྱེད་ཚལ་སྤོས་དཀར་ཤིང་གི་ནགས་ཀྱིས་མཛེས་སོ། །གཅོད་མཚམས་གཅིག་ལ། ས་བཅས་པ། ཨ་ལ་ཀ་ལན་བུ། ཨཱ་ན་ན་གདོང་པ། མཚུངས་འདྲ་བྱས་པས། བུ་མོ་གདོང་(༤༠བ)


GLG020_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ལན་བུ་དང་བཅས་པས་མཛེས་སོ། །ཡང་ན་མིང་གཅིག་པ་ལ་དོན་མི་འདྲ་བ། ཀུན་ལས་རྣམ་པར་རྒྱལ་བ་ལ་སངས་རྒྱས་དང་ཁྱབ་འཇུག་མཚུངས་ཀྱང་། རྒྱལ་ལུགས་མི་གཅིག་པ་སྟེ། དཔེར་ན། སྟོབས་བཅུ་མི་འཇིགས་བཞི་ཡི་རྩལ་རྣམས་ཀུན། །ཡོངས་སུ་རྫོགས་པའི་ཀུན་མཁྱེན་ཉི་མའི་གཉེན། །མཁར་ཉལ་གཙོ་བོ་ཐ་གུའི་ལྟོ་ཅན་བཞིན། །ཀུན་ལས་རྣམ་པར་རྒྱལ་བའི་དབང་ཕྱུག་ཐོབ། །ཅེས་པ་ལྟ་བུ། འདིའི་སྐབས་འཇམ་ཁ་དང་། བྱ་གཤོངས་ཀླུ་སྒྲུབ་པ་གཉིས་ཀྱིས་སྦྱར་བ་དང་མི་འདྲ་བའི་ཁྱད་པར་བཤད་པ་རྣམས་ནི་རྒྱུ་མཚན་མེད་པའི་རྟོག་བཏགས་ཁོ་ནར་འདུག་ཅིང་། སྣར་ཐང་པ་དང་། ཟུར་མཁར་བ་གཉིས་ཀྱིས་སྒྲ་རྐྱང་པར་སྦྱར་བ་ནི་ཧ་ཅང་གུ་དོག་གྲགས་ལ་རིན་སྤུངས་པས། འོག་གི་སྦྱར་རྒྱན་ཀུན་ལའང་ཞེས་གསུངས་ཀྱང་། འདིར་མཚུངས་པ་གསལ་བྱེད་ཀྱི་སྒྲ་དང་བཅས་དགོས་ཤིང་། འོག་མ་རྣམས་ལ་སྦྱོར་ཚུལ་ཡང་སྣ་ཚོགས་ཡོད་པས། འདིའི་རྩོད་སྤོང་ལ་གསུང་བ་ནི་ཉ་དང་ཉུང་མ་བསྲེས་པའོ། །དེས་ན་ཁོ་བོ་ནི། སློབ་དཔོན་མཁས་པའི་གསུང་རྒྱུན་ལ་བརྟེན་ནས་འདི་ལྟར་སྨྲ་སྟེ། སྦྱར་བའི་དཔེ་ལ་ནི་མཚུངས་པའི་ཡོན་ཏན་གཉིས་ལས་མི་ཉུང་བ་ཞིག་དགོས་པ་དང་། དོན་ལ་སྦྱར་བ་ཡིན་ལ། འདིར་ནི་མཚུངས་པའི་ཡོན་ཏན་གཅིག་གིས་ཆོག་ཅིང་། སྒྲ་དོན་གང་ལ་སྦྱར་ཡང་ཁྱད་པར་མེད་པས། ལེགས་བཤད་ཀྱི་སོར་མོས་འགྲེལ་བྱེད་མཁན་པོ་རྣམས་སྦུགས་ཐུམ་ཀྱི་སྒྲོག་ཏུ་ཚུད་པ་ལེགས་པར་བཀྲོལ་བ་ཡིན་ནོ། །(༤༡ན)


GLG020_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་དྲུག་པ་མེད་པའི་དཔེ་ནི། དཔེ་པདྨ་དང་ཟླ་བ་གཉིས་རིམ་བཞིན་གེ་སར་གྱི་རྡུལ་མང་བ་དང་། ནག་ཕྱོགས་ལ་མཛད་པས། དེ་དག་ལས་ནི་དཔེ་ཅན་མཛེས་མ་ཁྱོད་ཀྱི་བཞིན་མཚུངས་པ་ལ་ཡང་ཁྱད་པར་དུ་འཕགས་པ་དང་བཅས་སོ་ཞེས་པ་མེད་པའི་དཔེ་རུ་འདོད་དོ། །དཔེར་ན། དཔལ་མོའི་གླུ་དབྱངས་ཡུལ་གྱིས་རྣམ་པར་སྐལ། །དབྱར་སྐྱེས་རྔ་གསང་དུས་ཀྱི་གཞན་དབང་གྱུར། །དེ་དག་ཚོགས་ལས་ཚངས་སྲས་ལྷ་མོའི་གསུང་། །མཚུངས་པ་ལས་ཀྱང་ཁྱད་པར་མང་དུ་མཆིས། །ཞེས་པ་ལྟ་བུ། བཅུ་བདུན་པ་བསྔགས་པའི་དཔེ་ནི། དཔེ་པདྨས་ཚངས་པ་མཆོག་ཏུ་བསྐྱེད་པ་དང་། ཟླ་བ་བདེ་འབྱུང་གི་གཙུག་གིས་འཛིན་ཞེས་བསྔགས་ཏེ། དེ་དག་དང་དཔེ་ཅན་མཛེས་མ་ཁྱོད་ཀྱི་གདོང་མཚུངས་ཞེས་པ། དེ་ནི་དཔེ་ལ་བསྔགས་པའི་དཔེར་བརྗོད་དོ། །དཔེར་ན། མི་བསྲུན་གླགས་ལྟའི་རྒོལ་ངན་རབ་འཇོམས་ཤིང་། །བློ་གསལ་ཚོགས་རྣམས་ཆོས་ཀྱིས་ཚིམ་བྱེད་པའི། །ཐོགས་མེད་སྐུ་མཆེད་ཇི་བཞིན་བཙོང་ཁ་པ། །ལྷར་བཅས་སྐྱེ་དགུའི་གཙུག་ན་མངོན་པར་མཛེས། །ཞེས་པ་ལྟ་བུ། བཅོ་བརྒྱད་པ་བརྗོད་འདོད་ཀྱི་དཔེ་ནི། དཀར་བའི་ཡོན་ཏན་དང་ལྡན་ནི། །རེ་རེའི་སྐྱོན་དང་ལྡན་པར་གྱུར་ཀྱང་། །དཔེ་ཟླ་བ་དང་། དཔེ་ཅན་མཛེས་མ་ཁྱོད་ཀྱི་གདོང་མཚུངས་ཞེས་པ་བརྗོད་འདོད་རྩོམ་པ་པོ་བདག་གི་ཡིད་ལ་ཡོད་དོ། །ཞེས་ཤུགས་ཀྱི་དཔེའི་ཡོན་ཏན་དང་མཚུངས་པར་གོ་བ་ནི་བརྗོད་འདོད་ཀྱི་དཔེ་ཞེས་རིག་གོ །དཔེར་ན། ལེགས་པའི་(༤༡བ)


GLG020_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་འབའ་ཞིག་ཉེར་སྟོན་པའི། །ཚངས་སྲས་ངག་གི་ལྷ་མོའི་སྙན་འགྱུར་གསུང་། །ཀ་ལ་པིང་ཀའི་དབྱངས་དང་མཚུངས་བརྗོད་ལ། །ཇི་ལྟར་གྱུར་ཀྱང་ཡིད་ཀྱི་ངོས་སུ་ཤར། །ཞེས་པ་ལྟ་བུ། བཅུ་དགུ་པ་འགལ་བའི་དཔེ་ནི། དཔེ་འདབ་བརྒྱ་པ་དང་སྟོན་ཟླ་གཉིས། དཔེ་ཅན་མཛེས་མ་ཁྱོད་ཀྱི་གདོང་དང་གསུམ་པོ་འདི་ནི་མཛེས་ཆོས་ལ་ཁྱད་པར་མེད་ཀྱང་། དེ་གསུམ་གནས་པའམ་རྟེན་ས་ཐ་དད་པའི་ངོས་ནས། ཕན་ཚུན་རྣམ་པར་འགལ་ཞེས་པ། དེ་ནི། ཤུགས་ལ་མཛེས་པ་སོགས་མཚུངས་པར་བསྟན་པས་འགལ་བའི་དཔེར་བརྗོད་དོ། །དཔེར་ན། སྨྲ་བའི་དབང་ཕྱུག་དྲང་སྲོང་མེ་བཞི་སྐྱེས། །ངག་གི་དཔལ་ཐོབ་སློབ་དཔོན་དཎྜཱིའི་ཞབས། །གནས་ལྔ་རིག་པ་ལོ་ཆེན་བློ་གྲོས་བརྟན། །འདི་གསུམ་ཕན་ཚུན་རྣམ་པར་འགལ་བ་ཉིད། །ཅེས་པ་ལྟ་བུ། ཉི་ཤུ་པ་དགག་པའི་དཔེ་ནི། འགོག་བྱེད་དྲི་མ་ལྡན་ཞིང་བླུན་པར་གྱུར་པས། དགག་བྱ་དཔེ་ཟླ་བ་ལ་ནི། དཔེ་ཅན་མཛེས་མ་ཁྱོད་ཀྱི་གདོང་དང་འགྲན་པའི་ནུས་པ་ནམ་ཡང་མེད་དོ། །ཞེས་པ་དཔེ་དམན་པས་མི་མཚུངས་པ་ལྟར་དངོས་སུ་བསྟན་པའི་ཤུགས་ལ་དཀར་བ་སོགས་འདྲ་བར་བསྟན་པ་ནི་དགག་པའི་དཔེ་ཉིད་དོ། །དཔེར་ན། བ་མོའི་རེག་པ་ཆུང་ངུས་རྙིངས་བྱེད་ཅིང་། །བུང་བའི་འཕུར་ལྡིང་འཕྲུལ་ཡང་ཕྱི་རོལ་གཟུགས། །མཐོང་མིན་འདམ་སྐྱེས་གཞོན་ནུས་དབྱངས་ཅན་མའི། །ཡིད་འོང་ཞལ་གྱི་ཁྱིམ་དང་ཅི་ཞིག་མཚུངས། །ཞེས་པ་ལྟ་བུ། ཉེར་གཅིག་པ་ངོ་བསྟོད་ཀྱི་དཔེ་ནི། དཔེ་ཅན་མཛེས་མ་ཁྱོད་གདོང་རི་དྭགས་ཀྱི་མིག་གིས་མཚན་ལ། དཔེ་ཟླ་བ་ནི་རི་དྭགས་ཉིད་ཀྱིས་མཚན་པ་(༤༢ན)


GLG020_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་ན་དཔེ་ཅུང་ཟད་ལྷག་དགོས་རྒྱུ་ཡིན་ཀྱང་། འདི་གཉིས་མཚུངས་པ་ཉིད་ལས། དཔེ་ཁྱད་འཕགས་མིན་ཞེས་དཔེ་ཅན་ལ་ངོ་བསྟོད་ཀྱི་དཔེའོ། །དཔེར་ན། རྒྱལ་བའི་དབུ་སྐྱེས་དབང་སྔོན་མདངས་འཛིན་ཞིང་། །ཨིནྡྲ་ནཱི་ལའི་རྡུལ་རྩེགས་དབང་སྔོན་དངོས། །འོན་ཀྱང་སྣང་བྱེད་ཡུལ་དུ་མཐོན་མཐིང་འོད། །མངོན་པར་མཚེར་ལ་ཁྱད་པར་ཅི་ཞིག་མཆིས། །ཞེས་པ་ལྟ་བུ། ཉེར་གཉིས་པ་དེ་ཉིད་བརྗོད་པའི་དཔེ་ནི་འདི་ནི་དཔེ་ཅན་མཛེས་མའི་བཞིན་ཉིད་ཡིན་གྱི། དཔེ་པདྨ་ནི་མ་ཡིན་ནོ། །འདི་དག་ནི་དཔེ་བུང་བ་མ་ཡིན་གྱི། དཔེ་ཅན་མིག་གོ་ཞེས་པ་དཀར་མཛེས་སོགས་ཕན་ཚུན་རྣམ་པ་གསལ་བར་མཚུངས་པ་ལས། དཔེ་ཅན་དཔེ་རུ་མ་འཁྲུལ་བར་གནས་ལུགས་ངེས་པ་དེ་ནི་དེ་ཉིད་བརྗོད་པའི་དཔེའོ། །དཔེར་ན། ཁ་དོག་རྣམ་པར་བཀྲ་འདི་དབང་གཞུ་དང་། །མཚུངས་ཀྱང་འཇའ་མིན་འཆི་མེད་ལྷ་ཡི་གོས། །ཤིན་ཏུ་སྙན་འདི་བུང་བའི་སྐད་འདྲ་ཡང་། །མ་ཡིན་དབྱངས་ཅན་ཕྱག་གི་རྒྱུད་མང་སྒྲ། །ཞེས་པ་ལྟ་བུ། ཉེར་གསུམ་པ་ཐུན་མོང་མིན་པའི་དཔེ་ནི། དཔེ་ཟླ་བ་དང་པདྨ་དག་གི་ནི་མཛེས་པ་ལས་འདས་པའི་དཔེ་ཅན་མཛེས་མ་ཁྱོད་ཀྱི་གདོང་ལ་དཔེར་འོས་པ་གཞན་མེད་པས། བདག་སྟེ་རང་ཉིད་ཀྱི་དཔེར་རང་ཉིད་མཚུངས་པར་གྱུར་ཞེས་པ་ཐུན་མོང་མ་ཡིན་པའི་དཔེའོ། །དཔེར་ན། རབ་དཀར་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་དང་། །ཨུཏྤལ་འདབ་མས་མཛེས་པའི་ཆ་ཙམ་དུ། །མཚུངས་པའི་གོ་སྐབས་བྲལ་བས་མཚར་བའི་དཔེར། །རང་ཉིད་(༤༢བ)


GLG020_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་བསྟན་ཚངས་སྲས་ལུས་ཕྲ་མ། །ཞེས་པ་ལྟ་བུ། ཉེར་བཞི་པ་འབྱུང་མིན་གྱི་དཔེ་ནི། དཔེ་པདྨ་མཛེས་པའི་སྙིང་པོ་ཀུན་བྱེད་པོས་ཕྱོགས་འགའ་ཞིག་དག་ཏུ་བསྡུས་པ་ནི་མི་འབྱུང་ལ། གལ་སྟེ་བྱུང་ན་དེ་བཞིན་དུ་དཔེ་ཅན་མཛེས་མ་ཁྱོད་ཀྱི་ཞལ་རྣམ་པར་མཛེས་པའི་དཔེའོ་ཞེས་པ་དེ་ནི་འབྱུང་མིན་གྱི་དཔེ་ཞེས་རིག་གོ །དཔེར་ན། མང་ཐོས་ཡོན་ཏན་ཁུར་གྱིས་རབ་ལྕི་བའི། །གནས་ལྔའི་མཐར་སོན་རིན་ཆེན་ཆོས་སྐྱོང་བཟང་། །མཁས་གྲུབ་བྱེ་བའི་འཆད་རྩོད་རྩོམ་པ་ཡི། །བློ་གྲོས་མཐའ་དག་གཅིག་ཏུ་གྱུར་པ་འདྲ། །ཞེས་པ་ལྟ་བུ། ཉེར་ལྔ་པ་སྲིད་མིན་གྱི་དཔེ་ནི། དཔེ་ཟླ་བའི་གཟུགས་དང་ཙནྡན་ལས་ནི་རིམ་བཞིན་དུག་དང་མེ་མི་འབྱུང་བ་བཞིན་དུ། དཔེ་ཅན་དམ་པ་ཁྱོད་ཀྱི་ཞལ་འདི་ལས་ནི་རྩུབ་མོའི་ཚིག་མི་འབྱུང་ངོ་། །ཞེས་པ་སྲིད་པ་མིན་པའི་དཔེའོ། །དཔེར་ན། ཀུན་ཕན་ཟེར་གྱིས་བསྐྱེད་པའི་སྟུག་པོའི་མུན། །དཔག་བསམ་ཡོངས་འདུ་ལས་འོངས་དྲི་ངན་བཞིན། །ཟུར་ཕུད་ལྔ་པའི་མཁྱེན་པ་ལས་བརྒལ་བས། །ཇི་སྙེད་བརྟན་གཡོའི་ཆོས་དེ་གང་དུ་ཅི། །ཞེས་པ་ལྟ་བུ། ཉེར་དྲུག་པ་མང་བའི་དཔེ་ནི། དཔེ་ཙནྡན། གངས་ཆུ་དང་ཟླ་བའི་ཟེར། ཟླ་ཤེལ་སོགས་བཞིན་དུ་མཛེས་མ་ཁྱོད་ཀྱི་ལུས་ནི་རེག་པ་ཡང་བསིལ་ལོ་ཞེས་དཔེ་མང་པོ་ཞིག་གིས། དཔེ་ཅན་གཅིག་གི་ཁྱད་པར་དག་གསལ་བར་བྱེད་པ་མང་བའི་དཔེའོ། །དཔེར་ན། དབྱིག་འཛིན་རྡུལ་ཕྲན་གྲངས་དང་ཀུན་གསལ་མཐའ། །བསྐལ་པའི་ཆར་རྒྱུན་ན་ཀྲའི་གྲོང་(༤༣ན)


GLG020_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་གཏིང་། །གསེར་མངལ་ཅན་གྱི་གྲངས་ཡས་ལེགས་བྱས་ཀྱི། །རྗེས་འགྲོ་རྣམ་འདྲེན་མཁྱེན་བརྩེའི་གཏིང་དཔག་དཀའ། །ཞེས་པ་ལྟ་བུའོ། །ཉེར་བདུན་པ་རྣམ་འགྱུར་གྱི་དཔེ་ནི། །དཔེ་ཅན་ལུས་ཕྲ་མ་ཁྱོད་ཀྱི་བཞིན་རས་ནི། དཔེ་ཟླ་བའི་དཀྱིལ་འཁོར་གྱི་དཀྱིལ་ནས་ཚུར་བཏོན་པ་བཞིན། དཔེ་པདྨའི་ནང་ནས་ཚུར་ཕྱུང་བ་བཞིན། ཞེས་པ་འདི་ནི་རྣམ་འགྱུར་གྱི་དཔེའོ། །དཔལ་སྒང་ལོ་ཙཱ་བས། ཨིནྡྲ་ནཱི་ལས་བྱུགས་པ་བཞིན་ཞེས་ཕར་བྱུགས་པར་བཤད་པ་ནི་གཞུང་དོན་དང་མ་འབྲེལ་ཞིང་། ཁྱེད་ཀྱི་གསུང་ཕལ་ཆེར་ལེགས་པར་བཤད་པར་འདུག་ནའང་། སྐབས་འགར་ཉེས་བཤད་མཛད་པ་བདེན་པར་མཆི་སྟེ། མ་མཛད་ན་ཁྱེད་དང་ཟུར་མཁར་བ་གཉིས་ཀརྨ་པའི་ཁྲོད་དུ་ཕོ་རོག་དཀར་པོ་བྱུང་གིས་དོགས་པའོ། །དཔེར་ན། གངས་ཅན་མཁས་པའི་དབང་པོ་ཤོང་སྟོན་རྗེ། །འཕགས་ཡུལ་པཎ་ཆེན་ཁྲོད་ནས་བྱོན་པ་བཞིན། །སྔོན་མེད་ལེགས་པར་བཤད་པའི་གསུང་གི་ཚོགས། །དྲང་སྲོང་ཕུར་བུའི་ངག་ལས་བླངས་པ་བཞིན། །ཞེས་པ་ལྟ་བུ། ཉེར་བརྒྱད་པ་ཕྲེང་བའི་དཔེ་ནི། དཔེ་ཉི་མའི་འོད་ཀྱིས་ཉི་མའི་དཀྱིལ་འཁོར་ལ་གཟི་བརྗིད་འཛིན་པ་བཞིན་དུ། དཔེ་ཅན་ཉི་མ་ཡིས་ཉིན་མོ་ལ་སྣང་བ་འཛིན། ཡང་དཔེ་ཅན་དེ་དཔེར་བྱས་པ་བཞིན་དུ། དཔེ་ཅན་ཉི་མོའི་སྣང་བ་དེས་ནམ་མཁའ་ལ་གསལ་བའི་དཔལ་འཛིན། དཔེ་ཅན་དེ་དཔེར་བྱས་པ་བཞིན་དུ། དཔེ་ཅན་གཞན་སྡེ་རྣམ་པར་གནོན་པའི་རྒྱལ་པོ་ཁྱོད་ཀྱི་དབང་ཕྱུག་དམ་(༤༣བ)


GLG020_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔལ་འཛིན་ཞེས་སྔ་མ་སྔ་མ་དཔེ་དང་། ཕྱི་མ་ཕྱི་མ་དཔེ་ཅན་དུ་བཀོད་པ་དེ་ནི་ཕྲེང་བའི་དཔེའོ། །དཔེར་ན། སྒྲ་གཅན་གྱིས་ནི་ཉི་མ་འཇོམས་པ་བཞིན། །རྟ་ལྗང་ཅན་གྱིས་ཟླ་བའི་འོད་ལ་བཞིན། །རི་དྭགས་མཚན་མས་པད་དཀར་འཇོམས་པ་ལྟར། །དབྱངས་ཅན་ལྷ་མོས་མི་ཤེས་རྨོངས་ཚོགས་འཇོམས། །ཞེས་པ་ལྟ་བུ། ཉེར་དགུ་པ་ངག་དོན་གྱི་དཔེ་ལ། མཚན་ཉིད། དབྱེ་བ་གཉིས་དང་པོ་ནི། གང་ཡང་ངག་གི་དོན་བྱེད་ཅན་དྲུག་ལས། གསུམ་པ་དང་གཉིས་པ་གཙོ་བོར་གྱུར་པ་ཉིད་ཀྱིས་གལ་ཏེ་ངག་དོན་གྱི་དཔེ་དཔེ་ཅན་གྱིས་ཁྱད་གཞི་ཁྱད་ཆོས་གོ་རིམ་བཞིན་དུ་ཉེ་བར་འཇལ་ནས་ངག་དོན་གྱི་དཔེ་སྟེ་དེ་ལ་བཞིན་སྒྲ་ནི་གཅིག་དང་དུ་མ་ཡོད་པ་དེ་རྣམ་པ་གཉིས་སོ། །གཉིས་པ་ལ་གཉིས་ལས། བཞིན་སྒྲ་གཅིག་པ་ནི། དཔེ་ཅན་གྱི་ཁྱད་གཞི་མཛེས་མ་ཁྱོད་ཀྱི་གདོང་། ཁྱད་ཆོས་མིག་ནི་མི་བརྟན་པ་སྟེ་གཡོ་ཞིང་། སོ་ཡི་འོད་ཟེར་རབ་ཏུ་གསལ་བ་འདི་ནི། དཔེ་ཁྱད་གཞི་འདམ་སྐྱེས་དང་། ཁྱད་ཆོས་བུང་བ་གཡོ་བ་དང་ལྡན་པ་དང་ནི། གེ་སར་དག་གིས་མཚོན་བཞིན་མཛེས་སོ། །དཔེ་གསུམ་གྱི་དཔེ་ཅན་གསུམ་གོ་རིམ་བཞིན་དུ་མཇལ་ཞིང་། གིས་ཞེས་གསུམ་པ་དང་། མཛེས་ཞེས་གཉིས་པ་དང་། བཞིན་སྒྲ་གཅིག་ཡོད་པའོ། །དཔེར་ན། འཇམ་དཀར་ཕྱག་སོར་རྩེ་ན་ཨུཏྤ་ལའི། །འཁྲི་ཤིང་སྟེང་ན་ཤེས་རབ་རལ་གྲི་ཅན། །གངས་རིའི་རྩེ་ན་སྤྲིན་དཀར་གཡོ་བ་ལ། །ཉི་འོད་ཀྱིས་ཁྱབ་བཞིན་དུ་རྣམ་པར་གསལ། །ཞེས་པ་ལྟ་བུ། གཉིས་པ་བཞིན་སྒྲ་དུ་མ་ཡོད་པ་ནི། དཔེ་པདྨ་ཅན་སྡོང་པོ་བཞིན་དུ། དཔེ་ཅན་ལུས་ཕྲ་མ་གཉིས་པོ་(༤༤ན)


GLG020_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་གཞི་དང་། ཁྱད་ཆོས་དཔེ་པདྨ་བཞིན་དུ་དཔེ་ཅན་དེའི་གདོང་པ། དཔེ་བུང་བས་སྦྲང་རྩི་སྤྱོད་པ་བཞིན་དུ་ནི་དཔེ་ཅན་བདག་གིས་འཐུང་ཞིང་འཐུང་ཞིང་སྟེ་དགའ་མགུར་རྩེས་སོ། །ཞེས་གྱིས་གསུང་པ་དང་། འཐུང་དང་རྩེ་གཉིས་པ་བཞིན་སྒྲ་མང་དུ་ཡོད་པ་སྟེ། དཔེར་ན། བཻཌཱུར་བརྩེགས་པའི་རི་བཞིན་ཐུབ་དབང་སྐུ། །གསེར་མདངས་མངོན་པར་བཀྲ་བཞིན་གང་གི་འོད། །རླུང་གིས་བསྒུལ་ནུས་མིན་བཞིན་སྒྲིབ་གཉིས་དགྲས། །ནམ་ཡང་གཡོ་མེད་སྤངས་དང་རྟོགས་པ་རྫོགས། །ཞེས་པ་ལྟ་བུ། སུམ་ཅུ་པ་ཟླ་བོའི་དངོས་དཔེ་ལ། མཚན་ཉིད་དང་། དཔེར་བརྗོད། དང་པོ་ནི། དཔེ་ཅན་གྱི་དངོས་པོ་འགའ་ཞིག་ཕྱེད་སྔ་མ་ལ་ཉེ་བར་བཀོད་ནས། ཕྱེད་ཕྱི་མ་ལ་དེའི་ཆོས་མཐུན་གྱི་དཔེ་རབ་ཏུ་བཀོད་པས། དཔེ་དཔེ་ཅན་གཉིས་དོན་མཉམ་པ་ཉིད་དུ་རྟོགས་པ་ཅན་དེ་ནི་ཟླ་བའི་དངོས་པོའི་དཔེ་ཡིན་ཏེ། དཔེར་ན། ཞེས་སོ། །གཉིས་པ་ནི། དཔེ་ཅན་འདིར་རྒྱལ་པོ་རྣམས་ནི་མང་དུ་སྐྱེས་པར་གྱུར་ཀྱང་། ད་ལྟ་ཁྱོད་དང་འདྲ་བ་ནི་གཅིག་ཀྱང་མེད་ལ། དེའི་ཟླ་བོ་སྟེ་དཔེ་ཡོངས་འདུའི་ཚལ་དག་ལ་དཔག་བསམ་གྱི་རྐང་འཐུང་ནི་གཉིས་པ་ངེས་པར་ཡོད་པ་མ་ཡིན་པས་གཅིག །ཁོ་ནའོ། །དཔེར་ན། སྒྲོན་མེའི་བསྐལ་པར་སངས་རྒྱས་མང་བྱོན་ཀྱང་། །ཤཱཀྱའི་སྐྱེས་མཆོག་ཁྱོད་ཀྱི་དོ་ཟླ་མེད། །ཆོས་བཟང་མདུན་སར་སྐབས་གསུམ་གྲངས་མེད་དབུས། །པུ་ལོ་མ་དགྲ་གཉིས་པ་སུ་ཞིག་མཆིས། །ཞེས་པ་ལྟ་བུ། སོ་གཅིག་པ་མཚུངས་སྦྱོར་ལ། མཚན་ཉིད་དང་། དཔེར་བརྗོད། (༤༤བ)


GLG020_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། དང་པོ་ནི། དཔེ་ལྷག་པ་གཅིག་གིས་དཔེ་ཅན་དམན་པ་གཅིག་བྱ་བའི་ཆོ་ག་གཅིག་ལ་རབ་ཏུ་བསྡུས་ནས། གང་སྨྲས་པ་དེ་ནི་དཔེ་ཅན་མཚུངས་པར་སྟོན་པ་དག་སྦྱོར་བའི་དཔེ་རུ་བཤད་དེ། དཔེར་ན། གཉིས་པ་ནི། དཔེ་ལྷག་པ་པུ་ལོ་མ་དགྲ་དེ་དང་། དཔེ་ཅན་དམན་པ་མིའི་བདག་པོ་ཁྱོད་གཉིས་འདྲ་བའི་རྒྱུ་མཚན། དཔེ་དེ་ཡིས་མཐོ་རིས་བསྲུང་བ་དང་། དྲེགས་ལྡན་ལྷ་མིན་འཇོམས་པ་དང་། དཔེ་ཅན་ཁྱོད་ཀྱིས་ས་གཞི་སྐྱོང་བའི་མེལ་ཚེ་བྱེད་ཅིང་། འགལ་ཟླའི་མིའི་བདག་པོ་འཇོམས་པའི་བྱ་བའི་ཆོ་ག་གཅིག་ལ་བསྡུས་པ་སྟེ། དཔེར་ན། བུ་རམ་ཤིང་པ་ཐེག་གསུམ་གདུལ་བྱ་དང་། །དཔལ་མགྲིན་མུ་སྟེགས་ཚོགས་ཀྱི་སྟོན་པ་མཛད། །རྒྱལ་བས་མཐར་ཐུག་ངེས་ལེགས་ལམ་བསྟོན་བཞིན། །ལེགས་ལྡན་གནས་སྐབས་དགེ་བའི་གཙུག་ལག་འཆད། །ཅེས་པ་ལྟ་བུ། སོ་གཉིས་པ་རྒྱུའི་རྒྱན་ནི། །དཔེ་ཅན་རྒྱལ་པོ་ཁྱོད་མཛེས་པའི་རྒྱུས་དཔེ་ཟླ་བ་དང་། གཟི་བྱིན་གྱིས་རྒྱུས་དཔེ་ཉི་མ་དང་། བརྟན་པའི་རྒྱུས་དཔེ་རྒྱ་མཚོའི་རྗེས་སུ་བྱེད་ཅེས་པ་འདི་ནི་རྒྱུ་དཔེར་དྲན་པར་བྱའོ། །དཔེར་ན། ལུས་ཕྲའི་བཞིན་རས་དཀར་བས་བསིལ་སྦྱིན་མཁན། །ཡིད་དུ་འོང་བས་མཐོ་རིས་དབང་མོ་སྟེ། །འཇམ་ཞིང་མཉེན་པས་ཨུཏྤ་ལ་ཡི་འདབ། །མིག་དཀྱུས་བཀྲ་བས་དབང་པོའི་གཞུ་ཡི་ཟླ། །ཞེས་པ་ལྟ་བུ། གསུམ་པ་སྐྱོན་ཡོན་ལ། ཡོན་ཏན་དང་། སྐྱོན་གཉིས། དང་པོ་ལ་མཚམས་སྦྱར་བ། དཔེར་བརྗོད། དོན་བསྡུ་(༤༥ན)


GLG020_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་གསུམ། དང་པོ་ནི། བློ་ལྡན་སྙན་ངག་ལ་མི་དགོས་པ་མེད་པ་གང་ལ། ངེས་པར་དཔེ་རྒྱན་གྱི་སྐྱོན་དག་ནི། ཕོ་མོ་མ་ནིང་གི་རྟགས་ཐ་དད་པ་འདྲེས་པ་དང་། གཅིག་ཚིག་དང་མང་ཚིག་སྦྱར་བ་དང་། མིག་དམན་པ་དང་ལྷག་པ་ཉིད་ལའང་སྐབས་ཐོབ་ཀྱིས་སྦྱོར་ཤེས་ན་སྐྱོན་མེད་དོ། །གཉིས་པ་ལ་རྟགས་ཚིག་ལ་སྐྱོན་མེད་པ་དང་། དཔེ་ལ་སྐྱོན་མེད་པ་གཉིས། དང་པོ་ནི། དཔེ་ཅན་མ་ནིང་འདི། དཔེ་བུད་མེད་བཞིན་དུ་འགྲོའོ་དཔེ་ཅན་བུད་མེད་འདི་དཔེ་སྐྱེས་པ་བཞིན་དུ་སྨྲའོ། །ཞེས་པ་རྟགས་འདྲེས་པ་དང་། དཔེ་ཅན་བདག་གི་གྲོགས་གཅིག་པུ་འདི་དཔེ་ཚེ་འདི་ཕྱི་མང་པོའི་སྲོག་རྣམས་བཞིན་ནོ། །དཔེ་ཅན་རིག་པའི་གནས་ལྔ་རྣམས་བསྒྲུབས་པ་དཔེ་ཡིད་བཞིན་གྱི་ནོར་བུ་གཅིག་བཞིན་ནོ། །ཞེས་ཚིག་མང་ཉུང་སྦྱར་བ་སྟེ། དཔེར་ན། འཇམ་དཔལ་དབྱངས་ནི་སྨྲ་ལ་མཚོ་བྱུང་བཞིན། །དབྱངས་ཅན་མ་ནི་མཐུ་སྟོབས་གསང་བདག་ལྟར། །མཛེས་མའི་གདོང་ནི་དཔེ་འདབ་ཚོགས་ཀུན་བཞིན། །མི་བདག་རྣམས་ལྟར་འཆི་མེད་གཙོ་བོ་འདི། །ཞེས་པ་ལྟ་བུ། གཉིས་པ་ནི། དཔེ་ས་གཞི་སྐྱོང་བ་ཁྱོད་བཞིན་དུ། དཔེ་ཅན་ལྷ་ཡི་རྒྱལ་པོ་རྣམ་པར་མཛེས་སོ། །ཞེས་དཔེ་དམན་པ་དང་། དཔེ་ཚ་ཟེར་ཅན་གྱི་ནུས་པ་ལ། དཔེ་ཅན་མི་བདག་གཟི་བརྗིད་ཀྱིས་འགོང་བར་ནུས་སོ། །ཞེས་དཔེ་ལྷག་པ་སྟེ། དཔེར་ན། གཡོན་མ་ཁྱོད་ཀྱི་མཛེས་སྡུག་རྣམ་འགྱུར་ལྟར། །ཚངས་པའི་སྲས་མོ་འདི་ནི་ཡིད་དུ་འོང་། །དྲི་ཟའི་པི་ཝང་སྙན་ཞིང་འཇེབས་པ་ཡིས། །(༤༥བ)
ཙ་ར་ཀ་ཡི་སྐད་ཀྱི་འགྲན་ཟླ་བྱས། །ཞེས་པ་ལྟ་བུ། གསུམ་པ་ནི། ཞེས་པ་དེ་ལྟ་བུ་ལ་སོགས་པའི་སྐལ་བ་བཟང་པོ་འདི་དག་ནམ་ཡང་གཏོང་བ་མིན་པ་ཉིད་དོ། །གཉིས་པ་སྐྱོན་ལ། མཚམས་སྦྱར་བ། དཔེར་བརྗོད། མཇུག་བསྡུ་བ་དང་། དང་པོ་ནི། རྟགས་ཚིག་དཔེ་དམན་ལྷག་སོགས་ཀྱི་སྦྱོར་བ་འགའ་ཞིག་ལ་ནི་སྙན་ངག་རིག་པའི་མཁས་པ་རྣམས་མི་དགས་པ་ཡོད་དེ། དེ་ཇི་ལྟར་ཡོད་ཅེ་ན། གཉིས་པ་ནི། དཔེ་དང་མོ་བཞིན་དུ། དཔེ་ཅན་ཕོ་རྟགས་ཟླ་བ་དཀར། དཔེ་མང་ཚིག་མཚོ་རྣམས་བཞིན་དུ། དཔེ་ཅན་མཁའ་གཅིག་པུ་དྲི་མ་མེད། དཔེ་དམན་པ་ཁྱི་བཞིན་དུ་དཔེ་ཅན་དཔའ་བོ་རྗེ་ལ་གུས། དཔེ་ལྷག་པ་ཉི་མ་བཞིན་དུ་དཔེ་ཅན་མེ་ཁྱེར་གསལ་ཞེས་པ་སྟེ། དཔེར་ན། དཔལ་མོའི་བཞིན་འདི་རྒྱལ་བའི་མཚན་བཟང་ཟླ། །རྒྱུ་སྐར་ཚོགས་བཞིན་ཀུནྡའི་འདབ་མ་དཀར། །གླང་པོའི་འགྲོས་ལྟར་རྟ་ལྗང་ལྷག་པར་མགྱོགས། །ཡོངས་འདུ་ཇི་བཞིན་སེང་ལྡེང་རྐང་འཐུང་དཀོན། །ཞེས་པ་ལྟ་བུ། གསུམ་པ་ནི། སྦྱོར་བ་ངན་པ་འདི་འདྲ་བ་སྤངས་ཏེ། མཁས་པ་རྣམས་ཀྱི་སྙན་ངག་གི་རྒྱུ་ཕུན་སུམ་ཚོགས་པ་ཡང་དག་པར་འདིར་ནི་བསམ་པར་བྱོས་ཤིག །

མཚུངས་པ་གསལ་བྱེད་ཀྱི་སྐོར་བཤད་པ།


GLG020_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པ་གསལ་བྱེད་ཀྱི་སྐོར་བཤད་པ།བཞི་པ་མཚུངས་པ་གསལ་བྱེད་ལ། གཞུང་གིས་དངོས་སུ་ཟིན་པ་དྲུག་ཅུ་རྩ་གསུམ་བཤད། མ་ཟིན་པ་ངག་གི་དབང་ཕྱུག་གི་འགྲེལ་པ་ལས་བཅུ་གཅིག་བཤད་པ་གཉིས། དང་པོ་ལ་སྡེ་ཚན་བཞིར་ཕྱེ་བའི་དང་པོ་ནི། བཞིན་ནི། དམར་སེར་མདངས་ཅན་ཐུན་མཚམས་ཁ་དོག་བཞིན། །འཇམ་མགོན་ཞལ་(༤༦ན)


GLG020_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་མིག་གི་བདུད་རྩིའི་དཔྱིད། །ཅེས་པ་ལྟ་བུ། ལྟར་ནི། དྲི་ཟའི་རྒྱུད་མང་སྒྲ་ལྟར་དབྱངས་ཅན་མའི། །སྙན་འགྱུར་གསུང་འདི་རྣ་བའི་དཔལ་དུ་འཇེབས། །ཞེས་པ་ལྟ་བུ། ལྟ་བུ་ནི། བརྟན་གཡོའི་ཆོས་ཀུན་དབང་སྡུད་ལྷ་མོའི་ཕྱག །བྱུ་རུའི་ཁྲི་ཤིང་ལྟ་བུར་དམར་ཞིང་མཛེས། །ཞེས་པ་ལྟ་བུ། ཇི་ལྟར་སྒྲ་ནི། ཀ་ལ་པིང་ཀའི་སྒྲ་དབྱངས་ཇི་ལྟ་བ། རི་དྭགས་མིག་ཅན་ཀླུ་ཡི་ཐོས་འཛིན་སྤུད། །ཅེས་པ་ལྟ་བུ། མཐུན་པ་ནི། ཤོང་སྟོན་ཞལ་སྒོ་ལས་འོངས་ལེགས་བཤད་ཀུན། །མཁས་མཆོག་ཙནྡྲ་གོ་མིའི་གསུང་དང་མཐུན། །ཞེས་པ་ལྟ་བུ། མཚུངས་པ་ནི། གསེར་མངལ་བུ་མོའི་དབུ་སྐྱེས་ལན་བུ་འདི། །སྟང་ཟིལ་བརྩེགས་པའི་རི་བོའི་མདོག་དང་མཚུངས། །ཞེས་པ་ལྟ་བུ། ཡང་དག་མཚུངས་པ་ནི། ཡོན་པོར་ལྟ་བའི་འདྲེན་བྱེད་པད་ཚལ་དུ། །བུང་བའི་འཕུར་ལྡིང་བགྱིད་དང་ཡང་དག་མཚུངས། །ཞེས་པ་ལྟ་བུ། མཉམ་པ་ནི། མཚོ་ལྡན་སྐུ་སྟོད་འདོད་པའི་མྱོས་བུམ་གྱི། །མཛེས་པ་མཁའ་ལ་སྤྲིན་དཀར་གཡོ་དང་མཉམ། །ཞེས་པ་ལྟ་བུ་ཡང་དག་གསལ་ནི། རྒྱལ་བས་སྐྱེ་དགུའི་རེ་འདོད་སྐོང་བ་ཡིས། །དཔག་བསམ་ཡོངས་འདུའི་རང་བཞིན་ཡང་དག་གསལ། །ཞེས་པ་ལྟ་བུ། ངེས་པར་གསལ་ནི། གཞལ་བར་ཆེས་དཀའ་ཆོས་གཟུགས་སྐུ་གཉིས་ཀྱིས། །ཚོགས་གཉིས་ཕ་མཐའ་ངེས་པར་གསལ་བར་བྱས། །ཞེས་པ་ལྟ་བུ། རབ་གསལ་ནི། ཡན་ལག་དྲུག་ཅུའི་དབྱངས་སྙན་རབ་གསལ་བས། །གྲངས་མེད་ཆོས་འཁོར་བསྐོར་བའི་ངོ་མཚར་རྟོགས། །ཞེས་པ་ལྟ་བུ། གཟུགས་ཀྱི་ཟླ་བོ་ནི། (༤༦བ)


GLG020_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ན་མི་མཐུན་མེད་པའི་མཚན་དཔེའི་སྐུ། །འཛམ་བུའི་གསེར་སྦྱངས་རི་ཡི་གཟུགས་ཀྱི་ཟླ། ཞེས་པ་ལྟ་བུ། གཉེན་པོ་ནི། གཙུག་ན་ཟླ་བའི་རི་མོ་གསུམ་པའི་མདོག །ཨིནྡྲ་ནཱི་ལའི་ཕུང་པོའི་གཉེན་པོ་བྱས། །ཞེས་པ་ལྟ་བུ། དགྲ་ཟླ་ནི་དབྱངས་ཅན་ཞལ་གྱི་དྲི་བསུང་མངར་བ་ཡིས། །མ་ལ་ཡར་སྐྱེས་གང་གི་དགྲ་ཟླ་བྱེད། །ཅེས་པ་ལྟ་བུ། སོ་སོར་རྟོགས་པ་ནི། ཕྱག་སོར་རྩེ་ཡི་བཻཌྱཱུར་པི་ཝང་དང་། །རབ་སྙན་ཚངས་པའི་དབྱངས་གཉིས་སོ་སོར་རྟོགས། །ཞེས་པ་ལྟ་བུ། །མགྲིན་པ་ནི་ངག་གི་འདོད་པ་མཐའ་དག་ལེགས་འཇོ་བས། །ཡོངས་འདུའི་ཤིང་དང་ཡིད་བཞིན་ནོར་བུར་འགྲན། །ཞེས་པ་ལྟ་བུ། འདྲ་བ་ནི། ཐུགས་རྗེའི་མི་ཤེས་རྨོངས་པ་འཇོམས་པ་ལ། །མགྲིན་སྔོན་ཅན་གྱི་ལག་པའི་ཉག་ཕྲན་འདྲ། །ཞེས་པ་ལྟ་བུ། ལྟ་བ་ནི། འགྲོ་ལ་རྒྱུན་ཆད་མེད་པར་རྗེས་བརྩེ་བ། །ཛཧྣུ་ཡི་བུ་མོའི་རྒྱུན་ལ་ལྟ། །ཞེས་པ་ལྟ་བུ། བཅས་པ་ནི། ཉེ་རིང་མེད་པར་ཀུན་ཁྱབ་ཐུགས་རྗེ་འདི། །ནམ་མཁའི་ནོར་བུའི་འོད་ཀྱི་རང་བཞིན་བཅས། །ཞེས་པ་ལྟ་བུ། བསླུ་བ་ནི། ཕུལ་བྱུང་ཆུ་ཞེང་གབ་པའི་སྐུ་གཟུགས་ཀྱིས། །ལེགས་བྲིས་བུ་མོའི་ཚོགས་ཀྱི་མཛེས་པ་བསླུ། །ཞེས་པ་ལྟ་བུ། རིགས་མཐུན་ནི། རབ་དཀར་མཉེན་འཇམ་ཆུ་སྐྱེས་དབུས་བཞུགས་པས། །མེས་པོ་གསེར་མངལ་ཅན་དང་རིགས་སུ་མཐུན། །ཞེས་པ་ལྟ་བུ། རྗེས་སུ་སྨྲ་བ་ནི། ལང་ཚོའི་དཔལ་ཡོན་དར་ལ་བབ་པ་ཡིས། །མཐོ་རིས་དབང་མོ་དག་གི་རྗེས་སུ་སྨྲ། །ཞེས་པ་ལྟ་བུ། སྡེ་ཚན་གཉིས་པ་ལ། གཟུགས་བརྙན་ནི། རྗེ་བཙུན་བརྟན་པའི་འཁོར་ལོའི་(༤༧ན)


GLG020_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བྱེད་དཀྱུས། །ཨུཏྤལ་སྔོན་པོའི་འདབ་མའི་གཟུགས་བརྙན་ཅན། །ཞེས་པ་ལྟ་བུ། སོ་སོར་སྡེབ་ནི། རབ་དམར་གཏམ་གྱི་འབྱུང་གནས་མཆུ་སྒྲོས་དང་། །བནྡྷུ་ཛི་ཝ་ཀ་གཉིས་སོ་སོར་སྡེབ། །ཅེས་པ་ལྟ་བུ། གཟུགས་མཚུངས་པ་ནི། འཇོ་སྒེག་འགྱིང་བག་སྐུ་ཡི་རྣམ་འགྱུར་འདི། །རྡོ་རྗེ་དབྱངས་ཀྱི་དབང་ཕྱུག་གཟུགས་མཚུངས་ཉིད། །ཅེས་པ་ལྟ་བུ། གཟུགས་མཉམ་པ་ནི། དབུ་སྐྲའི་ཐོར་ཚུགས་ཅུང་ཟད་གཡོན་ཕྱོགས་པ། །དྲི་ཟའི་བུ་མོའི་མཐོན་མཐིང་སྐྲའི་གཟུགས་མཉམ། །ཞེས་པ་ལྟ་བུ། གཟུགས་ཡང་དག་པར་གཞལ་བ་ནི། མི་ཤེས་དྲ་བ་གཅོད་པའི་རལ་གྲི་ཡིས། །མིག་སྟོང་ཅན་གྱི་ལག་ཉལ་ཡང་དག་གཞལ། །ཞེས་པ་ལྟ་བུ་མཚན་ཉིད་མཐུན་པ་ནི། ཤེས་རབ་སྣང་བ་མ་ལུས་སྐྱེད་པ་ལ། །ཚངས་སྲས་དབྱངས་ལྡན་མ་དང་མཚན་ཉིད་མཐུན། །ཞེས་པ་ལྟ་བུ། མཚན་ཉིད་འདྲ་བ་ནི། ལི་ཁྲིའི་མདངས་ཀྱི་མཛེས་པ་འཛིན་པ་ལ། །དབང་ཕྱོགས་ཐུན་མཚམས་གསར་པའི་མཚན་ཉིད་འདྲ། །ཞེས་པ་ལྟ་བུ། མཚན་ཉིད་མཚུངས་པ་ནི། ཞལ་ཁྱིམ་འཛུམ་གྱིས་འགྲོ་བའི་དབུགས་དབྱུང་བར། །ཀུན་མཁྱེན་ཉི་མའི་རྒྱུད་དང་མཚན་ཉིད་མཚུངས། །ཞེས་པ་ལྟ་བུ། དྲུག་པ་འདིའི་སྦྱོར་ལུགས་འགྲེལ་པ་རྣམས་ལ་མི་གསལ་ཡང་། སློབ་དཔོན་སྨོན་འགྲོ་པཎྜི་ཏའི་ལེགས་པར་བཤད་པའོ། །མཐུན་ཕྱོགས་ནི། སྣ་ཚོགས་རིན་ཆེན་རྒྱན་གྱིས་སྤུད་པ་དང་། །མཐུན་ཕྱོགས་མིག་སྐྱའི་གན་མཛོད་ནོར་གྱིས་དཔྱ། །ཞེས་པ་ལྟ་(༤༧བ)


GLG020_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བུ། དཔེར་བྱས་ནི། སྐུ་སྟོད་ལྷ་རྫས་དར་ཀྱི་ལྷབ་ལྷུབ་གོས། །རྣམ་བཀྲའི་དཔེ་རུ་རླུང་གི་རྒྱལ་མཚན་བྱས། །ཞེས་པ་ལྟ་བུ། །དཔེ་ནི། ཕྱག་སོར་རྩེ་ན་འདམ་སྐྱེས་གཡུར་ཟ་བའི། །དཔེ་རུ་འཁྲི་ཤིང་ཡལ་གར་མེ་ཏོག་ལྡེམ། །ཞེས་པ་ལྟ་བུ། རྟོག་ནི། མཐའ་བྲལ་ཟླ་བའི་མ་མའི་གཏིང་དཔག་གིས། །ཆོས་ཀུན་གཞལ་བའི་ཐུགས་ཀྱི་ཚད་ལ་རྟོག །ཅེས་པ་ལྟ་བུ། དམན་པ་ནི། གང་གི་རིགས་པ་སྨྲ་བའི་རྣམ་དཔྱོད་ལས། །ཕན་སེམས་ཞན་པས་ཕུར་བུའི་སྣང་ཚུལ་དམན། །ཞེས་པ་ལྟ་བུ། ཅུང་ཟད་དམན་པ་སོགས་ནི། གང་དང་མཁྱེན་བརྩེ་མཚུངས་པའི་དབྱངས་ཅན་ལྷ། །ཁྱོད་ལས་རྟེན་གྱི་སྒོ་ནས་ཅུང་ཟད་དམན། །ཞེས་པ་ལྟ་བུ། རབ་ཏུ་སྨྲ་བ་ནི། ཆོས་ཀུན་དབྱངས་སུ་ལེན་པའི་རྒྱལ་བའི་གསུང་། །ཟུར་ཕུད་ལྔ་པའི་ཞལ་ལས་རབ་ཏུ་སྨྲ། །ཞེས་པ་ལྟ་བུ། སོ་སོར་ཟློག་ནི། མཉེན་འཇམ་ལྗག་དང་ཚེམས་དཀར་བཞི་བཅུའི་ཕྲེང་། །པད་འདབ་མུ་ཏིག་བྱུག་རིས་སོ་སོར་ཟློག །ཅེས་པ་ལྟ་བུ། རིགས་མཐུན་མཉམ་བྱས་སྒྲ་དག་ནི། འགྲོ་ལ་རྗེས་སུ་ཆགས་པའི་ཟུར་མིག་གིས། །དབྱངས་ལྡན་སྣང་བྱེད་དག་དང་རིགས་སུ་མཐུན། །ཞེས་པ་ལྟ་བུ། གང་ཡང་དཔེ་དོན་གཉིས་ཀ་དམན་པ་མིན་པའི་དོན་ཅན་གྱི་ཚིག་ཆོས་མཐུན་པ་ནི། སྟོབས་བཅུ་མངའ་བ་ཁྱོད་ཀྱིས་གསུངས་པའི་ཆོས། །རྒྱུན་ཆད་མེད་པའི་ཡན་ལག་བརྒྱད་ལྡན་ཆབ། །ཅེས་པ་ལྟ་བུ། ཆོས་ཐུན་མོང་ནི། མཆོག་དམན་སྐྱེས་བུ་ཀུན་གྱི་ཐུན་མོང་དུ། །ལོངས་སུ་སྤྱོད་པའི་ཉི་འོད་(༤༨ན)


GLG020_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་ལྡན་གཞི། །ཞེས་པ་ལྟ་བུ། གྲིབ་མ་འདྲ་བ་ནི། ཆོས་ལྡན་ས་དབང་རྒྱལ་པོའི་བཀའ་ཁྲིམས་དང་། །ལྗོན་པའི་གྲིབ་མར་འགྲོ་རྣམས་བདེ་བར་འཚོ། །ཞེས་པ་ལྟ་བུ། སྡེ་ཚན་གསུམ་པ་ནི། གང་གི་གདོང་རི་བོང་གི་མཚན་མའི་གདོང་པ་ཅན་ཞེས་སོགས་གཞི་མཐུན་དུ་བསྡུས་པ་དང་། འབྲུ་མང་པོའི་ཚིག་སྡུད་ནི། ནམ་མཁའི་མཁྱེན་པ་ཆར་གྱི་ཐུགས་རྗེ་ཅན། །དྲི་ཟའི་སྒྲ་དབྱངས་གསུང་དང་བུང་བའི་སྒྲ། །མཚམས་སྤྲིན་བླ་གོས་གསེར་གྱི་རི་དབང་དཀྱུས། །འགྲོ་བ་ཀུན་གྱི་རེ་འདོད་རྣམ་པར་སྐོང་། །ཞེས་པ་ལྟ་བུ། འགྲན་པ་ནི། སྐྱེ་བོ་ཀུན་ལ་བདེ་བ་ཆེས་སྟེར་བས། །ཀར་ཤི་མཛེས་དགའི་ལུས་ལ་རྣམ་པར་འགྲན། །ཞེས་པ་ལྟ་བུ། རྒྱལ་བ་ནི། འོད་ཀྱི་ཕུང་པོའི་གཟི་ལྡན་ཞལ་གྱི་ཁྱིམ། །སྒྲ་ཅན་གྱིས་སྒྲིབ་རྟ་ལྗང་ཅན་ལས་རྒྱལ། །ཞེས་པ་ལྟ་བུ། སྡང་བ་ནི། བསིལ་ལྡན་ཁ་བའི་རི་ལ་ཆེས་སྡང་བའི། །རབ་དཀར་མཛོད་སྤུའི་མཛེས་པ་ངོ་མཚར་རྨད། །ཅེས་པ་ལྟ་བུ། འཁུ་བ་ནི། རྣམ་དཔྱོད་རྒྱ་གར་མཁས་ལ་འཁུ་བ་ཡི། །ཤོང་སྟོན་འཆད་རྩོད་རྩོམ་པའི་ཚུལ་འདི་དཔའ། །ཞེས་པ་ལྟ་བུ་མི་མཐུན་སྒྲོག་པ་ནི། བོད་ཡུལ་ཤེས་ལྡན་ཆོས་སྐྱོང་བཟང་པོ་དང་། །ལྷ་ཡི་བླ་མའི་སྣང་ཚུལ་མི་མཐུན་སྒྲོག །ཅེས་པ་ལྟ་བུ། འཐབ་པ་ནི། གཡོན་མིག་མཛེས་མའི་སྙིམ་པ་ཆུ་སྐྱེས་གཉིས། །དཀར་ཞིང་མཛེས་པའི་ཚུལ་ལ་རྣམ་པར་འཐབ། །ཅེས་པ་ལྟ་བུ། འཕྱ་བ་ནི། དཔང་སྟོན་བློ་གྲོས་བརྟན་པའི་ལེགས་བཤད་ཀྱིས། །པཎ་ཆེན་(༤༨བ)


GLG020_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

དཎྜིའི་གསུང་ལ་རྣམ་པར་འཕྱ། །ཞེས་པ་ལྟ་བུ། སྨ་འབེབས་བྱེད་པ་ནི། འབྲུག་སྒྲ་མངལ་འཛིན་སྒྲོ་གཤོག་རབ་རྐྱོང་བས། །རྣམ་བཀྲ་དབང་པོའི་གཞུ་ཡི་དམའ་ཡང་འབེབས། །ཞེས་པ་ལྟ་བུ། སྨོད་པ་ནི། རཱ་མ་ཎ་ཡི་རྣོན་པོའི་ཉག་ཕྲན་གྱིས། །གྲོང་གསུམ་འཇོམས་པའི་མདའ་ལད་སྨོད་པར་བྱས། །ཞེས་པ་ལྟ་བུ། ཅོ་འདྲི་བ་ནི། འཇིགས་མེད་དཀའ་སྤྱད་བཟོད་པའི་སྙིང་སྟོབས་ཀྱིས། །གདོང་ལྔའི་དབང་པོའི་ཚུལ་ལ་ཅོ་འདྲིར་འོས། །ཞེས་པ་ལྟ་བུ། འགོག་པ་ནི་སི་ཏར་འདོད་མྱོས་སྒྲ་ཡིས་མགྲིན་ནག་གི །ཆགས་པས་དཀའ་ཐུབས་ཉམས་པའི་སྐད་གསང་འགོག །ཅེས་པ་ལྟ་བུ། རྒོད་པ་ནི། ལང་ཀའི་བདག་པོའི་ཡན་ལག་མཆོག་བཅད་པས། །ཁྱབ་འཇུག་ཚངས་མགོ་བྲེགས་པའི་དཔའ་ལ་རྒོད། །ཅེས་པ་ལྟ་བུ། ཕྲག་དོག་ནི། རྩིག་ངོས་འབོད་གྲོགས་ཤར་བས་ཟླ་བའི་གཟུགས། །བརྒྱ་ཕྲག་རྫིང་བུར་སྣང་ལ་ཕྲག་དོག་གོ ། ཅེས་པ་ལྟ་བུ། མི་བཟོད་པ་ནི། ལང་ཚོ་དར་བའི་སྐེད་མེད་སོར་མོ་ཡིས། །དབྱར་སྐྱེས་ལྕུག་ཕྲན་གཞོན་ནུ་མི་བཟོད་བྱེད། །ཅེས་པ་ལྟ་བུ། སྡེ་ཚན་བཞི་པ་ལ། དེ་ཡི་སྐལ་བཟང་ཕྲོག་པར་བྱེད་པ་ནི། །རྒྱལ་བས་ཕན་བདེའི་བསིལ་མངར་རབ་བྱིན་པས། །ལྷོ་ཕྱོགས་དྲི་བཞོན་སྐལ་བཟང་རྣམ་པར་ཕྲོག །ཞེས་པ་ལྟ་བུ། དེ་ཡི་མཛེས་པ་ཟུམ་པར་བྱེད་པ་ནི། །ཉེས་པའི་སྐྱོན་དང་དང་བྲལ་བའི་མཛད་པ་ཡིས། །མུ་སྟེགས་གཏམ་གྱི་མཛེས་པ་ཟུམ་པར་བྱེད། །ཅེས་པ་ལྟ་བུ། དེ་དང་འགྲན་ལས་ཚར་གཅོད་པ་ནི། མཁྱེན་དང་བརྩེ་བ་(༤༩ན)


GLG020_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་མཐར་སྙེག་པས། །ན་ཀྲའི་གྲོང་ཁྱེར་ཁ་ཞེང་ཚར་བཅད་དོ། །ཞེས་པ་ལྟ་བུའོ། །དེ་དང་མཚུངས་ལས་ལྷག་པར་མཛེས་པ་ནི། དབྱངས་ཅན་ཟུར་མིག་འཕྲུལ་འདི་པད་ནང་དུ་། །རྐང་དྲུག་འཕུར་དང་མཚུངས་ལས་ལྷག་པར་མཛེས། །ཞེས་པ་ལྟ་བུ། དེ་ཡི་རྗེས་སུ་རྐང་པ་འཇོག་པ་ནི། སྙན་འགྱུར་དབྱངས་ལ་ཀ་ལ་པིང་ཀའི་སྒྲ། །དྲི་ཟའི་པི་ཝཾ་རྗེས་སུ་རྐང་པ་འཇོག །ཅེས་པ་ལྟ་བུ། དེ་ཡི་ནུས་པ་ལ་འཇུག་པ་ནི། བརྡའ་སྤྲོད་ཚུལ་ལ་ཡིད་ནི་གསལ་བྱེད་པས། །མ་དྲུག་པ་དེར་ཉི་མའི་ནུས་པ་འཇུག །ཅེས་པ་ལྟ་བུ། དེ་ཡི་རྗེས་འགྲོ་རྗེས་སུ་འཆིང་བ་ནི། །ཟླ་གཞོན་ཞགས་པའི་རྗེས་སུ་སྙེག་པ་ཡི། །བདུད་རྩིའི་ཟེར་གྱི་བདེ་བས་རྗེས་སུ་འཆིང་། །ཞེས་པ་ལྟ་བུ། །དེ་ཡི་ངང་ཚུལ་དེ་འགོག་པ་ནི། དཔང་ལོ་རྒྱ་གར་མཁས་པའི་ངང་ཚུལ་གྱིས། །དབུས་འགྱུར་པཎ་ཆེན་མཁས་པའི་གྲགས་སྙན་འགོག །ཅེས་པ་ལྟ་བུ་དང་། དེ་ཡི་རྗེས་སུ་བྱེད་ཅེས་པ་ནི། མང་ཐོས་སྐད་གཉིས་སྨྲ་བའི་དབང་པོ་ཁྱོད། །རིག་བྱེད་སྨྲ་ལ་ཚངས་པའི་རྗེས་སུ་བྱེད། །ཅེས་པ་ལྟ་བུའི་སྡེ་ཚན་བཞི་པོ་སྡོམས་པའི་སྒྲ་དྲུག་ཅུ་རྩ་ལྔ་པོ་རྣམས་མཚུངས་པ་གསལ་བྱེད་ཡིན་ནོ། །མ་ཟིན་པ་ངག་གི་དབང་ཕྱུག་གི་འགྲེལ་པ་ལས་བཤད་པའི་དང་པོ་ཆ་ནི། འདྲེན་བྱེད་ཟུར་གྱིས་གཡོ་བའི་ཆ། །བྷྲ་མ་ར་ལ་ལོངས་སུ་སྤྱོད། །ཅེས་པ་ལྟ་བུ། གྲོགས་ནི། ཨིནྡྲ་ནཱི་ལའི་འཁྲི་ཤིང་དེ། །ཁྱོད་ཀྱི་སྨིན་མའི་གྲོགས་པོ་བྱེད། །ཅེས་པ་ལྟ་བུ། སྤུན་ཟླ་ནི། གང་གི་འཇམ་མཉེན་མཆུ་སྒྲོས་ཀྱིས། །ཨུཏྤལ་དམར་པོའི་(༤༩བ)


GLG020_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སྤུན་ཟླ་ཐོབ། །ཅེས་པ་ལྟ་བུ། མཐོང་བ་ནི། གངས་རིའི་དུམ་བུ་ལྟར་དཀར་བར། །སོ་ཡི་ཕྲེང་བ་བདག་གིས་མཐོང་། །ཞེས་པ་ལྟ་བུ། ཐོས་པ་ནི། བནྡྷ་བྷ་ཡི་གླིང་བུའི་སྐད། །ཁྱོད་ཀྱི་མགྲིན་པའི་དབྱངས་ལས་ཐོས། །ཞེས་པ་ལྟ་བུ། དྲན་པ་ནི། སྐྱེ་བ་ལྔ་པའི་རི་མོ་ཡིས། །གང་གི་མགྲིན་པ་གསལ་བར་དྲན། །ཞེས་པ་ལྟ་བུ། རེག་པ་ནི། འདོད་པའི་མྱོས་བུམ་ཟུང་གིས་ནི། །བལ་གྱི་གླང་པོའི་སྣར་རེག་བྱེད། །ཅེས་པ་ལྟ་བུ། ཕམ་པ་ནི། ཕྲ་ཞིང་ལྡེམ་པའི་སྐེད་སྐབས་ཀྱིས། །འཁྲི་ཤིང་གཞོན་ནུ་ཕམ་པར་བྱས། །ཞེས་པ་ལྟ་བུ། སྙེག་པ་ནི། སྣ་ཚོགས་ནོར་བུའི་དོ་ཤལ་གྱིས། །རྣམ་ཐོས་བུ་ཡི་ནོར་ལ་སྙེག །ཅེས་པ་ལྟ་བུ། འཇོག་པ་ནི། ཆུ་སྐྱེས་ཀྱིས་བརྟེན་ཞབས་པད་ཟུང་། །ལྷར་བཅས་འགྲོ་བའི་སྤྱི་བོར་འཛེག །ཅེས་པ་ལྟ་བུ། སེམས་པ་ནི། དྲན་པས་དོན་ཀུན་སྟེར་བྱེད་པ། །དབྱངས་ཅན་ལྷ་མོ་ཡིན་པས་སེམས། །ཞེས་པ་ལྟ་བུ། ཟུར་མཁར་བས། སྐབས་འདིར་སྣར་ཐང་པ་ལ་དགག་པ་མཛད་པ་ནི་མ་དག་པས་དག་པ་སུན་འབྱིན་པར་འདུག་ཅིང་། སྐབས་འདིའི་འདྲ་བ་ནི། ཟླ་བའི་དཀྱིལ་འཁོར་དང་དབྱངས་ཅན་མའི་ཞལ་གཉིས་མཚུངས་ཤིང་འདྲ་བ་ཡིན་ལ། རབ་བརྟགས་ཀྱི་འདྲ་བ་ནི། མི་འདིས་བྱ་བ་འདི་འདྲ་ཞིག་བྱེད་པར་འདྲ་ཞེས་ཐེ་ཚོམ་གྱི་འདྲ་བ་དེ་ཡིན་པས་དེས་མཚོན་ཏེ་ནོར་འཁྲུལ་འབྱུང་བའི་གནས་མེད་པས། མཁས་པ་ཟུར་མཁར་པ་ཡང་སྐབས་འདིར་འཁྲུལ་ན་དིང་སང་གི་སྙན་ངག་པ་བློ་ཆུང་རྣམས་མགོ་བོ་འཁོར་བ་བདེན་མོད། འོན་ཀྱང་ཐེ་ཚོམ་གྱི་མདུད་པ་བཀྲོལ་བ་ལ་རྗེས་སུ་(༥༠ན)
ཡི་རང་བར་བྱོས་ཤིག །དཔའ་བོ་གཙུག་ལག་པའི་བཤད་པ་རྣམས་ནི་ཕལ་ཆེར་ཉེས་བཤད་ཁོ་ནར་འདུག་པས་ལེགས་ཉེས་ཀྱི་རྟོག་དཔྱོད་བྱེད་མི་དགོས། འོན་ཀྱང་བློ་ལྡན་མི་དགེས་མེད་གང་ལ་ཞེས་པར་གང་ལ་མཁས་རྣམས་མི་དགོས་པའི། ཞེས་འདོན་པ་བསྒྱུར། མ་ནིང་འདི་འགྲོ་བུད་མེད་བཞིན། ཞེས་སོགས་ཀྱི་དམིགས་བསལ་སྐྱོན་མེད་པ་རྣམས་སྐྱོན་ཡོད་པར་བསྒྲུབས་ནས། འགྲེལ་པ་སྔ་མ་རྣམས་མ་དག་ཅེས་ཟེར་བ་འདི། དཔང་སྟོན་ཐམས་ཅད་མཁྱེན་པའི་འགྲེལ་པ་ཡང་མ་དག་པར་སྨྲ་རྒྱུ་ཡིན་འདུག་པ། རྒྱ་གར་བ་དང་མི་འདྲ་བའི་མཁས་བླུན་དབྱེ་བ་མེད་པའི་བོད་རྒན་རྣམས་ཀྱིས་མཛོ་རྟ་ཁྱི་གསུམ། ཡོལ་སྒོར་ཕྱི་ནང་། རྨོངས་པའི་འཁོར་གྱི་འདུ་འགོད་ལྷུར་བླངས་པའི་ཆོས་བརྒྱད་ཀྱི་གོང་བུ་རྣམས་ལ་སངས་རྒྱས་སུ་རྩི་བའི་སྟབས་ཀྱིས། ཁྱེད་ཅག་ཀརྨ་པའི་བླ་ཆེན། ལྷའི་སོབ་དར་ཟབ་ཀྱིས་དྲིལ་བ་རྣམས་ལང་ལ་ཤོར་ཏེ། ཁྱི་རྒན་ཐོག་ཁར་བཞག་ན་གནམ་གྱི་སྐར་མར་སྙེག་པའི་དཔེ་བྱེད་རྒྱུ་ཡིན་ནམ། ཡང་ན་སྙན་ངག་མེ་ལོང་གི་བསྟན་པ་བསྣུབ་པ་ལ་བདུད་སྡིག་ཅན་བསམ་བཞིན་དུ་རབ་ཏུ་བྱུང་བའི་རྟགས་བཟུང་ནས་འོངས་པར་གདོན་མི་ཟའོ། །

གཟུགས་ཅན་གྱི་རྒྱན་གྱི་སྐོར་བཤད་པ།


GLG020_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཅན་གྱི་རྒྱན་གྱི་སྐོར་བཤད་པ།གསུམ་པ་གཟུགས་ཅན་གྱི་རྒྱན་ལ་མཚན་ཉིད། དཔེར་བརྗོད། དཔེ་རྒྱན་དང་ཐུན་མོང་དུ་མཇུག་བསྡུ་བ་དང་གསུམ། དང་པོ་ནི། དཔེ་དང་དཔེ་ཅན་དུ་སྣང་བ་མིན་པར་གྱུར་པ་ཡི་གཅིག་ཏུ་སྒྲོ་བཏགས་པའི་དཔེ་ཉིད་དག་(༥༠བ)


GLG020_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གཟུགས་ཅན་དུ་འདོད་དོ། །གཉིས་པ་ལ། ཉི་ཤུ་ལས། དང་པོ་བསྡུས་པའི་གཟུགས་ཅན་ནི། དཔེ་ཅན་གྱི་ཁྱད་གཞི་དཔུང་པ་ནི། དཔེའི་ཁྱད་གཞི་འཁྲི་ཤིང་གཟུགས་སུ་བཀོད། ཁྱད་ཆོས་ལག་པ་དང་སོར་མོ་དག་པདྨ་དང་ཡལ་འདབ་ཀྱི་གཟུགས་སུ་བཀོད་ཅིང་། དཔུང་པའི་ཞེས་པ་ལྟ་བུའི་རྣམ་དབྱེ་དྲུག་པ་རྣམས་བསྡུས་པའོ། །དཔེར་ན་ཉི་མའི་རྒྱུད་འཁྲུངས་གཟུགས་སྐུ་ཀུན་གསལ་ངོས། །ཐགས་བཟང་ཆུ་འཛིན་ཕྲེང་དཀར་ལེགས་འཁྲིགས་ཤིང་། །ཟབ་རྒྱས་དམ་ཆོས་དབྱར་རྔ་སྒྲོགས་པ་ཡིས། །སྐལ་ལྡན་བློ་གསལ་མདོངས་མཐའ་ཟློས་གར་བྱེད། །ཅེས་པ་ལྟ་བུ། གཉིས་པ་མ་བསྡུས་པའི་གཟུགས་ཅན་ནི། དཔེ་ཅན་ལག་པ། དཔེ་འཁྲི་ཤིང་གི་གཟུགས་དང་། སོར་མོ་རྣམས་ཡལ་འདབ་དང་། སོར་མོའི་འོད་ཟེར་ནི་མེ་ཏོག་གི་གཟུགས་སུ་བཀོད་པར་གྱུར་པས། དཔྱིད་ཀྱི་དཔལ་ལྟར་མཛེས་པ་ཁྱོད་ནི། ངེད་ལ་བདེ་བ་སྟེར་ཕྱིར་མངོན་སུམ་དུ་རྒྱུའོ། །ཞེས་ལག་པའི་ཞེས་པ་ལྟ་བུའི་རྣམ་དབྱེ་དྲུག་པ་མ་བསྡུས་པའོ། །དེ་ཡང་ཞེས་པ་འདི་ནི་མ་བསྡུས་པའི་གཟུགས་ཅན་ཡིན་ལ། སྔ་མ་ནི་བསྡུས་པའི་གཟུགས་ཅན་ནོ། །དཔེར་ན། འཇམ་དཀར་སྐུ་ཡི་མན་ཤེལ་ལྷུན་པོ་ལ། །བཅུ་དྲུག་ལང་ཚོའི་རྟ་བདུན་གཟི་མདངས་ཅན། །མཛེས་སྡུག་འགྱིང་བའི་བང་རིམ་བཞིས་མཛེས་ཤིང་། །རྨད་བྱུང་མཁྱེན་པའི་རང་བཞིན་བརྟན་ཅིང་བརྗིད། །ཅེས་པ་ལྟ་བུ། གསུམ་པ་བསྡུས་དང་མ་བསྡུས་པ་ནི། དཔེ་ཅན་བཞིན་རས་དང་འཛུམས་པ་གཉིས། དཔེ་ཟླ་བ་(༥༡ན)


GLG020_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཟླ་བའི་འོད་ཅེས་པའི་གཟུགས་སུ་བཀོད་པའི་དང་པོའི་རྣམ་དབྱེ་དྲུག་པ་བསྡུས་ལ་ཕྱི་མའི་མ་བསྡུས་པས་གཟུགས་ཅན་བསྡུས་དང་མ་བསྡུས་པའོ། །དཔེར་ན། རབ་མཛེས་ལང་ཚོའི་དཔྱིད་ཀྱི་དཔལ་མོ་ལས། །དཀར་འཇམ་ཞལ་ཁྱིམ་ཨུཏྤལ་འདབ་གཡོ་ཞིང་། །སྙན་འགྱུར་གསུང་གི་བུང་བའི་གླུ་དབྱངས་ཅན། །དབྱངས་ཅན་སྐུ་ཡི་པད་དཀར་སྡོང་བུ་ལྡེམ། །ཞེས་པ་ལྟ་བུ། བཞི་པ་མཐའ་དག་གཟུགས་ཅན་ལ། དཔེ་དང་། དོན་བཤད་པ་གཉིས། དང་པོ་ནི། ཁྱད་གཞི་དཔེ་ཅན་རྒྱལ་པོ་ཁྱོད་ཀྱི་ཞབས་ནི་དཔེ་ཆུ་སྐྱེས་ཀྱི་གཟུགས་སུ་བྱས་ཤིང་། ཞབས་ཀྱི་ཁྱད་ཆོས་སོར་མོ་དམར་བ་དང་། སེན་མོའི་འོད། པདྨའི་ཁྱད་ཆོས་འདབ་ཕྲེང་དང་། གེ་སར་ཅན་ཏེ། དཔེ་དཔེ་ཅན་རྣམས་གཅིག་ཡོད་ལ་གཅིག་མེད་པ་མ་ཡིན་པར། མཐའ་དག་གཟུགས་ཅན་བཀོད་པའི་རྐང་པ་འདི་ནི། ས་སྐྱོང་རྣམས་ཀྱི་སྤྱི་བོར་འཛིན་ནོ། །དཔེར་ན། མཉེན་འཇམ་ཕྱག་གི་ཡལ་ག་རབ་རྒྱས་རྩེར། །སོར་མོའི་ལྕུག་ཕྲན་གཞོན་ནུ་རྣམ་པར་གཡོ། །བཻཌཱུར་སྔོན་པོའི་པི་ཝང་འདབ་མ་ཅན། །ཚངས་སྲས་སྐུ་ཡི་ཨ་ཤྭཪྠ་འདི་མཛེས། །ཞེས་པ་ལྟ་བུའོ། །གཉིས་པ་ནི། ཡན་ལག་སོར་མོ་སོགས་ལ་འདབ་མ་སོགས་གཟུགས་སུ་བྱས་པ་དང་། ཡན་ལག་ཅན་རྐང་པ་དང་པདྨ་ཉིད་གཟུགས་སུ་བྱས་ནས། དེ་འགོད་ཡུལ་གྱི་འོས། ས་སྐྱོང་གི་ཚངས་གནས་སུ་རྣམ་པར་བཀོད་པ་འདི་ནི་མཐའ་དག་གཟུགས་ཅན་ནོ། །ལྔ་པ་ཆ་ཤས་གཟུགས་ཅན་ལ་དཔེ་དོན་གཉིས། དང་པོ་ནི། གློ་བུར་ཉིད་དུ་ནི། གཏུམ་མོ་ཁྱོད་ཀྱི་གདོང་ཆ་ཤས་ཅན་ནི་གང་གི་ཡང་(༥༡བ)


GLG020_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སུ་མ་བཀོད་ལ། ཆ་ཤས་མཆུ་དང་། རྔུལ་གྱི་ཆུ་ཡི་ཐིགས་པ་གཉིས་པོ་ཡལ་འདབ་གཡོ་བ་དང་མུ་ཏིག་གི་དོག་པའི་འོད་ཅན་འཛིན་པའི་གཟུགས་སུ་བཀོད་དོ། །དཔེར་ན། མང་དུ་ཐོས་པའི་རལ་ཁུར་རབ་ལྕི་ཞིང་། །གནས་ལྔ་རིག་པའི་ལུས་སྟོབས་རྣམ་པར་རྒྱས། །མཁས་མང་གངས་རིའི་སྤོ་ལ་འགྱིང་མཛད་པ། །དཔང་ལོ་ཁྱོད་ཀྱིས་བློ་ལྡན་དགའ་བ་སྐྱེད། །ཅེས་པ་ལྟ་བུ། གཉིས་པ་ནི། འདིར་ནི་རྔུལ་ཆུ་མུ་ཏིག་གི་དོག་པར་བྱས་ཤིང་། མཆུ་ཡང་ཡལ་འདབ་ཉིད་ཀྱི་གཟུགས་སུ་བྱས་ཀྱི། ཆ་ཤས་ཅན་གདོང་ནི་རྣམ་པ་གཞན་མ་བྱས་པས་དེའི་ཕྱིར་ཆ་ཤས་གཟུགས་ཅན་ནོ། །དྲུག་པ་ཆ་ཤས་ཅན་གྱི་གཟུགས་ཅན་ལ་དཔེ་དོན་གཉིས། དང་པོ་ནི། ཆ་ཤས་ཅན་གདོང་པ་ནི་འདམ་སྐྱེས་ཀྱི་གཟུགས་སུ་བཀོད་ལ། ཆ་ཤས་སྨིན་མ་འཁྱོག་པ་དང་། རྔུལ་གྱི་ཆུ་ཡི་ཐིགས་པ་ནི་ཟག་པ་དང་། མིག་དག་ཀུན་ཏུ་དམར་བ་གསུམ་པོ་འདི་གང་གི་ཡང་གཟུགས་སུ་མ་བཀོད་ཅིང་། རྣམ་འགྱུར་འདིས་མྱོས་པའི་གནས་སྐབས་གསལ་བར་བྱེད་དེ། དཔེར་ན། འཇམ་དབྱངས་བཞིན་རས་ལི་ཁྲིའི་ཐིག་ལེའི་ངོས། །ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་དཀྱུས་དང་། །ཇི་སྙེད་ལེགས་བཤད་སྒྲོག་པའི་ཞལ་གྱི་སྒོ། །འཛུམ་པས་སྐལ་བཟང་སྐྱེ་དགུའི་ངལ་གསོ་སྟེར། །ཞེས་པ་ལྟ་བུ། གཉིས་པ་ནི། འདིར་ནི་གདོང་པའི་ཆ་ཤས་སྨིན་མ་སོགས་དག་རྣམ་འགྱུར་མ་བྱས་ལ། གདོང་པ་ཉིད་པདྨར་བཀོད་པར་བྱས་པ་དེས་ན་འདི་ནི་ཆ་ཤས་ཅན་གྱི་གཟུགས་ཅན་ནོ། །བདུན་པ་ཡན་ལག་(༥༢ན)


GLG020_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའི་གཟུགས་ཅན་ལ། དཔེར་བརྗོད་དང་། རིགས་འགྲེ་བ་གཉིས། དང་པོ་ནི། ཡན་ལག་ཅན་ཁྱོད་ཀྱི་གདོང་པ་དང་། ཡན་ལག་རྣམས་ཀྱི་ནང་ནས་མཛེས་མ་མྱོས་པའི་མཁུར་ཚོས་དམར་པོ་གཉིས་གཟུགས་སུ་མ་བཀོད་ལ། ཡན་ལག་གི་ནང་ནས་མིག་གཅིག་པུ་ཨུཏྤལ་དམར་པོའི་གཟུགས་སུ་བཀོད་ཅིང་། འདོད་པའི་རྣམ་འགྱུར་འདི་ཡིས་ཡང་སྐྱེ་བོ་རྣམས་ཆགས་པས་དམར་བའི་རང་བཞིན་དུ་བྱས་སོ། །ཡན་ལག་ཅན་གདོང་གི་ཡན་ལག་མིག་ཨུཏྤལ་དུ་བཀོད་པའི་མཛེས་ཆོས་ཀྱི་སྒོ་ནས་ཅན་སྒྲ་སྨོས་ཏེ་བདག་པོའི་སྒྲ་སྦྱར་བའི་ལྡན་རྐྱེན་བྱིན་པའི་ཤུལ་ཡིན་པས། མཆུ་གཡོ་བ་སོགས་བྱེད་ལས་གཙོ་ཆེ་བའི་ཆ་ཤས་གཟུགས་ཅན་དང་མི་འདྲ་བའི་ཁྱད་པར་རོ། །དཔེར་ན། ཞིང་འདིར་མཆོག་གི་སྤྲུལ་སྐུའི་རྣམ་རོལ་གྱིས། །མཆོག་དམན་གདུལ་བྱར་ཆོས་འཁོར་ལེགས་བསྐོར་བའི། །སྙན་བརྗིད་གསུང་གི་དབྱར་གྱི་རྔ་གསང་ཅན། །མངོན་མཐོ་ངེས་ལེགས་མ་ལུས་གཅིག་ཏུ་སྒྲོག །ཅེས་པ་ལྟ་བུ། གཉིས་པ་ནི་རྒྱུ་མཚན་དེས་ན་འདི་ནི་ཡན་ལག་གཅིག་པའི་གཟུགས་ཅན་ཏེ། དེ་ལྟར་འདིར་ནི། དཔེར་ན། ཆོས་གང་ཡིན་པའི་ཡན་ལག་ལྔ་ཙམ་ཞིག་ཚིགས་བཅད་དེ་ལ་གསལ་ཡོད་ན། དེའི་ཁྲོད་ནས་གཉིས་ཙམ་ཞིག་གཟུགས་སུ་སྦྱོར་ཞིང་ལྷག་མ་རྣམས་མ་སྦྱར་ན་ཡན་ལག་གཉིས་པའི་གཟུགས་ཅན་སོགས་ཀྱི་མཚོན་ཏེ། ཡན་ལག་གསུམ་པ་སོགས་རྣམས་ཀྱང་ཤུགས་ལ་རྟོགས་པར་བྱའོ། །ཟུར་(༥༢བ)


GLG020_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་བས་ཆ་ཤས་གཟུགས་ཅན་དང་འདི་གཉིས་ཀྱི་ཁྱད་པར་དཀའ་དཀའ་ལྟར་མཛད་ཀྱང་། ཚིགས་བཅད་གཅིག་ལ་ཡན་ལག་ལྔ་ཙམ་ཞིག་གསལ་ན། ཆ་ཤས་གཟུགས་ཅན་གྱི་སྐབས་ཡན་ལག་ལྔ་ཀ་གཟུགས་སུ་བཀོད་དགོས་པས་ཁྲུལ་གཞི་སྐྱེ་བའི་གནས་མེད་དོ། །ཟུར་མཁར་བ་སོགས་སྙན་ངག་བསླབས་པ་རྣམས་ཀྱིས་དོགས་པ་སྐྱེས་པ་ཡིན་འདུག་ལ། དིང་སང་མ་བསླབས་པར་ཤེས་རློམ་གྱི་ཚིགས་བཅད་དམ་དུམ་སྦྱོར་ཤེས་པ་ལ་སྙན་ངག་མཁན་དུ་འཛིན་པའི་རི་བོང་རྭའི་སྤུན་ཟླ་རྣམས་ལ་ཐེ་ཚོམ་ཡང་མི་འདུག་གོ །བརྒྱད་པ་ལྡན་པའི་གཟུགས་ཅན་ནི། ལྡན་དང་ཞེས་པས་མིང་བསྟན་ནས། དེ་ཇི་ལྟ་བུ་སྙམ་ན། གདོང་ནི་མེ་ཏོག་འཛུམ་ཞིང་འབར་བའི་གཟུགས་སུ་བཀོད་གཡོ་བའི་མིག་བུང་བའི་གཟུགས་སུ་བཀོད་པས། དཔེ་ཅན་གཉིས་ལྷན་ཅིག་ཏུ་གནས་པར་མ་ཟད། དཔེ་མེ་ཏོག་དང་བུང་བ་དག་འགྲོགས་པས་ལྡན་པའི་གཟུགས་ཅན་ནོ། །དཔེར་ན། དབྱངས་ཅན་སྙིམ་པའི་འཁྲི་ཤིང་རྩེར། །པི་ཝང་ཁུ་བྱུག་སྒྲ་སྙན་སྒྲོག །མགོ་སྐྱེས་མཐིང་ཁའི་ནམ་མཁའ་ལ། །ནོར་བུའི་རྒྱན་གྱི་འོད་རྣོན་འཕྲོ། །ཞེས་པ་ལྟ་བུ། དགུ་པ་མི་ལྡན་པའི་གཟུགས་ཅན་ནི། མི་ལྡན་ཐ་དད་བྱེད་ཅེས་པའི་མིང་བསྟན་ནས། གདོང་འདི་འཛུམ་པ་ཟླ་བ་འོད་ཀྱི་གཟུགས་སུ་བཀོད། སྣུམ་པའི་མིག་ནི་ཡུཏྤ་ལའི་གཟུགས་སུ་བཀོད་ནས། དཔེ་ཟླ་འོད་ཨུཏྤལ་གཉིས་མི་ལྡན་པས། ལྡན་མིན་ཞེས་པའི་གཟུགས་ཅན་ནོ། །དཔེར་ན། མཆུ་སྒྲོས་ཨུ་དུམ་ཝཱ་རའི་འདབ་མའི་དབུས། །སྲབ་འཇམ་རོ་འཛིན་གློག་དམར་རབ་(༥༣ན)


GLG020_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱུག་ཅིང་། །མ་འདྲེས་རྣམ་པར་བཀྲ་བའི་སྤྱན་གྱི་འཇའ། །སྨིན་མའི་ནགས་ཀླུང་སྟུག་པོའི་ཁྲོད་ན་གཡོ། །ཞེས་པ་ལྟ་བུ། བཅུ་པ་མི་མཉམ་པའི་གཟུགས་ཅན་ལ། མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། ཡན་ལག་ཅན་གཟུགས་སུ་བྱས་པ་དང་ཡན་ལག་རྣམས་མཐའ་གཅིག་ཏུ་ངེས་པ་མེད་པར་འགའ་ཞིག་གཟུགས་སུ་བྱས་ལ། འགའ་ཞིག་གཟུགས་སུ་མ་བྱས་པ་ལ་བརྟེན་པ་མི་མཉམ་པ་ཞེས་པའི་གཟུགས་ཅན་མཛེས་པ་ཡིན་ཏེ། དཔེར་ན། གཉིས་པ་ནི། འདོད་པས་མྱོས་པའི་མཁུར་ཚོས་རབ་ཏུ་དམར་བ་གཟུགས་སུ་མ་བྱས་ལ། སྨིན་མ་འཁྲི་ཤིང་། འཁྲི་ཤིང་གར་བྱེད་པ་དང་། མཛེས་མ་ཁྱོད་ཀྱི་གདོང་ཟླ་བ་དང་། ཟླ་བ་ཡིད་སྲུབས་ཀྱི་གཟུགས་སུ་བཀོད་ནས། འདི་ཡིས་འཇིག་རྟེན་གསུམ་པོ་ཆགས་པས་གཞོམ་པར་ནུས་སོ། །དཔེར་ན། གསུང་དབྱངས་རྣ་བར་སྙན་འཇེབས་ཤིང་། །སྤྱན་ཟུང་རྐང་དྲུག་ངང་མོ་དཀར། །དབྱངས་ཅན་གཟུགས་སྐུའི་པད་དཀར་གྱིས། །ལེགས་བཤད་སྦྲང་རྩིའི་བཅུད་བཟང་སྟེར། །ཞེས་པ་ལྟ་བུ། བཅུ་གཅིག་པ་ཁྱད་པར་དང་བཅས་པའི་གཟུགས་ཅན་ལ། དཔེ་དོན་གཉིས། དང་པོ་ནི། འཕྲོག་བྱེད་ཀྱི་རྐང་པ་ཏོག་གི་གཟུགས་སུ་བཀོད་པ་སྟེ། ཛཧྣུ་ཡི་བུ་མོ་ཆུ་བོ་གཾ་གཱ་ཡི་གོས་ཏེ་རྒྱལ་མཚན་གྱི་རས་ལྷབ་ལྷུབ་ཀྱི་གཟུགས་སུ་བཀོད་ནས། རྒྱལ་མཚན་དེའི་རྩེར་ཏོག་དེ་བཏགས་ནས་ཕྱར་བ་ཡིས། ལྷ་མ་ཡིན་རྣམས་ལ་དགྲས་གནོད་པའི་དོགས་པ་མེད་ཅིང་། ལྷ་རྣམས་དགའ་བའི་དགའ་སྟོན་གྱི་རྒྱལ་མཚན་ཆེན་པོ་རྒྱལ་(༥༣བ)


GLG020_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་ཅིག །དཔེར་ན། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །མཁྱེན་པའི་རལ་གྲི་མཁའ་ལ་ཕྱར་བ་ན། །གཡུལ་ངོའི་དམག་ཚོགས་འཇིགས་པའི་དོགས་བྲལ་ཞིང་། གངས་ཅན་ཐུབ་བསྟན་འཛིན་རྣམས་དགའ་བ་སྐྱེད། །ཅེས་པ་ལྟ་བུ། མང་ཐོས་ཀླུ་སྒྲུབ་པས། སྐབས་འདིར་གཞུང་དོན་དང་མི་འབྲེལ་བའི་རྟོག་གེ་བའི་བློས་བྱས་ཀྱི་ཚིག་བརྗོད་པ་ནི་སྙིང་པོ་མེད་དོ། །གཉིས་པ་ནི། གང་ཞིག་ཁྱབ་འཇུག་གི་རྐང་པ་ཏོག་ཏུ་བཀོད་པའི་ཁྱད་པར་གྱི་མཐུས་དགའ་སྟོན་གྱི་ཚོགས་ཀྱི་ཡོན་ཏན་གཟུགས་སུ་གྲུབ་པ་འདི་འདྲ་བ་དེ་ནི་དེའི་རྐང་པ་གཾ་གཱའི་ཞབས་བསིལ་དང་བཅས་པ་རྒྱལ་མཚན་གྱི་ངོ་བོ་བཀོད་པ་འདི་ནི། ལྷ་དགའ་ཡང་ལྷ་མིན་ལ་དོགས་པ་མེད་པའི་ཁྱད་ཆོས་དང་ལྡན་པས་ཁྱད་པར་དང་བཅས་པའི་གཟུགས་ཅན་ནོ། །བཅུ་གཉིས་པ་འགལ་བའི་གཟུགས་ཅན། དཔེ་དོན་གཉིས། དང་པོ་ནི། དཔེའི་བྱ་བ་པདྨ་རྣམས་ནི་མི་འཛུམ་པ་སྟེ་མི་ཟུམ་ཞིང་། ནམ་མཁའ་ཡང་མི་འགྲོ་བའི། དཔེ་ཅན་ཁྱོད་ཀྱི་གདོང་ཟླ་བའི་གཟུགས་སུ་བཀོད་པས། དཔེས་མི་བྱེད་པའི་བྱ་བ་བདག་གི་ནི་སྲོག་རྣམས་འཕྲོག་པ་ཉིད་དུ་གླགས་ལྟའོ། །དཔེར་ན། དབྱངས་ཅན་ལྷ་མོ་སྲེད་ལྡན་གཡོན་མིག་མས། །འགྲོ་བའི་ཉོན་མོངས་ཚོགས་རྣམས་མི་སྤྱོད་ཅིང་། །འཁྲིག་པའི་བདེ་བ་སྟེར་བར་མི་བྱེད་པར། །ཆགས་བྲལ་ས་དང་ལམ་ལ་འབད་པས་འགོད། །ཅེས་པ་ལྟ་བུ།གཉིས་པ་ནི། ཟླ་བའི་བྱ་བ་ཟུམ་འགྲོ་གཉིས་ཀྱི་བྱ་བ་བྱེད་པ་མིན་པ་དང་། མཚོན་ཆ་སོགས་གཞན་གྱི་བྱ་བའི་བྱ་བ་འདིར་ཡང་དག་པར་བསྟན་ཏེ་དེའི་ཕྱིར། འགལ་བ་ཞེས་བྱའི་(༥༤ན)


GLG020_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཅན་ནོ། །བཅུ་གསུམ་པ་རྒྱུའི་གཟུགས་ཅན་ལ་དཔེ་དོན་གཉིས། དང་པོ་ནི། རྒྱལ་པོ་ཁྱོད་ནི་ཟབ་པ་ཉིད་ཀྱི་རྒྱུས་ནི་རྒྱ་མཚོའི་གཟུགས་སུ་སྟེ། བརླིང་བ་ཉིད་ཀྱི་རྒྱུས་རི་བོའི་གཟུགས་ཡིན་ལ། འཇིག་རྟེན་རྣམས་ལ་འདོད་པ་ནི་སྟེར་བའི་ཕྱིར་དཔག་བསམ་རྐང་འཐུང་གི་གཟུགས་སུ་བཀོད་དོ། །དཔེར་ན། ཚངས་སྲས་རྨོངས་མུན་སེལ་བས་ཆུ་ཤེལ་དབང་། །ཕན་བདེའི་ཁང་བཟང་རྩེར་ཁྲིད་ཐེམ་སྐས་ཏེ། །ལེགས་བཤད་དགའ་སྟོན་སྐྱུགས་པས་ཛཧྣུ། །གཟིགས་པ་དུས་ལས་མི་ཡོལ་རྒྱ་མཚོའི་རླབས། །ཞེས་པ་ལྟ་བུ།གཉིས་པ་ནི། འདིར་ནི་ཟབ་པ་ལ་སོགས་པ། བརླིང་སྟེར་གྱི་རྒྱུ་རྣམས་དག་གིས། རྒྱ་མཚོ། རི། དཔག་བསམ་གྱི་ཤིང་དག་གི་ཡང་གཟུགས་སུ་བྱེད་པས་ན་འདི་ནི་རྒྱུའི་གཟུགས་ཅན་ཡིན་ནོ། །བཅུ་བཞི་པ་སྦྱར་བའི་གཟུགས་ཅན་ནི། །རཱ་ཛ་ཧཾ་ས་ནི་མིའི་རྒྱལ་པོ་དང་ངང་བའི་རྒྱལ་པོ་གཉིས་ཀ་ལ་འཇུག་་པས། སྔ་མས་ནི་དཔེ་ཅན་གྲོགས་མོ་ཁྱོད་ཀྱི་གདོང་ལ་ཉེ་བར་སྤྱད་པར་འོས་ལ། ཕྱི་མས་ནི་དཔེ་པདྨ་ལ་ཉེ་བར་སྤྱད་པར་འོས་སོ། །ཞེས་པ་ནི་སྒྲ་སྦྱར་བ་ཡིན་ལ། དོན་སྦྱར་བ་ནི། དྲི་ཞིམ་པ་གདོང་པ་གཉིས་ཀ་ལ་ཡོད་པས། སྔ་མ་རྒྱལ་པོ་དང་ཕྱི་མ་བུང་བས་དོན་དུ་གཉེར་བར་འོས་སོ། །ཞེས་པ་དཔེ་ཅན་གྱི་ཁྱད་གཞི་དཔེའི་ཁྱད་གཞིའི་གཟུགས་སུ་བྱས་ཏེ། ཁྱད་ཆོས་འགའ་ཞིག་ལ་སྒྲ་དང་། འགའ་ཞིག་ལ་དོན་སྦྱར་བའི་སྒོ་ནས་དཔེ་དཔེ་ཅན་སོ་སོར་བཀོད་དུ་ཡོད་པ་ནི་སྦྱར་བའི་གཟུགས་ཅན་ནོ། །དཔེར་ན། ཟས་གཙང་སྲས་(༥༤བ)


GLG020_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གསུང་གི་རྫིང་བུ་ལ། །གཉིས་སྐྱེས་ཚོགས་ཀྱིས་ལོངས་སུ་སྤྱོད་པའི་དཔྱིད། །དྲི་མ་མེད་ཅིང་རབ་གསལ་དྭངས་པ་ཡིས། །ལང་ཚོ་ཅན་རྣམས་ཁྲུས་ལ་འཇུག་པའི་ཡུལ། །ཞེས་པ་ལྟ་བུ། བཅོ་ལྔ་པ་དཔེའི་གཟུགས་ཅན་ལ། མཚན་ཉིད་དང་། དཔེར་བརྗོད་གཉིས། དང་པོ་ནི། གཙོ་བོ་དཔེའི་ཁྱད་གཞི་དང་། ཕལ་པ་དཔེ་ཅན་གྱི་ཁྱད་གཞི་གཉིས་ལ་ཡོད་པའི་ཁྱད་ཆོས་མཐུན་པར་གསལ་བ་ནི་དཔེའི་གཟུགས་ཅན་ནོ། །གཉིས་པ་ནི། །འདོད་པས་མྱོས་པའི་ཀུན་ཏུ་དམར་བའི་མདངས་ཀྱིས་བཀབ་པ་ཡི་ཕལ་པ་བཞིན་གྱི་ཟླ་བ་འདི། གཙོ་བོ་ཟླ་བ་དངོས་ལ་ནི་མཚུངས་པ་གསལ་བྱེད་ཀྱི་སྒྲ་དང་བཅས། ཐུན་མཚམས་འཆར་ཀའི་མདངས་དམར་བ་ཕུན་སུམ་ཚོགས་པ་གཉིས་ཀ་ལ་ཡོད་པས་རབ་ཏུ་འགྲན་ནོ། །དཔེར་ན། སྐེད་སྐབས་ཕྲ་ལྡེམ་ཡོངས་འདུའི་ཤིང་། །འདོད་པའི་ལོ་འདབ་གཡོ་བའི་ཉམས། །བདེ་བའི་གང་བུ་སྟེར་བ་འདི། །དཔག་བསམ་ལྗོན་པའི་ཚུལ་དང་མཚུངས། །ཞེས་པ་ལྟ་བུ། བཅུ་དྲུག་པ་ལྡོག་པ་ཅན་གྱི་གཟུགས་ཅན་ལ། དཔེ་དོན་གཉིས། དང་པོ་ནི། དངོས་གཞི་དཔེའི་གཟུགས་ཅན་དང་འདྲ་བ་ལ། དཔེ་དཔེ་ཅན་གཉིས་ཆོས་མི་མཐུན་པར་མཐོང་བས། འབྱེད་བྱེད་ཀྱི་སྒྲ་བཀོད་དེ་མཚུངས་པ་ལས་ལྡོག་པས་ལྡོག་པ་ཅན་ཞེས་པའི་གཟུགས་ཅན། བཤད་མ་ཐག་པ་ཐེ་བའི་རྣམ་པ་གཉིས་འདོད་དེ། དཔེར་ན། གཉིས་པ་ནི། ལྷ་རྣམས་ཀྱིས་ནི་དཔེ་གཙོ་བོའི་ཟླ་བ་དང་། བདག་གིས་དཔེ་ཅན་ཕལ་པ་ཁྱོད་གདོང་གི་ཟླ་བ་གཉིས་མིག་གིས་ཡང་ཡང་(༥༥ན)


GLG020_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

འཐུང་བར་མཚུངས་ཀྱང་། དཔེ་འདི་ནི་རྟག་ཏུ་གང་བ་མ་ཡིན་པར་འཕེལ་འགྲིབ་བྱེད་ཀྱང་། དཔེ་ཅན་འདི་ནི་རྟག་ཏུ་དཀྱིལ་འཁོར་རྫོགས་སོ། །དཔེར་ན། རི་དྭགས་ཁྱོད་ནི་དྲ་བའི་རྒྱར། །ཚུད་བ་མཚོན་ཆས་གཅོད་ནུས་ཀྱི། །བདག་ནི་སྨིན་ལེགས་འདོད་པའི་རྒྱས། །བཅིངས་འདི་གཅོད་པའི་ནུས་པ་བྲལ། །ཞེས་པ་ལྟ་བུ། བཅུ་བདུན་པ་འགོག་པའི་གཟུགས་ཅན་ནི། དཔེ་ཅན་མཛེས་མ་ཁྱོད་ཀྱི་གདོང་། དཔེ་ཟླ་བའི་གཟུགས་སུ་བཀོད་པ་དགག་བྱ། འགོག་བྱེད་གདོང་ཟླ་བའི་ངོ་བོ་ཡིན་ན་བསིལ་བ་ཞིག་དགོས་རྒྱུ་ལ། འདོད་པའི་ཚ་བས་འདི་ལྟར་གཞན་དག་གདུང་བར་བྱེད་པས་ཟླ་བ་ཉིད་དུ་བརྗོད་པ་མིན་ཞེས་པ་དེ་ནི་འགོག་པའི་གཟུགས་ཅན་ནོ། །དཔེར་ན། འདྲེན་མཆོག་རྣམ་དཀར་མཛད་པའི་ཟླ་བ་ཡིས། །ཆུ་སྲིན་རྒྱལ་མཚན་སྡེ་བཅས་མྱ་ངན་གྱི། །མུན་པའི་ཁུང་བུར་འཇུག་ན་སྣང་བའི་དཔལ། །སྟེར་བའི་གཉིས་སྐྱེས་རྒྱལ་པོ་ཅི་ཞིག་ལགས། །ཞེས་པ་ལྟ་བུ། བཅོ་བརྒྱད་པ་མཉམ་འཇོག་གི་གཟུགས་ཅན་ནི། ཟླ་བ་བསིལ་བ་ཡིན་ཀྱང་། དཔེ་ཅན་གཏུམ་མོ་ཁྱོད་གདོང་། དཔེ་ཟླ་བའི་ངོ་བོར་བཀོད་པ་འདིས་ཀྱང་། འདོད་པའི་མེས་བརྩེ་བ་མེད་པར་བདག་སྲེག་པ། ཟླ་བའི་བྱེད་ལས་མི་འོས་པའི་སྐྱོན་དག་བདག་ཉིད་ཀྱང་ཆགས་འབྲས་ཧ་ཅང་སྨིན་ཆེས་པའི་སྐལ་བ་ཉིད་ཀྱི་སྐྱོན་ཞེས། དཔེ་དཔེ་ཅན་གཉིས་ཀའི་སྐྱོན་མཉམ་པར་སྟོན་པ་ནི་མཉམ་འཇོག་གི་གཟུགས་ཅན་ནོ། །དཔེར་ན། ཤོང་སྟོན་མཁྱེན་པའི་ཉི་ཟེར་གྱིས། །(༥༥བ)


GLG020_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

རྒོལ་བའི་བློ་ངན་མུན་པར་འཐུམས། །ཉེས་བཤད་ཁོ་ནར་ཡིད་གཏད་པའི། །ལོག་ལྟའི་སྐལ་དམན་འདིས་ཀྱང་སྐྱོན། །ཞེས་པ་ལྟ་བུ། བཅུ་དགུ་པ་གཟུགས་ཅན་གྱི་གཟུགས་ཅན་ནི། །ཁྱོད་གདོང་འདམ་སྐྱེས་ཀྱི་གཟུགས། འདམ་སྐྱེས་དོ་རའི་གཟུགས་སུ་བཀོད། གདོང་གི་ཁྱད་ཆོས་སྨིན་མ་འཁྲི་ཤིང་གི་གཟུགས་དང་། འཁྲི་ཤིང་གར་མཁན་མའི་གཟུགས་སུ་བཀོད་ནས། རོལ་སྒེག་གིས་དགའ་བའི་གར་བྱེད་དོ། །ཞེས་དཔེ་འཕར་མ་བཀོད་པ་འདི་ནི་གཟུགས་ཅན་གྱི་གཟུགས་ཅན་ནོ། །དཔེར་ན། ཀུན་མཁྱེན་གཟུགས་སྐུའི་གངས་རིའི་དགའ་ཚལ་དུ། །མཚན་བཟང་ཆུ་ཀླུང་མནྡྷ་ར་འཁྲིགས་ལས། །བདེ་ལེགས་བསིལ་དང་ཡིད་འོང་དགའ་སྟོན་ཚོགས། །ལས་ལྡན་ཚད་གདུངས་མཐོ་རིས་ལུས་ཕྲའི་དཔལ། །ཞེས་པ་ལྟ་བུ། ཉི་ཤུ་པ་བསྙོན་དོར་གྱི་གཟུགས་ཅན་ལ་དཔེ་དོན་གཉིས། དང་པོ་ནི། ཤིན་ཏུ་མཛེས་པ་འདི་ནི་དཔེ་ཅན་གྱི་ཁྱད་གཞི་གདོང་དང་། ཁྱད་ཆོས་འདི་དག་སྟེ་མིག་དང་། ཁྱོད་ཀྱི་སོ་ཡི་འོད་ཟེར་མ་ཡིན་སྟེ་འདི་དཔེའི་ཁྱད་གཞི་པདྨ་དང་། ཁྱད་ཆོས་བུང་བ་གེ་སར་འདི་རྣམས་ཉིད་ཡིན་ནོ། །དཔེར་ན། གཟིགས་མོར་སྤྲོ་འདི་འབྲུག་སྒྲ་མངལ་འཛིན་གྱི། །ལུས་འདེགས་མ་ཡིན་རླུང་གི་རྒྱལ་མཚན་སྟེ། །དགའ་བའི་ཟློས་གར་རྣམ་པར་སྒྱུར་བ་འདི། །རྨ་བྱ་མ་ཡིན་དྲན་པའི་སྙེ་མར་ངེས། །ཞེས་པ་ལྟ་བུ། གཉིས་པ་ནི། གདོང་པ་ལ་སོགས་པ་དཔེ་ཅན་ཉིད་མ་ཡིན་ནོ་ཞེས་བསྙོན་བཞིན་བཟློག་སྟེ། དཔེ་པདྨ་ལ་སོགས་པའི་གཟུགས་སུ་བྱས་པའི་སྒོ་ནས་མཛེས་པ་སོགས་(༥༦ན)
ཡོན་ཏན་ཁྱད་འཕགས་གསལ་བར་བྱེད་པ་དེ་ཉིད་བསྙོན་དོར་གཟུགས་ཅན་ནོ། །གསུམ་པ་དཔེ་རྒྱན་དང་ཐུན་མོང་དུ་འཇུག་བསྡུ་བ་ནི། གཟུགས་ཅན་དང་དཔེ་རྒྱན་གྱི་རྣམ་རྟོག་གི་སྤྲོས་པ་རྣམས་མཐའ་ཡོད་པ་མ་ཡིན་པ་དེའི་ཕྱིར། འདིར་ཕྱོགས་ཙམ་བསྟན་པ་ཡིན་གྱི་དངོས་སུ་མ་བརྗོད་པ་རྣམས་བློ་ལྡན་རྣམས་ཀྱི་རྗེས་སུ་དཔག་པར་བྱའོ། །

གསལ་བྱེད་ཀྱི་རྒྱན་གྱི་སྐོར་བཤད་པ།


GLG020_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བྱེད་ཀྱི་རྒྱན་གྱི་སྐོར་བཤད་པ།བཞི་པ་གསལ་བྱེད་ཀྱི་རྒྱན་ལ་མཚན་ཉིད། དཔེར་བརྗོད། མ་བཤད་པ་བསླབ་ཚུལ་དང་གསུམ། དང་པོ་ནི། སྔར་རང་བཞིན་བརྗོད་པའི་སྐབས་དང་འདྲ་བའི་རིགས་དང་། བྱ་བ་ཡོན་ཏན། རྫས་རྣམས་ལ་ཚིག་གཅིག་ཐོག་མཐའ་བར་གསུམ་གང་ལ་གནས་པ་ཡིས། གལ་ཏེ་ཚིག་སྦྱོར་གྱི་ངག་ཀུན་གསལ་བ་ལ་ཕན་ན། དེ་ནི་གསལ་བྱེད་དུ་བརྗོད་དེ། དཔེར་ན་ཞེས་སོ། །རང་བཞིན་བརྗོད་པའི་སྐབས་ཡལ་འདབ་སོགས་དང་ལྡན་པའི་ཤིང་གི་རིགས་བརྗོད་པས། མཚན་ཉིད་དེ་ལྡན་གྱི་རིག་མཐའ་དག་གོ་ནུས་པ་ཡིན་ལ། འདིར་ནི་རིགས་སོགས་གང་བརྗོད་པའི་གསལ་བྱེད་ཀྱི་ཚིག་ཐོག་མཐའ་བར་གསུམ་གང་ན་ཡོད་པ་དེས་ཚིག་གཞན་གསལ་ནུས་པ་ཞིག་དགོས་པས་མི་འདྲ་བའི་ཁྱད་པར་རོ། །གཉིས་པ་ལ་གནས་གསུམ་གྱི་གསལ་བྱེད། ཕྲེང་བའི་གསལ་བྱེད། གལ་དོན་གྱི་གསལ་བྱེད། དོན་གཅིག་གི་གསལ་བྱེད། སྦྱར་བའི་གསལ་བྱེད་དང་ལྔ། དང་པོ་ལ་རྣམ་པར་དབྱེ་བའི་སྒོ་ནས་རིགས་སོགས་བཞི། གནས་ངེས་པའི་སྒོ་ནས་གསུམ་དུ་བསྟན་པ་དང་གཉིས། དང་པོ་ལ་བརྒྱད(༥༦བ)


GLG020_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་རིགས་བརྗོད་པ་ཐོག་མའི་གསལ་བྱེད་ནི། ལྷོ་ཡི་རླུང་གིས་ཞེས་པ་གསལ་བྱེད་དུ་ཐོག་མར་བཀོད་ནས་འོག་མ་མཐའ་དག་གསལ་བ་སྟེ། གང་གསལ་ན། དེས་འཁྲི་ཤིང་རྣམས་བསྒུལ་བསྐྱོད་བྱས་པས་འདབ་མ་རྙིང་པ་སེར་པོ་རྣམས་ལྷུང་བར་བྱེད་དོ། །གཞན་ཡང་དེས་ལུས་བསིལ་བར་བྱས་པས། ལང་ཚོས་དུད་པའི་ལུས་ཅན་རྣམས་ཀྱི་ཡང་མཛའ་བོ་མི་དད་པའི་ཁེངས་པ་གསར་དུ་འཇོམས་པར་ནུས་སོ། །དཔེར་ན། ནེ་ཙོ་སྨྲ་བའི་མཆུ་ལྡན་ཅན། །མ་རྒད་མདངས་ཀྱི་སྒྲོག་ཤོག་ངོམ། །དཀར་ནག་དམར་བའི་མགྲིན་པ་ཅན། །སྐྱེ་བོ་འགའ་ཡི་ཡིད་དུ་འོང་། །ཞེས་པ་ལྟ་བུ། གཉིས་པ་བྱ་བ་བརྗོད་པ་ཐོག་མའི་གསལ་བྱེད་ནི། ཆུ་གཏེར་བཞིའི་ངོགས་ཀྱི་སྐྱེད་མོས་ཚལ་དུ་སོ་ཅན་ཏེ་གླང་པོ་བརྒྱད་རྒྱུའོ། །ཁོར་ཡུག་ཕྱིའི་ལྕགས་ཀྱི་རི་བོའི་ཁོངས་སུ་ཡང་། རྒྱལ་པོ་ཁྱོད་ཀྱི་ཡོན་ཏན་ཀུནྡ་དཀར་པོ་རྒྱུའོ། །དཔེར་ན། སྦྱིན་ནོ་རྒྱལ་བས་འགྲོ་ལ་བདེ། །དབྱངས་ཅན་སྐལ་བཟང་རྣམས་ལ་ངག །སྒེག་མོས་སྲེད་ཅན་ཆགས་པའི་རོ། །རླུང་གིས་ཚ་གདུང་ཅན་ལ་བསིལ། །ཞེས་པ་ལྟ་བུ། གསུམ་པ་ཡོན་ཏན་བརྗོད་པ་ཐོག་མའི་གསལ་བྱེད་ནི། ཕྱོགས་རྣམས་ནི་དབྱར་སྐྱེས་སྤྲིན་གྱི་ཕྲེང་བ་འཁྲིགས་པ་ཡིས་སྔོ་བསངས་ཉིད་དུ་བྱེད་དོ། །ས་གཞི་ཡང་རྩ་སྔོན་གསར་པ་ནི་ཤིན་ཏུ་གཞོན་པའི་ཕྲེང་བས་སྔོ་བསངས་ཉིད་དུ་བྱེད་དོ། །དཔེར་ན། དཀར་རོ་མཁའ་ལ་ཟླ་བའི་གཟུགས། །འདོད་ལྡན་ཁྲོད་ན་ན་ཆུང་གདོང་། །མཁས་མང་ཚོགས་པའི་མདུན་ས་ན། །ཆོས་སྐྱོང་བཟང་པོའི་རྣམ་དཔྱོད་མཆོག །ཅེས་པ་ལྟ་བུ། བཞི་པ་རྫས་བརྗོད་པ་ཐོག་མའི་(༥༧ན)


GLG020_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བྱེད་ནི། དཱ་ནུའི་བུ་ལྷ་མིན་སྟོབས་ལྡན་གྱི་འབྱོར་པ་དག་གང་དུ་མིང་མེད་པར་གཏང་ངོ་། །གང་གིས་ན་གང་ཟག་གཅིག་གིས་རང་མཚན་དུ་བཟུང་བའི་རྫས་གཞན་སྡེ་རྣམ་པར་གནོན་པའི་མཐུ་ལ་གནས་པའི་ཁྱབ་འཇུག་གིས་སོ། །ལྷ་རྣམས་ཀྱི་ཕུན་ཚོགས་གཞན་གང་ན་གནས་པ་ཀུན་བླངས་ཏེ་དར་བར་བྱས་སོ། །གང་གིས་ན། རྣམ་པར་གནོན་པའི་ཁྱབ་འཇུག་གོ །དཔེར་ན། རི་དྭགས་ཀྱིས་མཚན་ཟླ་བ་ཡིས། །རྒྱ་མཚོ་ཆེན་པོ་རྣམ་པར་རྒྱས། །འདོད་ལྡན་རྣམས་ཀྱིས་ཆགས་པ་འཕེལ། །གཉིས་སྐྱེས་དུ་མ་དགའ་བ་བསྐྱེད། །ཅེས་པ་ལྟ་བུ། ཞེས་པ་བཞི་པོ་དང་པོའི་གསལ་བྱེད་བསྟན་ནས། དེ་བཞིན་དུ་བར་དང་ཐ་མ་ཡི་ཡང་གསལ་བྱེད་ཀྱི་ཚིག་དག་བདག་གིས་བསྟན་པར་བྱ་བ་ནི། དེ་དག་འགའ་ཞིག་འདི་ལྟ་སྟེ། ཞེས་མཚམས་སྦྱར་རོ། །ལྔ་པ་རིགས་བརྗོད་པའི་བར་གྱི་གསལ་བྱེད་ནི། མཇུག་སྒྲོ་ཅན་ཞེས་བཀོད་ནས་རང་གི་སྔ་ཕྱི་ཐམས་ཅད་གསལ་བའོ། །ཤིང་ནི་ཙུ་ལའི་འདབ་མའི་ཕང་པ་ན་གར་བྱེད་དོ། །གླུ་དབྱངས་ལེན་ནོ། །དགའ་བ་རྒྱས་པའི་མིག་དག་ཀྱང་ཆུ་འཛིན་འབྲུག་སྒྲ་ཅན་ལ་ནི་གཏོད་པར་བྱེད་དོ། །དཔེར་ན། ཤེས་བྱ་མ་ལུས་དྲི་མེད་གཟིགས། །བདུད་བཞི་ལས་རྒྱལ་རྫོགས་སངས་རྒྱས། །ཀུན་ལ་ཁྱབ་པའི་ཐུགས་རྗེ་ཅན། །རིས་མེད་འགྲོ་བ་མ་ལུས་སྐྱབས། །ཞེས་པ་ལྟ་བུ། དྲུག་པ་བྱ་བ་བརྗོད་པ་བར་གྱིས་གསལ་བྱེད་ནི། དྲི་བཞོན་ནགས་ཀླུང་ན་དལ་བུ་ཡང་ཆགས་ལྡན་འགའ་ལ་གནོད་པའི་རྒྱུ་ཡིན་པས་གདུང་བར་འགྱུར་བར་བྱེད་དོ། །ཟླ་བ་དག་ཀྱང་མེ་རུ་འགྱུར་རོ། །ཙནྡན་གྱི་བྱུག་པ་ལུས་ལ་ལྷུང་བ་ཡང་། མཚོན་ལྷུང་བ་ལྟར་བུད་མེད་དང་བྲལ་ཏེ་འཁྱམ་པ་(༥༧བ)


GLG020_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འགྱུར་རོ། །དཔེར་ན། ཤེས་ལྡན་རྣམས་ལ་ལེགས་བཤད་དང་། །འཕོངས་པ་རྣམས་ལ་བདོག་པ་ཡིས། །དགའ་བར་བྱེད་དོ་འདོད་ལྡན་ལ། །ལང་ཚོ་རྒྱས་པའི་སྨིན་ལེགས་མས། །ཞེས་པ་ལྟ་བུ། བདུན་པ་རིགས་བརྗོད་པ་ཐ་མའི་གསལ་བྱེད་ནི་མེ་ཏོག་གཞུ་ཅན་དག་གི་དཔུང་ནི་གསལ་བྱེད་ཡིན་པས་རང་གི་སྔོན་ན་ཡོད་པ་མཐའ་དག་གསལ་ལོ། །གང་གསལ་ན་དབྱར་གྱི་ཆུ་འཛིན་གྱིས་ནི་ཆར་ཆུ་རབ་ཏུ་གཏོར་བ་དང་། ཁྱིམ་ན་བདག་ཏུ་བཟུང་བའི་གཙུག་ཕུད་ལྡན་པའི་ཚོགས་གར་བྱེད་པ་དང་། གློག་གི་ཐག་པ་ཁྱུག་ཁྱུག་ཏུ་གཡོ་བ་གསུམ་གྱིས་ཀྱང་ཡིད་ཕྲོགས་ཏེ་འདོད་པ་གཡོ་བར་བྱེད་པས་སོ། །དཔེར་ན། གནག་སྣུམ་ཟུར་ཕུད་ལྔ་གཡོ་ཞིང་། །ཨུཏྤལ་རལ་གྲིས་དཔུང་པ་མཛེས། །མཚམས་སྤྲིན་མདངས་འཛིན་ན་ཚོད་གནས། །ངག་གི་མཆོག་སྟེར་འཇམ་དཔལ་དབྱངས། །ཞེས་པ་ལྟ་བུ། བརྒྱད་པ་བྱ་བ་བརྗོད་པ་ཐ་མའི་གསལ་བྱེད་ནི། བྱས་ཞེས་པ་གསལ་བྱེད་དུ་བཀོད་ནས། མཛེས་མ་ཁྱོད་ཀྱི་རྣ་བ་ལ་ཨུཏྤལ་སྤུད་པ་དང་། འདོད་པའི་ལྷའི་མངལ་ནི་མེ་ཏོག་གི་ཚལ་ན་རྒྱུས་པའི་མདའ་བསྟན་པ་དང་། རྒྱུ་དེ་གཉིས་ཀྱིས་ང་ཡང་ཆགས་སེམས་ཀྱིས་འཆི་བ་ལ་ཐུག་པ་གསུམ་པོ་འདི་ནི་མཉམ་དུ་བྱས་སོ། །དཔེར་ན། མཛེས་མའི་འགྲམ་པའི་ཆང་གིས་བ་ཀུ་ལ། །རྟ་ལྗང་འོད་ཀྱིས་སྦྲང་རྩིའི་རྒྱལ་མཚན་འཚལ། །ཆོས་སྐྱོང་བཟང་པོས་གནས་ལྔ་རིག་པའི་ཁ། །བློ་བཟང་གྲགས་པས་ཐུབ་བསྟན་སྒོ་འཕར་འབྱེད། །ཅེས་པ་ལྟ་བུ། གཉིས་པ་ཕྲེང་བའི་གསལ་བྱེད་ལ་དཔེ་དོན་གཉིས། དང་པོ་ནི། འཕེལ་བྱེད་ཅེས་པ་གསལ་བྱེད་ཡིན་ལ། དཀར་(༥༨བ)


GLG020_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱིས་ནི་འོད་དཀར་ཅན། འོད་དཀར་ཅན་དེ་ཡིས་མདའ་ལྔ་པ། མདའ་ལྔ་པ་དེས་ཀྱང་ཆགས་པ། ཆགས་པས་ཀྱང་ན་ཆུང་དགའ་བའི་དགའ་སྟོན་གྱི་དཔལ་ལོ། །གསལ་བྱེད་ཐོག་མཐའ་བར་གསུམ་ལ་མ་ངེས་ཤིང་། །དཔེར་ན། ལེགས་ལྡན་དཔྱིད་ཀྱིས་ཆར་དུས་ལང་ཚོའི་དཔལ། །དབྱར་གྱིས་རྐང་འཐུང་འདབ་འབྲས་ལྗང་ཤོན་སྤེལ། །དེས་ཀྱང་སྟོན་གྱི་དུས་བསྐྱེད་འབྲས་ལྡན་མས། །གསར་ཚེས་གནམ་ལོའི་དགའ་སྟོན་འགུགས་པར་བྱེད། །ཅེས་པ་ལྟ་བུ། གཉིས་པ་ནི། ཞེས་སོགས་རྐང་པ་སྔ་ཕྱི་གང་ལ་ཡོད་ཀྱང་དེ་ཁའི་གསལ་བྱེད་ཡིན་མོད། འོན་ཀྱང་སྔ་མ་སྔ་མ་ལ་ཕྱི་མ་ཕྱི་མ་ལྟོས་པའི་ངག་གི་ཕྲེང་བ་རབ་ཏུ་ལྡན་པའི་ཕྱིར། དེ་ནི་ཕྲེང་བའི་གསལ་བྱེད་དུ་འདོད་དོ། །བཅུ་པ་འགལ་བའི་གསལ་བྱེད་ལ། དཔེ་དོན་གཉིས། དང་པོ་ནི། སྤྲིན་གྱིས་ཞེས་པ་གསལ་བྱེད་ཡིན་ལ། རླུང་གིས་གཙུབས་ཤིང་བསྐྱོད་པའི་ཆར་གྱི་ཆུའི་ཐིགས་པ་ཅན་འདོད་ལྷ་ལུས་མེད་དག་གིས་ནི་འདོད་ཆགས་ཀྱི་ཨ་པ་ལེ་བ་འཕེལ་བར་བྱེད་ཅིང་། ལུས་ཚ་བས་གདུངས་པའི་རྔུལ་གྱི་ཨ་བ་ལེ་བ་དག་ནི་སེལ་བར་བྱེད་དོ། །ཞེས་བྱེད་པོ་གཅིག་གིས་འཕེལ་སེལ་གྱི་བྱ་བ་གཅིག་ཅར་དུ་བསྟན་པས་འགལ་བའོ། །དཔེར་ན། སྨིན་ལེགས་མ་དེས་ཆགས་པ་ཡིས། །གཟིར་བའི་སྡུག་བསྔལ་བསྐྱེད་པ་དང་། །འཁྲིག་པའི་བདེ་བ་བརྟེན་པ་ཡིས། །འདོད་པར་དགའ་བ་རྒྱས་པར་བྱེད། །ཅེས་པ་ལྟ་བུ། གཉིས་པ་ནི། འདིར་ནི་གསལ་བྱེད་སྤྲིན་གྱི་ཚིག་དག་དང་(༥༨བ)


GLG020_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བྱ་ཨ་ལ་བའི་ཚིག་དག་གིས་སྔར་བཤད་མ་ཐག་པ་ལྟར་བྱ་བ་འགལ་བ་དང་ལྡན་པ་སྟེ། རྒྱུ་མཚན་དེས་ན་འགལ་བའི་དོན་གྱི་གསལ་བྱེད་དོ། བཅུ་གཅིག་འདོན་གཅིག་གིི་གསལ་བྱེད་ལ་དཔེ་དོན་གཉིས། དང་པོ་ནི། ཆུ་འཛིན་དག་གི་ཕྲེང་བ་འདིས།ཞེས་པ་ནི་གསལ་བྱེད་ཡིན་ལ། ནམ་མཁའི་ཕྱོགས་རྣམས་ཀྱི་ནི་གོ་སྐབས་མེད་པར་ཕྲོགས་པ་སྟེ་བསྒྲིགས་སོ། །སྐར་མའི་ཚོགས་རྣམས་ནི་བཟུང་བ་སྟེ་མ་གསལ་བར་བྱས་སོ། །དེང་སང་ཡང་སྲེད་ལྡན་དག་གི་སྲོག་རྣམས་ལན་པ་སྟེ་འཆི་བ་ལ་ཐུག་པས་གདུངས་སོ་ཞེས་པ་རྣམ་གྲངས་གསུམ་བཀོད་ཀྱང་། དོན་ཆགས་པ་འཕེལ་བ་གཅིག་པུ་གསལ་བར་བསྟན་པའོ། །དཔེར་ན། མཚར་སྡུག་ལང་ཚོ་དར་བབ་སྐེད་མེད་མས། །བཞིན་གྱི་སྨིན་མ་རབ་གཡོ་འདྲེན་བྱེད་ཕྱོགས། །དམར་བའི་མཆུ་སྒྲོས་གཡོ་ཞིང་སོ་ཕྲེང་ངོམ། །གཞོན་ནུའི་སྙིང་ལ་འདོད་པའི་གདུང་བ་བསྐྱེད། །ཅེས་པ་ལྟ་བུ། གཉིས་པ་ནི། གང་གི་ཕྱིར་ཆུ་འཛིན་གྱི་ཕྲེང་བ་ཡིས། འདོད་པའི་བྱ་བ་གཅིག་ཉིད་གསལ་བར་བྱེད་པ་འདིར་རྣམ་གྲངས་དུ་མ་བཀོད་པའི་སྒྲ་ཡིས་ཉེ་བར་བླངས་པ་ཡིས། དེའི་ཕྱིར་དོན་འདོད་པ་གཅིག་གསལ་བར་བྱེད་དོ། །བཅུ་གཉིས་པ་སྦྱར་བའི་གསལ་བྱེད་ལ་དཔེ་དོན་གཉིས། དང་པོ་ནི། རྒྱུ་ཞེས་པ་གསལ་བྱེད་ཡིན་ལ། སྤྲིན་ནི་ནམ་མཁའ་དང་། གླང་པོ་ཆེ་འདི་དག་ས་ལ་རྒྱུ་བར་བྱེད་པའོ། །དེ་ཡང་སྦྱར་ལུགས་ནི། སྤྲིན་ནི་དྲིའི་གཞོན་པ་རླུང་དང་ལྡན་པ་ཡིན་ལ། གླང་པོ་ནི་གར་ཆང་གི་དྲིའི་གཞོན་པ་ཡིན་ལ། དེ་གཉིས་ཀ་མཐོང་ན་ཡིད་དུ་འོང་བ་དང་། དཔངས་མཐོ་བ་དང་། ཁ་དོག་སྔོ་བསངས་ཏ་མ་ལའི་འོད་(༥༩ན)
དང་ལྡན་པ་རྣམས་དེ་གཉིས་ཀ་ལ་ཐུན་མོང་དུ་ཡོད་པས་སྦྱར་བའོ། །དཔེར་ན། ལེགས་བཤད་སྨྲ་བའི་མགྲིན་པ་གཟེངས་མཐོ་ཞིང་། །རིག་བྱེད་གཞུང་བརྒྱ་འཆད་པའི་སྟོན་པ་ཆེ། །ལྷ་ཡི་བླ་མ་འཆི་མེད་མདུན་ས་དང་། །ཆོས་སྐྱོང་བཟང་པོ་ཁ་བའི་ལྗོངས་ཀྱི་རྒྱན། །ཞེས་པ་ལྟ་བུ། གཉིས་པ་ནི། བཤད་མ་ཐག་པ་འདི་ནི་ཆོས་དེ་རྣམས་ཐ་དད་མ་ཡིན་པར་སྤྲིན་དང་གླང་པོ་རྣམས་དག་ལ་སྦྱར་བས། རྒྱུ་ཞེས་པའི་གསལ་བྱེད་ཉིད་ཀྱི་ཚིག་ཉིད་ཀྱིས་འབྲེལ་བའི་ཕྱིར། སྦྱར་བའི་དོན་གྱི་གསལ་བྱེད་དོ། །ལྔ་པ་མ་བཤད་པ་བསླབ་ཚུལ་ནི། རྣམ་པ་འདི་དག་ཉིད་ཁོ་ན་ཡིས་གསལ་བྱེད་ཀྱི་རྒྱན་ལ་ནི་རྣམ་པར་རྟོག་པའི་སྤྲོས་པ་འདིར་མ་བཤད་པའི་ལྷག་མ་རྣམས་ཀྱང་སྔ་མ་དང་རྗེས་སུ་མཐུན་པར་མཁས་པ་རྣམས་ཀྱིས་རིགས་པས་དཔག་པ་སྟེ་རྟོགས་པར་བྱའོ། །

བསྐོར་བའི་རྒྱན་བཤད་པ།


GLG020_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བའི་རྒྱན་བཤད་པ།ལྔ་པ་བསྐོར་བའི་རྒྱན་ལ། མཚན་ཉིད་ཀྱི་སྒོ་ནས་དབྱེ་བ་དང་། སོ་སོའི་དཔེར་བརྗོད་གཉིས། དང་པོ་ནི། གསལ་བྱེད་དུ་བཤད་པའི་ཐོག་མཐའ་བར་གསུམ་གྱི་གནས་གང་རུང་ཉིད་དུ་དོན་གཅིག་ཚིག་མི་འདྲ་བ་ལ་བསྐོར་བ་དང་ནི། དོན་མི་གཅིག་ལ་ཚིག་འདྲ་བར་བསྐོར་བ་དང་། ཚིག་དོན་གཉིས་ཀ་བསྐོར་བ་ཞེས་བྱ་བ་སྟེ་རྒྱན་གསུམ་ཡོད་པ་དག་འདོད་དེ་དཔེར་ན། གཉིས་པ་སོ་སོའི་དཔེར་བརྗོད་ལ། དང་པོ་དོན་བསྐོར་བ་ནི་ཀ་དམྤ། ཀུ་ཊ་ཛོངྒ་དུ་མཿཀནྡ་ལྱ་ཀ་ཀུ་བྷ། བཞི་པོ་ཚིག་མི་གཅིག་ཀྱང་དོན་དུ་མོ་ཉུང་གི་ཤིང་ཡིན་པས། ཤིང་གཅིག་པུ་དེ་བསྐོར་བ་སྟེ། ཤིང་དེ་རྣམ་པར་རྒྱས། རབ་ཏུ་གསལ། རབ་ཏུ་བྱེད། གྱེས་པར་གྱུར། ཞེས་པ་སྟེ། (༥༩བ)
དཔེར་ན། སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་པའི་ཆེད། །ལུས་མེད་ཐུལ་གྱི་བསྟན་ལ་རབ་ཞུགས་ཏེ། །མི་འཇིགས་བཞི་ལྡན་གསུང་རབ་ལ་སྦྱངས་ནས། །རྒྱལ་བས་གྲངས་མེད་ཚོགས་བསགས་རྗེས་སུ་བསླབས། །ཞེས་པ་ལྟ་བུ། གཉིས་པ། ཚིག་བསྐོར་བ་ནི། བྱེད་ཅེས་པ་ཚིག་བསྐོར་བ་ཡིན་ལ། སྤྲིན་གྱི་ཕྲེང་བ་དག་གིས་རྨ་བྱའི་ཚོགས་རྣམས་དང་། ཆུ་སྲིན་རྒྱལ་མཚན་ཅན་གྱིས་ནི་དེང་དུས་ན་ཆུང་རྣམས་ཀྱི་ཡིད་འདོད་པ་དང་ལྡན་པར་བྱེད་དོ། །དཔེར་ན། འོད་དཀར་ཅན་གྱི་ས་སྨོས་འདབ་མ་རྒྱས། །རྒྱལ་བའི་ཐུགས་རྗེས་འགྲོ་བའི་ཕན་བདེ་རྒྱས། །དབྱངས་ཅན་ལྷ་མོས་བདག་བློའི་ཤེས་རབ་རྒྱས། །ལེགས་བཤད་གཏམ་གྱིས་བློ་གསལ་དགའ་བ་རྒྱས། །ཞེས་པ་ལྟ་བུ། གསུམ་པ་གཉིས་ཀ་བསྐོར་བ་ནི། རྩེ་བར་བྱེད་ཅེས་པ་ནི་ཚིག་བསྐོར་བ་ཡིན་ལ། རྒྱལ་པོ་གསལ་རྒྱལ་ནས་དགའ་བ་དང་། དགྲ་རྣམས་ལྷར་སྐྱེས་པས་དགའ་བ་ཡང་རྒྱལ་པོས་དེ་རྣམས་བསད་པ་ལ་བརྟེན་ནས་བྱུང་བས་དོན་རྒྱལ་པོ་གཡུལ་ལས་རྒྱལ་བ་གཅིག་པུ་ལ་བསྐོར་བ་སྟེ། དགྲ་ཀུན་ལས་རྒྱལ་ནས་དེ་རིང་རྒྱལ་པོ་ཁྱོད་བཙུན་མོ་རྣམས་དང་། ཁྱོད་ཀྱི་བསད་པའི་དགྲ་སྡེ་རྣམས་གཡུལ་ངོར་ཤི་བའི་དབང་གིས་མཐོ་རིས་སུ་སོང་བ་སྟེ་སྐྱེས་ནས་ལྷ་མོ་རྣམས་དང་རྩེ་བར་བྱེད་དོ། དཔེར་ན། ཉིན་མོར་བྱེད་པའི་དཀྱིལ་འཁོར་གསལ། །གཟུགས་སྣང་བཀོད་པ་སྣ་ཚོགས་གསལ། །དབྱར་རྔ་སྐད་གསང་སྒྲོག་པས་བྲེལ། །རྨ་བྱ་དགའ་བའི་གར་གྱིས་བྲེལ། །ཞེས་པ་ལྟ་བུ།

འགོག་པའི་རྒྱན་གྱི་སྐོར་བཤད་པ།


GLG020_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

འགོག་པའི་རྒྱན་གྱི་སྐོར་བཤད་པ།དྲུག་པ་འགོག་པའི་རྒྱན་ལ། མཚན་ཉིད་དབྱེ་བ་དང་།(༦༠ན)


GLG020_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཏེ་མདོར་བསྟན་པ། ཕྱེ་བ་སོ་སོའི་དཔེར་བརྗོད་རྒྱས་པར་བཤད་པ། མ་བཤད་པ་ཁ་འཕངས་སུ་བསྟན་ཏེ་མཇུག་བསྡུ་བ་དང་གསུམ། དང་པོ་ནི། དོན་འགའ་ཞིག་བསྒྲུབ་པ་སོགས་དགག་བྱར་བྱས་ནས། དེ་བསྒྲུབ་ཏུ་མི་སྟེར་བར་ཐབས་བརྗོད་པ་ནི་འགོག་བྱེད་དོ། །དེ་ལ་ཡང་འདས་མ་འོངས་ད་ལྟ་དུས་གསུམ་ལ་ལྟོས་ནས་རྣམ་པ་གསུམ་དང་། དེ་ནས་དེ་ཡང་བྱེ་བྲག་རྒྱས་པར་ཕྱེ་ན་དགག་བྱའི་དབྱེ་བ་མཐའ་ཡས་པའི་ཕྱིར། འགོག་བྱེད་ཀྱང་མཐའ་ཡས་སོ། །གཉིས་པ་ལ་ཉི་ཤུ་རྩ་གསུམ་ལས། དང་པོ་འདས་པ་འགོག་པ་ལ་དཔེ་དོན་གཉིས། དང་པོ་ནི། ལུས་མེད་ཀྱི་ནི་མེ་ཏོག་གི་མདའ་ལྔ་འཇམ་ཞིང་ཉུང་བ་དེས་འགྲོ་བ་ཀུན་ལས་རྒྱལ་བར་གྱུར། ཞེས་པ་མི་སྲིད་ཏེ་མི་བདེན་ནོ་སྙམ་པའི་བློ་སྔར་བྱུང་ཟིན་པ་ནི་དགག་བྱ་དང་། ཡང་ན་ནི། འགོག་བྱེད་དངོས་པོ་འདོད་པའི་ནུས་པ་རྣམ་པར་བཀྲ་བ་སྟེ་བསམ་གྱིས་མི་ཁྱབ་བོ། །དཔེར་ན། ཉི་མའི་གཉེན་གྱིས་ལྔ་སྡེར་བདེན་བཞིའི་ཆོས། །གསུངས་པ་ཙམ་གྱིས་གྲོལ་བ་ཡ་མ་རླ། །འོན་ཏང་སྲིད་པ་ཐ་མའི་གང་ཟག་གི །རང་བཞིན་ཚུར་མཐོང་སྐྱེ་བོའི་ཡུལ་ལས་འགོང་། །ཞེས་པ་ལྟ་བུ། གཉིས་པ་ནི། ཞེས་པ་འདི་ནི་འདོད་ལྷའི་ནུས་པའི་རྒྱུའི་སྟོབས་ཀྱིས་ལུས་མེད་རྒྱལ་བར་མི་རིགས་པའི་བློ་དེ་ལྟར་གྱུར་ཟིན་བཀག་པ་དེའི་ཕྱིར། འདི་འདྲ་དེ་ནི་བྱུང་བ་འགོག་པའོ། །གཉིས་པ་ད་ལྟར་བ་འགོག་པ་ལ། དཔེ་དོན་གཉིས། དང་པོ་ནི། སྙན་པར་སྒྲོག་མ་དག་ཅིའི་ཕྱིར་རྣ་བ་ལ་ནི་ཨུཏྤལ་འཛུག་པར་བྱེད་ཅེས། ཨུཏྤལ་(༦༠བ)


GLG020_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

འཛུགས་བཞིན་པ་ནི་དགག་བྱ་དང་། འགོག་བྱེད་དེ་ལྟ་བུ་ལས་འདི་ལ་ནི་ཁྱོད་རང་གི་མིག་ཟུར་དག་ཡོངས་རྫོགས་མིན་པར་སེམས་བསམ་ཅི་སྟེ། མིག་ཟུར་རིང་པོར་སྤྲོས་ན་དེ་ལས་མཛེས་པ་མེད་དོ། །དཔེར་ན། འཇམས་མགོན་ཁྱོད་ཀྱི་ཕྱག་གཡས་ན། །རལ་གྲི་བཟུང་དེས་དགོས་པ་ཅི། །ཤིན་ཏུ་རྣོ་ཞིང་ངར་བ་ཡི། །མཁྱེན་མཆོག་འདི་ལས་ལྷག་པ་གང་། །ཞེས་པ་ལྟ་བུ། གཉིས་པ་ནི། མཛེས་མ་འགའ་ཞིག་དཀར་བ་མ་ཡིན་པའི་ཨུཏྤལ་རྣ་བའི་རྒྱན་དུ་བྱེད་པ་ལ། དེ་འགོག་པའི་ཆེད་དུ་མཛའ་བོ་ཡིས། དེ་ལྟར་མིག་ལ་བསྟོད་ནས་འགོག་པར་བྱེད་པ་འདི་ནི་མངོན་གྱུར་འགོག་པའོ། །གསུམ་པ་མ་འོངས་པ་འགོག་པ་ལ། དཔེ་དོན་གཉིས། དང་པོ་ནི། མཛའ་མོས་བདེན་པར་སྨྲའོ། །གང་སྨྲ་ན། ཇོ་བོ་སྟེ་བདག་པོ་ཁྱོད་ཀྱིས་བུད་མེད་གཞན་དང་ཙུམྦན་སྟེ་འོ་བྱས་པ་ལས། མཆུ་སྒྲོས་ཀྱི་རང་མདངས་འཕོས་པ་ལྟ་བུ་རྒྱ་སྐྱེགས་ཀྱི་མདོག་ལྟར་དམར་བ་དགག་བྱ་དང་འགོག་བྱེད་ཁྱོད་ཀྱིས་ཆགས་པའི་མིག་གིས་བལྟས་ཀྱང་། བདག་སྡུག་བསྔལ་དེས་འཆི་བས་ནམ་ཡང་མཐོང་བར་གྱུར་པ་མ་ལགས་སོ། །དཔེར་ན། ཚུལ་འཆོས་སྒོམ་ཆེན་རྒན་པོའི་རྫུ་བག་གིས། །ཐ་སྙད་གཙུག་ལག་སྐྱོང་བར་མི་བྱེད་པས། །མི་ཤེས་བླུན་པོ་ཚོགས་པའི་གྲལ་ཁྲོད་དུ། །མགོ་སྐྱེས་དཀར་པོའི་ཐོར་ཅོག་འཆིང་བར་ངེས། །ཞེས་པ་ལྟ་བུ། གཉིས་པ་ནི། སྔར་བུད་མེད་རང་ཉིད་ཤིན་ཏུ་ཁེངས་པ་དང་ལྡན་མས་མཛའ་བོ་ལ་མ་འདུད་པའི་དབང་གིས། ནམ་ཞིག་བདག་པོ་འདི་ཡིས་བུད་མེད་གཞན་དང་འགྲོགས་ན་རང་ལ་(༦༡ན)


GLG020_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་དག་བྱུང་དོགས་པ་མ་འོངས་པ་དེ་དགག་བྱ་དང་། དེ་ལྟར་འགོག་བྱེད་འཆི་བར་སྨྲ་བ་འདི་ནི་འབྱུང་འགྱུར་འགོག་པའོ། །བཞི་པ་ཆོས་འགོག་པ་ལ་དཔེ་དོན་གཉིས། དང་པོ་ནི། ཚོགས་ནི་འཇམ་པ་ཡིན་པས་ལུས་ཕྲ་ཁྱོད་ཀྱི་ཡན་ལག་རྣམས་འཇམ་པ་ཉིད་དུ་གནས་པ་རྫུན་པ་སྟེ། དགག་བྱ་ཡིན་ལ། འགོག་བྱེད་གལ་ཏེ་བདེན་པར་འཇམ་པ་ཡིན་ན། གློ་བུར་དུ་བདག་ལ་གདུང་བ་དྲག་པོ་སྐྱེད་དོ། །དཔེར་ན། སྐབས་གསུམ་པ་རྣམས་དགེ་བ་བཅུར་སྤྱོད་པའི། །སྔོན་བྱུང་གཏམ་རྫུན་བདེན་ན་ལྷ་དབང་གིས། །དྲང་སྲོང་གཽ་ཏ་མ་ཡི་མཆིས་འབྲང་ལ། །སྤྱད་པས་མིག་སྟོང་བྱུང་དེ་ཅི་ཞིག་ཡིན། །ཞེས་པ་ལྟ་བུ། གཉིས་པ་ནི། གང་གི་ཕྱིར་དེ་ལྟར་འདོད་ལྡན་གྱི་སྐྱེ་བོ་འགའ་ཞིག་རེག་བྱ་འཇམ་པའི་ཆོས་དེ་དང་འགལ་བའི་ཆོས་རྩུབ་པོར་སྒྲུབ་པ་འདིར། བུད་མེད་ཀྱི་ལུས་ནི་འཇམ་པ་དག་འགོག་པ་དེ་ནི་ཆོས་འགོག་པའོ། །ལྔ་པ་ཆོས་ཅན་འགོག་པ་ལ། དཔེ་དོན་གཉིས། དང་པོ་ནི། ཆོས་ཅན་བུད་མེད་ཀྱི་རྟེན་མཐོང་བ་མ་ཡིན་པས་ལུས་མཐོང་བ་དགག་བྱ། ལུས་དེར་ནི་བལྟས་པ་ན་འོད་ཙམ་གཡོ་བ་ཉིད་མཐོང་བར་གྱུར་གྱི་ཞེས་པ་འགོག་བྱེད། རྒྱུ་མཚན་དེས་ན་བུ་མོའི་ལུས་དེ་མཛེས་སམ་མི་མཛེས་པ་ཡིན་ཞེས་རྣམ་དབྱེ་བྱེད་པའི་རྣམ་པར་རིག་བྱེད་འདི་ནི་རྒྱུ་ཅི་ལས་སྐྱེས་ཏེ་ཁྱད་གཞི་མེད་པའི་ཁྱད་ཆོས་སོ། །དཔེར་ན། འཇུག་པ་བཅུ་པས་ལྷ་མིན་སྟོབས་ལྡན་དག །ས་འོག་བཅིངས་པའི་རྣམ་འགྱུར་བརྗོད་མི་ནུས། །རིག་བྱེད་(༦༡བ)


GLG020_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་དུ་བསྟན་པའི་ངོ་མཚར་གཏམ། །ཅུང་ཟད་ཐོས་ལས་ཞིབ་ཏུ་མཐོང་བ་མིན། །ཞེས་པ་ལྟ་བུ། གཉིས་པ་ནི། གང་གི་ཕྱིར་གཟུགས་ཅན་མཛེས་མ་འདི་ཉིད་ངོ་མཚར་བར་བརྗོད་པར་འདོད་པས། འོད་ཙམ་མཐོང་ཞེས་པའི་ཆོས་འདི་ཁས་བླངས་པས། ཆོས་ཅན་མཛེས་མའི་ལུས་མཐོང་བ་འགོག་པ་འདི་ནི་ཆོས་ཅན་འགོག་པའོ། །དྲུག་པ་རྒྱུ་འགོག་པ་ལ་དཔེ་དོན་གཉིས། དང་པོ་ནི། འཇིགས་པའི་རྒྱུ། རང་གིས་སྐྱེས་པ་གཞན་དང་མཐུན་པའི་མནོང་འགྱོད་དམ་ཉེས་པ་ནི་ཤུགས་བསྟན་གྱི་དགག་བྱ་འགོག་བྱེད་བདག་པོ་ཁྱོད་ཀྱི་མིག་དག་དམར་པོར་གྱུར་ཅིང་། །མཆུ་ཡི་ཡལ་འདབ་གཡོ་བ་དང་། སྨིན་མ་འཁྱོག་པོ་སྟེ་ཁྲོ་བར་བྱེད་པ་དེ་ལྟ་ནའང་། ཁྲོ་བའི་རྒྱུ་གཞན་དང་འཚམ་པའི་ཉེས་པ་བདག་ལ་མེད་པས་མི་འཇིགས་སོ། །དཔེར་ན། གཟུ་མོར་མི་གནས་ཕྱོགས་ལྷུང་གིས། །འཕྱ་སྨོད་གཏམ་གྱི་སྒྲ་སྒྲགས་ཀྱང་། །ཚེ་སྔོན་བཟོད་པ་མ་བསྒོམས་པའི། །མནོང་འགྱོད་ལུས་ཕྲ་བདག་ལ་མེད། །ཅེས་པ་ལྟ་བུ། གཉིས་པ་ནི། གང་ཕྱིར་མཛའ་མོ་མཁས་པ་ཡི། འཇིགས་པ་ཡི་ནི་རྒྱུའི་གཙོ་བོ། རང་གིས་སྨད་འཚོང་བྱས་པའི་ཉེས་པ་འགོག་པར་བྱེད་པ་དེ་དག་འདིར་ནི་རྒྱུ་འགོག་པའོ། །བདུན་པ་འབྲས་བུ་འགོག་པ་ལ་དཔེ་དོན་གཉིས། དང་པོ་ནི། འབྲས་བུ་ཤི་བ། དགག་བྱ་འགོག་བྱེད་རང་གི་མཛའ་བོ་དག་ནི་ཐག་རིང་པོ་ན་གནས་པ་དང་། ཆུ་འཛིན་གཡོ་ཞིང་བགྲོད་པ་དང་ལྡན་པ་འདི་ནི་འགྲོ་འོང་བྱེད་པ་དང་། ཤིང་ནི་ཙུ་ལ་ཡང་རྒྱས་པ་མཐོང་བ་གསུམ་པོ་འདི་ཆགས་པ་རྒྱས་ཏེ་འཆི་བའི་རྒྱུ་ཚོགས་ཀྱང་། བདག་(༦༢ན)


GLG020_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་བ་མིན་པ་འདི་ཅིག དཔེར་ན། ཡིད་སྲུབས་བདག་པོའི་ལུས་ཕྲའི་བཞིན་ངོམ་ཞིང་། །དཀྱུས་རིང་རྣམ་བཀྲ་མིག་ཟུར་གཡོན་དུ་འཁྱོག །མཆུ་སྒྲོས་འཛུམ་ལས་སོ་འཕྲེང་སྟོན་པ་ཡིས། །རྒྱལ་བའི་ཐུགས་ལ་ཉོན་མོངས་མེད་འདི་མཚར། །ཞེས་པ་ལྟ་བུ། གཉིས་པ་ནི། འཆི་བ་དེའི་རྒྱུ་ཆུ་འཛིན་བགྲོད་པ་སོགས་མི་ཟད་པ་དག་ཉེ་བར་བཀོད་ནས་མ་ཤི་བ་བདག །འབྲས་བུ་འཆི་བ་བཟློག་པའི་ཕྱིར། དེ་ནི་འབྲས་བུ་འགོག་པའོ། །བརྒྱད་པ་རྗེས་གནང་གིས་འགོག་པ་ལ་དཔེ་དོན་གཉིས། དང་པོ་ནི། འགྲོ་བ་ཤུགས་བསྟན་གྱི་དགག་བྱ་འགོག་བྱེད་གལ་ཏེ་གཤེགས་པར་འདོད་ན་ཕྱོགས་གང་ཡིན་པ་དེར་གཤེགས་པར་མཛོད་ཅིག་དང་ཁྱོད་ཀྱིས་ཐག་རིང་དུ་བགྲོད་པས། མཛའ་མོ་བདག་ལ་ནི་མྱུར་དུ་འཆི་བ་འབྱུང་བས། གདུང་བ་སྟེ་སྡུག་བསྔལ་ཡུན་རིང་དུ་འབྱུང་བར་མི་འགྱུར་བས། ཚུལ་འདི་ལ་ཁྱོད་ནི་དོགས་པ་མི་འཚལ་ལོ། །དཔེར་ན། རྟ་ལྗང་ཆུ་ལྷའི་ས་འཛིན་ལ། །བརྒལ་བར་འདོད་ན་ཅི་བདེར་འཚལ། །སྐྱེད་ཚལ་མཛེས་པའི་འདམ་སྐྱེས་རྣམས། །འདབ་མའི་ཚོགས་རྣམས་ཟུམ་པར་བྱེད། །ཅེས་པ་ལྟ་བུ། གཉིས་པ་ནི། ཞེས་པ་འཆི་བ་གསལ་བར་བྱེད་པའི་རྗེས་གནང་ཉིད་ཀྱི་སྒོ་ནས་ནི་མཛའ་བོའི་བགྲོད་པ་འགོག་པར་བྱེད་པ་དེ་ནི་རྗེས་གནང་གིས་འགོག་པའོ། །དགུ་པ་དབང་གིས་འགོག་པ་ལ། དཔེ་དོན་གཉིས། དང་པོ་ནི། ཡུལ་གཞན་དུ་འགྲོ་བ་ཤུགས་བསྟན་གྱི་དགག་བྱ། འགོག་བྱེད་དེར་ཕྱིན་ན་ནོར་ནི་མང་པོ་རྙེད་པར་འགྱུར་ཞིང་། ལམ་དུ་ཡང་ནི་བདེ་ཞིང་དགེ་ལ། གཞིས་སུ་(༦༢བ)


GLG020_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་མོ་བདག་ཀྱང་སྲོག་ལ་བར་ཆད་མི་འབྱུང་བར་ཐེ་ཚོམ་མེད་མོད། འོན་ཀྱང་མཛའ་བོ་ཁྱོད་འགྲོ་བར་མི་བྱའོ། །ཞེས་འཇིག་རྟེན་ན་དབང་ཆེ་བྱེད་པ་ལྟ་བུའོ། །དཔེར་ན། འོད་དཀར་ཅན་ཁྱོད་གླིང་གཞན་མཁར་གཤེགས་ན། །ཕྱོགས་དེའི་མུན་ཚོགས་འཇོམས་ཤིང་ས་སྨོས་རྣམས། །རྒྱས་ཤིང་ན་ཀྲའི་གྲོང་ཁྱེར་འཕེལ་བྱེད་ཀྱང་། །དབུས་འགྱུར་བྲམ་ཟེ་དགའ་བའི་དཔལ་དུ་བཞུགས། །ཞེས་པ་ལྟ་བུ། གཉིས་པ་ནི། ནོར་རྙེད་པ་སོགས་མཛའ་བོ་འགྲོ་བའི་མཐུན་པའི་སྦྱོར་བའི་རྒྱུ་རྣམས་དག་ནི་རབ་བཤད་ནས། མཛའ་མོ་ཁྱོད་ཀྱི་དབང་ཉིད་ཀྱི་སྒོ་ནས་ནི་འགྲོ་བ་དེ་འགོག་པ་འདི་འདྲ་བ་དབང་གིས་འགོག་པའོ། །བཅུ་པ་མ་གུས་པས་འགོག་པ་ལ་དཔེ་དོན་གཉིས། དང་པོ་ནི། མཛའ་བོ་ཕྱོགས་ལ་འགྲོ་བའི་དོན། ནོར་བསྒྲུབ་པའི་བསམ་པ་སྟོབས་དང་མི་ལྡན་པ་སྟེ། མི་འདོད་པས་ཕྱི་ཕྱིར་འགྲོ་བ་ནི་དགག་བྱ། འགོག་བྱེད་ཁོ་མོ་བདག་ནི་ངེད་རང་ཁྱོ་ཤུག་གསོན་རེ་བའི་བསམ་པ་སྟོབས་དང་ལྡན་པས་དྲང་པོར་རང་གི་གནས་སྐབས་སྨོས་པ་ལགས། གཤེགས་སམ་བཞུགས་པ་མཛའ་བོ་ཁྱོད་རང་གིས་ཤེས་ཞེས་མ་རངས་པའོ། །དཔེར་ན། ཁྱོད་ཉིད་ཤོང་དཔང་ལུགས་བཟང་རབ་བཟུང་ནས། །མཁས་མང་མཛེས་བྱེད་རྒྱན་གྱུར་རྨད་བྱུང་སྟེ། །འོན་ཀྱང་དྭགས་རྒྱུད་རྒན་པོའི་ངང་ཚུལ་དང་། །དཔྱོད་ལྡན་བློ་གསལ་རྣམ་ཐར་ཅི་བདེར་གཟུངས། །ཞེས་པ་ལྟ་བུ། གཉིས་པ་ནི། གང་གི་ཕྱིར་འདིར་ནི་ཆགས་ལྡན་མས་མ་གུས་བཞིན་དུ་གང་འདོད་དྲིས་ཞེས་ཚིག་སྦྱར་ནས་མཛའ་བོའི་བགྲོད་པ་འགོག་པར་བྱེད་པ་འདི་ནི་མ་གུས་པས་འགོག་(༦༣ན)


GLG020_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །བཅུ་གཅིག་པ་ཤིས་བརྗོད་ཀྱིས་འགོག་པ་ལ་དཔེ་དོན་གཉིས། དང་པོ་ནི། མཛའ་བོ་གལ་ཏེ་གཤེགས་ན་བཞུད་ཅེས། འགྲོ་བ་ཤུགས་བསྟན་གྱི་དགག་བྱ་དང་། འགོག་བྱེད་ཁྱོད་ཀྱི་ལམ་ནི་ཤེས་པར་གྱུར་ཅིག་ཅེས་སྨོན་པ་དང་། བདག་ཀྱང་ཁྱོད་སོང་བའི་རྐྱེན་དེས་འཆི་བས། གང་དུ་ཁྱོད་ནི་གཤེགས་པ་དེར་སྐྱེ་བ་ཉིད་དུ་གྱུར་ཅིག །དཔེར་ན། རྙེད་བཀུར་ཚེ་འདིའི་ཆེད་དུ་ཚུལ་ཆོས་རྫུར། །བརྟེན་པའི་འདོད་པ་ཇི་ལྟར་འགྲུབ་པར་ཤོག །ཕྱི་ནས་རྣམ་དཔྱོད་ལྡན་པའི་བློ་གསལ་དག །མང་པོར་ཚོགས་ཚེ་འགྱོད་པར་མ་བྱེད་ཅིག །ཅེས་པ་ལྟ་བུ། གཉིས་པ་ནི། དེ་ལྟར་ཤིས་བརྗོད་ཀྱི་ལམ་གང་གི་སྒོ་ནས་རང་འཆི་བའི་གནས་སྐབས་གསལ་བར་བྱེད་པས། མཛའ་བོའི་བགྲོད་པ་འགོག་པར་བྱེད་པ་འདི་ནི་ཤིས་བརྗོད་ཀྱིས་འགོག་པའོ། །བཅུ་གཉིས་པ་རྩུབ་མོས་འགོག་པ་ལ་དཔེ་དོན་གཉིས། དང་པོ་ནི། འགྲོ་བ་དགག་བྱ། འགོག་བྱེད་གལ་ཏེ་ཁྱོད་འགྲོ་བ་བདེན་པ་ཉིད་ན། ཁྱོད་ཀྱིས་བུད་མེད་གཞན་པ་འགའ་ཞིག་ཚོལ་ཅིག །དེའི་མཐུས་བདག་ནི་སྲོག་ལ་གླགས་འཚོལ་བ་སྟེ་ལྕེབས་ནས་དེ་རིང་ཉིད་དུ་འཆི་བ་ཡིན་ནོ། །ཞེས་པས་འགོག་པར་འགྱུར་རོ། །དཔེར་ན། ལྐོག་གྱུར་སེམས་ཉིད་རྗེན་འཆར་དུ། །རྟོགས་པའི་ཟོལ་གྱིས་ཚེ་འདི་ཡི། །འཕུལ་ཐབས་མཛོད་ཅིག་ཕྱི་མའི་དུས། །མནར་མེད་གནས་དེར་མི་དཔྱོད་འཚལ། །ཞེས་པ་ལྟ་བུ། གཉིས་པ་ནི། གང་གི་ཕྱིར་བདག་པོ་མཛའ་བོའི་དབང་དུ་གྱུར་པ་མས། ཚིག་རྩུབ་པའི་ཡི་གེ་སྔོན་དུ་འགྲོ་བ་ཅན་གྱིས་མཛའ་བོའི་བགྲོད་པ་འགོག་པར་བྱེད་པ་ནི་རྩུབ་མོས་འགོག་པའོ། །བཅུ་གསུམ་པ་(༦༣བ)


GLG020_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་ཀྱིས་འགོག་པ་ལ་དཔེ་དོན་གཉིས། དང་པོ་ནི། མཛའ་བོའི་འགྲོ་བ་ཤུགས་བསྟན་གྱི་དགག་བྱ། འགོག་བྱེད་གལ་ཏེ་གཤེགས་ན་མྱུར་དུ་བཞུད་ཅིང་། འགོར་ན་ཕྱི་ནས་ཆུང་མ་ཤི་བས། གཉེན་འདུན་རྣམས་སྡུག་བསྔལ་གྱིས་འཁྲུག་པའི་ཁ་ནས་བསྒྲག་པའི་ངུ་འབོད་ཀྱི་ཆོ་ངེས། འགྲོ་བའི་གེགས་སུ་གྱུར་པ་ཁྱོད་ཀྱི་རྣ་བར་འོང་ངོ་། །དཔེར་ན། མགྲིན་སྔོན་ཅན་ཁྱོད་གངས་རིའི་ཕག །དཀའ་ཐུབ་བསྒྲུབ་ན་མྱུར་དུ་མཛོད། །སླད་མར་ཁྱོད་ཀྱི་རྗེས་འཇུག་འགས། །གཞན་ཕན་བསྐུལ་བའི་ཉེས་པ་མཆི། །ཞེས་པ་ལྟ་བུ། གཉིས་པ་ནི། གང་གི་ཕྱིར་འདིར་ནི་མཐའ་གཅིག་ཏུ་ཆགས་ལྡན་མས་འགྲོ་བའི་གྲོགས་ཉིད་བྱེད་པ་ལྟར་གྱི་སྒོ་ནས་མཛའ་བོའི་བགྲོད་པ་འགོག་པར་བྱེད་པ་ནི་གྲོགས་ཉིད་ཀྱིས་ནི་འགོག་པའོ། །བཅུ་བཞི་པ་འབད་པས་འགོག་པ་ལ་དཔེ་དོན་གཉིས། དང་པོ་ནི། མཛའ་བོ་འགྲོ་བ་དགག་བྱ། འགོག་བྱེད་བཞུད་ཅེས་ཁྱོད་དགྱེས་པའི་ཚིག་བརྗོད་འདོད་ཀྱང་། ཁོ་མོ་བདག་ཉིད་དགའ་བར་བྱེད་པའི་ཚིག་མ་གཤེགས་ཞེས་པ་ཁ་ནས་ནི་དབང་མེད་དུ་བྱུང་བར་གྱུར་པ་ལ་བདག་ཅི་བྱེད་དེ་ཐབས་མེད་དོ། །དཔེར་ན། རབ་ལྗང་དབྱར་སྐྱེས་གཞོན་ནུས་ལེགས་བསྟར་པའི། །ཆར་དུས་དགའ་སྟོན་ཡུན་རིང་གནས་འབད་ཀྱང་། །ཆུ་ལྷའི་བུ་ཡི་དཀྱིལ་འཁོར་གྱིས་མཛེས་པའི། །འབྲས་ལྡན་དུས་ལ་རིང་པའི་ཚིག་འགའ་ཐལ། །ཞེས་པ་ལྟ་བུ། གཉིས་པ་ནི། མི་འདོད་པའི་དངོས་པོ་བཞུད་ཅེས་པ་ལ་འབད་པ་ལྟར་བྱས་པའི། འབྲས་བུ་ཕྱིན་ཅི་ལོག་མི་འགྲོ་བ་བསྐྱེད་པས། དོན་མེད་པ་ཉེ་བར་བསྟན་པའི་ཕྱིར། དེ་ནི་འབད་པས་འགོག་པའོ། །(༦༤ན)


GLG020_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བཅོ་ལྔ་པ་གཞན་དབང་གིས་འགོག་པ་ལ་དཔེ་དོན་གཉིས། དང་པོ་ནི། འགྲོ་བ་དེ་དགག་བྱ། འགོག་བྱེད་ཁོ་མོ་ལ་གྲོས་དྲིས་ནས་ཅི་བྱ། ཁྱོད་ལ་ལྟ་བའི་ཚེ་སྐད་ཅིག་ཙམ་གེགས་བྱེད་པའི་རྫི་མ་བསྐྱོད་པ་ལ་ཡང་ཁྲོ་བའི་ཤིན་ཏུ་སྙིང་ཉེ་བའི་མཛའ་བོ་ཞིག་འདུག་པ་དེ་ལ་ཁྱོད་རང་འགྲོ་བའི་གྲོས་སྨྲོས་དང་། བདག་ནི་དེ་ཡིས་འདོད་པ་ལྟར་འདོད་དོ། །དཔེར་ན། གཞན་འཚེའི་དབང་གིས་ལྕི་བའི་རྣམ་སྨིན་གྱིས། །མི་ཟད་ནག་པོར་གྲུབ་པའི་འབྲས་བུ་ལ། །གསེར་ཅན་གསོད་པའི་གྲོས་དྲིས་དེའི་སྨྲེང་དང་། །མཚུངས་པར་བདག་ཀྱང་བརྗོད་དོ་པད་དཀར་མིག །ཅེས་པ་ལྟ་བུ། གཉིས་པ་ནི། གང་གི་ཕྱིར་མཛའ་བའི་གཞན་དབང་དུ་གྱུར་པ་མས། མཛའ་བའི་དོན་འདི་ཉེ་བར་གསལ་བར་བྱས་ནས་མཛའ་བོའི་བགྲོད་པ་འགོག་པར་བྱེད་པ་འདི་ནི་གཞན་དབང་གིས་འགོག་པའོ། །བཅུ་དྲུག་པ་ཐབས་ཀྱིས་འགོག་པ་ལ་དཔེ་དོན་གཉིས། དང་པོ་ནི། འགྲོ་བ་དགག་བྱ་དང་། འགོག་བྱེད་མགོན་པོ་སྟེ་མཛའ་བོ་དང་བྲལ་བ་ཙམ་བཟོད་པར་བགྱི་མོད། །དེའི་རྗེས་སུ་བདག་ལ་འདོད་པའི་མདས་བསྣུན་མི་བཟོད་པས། གང་གིས་མིག་ལ་བསྒོས་ཤིང་བྱུགས་པ་ཙམ་ལ། འདོད་ལྷས་མི་མཐོང་བའི་མིག་སྨན་གྱི་དངོས་གྲུབ་མཐོང་མིན་ཏེ་མི་སྣང་བའི་རྫས་ཞིག་སྩོལ་ཅིག།དཔེར་ན། རི་ཀླུང་སྤངས་ལྗོངས་མེ་ཏོག་གིས། །རབ་བཀྲ་དབྱར་ཁྱོད་ཡོལ་རུང་གི །ཕྱོགས་ཀུན་ཆར་སྤྲིན་ལང་ལོང་དབུས། །འབྲུག་སྒྲ་སྒྲོག་པ་རྒྱུན་དུ་སྩོལ། །ཞེས་པ་ལྟ་བུ། གཉིས་པ་ནི། འཚོ་བའི་ཐབས་རྫས་ནི་དཀའ་བ་དག་ཉེ་བར་བཀོད་ནས་བདག་པོ་ནི་གཞན་དུ་འགྲོ །(༦༤བ)


GLG020_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བ་འགོག་པར་བྱེད་པའི་ཕྱིར་འདི་འདྲ་ཐབས་ཀྱིས་འགོག་པར་བརྗོད་དོ། །བཅུ་བདུན་པ་ཁྲོ་བས་འགོག་པ་ལ་དཔེ་དོན་གཉིས། དང་པོ་ནི། འགྲོ་བ་དགག་བྱ། འགོག་བྱེད་ཇོ་བོ་ཁྱོད་ཀྱི་ཞལ་ནས་མཛའ་བོ་ལ་བརྩེ་བ་མེད་པར་མི་འོས་པའི་ཚིག་དང་ཕྱོགས་གཞན་དུ་འགྲོ་ཞེས་པ་ངེས་པར་བྱུང་བས། གཉེན་ལ་གདུང་བ་མེད་པའི་མཛའ་བོ་དམན་པ་ཁྱོད་ཀྱི་ད་མ་ཕྱིན་ན་ཡང་བདག་ལ་ཅི་ཞིག་སྟེ་ཁྱད་པར་མེད་དོ། །དཔེར་ན། དར་བ་ལང་ཚོའི་དུས་སུ་རིག་པའི་གནས། །བསླབ་སྦྱང་དོར་ཏེ་སྒོམ་ཆེན་བྱེད་སེམས་ན། །སླད་ནས་ན་ཚོད་ཡོལ་ཚེ་ཐོས་པའི་གྲར། །ཞུགས་ཀྱང་མ་བསྡད་པ་དང་ཁྱད་པར་ཅི། །ཞེས་པ་ལྟ་བུ། གཉིས་པ་ནི། མཛའ་བའི་ཆགས་པ་རྒྱས་པས་དབང་པོ་མ་བསྡམས་པའི་བདག་ཉིད་མ་དེས་ཁོང་ཁྲོ་བས་ཚིག་གིས་མཛའ་བོའི་འགྲོ་བ་རྩོམ་པ་བཟློག་པ་གང་ཡིན་པ་དེ་ནི་ཁྲོ་བས་འགོག་པའོ། །བཅོ་བརྒྱད་པ་མྱ་ངན་གྱིས་འགོག་པ་ལ་དཔེ་དོན་གཉིས། །དང་པོ་ནི། ཨུཏྤལ་ཟེགས་པར་འོས་པའི་བྱ་བ་དྲི་བསྣམས་དགོས་པ་ལ་མ་བསྣོས་ཤིང་། བུ་མོའི་རྣ་བའི་རྒྱན་བྱེད་དགོས་པ་ལ་མ་བྱས་ལ། དྲི་བཟང་བའི་ཕྱིར་དུ་ཆང་ལ་འདེབས་དགོས་པ་ལ་མ་བཏབ་པས། འོས་པ་གསུམ་པོ་ནི་གང་རུང་གིས་སྙིགས་དགོས་པ་དགག་བྱ་དང་། འགོག་བྱེད་དེ་གསུམ་པོ་གང་ཡང་མ་བྱས་པར་ཁྱོད་ཀྱི་དགྲ་ཟླའི་རྫིང་ཉིད་དུ་ཨུཏྤལ་སྔོན་པོ་ཟགས་པར་གྱུར་ཏོ། །དཔེར་ན་འདོད་ཆུང་ཆེད་དུ་བསོད་སྙོམས་དག །སློང་མིན་གཞན་དོན་བསྒྲུབ་པའི་སླད། །གྲོང་ཡུལ་(༦༥ན)


GLG020_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཉུལ་སྒོམ་ཆེན་འགའ། །སྲང་མདོའི་ཁྱི་དང་ལྷན་ཅིག་གནས། །ཞེས་པ་ལྟ་བུ། གཉིས་པ་ནི། དགྲས་བཅོམ་ནས་ཨུཏྤལ་རྣམས་ཟེགས་སོ་ཞེས་སྙིང་རྗེ་རྗེ་ལྟར་མྱ་ངན་དང་བཅས་ཤིང་སྨྲས་པ་དེས་འོས་པའི་བྱ་བ་གསུམ་པོ་ལས་བཟློག་པར་བྱས་ནས་མྱ་ངན་འོས་པའི་སྐབས་སྟོན་པས་དེའི་ཕྱིར་འདི་ནི་མྱ་ངན་གྱིས་འགོག་པའོ། །བཅུ་དགུ་པ་འགྱོད་པས་འགོག་པ་ལ་དཔེ་དོན་གཉིས། དང་པོ་ནི། རང་གཞན་ཕན་པའི་དོན་འགའ་ཡང་ཚོགས་པར་མ་བྱས་ལ། སྒྲ་ཚད་སོགས་རིག་པའི་གནས་འགའ་ཡང་མ་བསྒྲུབས་ཤིང་། དཀའ་ཐུབ་བསམ་གཏན་འགའ་ཡང་མ་བསགས་པས། དོན་གསུམ་པོ་འདི་བྱས་པ་དགག་བྱ། འགོག་བྱེད་སྙོམས་ལས་ཀྱི་ངང་ལ་ན་ཚོད་མཐའ་དག་སོང་བ་ལ་འགྱོད་པར་གྱུར་ཏོ། །དཔེར་ན མར་མིའི་ཉམས་དང་རྟོགས་པ་མི་ལྡན་ཞིང་། །དཔང་ཤོང་མཁས་པའི་གོ་ས་མ་ཟིན་ལ། །སྟོབས་འབྱོར་ཁ་དྲག་དག་ཀྱང་མེད་པའི་ངང་། །རི་རྩེར་མི་ཚེ་དོན་མེད་ངང་ལ་ཟད། །ཅེས་པ་ལྟ་བུ། གཉིས་པ་ནི་གང་གི་ཕྱིར་འདིར་ནི་ཚེ་སོང་བས་དོན་འགྲུབ་པ་ལ་སོགས་པ་འགོག་པ་ནི་འགྱོད་པ་གཙོ་བོར་སྟོན་པར་བྱེད་པས། འདི་ནི་འགྱོད་པས་འགོག་པའོ། །ཉི་ཤུ་པ་ཐེ་ཚོམ་གྱིས་འགོག་པ་ལ་དཔེ་དོན་གཉིས། དང་པོ་ནི། ཅི་ཤིན་ཏུ་དཀར་བ་འདི་སྟོན་གྱི་ཆུ་འཛིན་ནམ། ཡང་ན་ངང་པའི་ཚོགས་སམ་ཞེས་དེ་གཉིས་གང་རུང་དུ་ཐེ་ཚོམ་པ་དངོས་བསྟན་གྱི་དགག་བྱ། འགོག་བྱེད་རྐང་གདུབ་ཀྱི་སྒྲ་འཁྲོལ་བ་འདྲ་བ་ཐོས་པས་དཀར་པོ་དེ་ནི་ཆུ་འཛིན་མ་ཡིན་ནོ། །དཔེར་ན། མཐོན་པོའི་(༦༥བ)


GLG020_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིར་འཛེགས་འདི་ནི་དཔང་ལོའམ། །ཡང་ན་གྲུབ་རིགས་རྒན་པོའི་བླ་ཆེན་ཞིག །མཁས་པ་མགུ་བའི་ལེགས་བཤད་སྙན་པའི་དབྱངས། །སྒྲོག་ཕྱིར་བཀའ་རྒྱུད་འདྲེན་པར་རློམ་པ་མིན། །ཞེས་པ་ལྟ་བུ། གཉིས་པ་ནི། རྐང་གདུབ་ཀྱི་སྒྲའི་ཆོས་འདི་ངང་པ་ལ་ཡོད་ཅིང་། སྤྲིན་གྱི་རིགས་ལ་མ་རེག་པས། སྐྱེ་བོ་གང་ཞིག་ཐེ་ཚོམ་ཟློག་པར་བྱེད་པ་དེ་ནི་ཐེ་ཚོམ་འགོག་པའོ། །ཉེར་གཅིག་པ་སྦྱར་བས་འགོག་པ་ལ་དཔེ་དོན་གཉིས། དང་པོ་ནི། གཙོ་བོ་ནམ་མཁའི་ཟླ་བ་གཞན་གྱིས་ཅི་ཞིག་བྱ་ཞེས་དགག་བྱ་དང་། འགོག་བྱེད་ཕལ་པ་ཁྱོད་གདོང་གི་ཟླ་བ་འདི་ཡོད་བཞིན་ནོ། །སྦྱར་ལུགས་ནི། དེ་གཉིས་ཀ་ལྟ་བའི་མིག་ལ་བདུད་རྩི་སྟེར་བའི་བདག་ཉིད་ཡིན་པ་དང་། ཟླ་བས་པདྨ་ཚར་གཅོད་ཅིང་། གདོང་གིས་པདྨ་ལ་མཛེས་པའི་སྒོ་ནས་སྡང་བ་དང་། སྣུམ་ཞིང་དཀར་བའི་འབྲས་བུ་ཕུན་གསུམ་ཚོགས་པ་ཅན་རྣམས་ཐུན་མོང་དུ་ཡོད་དོ། །དཔེར་ན། སྐྱེ་དགུ་གདེངས་ཅན་གཙུག་ན་མངོན་འཕགས་ཤིང་། །བདེ་ལེགས་འདོད་དགུའི་དཔལ་གྱིས་ཚིམ་མཛད་པའི། །རྒྱལ་བ་དབང་གི་རྒྱལ་པོ་ཡོད་བཞིན་དུ། །ཡིད་བཞིན་ནོར་བུ་གཞན་གྱིས་ཅི་ཞིག་བྱ། །ཞེས་པ་ལྟ་བུ། །གཉིས་པ་ནི། ཕལ་པ་གདོང་གི་ཟླ་བ་ལ་བརྟེན་པ་གཙོ་བོའི་ཟླ་བ་དེ་དང་མཚུངས་པའི་ཡོན་ཏན་གསུམ་པོ་དེ་རྣམས་དང་ལྡན་པར་བསྟན་པར་བྱས་ནས་གཙོ་བོའི་ཟླ་བ་འགོག་པར་བྱེད་པའི་རྣམ་པ་དེ་ལྟར་སྦྱར་བས་འགོག་གོ །ཉེར་གཉིས་པ་དོན་གཞན་འགོག་པ་ལ་དཔེ་དོན་གཉིས། དང་པོ་ནི། རྒྱལ་པོ་ཁྱོད་ཀྱིས་འགྲོ་བ་ཐམས་ཅད་ཟིལ་གྱིས་མནན་ཟིན་རུང་། ད་དུང་ཡང་རྒྱལ་ཐབས་རྣམ་པར་གནོན་པ་(༦༦ན)


GLG020_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཚིམ་པ་མེད་པ་ལ་ངོ་མཚར་རོ་ཞེས་པ་དགག་བྱ། འགོག་བྱེད་འོན་ཀྱང་བསྲེག་ཟ་འབར་བ་ལ་བུད་ཤིང་ཇི་ཙམ་བཏབ་ཀྱང་ཚིག་པ་དག་ནི་ནམ་ཞིག་མཐོང་སྟེ་མ་མཐོང་ངོ་། །དཔེར་ན། སྲིད་འདིར་དུབ་པའི་འགྲོ་ལ་ཀུན་མཁྱེན་གྱིས། །རིས་སུ་ཆད་མེད་བདེ་ལེགས་སྩོལ་བ་མཚར། །འོན་ཏང་མཐུན་པའི་རྒྱུ་རྐྱེན་ཚོགས་པ་ལ། །འབྲས་བུ་འབྱུང་བ་དངོས་པོའི་གཤིས་ལུགས་ཡིན། །ཞེས་པ་ལྟ་བུ། གཉིས་པ་ནི། གང་གི་ཕྱིར་འདིར་ནི་རྒྱལ་ཐབས་ཀྱི་དོན་གཞན་དག་བཀོད་པ་དེ་ཡི་ཆོས་མཚུངས་སྲེག་ཟ་བསྟན་པར་བྱས་ནས། ཡ་མཚན་རྩོམ་པ་འགོག་པར་བྱེད་པ་འདི་ནི་དོན་གཞན་འགོག་པའོ། །ཉེར་གསུམ་པ་རྒྱུས་འགོག་པ་ལ་དཔེ་དོན་གཉིས། དང་པོ་ནི། རིས་མེད་དུ་སྟེར་བའི་མི་དབང་ཁྱོད་ལ་སྦྱིན་པ་པོ་ཞེས་ནམ་ཡང་མི་བསྟོད་དེ། བསྟོད་པ་དགག་བྱ། འགོག་བྱེད་གང་གི་ཕྱིར་སློང་བ་རྣམས་ཀྱི་བསམ་པ་ལ། རྒྱལ་པོ་ཁྱོད་ཀྱི་ནོར་ཁོ་རང་གི་བདོག་པ་ཉིད་དུ་བསམ་པའི་རྒྱུས་ལེན་ནོ། །དཔེར་ན། དབྱངས་ཅན་མ་དེས་བདག་ཅག་ལ། །ངག་གི་དངོས་གྲུབ་ལེགས་བསྩལ་ཀྱང་། །ཁྱོད་ནི་ཀུན་གྱི་ཤེས་རབ་ལྷ། །ཡིན་ཕྱིར་བསྟོད་ཚིག་ཅི་ཕྱིར་སྨྲ། །ཞེས་པ་ལྟ་བུ། གཉིས་པ་ནི། རྒྱལ་པོ་དེ་གཏོང་ཕོད་རྒྱ་ཆེ་བ་ཞེས་པ་སོགས་ལ་དོན་གྱིས་བསྟོད་པའི་ཕྱིར་དུ། དེའི་རྒྱུ་རྣམས་སློང་མོ་བ་ཁོ་ནས་ལོངས་སྤྱོད་པ་སོགས་ཀྱི་རྒྱུས་ཕ་རོལ་ལ་བསྟོད་པ་འགོག་པ་ནི་རྒྱུས་འགོག་པ་ཞེས་བཤད་པར་བྱའོ། །གསུམ་པ་ནི། ཕྱོགས་འདི་ཉིད་ཀྱི་ཚུལ་ལ་མཁས་པ་རྣམས་ཀྱིས་འགོག་རྒྱན་གྱི་རྣམ་པར་རྟོག་པ་གཞན་དག་ཀྱང་དཔག་པར་ནུས་སོ།

དོན་གཞན་བཀོད་པའི་རྒྱན་གྱི་སྐོར་བཤད་པ།


GLG020_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

།དོན་གཞན་བཀོད་པའི་རྒྱན་གྱི་སྐོར་བཤད་པ།བདུན་པ་དོན་གཞན་བཀོད་པའི་རྒྱན་ལ། མཚན་ཉིད་དབྱེ་བ་དཔེར་བརྗོད་དང་གསུམ། དང་པོ་ནི། གང་ཞིག་དངོས་པོ་འགའ་ཞིག་སྔོན་དུ་བསྒྲུབ་བྱར་རབ་ཏུ་བཀོད་ནས། དེའི་རྗེས་སུ་སྔ་མའི་སྒྲུབ་བྱེད་ནུས་པ་ཅན་དངོས་པོ་གཞན་དག་འགོད་པ་ནི་དོན་གཞན་བཀོད་པར་ཤེས་པར་བྱའོ། །གཉིས་པ་ནི། ཀུན་ཁྱབ་ཁྱད་པར་ལ་གནས་དང་། །སྦྱར་བ་ཅན་དང་འགལ་བ་ཅན། །མི་འོས་བྱེད་དང་འོས་པའི་བདག །འོས་དང་མི་འོས་བཟློག་པའོ་སྟེ་འདི་ཡི་དབྱེ་བ་བརྒྱད་པོ་དེ་ལྟ་བུ་ལ་སོགས་པ་ཚིག་གི་སྦྱོར་བ་རྣམས་ལ་རབ་ཏུ་མཚོན་ནོ། །གསུམ་པ་དམ་བཅའ་དང་། དངོས་གཉིས། དང་པོ་ནི། བཤད་མ་ཐག་པའི་བརྒྱད་པོ་འདི་རྣམས་ཀྱི་རང་བཞིན་གསལ་བར་བྱ་བའི་ཕྱིར། དཔེར་བརྗོད་ཀྱི་ཕྲེང་བ་བསྟན་པར་བྱའོ། །གཉིས་པ་ལ་བརྒྱད་ལས་དང་པོ་ཀུན་ཁྱབ་ཀྱི་དོན་གཞན་བཀོད་པ་ནི། སྐྱེས་པའི་མཐར་འཇིག་པའི་ངེས་པ་འདི་ལ་ནི་སུ་ཞིག་འགོང་ཞེས་ནས་བསྒྲུབ་བྱ་སྔོན་དུ་བཀོད་ནས། འཇིག་པའི་ཆོས་དེ་དངོས་པོ་ཀུན་ལ་ཁྱབ་པའི་སྒྲུབ་བྱེད་ནུས་པ་ཅན། ལེགས་ལྡན་འགྲོ་བ་རྣམས་ཀྱི་མིག་ཏུ་གྱུར་པའི་ཉི་མ་དང་ཟླ་བ་ཡང་ནུབ་པར་འགྱུར་པ་འདི་ཉིད་ལ་ལྟོས་ཤིག །གཞན་རྣམས་ལོ་ཙཱ་བའི་འགྱུར་འཆུགས་པ་ཡིན་པས་འདིར་ཚིག་རྐང་མཐའ་མ་སྔོན་དུ་མཛད་པའི་བཤད་སྲོལ་འདི་གྲངས་ཆེན་ལོ་ཙཱ་བའི་རྒྱུན་ཡིན་ཞེས་པ་སློབ་དཔོན་མཁས་པ་གསུང་ངོ་། །དཔེར་ན། ཐིག་ལེ་མཆོག་མར་ཆགས་པས་ཚངས་པ་ཡིས། །གདོང་བཞི་སྤྲུལ་པ་འདི་ལ་སུ་ཡིས་དམོད། །ལམ་དུ་མ་ཞུགས་ལུས་ཅན་ཐ་དག་ནི། །འདོད་པས་གཟིར་བས་འཁོར་བར་ལྟུང་ལ་ལྟོས། །(༦༧ན)


GLG020_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ལྟ་བུ། གཉིས་པ་ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ་ནི། བསྒྲུབ་བྱ་སྙིང་རྗེའི་བདག་ཉིད་ཐོབ་པ་མིན་ནམ་སྟེ་ཐོབ་པའི་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཆོས་ཁྱད་པར་ཅན་གཞན་གྱི་སྡུག་བསྔལ་ཞི་བའི་སླད་དུ་ཐབས་དུ་མ་མཛད་པ་བཀོད་ནས། སྒྲུབ་བྱེད་ནུས་པ་ཅན་སེམས་མེད་ཆུ་འཛིན་འདི་དག་གིས་ཀྱང་། ལུས་ཅན་རྣམས་ཀྱི་ཚ་བའི་གདུང་བ་ཡོངས་སུ་འཕྲོག་པར་བྱེད་དོ། །འདིའི་འགྱུར་ཡོངས་གྲགས་ཀྱི་ཕྱེད་ཕྱི་མ་ཕྱེད་སྔ་མར་བྱས་ན་ལེགས་སོ། །དཔེར་ན། ཉི་མའི་གཉེན་གྱི་ཐུགས་རྗེས་ཡིས། །གདུལ་བྱའི་རྒྱུད་ཀྱི་ཡོན་ཏན་རྒྱས། །ལང་ཚོ་དར་བབ་སྨིན་ལེགས་མའི། །བཞིན་གྱིས་ཆགས་ལྡན་དགའ་བ་འཕེལ། །ཞེས་པ་ལྟ་བུ། གསུམ་པ་སྦྱར་བའི་དོན་གཞན་བཀོད་པ་ནི། ལྷོ་ཕྱོགས་མ་ལ་ཡའི་རླུང་གིས་ནི་འཇིག་རྟེན་ཐམས་ཅད་དགའ་བ་སྐྱེད་པར་བྱེད་དོ་ཞེས་བསྒྲུབ་བྱ་བཀོད་ནས། སྒྲུབ་བྱེད་དཱཀྵི་ཎྱ། ལྷོ་དང་། གཡས་ཕྱོགས་རྗེས་མཐུན་ཡ་རྐྱེན་བྱིན་པས་ལྷོའི་རླུང་སོགས་དོན་མང་པོ་ལ་འཇུག་པས། དེ་དང་ཡང་དག་པར་ལྡན་པས་ཀུན་གྱི་སྙིང་ལ་སྡུག་པ་མ་ཡིན་ནམ་ཞེས་སྒྲ་གཅིག་གིས་དོན་དུ་མ་སྟོན་པ་ལ་སྦྱར་རོ། །དཔེར་ན། འགྲོ་བའི་མགོན་དུ་ཟས་གཙང་སྲས། །མཚན་དཔེའི་གཟི་བྱིན་བླ་ན་འབར། །པཱུ་རྦ་རཱ་ཛྲས་མངའ་འབངས་ཀྱི། །རལ་པའི་ཅོད་པན་རྩེ་ན་འགྱིང་། །ཞེས་པ་ལྟ་བུ། བཞི་པ་འགལ་བའི་དོན་གཞན་བཀོད་པ་ནི། མཚན་མོར་བྱེད་པ་ཟླ་བ་འདི་དྲི་མ་དང་ལྡན་ཡང་། འགྲོ་བ་རྣམས་དགའ་བ་སྐྱེད་པར་བྱེད་པ་བསྒྲུབ་(༦༧བ)


GLG020_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། སྒྲུབ་བྱེད་ནུས་པ་ཅན་གཉིས་སྐྱེས་ཏེ་བྲམ་ཟེ་སྣ་ཆད་པ་ལྟ་བུའི་དབང་པོ་ལ་སྐྱོན་དང་ལྡན་ཡང་། གདུལ་བྱ་གཞན་དག་ལ་རིག་པའི་གནས་སྟོན་པའི་སྒོ་ནས་རྗེས་སུ་འཛིན་པར་ནུས་ཞེས་སྐྱོན་གྱིས་བྱ་བ་ལེགས་པོ་བསྒྲུབ་པས་འགལ་བ་ལྟར་སྟོན་ནོ། །དཔེར་ན། མཛེས་སྡུག་འདོང་སྐྱེད་དབྱངས་ཅན་མས། །ཆགས་བྲལ་ཡེ་ཤེས་ཉེ་བར་སྟེ། །ལང་ཚོ་ཡོལ་པའི་ཤོང་སྟོན་རྗེ། །ཤེས་ལྡན་རྣམས་ཀྱི་སྙིང་དུ་སྡུག །ཅེས་པ་ལྟ་བུ། ལྔ་པ་མི་འོས་པའི་དོན་གཞན་བཀོད་པ་ནི། སྦྲང་རྩི་འཐུང་བའི་བུང་བའི་མགྲིན་པ་སྙན་པོ་ལས་བྱུང་བའི་སྒྲ་དག་གིས་ཀྱང་ཆགས་པ་འཕེལ་བས། རྣམ་པར་རྩུབ་པ་ཉིད་དུ་གྱུར་པ་མི་འོས་པའི་བསྒྲུབ་བྱ། སྒྲུབ་བྱེད་འདོད་ལྡན་ཐམས་ཅད་ལ་མི་འོས་བཞིན་དུ་མྱོང་བ་རྒྱུ་མཐུན་གྱི་ལས་རྣམས་ཀྱི་སྡིག་པ་འདི་འདྲ་བ་ཞེས་སོ། །དཔེར་ན། བློ་བཟང་གྲགས་པའི་ལེགས་བཤད་བདུད་རྩི་ཡིས། །བླུན་སྒོམ་རྒན་པོའི་ནད་ཀྱི་ཟུག་རྔུ་བསྐྱེད། །ཚེ་རབས་མང་པོར་བྱོལ་སོང་བསྒྲུབས་པའི་ཐབས། །གོམས་པའི་བག་ཆགས་ལྡན་པ་ཀུན་གྱི་གཤིས། །ཞེས་པ་ལྟ་བུ། དྲུག་པ་འོས་པའི་དོན་གཞན་བཀོད་པ་ནི། འདོད་ལྡན་རྣམས་ཀྱི་ངོར་ཆུ་སྐྱེས་ཀྱི་འདབ་མའི་མལ་བསྟན་འཇམ་པ་འདིས་ཀྱང་བདག་གི་ལུས་འདི་གདུང་ཞིང་སྲེག་པར་བྱེད་པ་འོས་སམ་ཞེས་པ་བསྒྲུབ་བྱ་དང་། སྒྲུབ་བྱེད་སྤྱིར་མི་འོས་ཀྱང་སྐབས་འདིའི་མཚན་ཉིད་དང་བསྟུན་ན། འདོད་པའི་དབང་གིས་འཇམ་པ་ཙམ་གྱིས་ཆགས་པ་སྐྱེས་ནས་ཉོན་མོངས་པས་བསྲེག་པའི་བདག་ཉིད་བྱེད་པས་སྲེག་ཟ་དང་འདྲ་བར་རིག་པ་མ(༦༨ན)


GLG020_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནམ། དཔེར་ན། རྒྱལ་བས་འགྲོ་ལ་ཆོས་བསྟན་པས། །ཕན་དང་བདེ་བའི་ཚོགས་ཀུན་རྒྱས། །རྟ་ལྗང་འོད་ཟེར་འཕྲོས་པ་ཡིས། །པད་དཀར་འདབ་མ་རྣམ་པར་འཕེལ། །ཞེས་པ་ལྟ་བུ། ཀླུ་སྒྲུབ་པས། ལྔ་པ་དང་། དྲུག་པ་གཉིས་པོའི་འོས་མི་འོས་ཀྱི་ཁྱད་པར་རྩ་བ་མཁན་པོ་ཉིད་ལ་དྲི་ཟེར་ཡང་། ལྔ་པའི་དོན་ནི། ཡུལ་སྙན་པ་དེས། ཡུལ་ཅན་ལ་ཆགས་པས་རྩུབ་པར་གདུང་བ་ནི་ཡོན་ཏན་གྱིས་སྐྱོན་སྤེལ་བ་ཡིན་པས་མི་འོས་པ་ཡིན་ལ། དྲུག་པའི་དོན་ནི། འཇམ་པ་ཙམ་གྱིས་གདུང་བ་བསྐྱེད་པ། གདོང་མཛེས་པ་ཙམ་གྱིས་ཆགས་པའི་སྡུག་བསྔལ་དྲག་པོ་བསྐྱེད་པ་འཇིག་རྟེན་ན་ཚད་མས་གྲུབ་པས་འོས་པ་ཡིན་མོད། སློབ་དཔོན་དཎྜི་ལ་དྲི་ཅི་དགོས། ཁྱེད་རྣམས་གཅིག་ཏུ་མཚར་ཆེན་ཆོས་ཀྱི་རྒྱལ་པོའི་སློབ་རྒྱུན་ཡིན་སྙམ་པའི་དག་སྣང་དང་། གཉིས་སུ་བཀའ་བརྒྱུད་པའི་བླུན་པོ་རྣམས་དང་མི་འདྲ་བསམ་པའི་མཁས་འཐོང་ཡོད་ཀྱང་ཚིག་རིགས་འདི་ཚོ་ལ་དཔགས་ན་དྲོད་ཆེ་སར་ཡང་དབྱར་ཆུ་ཙམ་མོ། །བདུན་པ་འོས་པ་དང་མི་འོས་པའི་དོན་གཞན་བཀོད་པ་ནི། བསིལ་ཟེར་ཅན་གྱིས་ཆགས་པའི་སྒོ་ནས་ཉམས་པར་བྱེད་པ་འོས་པའི་བསྒྲུབ་བྱ། དཔྱིད་དུས་ཀྱི་བདག་ནི་ཅི་ལ་གདུང་བ་མི་འོས་པའི་བསྒྲུབ་བྱ། སྒྲུབ་བྱེད་ཀྱང་རིམ་པ་བཞིན་སྔ་མ་ནི། སྐྱོན་གྱི་དྲི་མ་ཅན་ཡིན་པས། སྤྱོད་པའི་ལས་ཀྱང་གཞན་ཉམས་བྱེད་ཡིན་གྱི། སྒྲུབ་བྱེད་ཕྱི་མ་ནི་རྣམ་པར་དག་པས་མི་འོས་པ་མིན་ནམ། དཔེར་ན། བློ་གསལ་མཁས་ལ་དགའ་འོས་ཀྱི། །རྨོངས་པའི་སྐྱེ་བོས་ཚུལ་(༦༨བ)
དེ་མིན། །སྙན་པའི་སྒྲ་ལ་ཐོས་འཛིན་དག །ལྡན་པས་མཉན་གྱི་འོས་པས་མིན། །ཞེས་པ་ལྟ་བུ། བརྒྱད་པ་མི་འོས་ཤིང་འོས་པའི་དོན་གཞན་བཀོད་པ་ནི། ཀུ་མུད་ལྡན་པ་ཟླ་བ་བསིལ་ཡང་སྲེག་པར་བྱེད་པ་མི་འོས་པའི་བསྒྲུབ་བྱ། པདྨའི་འབྱུང་གནས་ཉི་མས་གདུང་བ་ཅིས་མི་བྱེད་དེ་འོས་པའི་བསྒྲུབ་བྱ། སྒྲུབ་བྱེད་རིམ་པ་བཞིན། ཟླ་བས་རྗེས་སུ་བཟུང་བའི་ཀུ་མུ་ཏའི་འདབ་མ་རྣམས་རྩུབ་ན། ཅིག་ཤོས་ཉི་མས་རྗེས་སུ་བཟུང་བའི་པདྨའི་འདབ་མ་རྣམསའཇམ་པར་མི་འགྱུར་རོ། །དཔེར་ན། ས་སྐྱའི་བསྟན་འཛིན་ཉེས་བཤད་འཆང་བྱེད་ན། །བཀའ་རྒྱུད་སྒོམ་ཆེན་བླུན་གཏམ་ཅིས་མི་ཟེར། །མང་པོར་ཐོས་ལས་ལེགས་བཤད་འབྱུང་དགོས་ཀྱི། །ཐོས་ཉུང་མུ་ཅོར་སྒྲོག་པ་ངང་ཚུལ་ཡིན། །ཞེས་པ་ལྟ་བུ།

ལྡོག་པ་ཅན་གྱི་རྒྱན་གྱི་སྐོར་བཤད་པ།


GLG020_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པ་ཅན་གྱི་རྒྱན་གྱི་སྐོར་བཤད་པ།བརྒྱད་པ་ལྡོག་པ་ཅན་གྱི་རྒྱན་ལ། མཚན་ཉིད་ཀྱིས་མདོར་བསྟན། དབྱེ་བ་དང་བཅས་ཏེ་དཔེར་བརྗོད་བཤད་པ་གཉིས། དང་པོ་ནི། དངོས་སུ་སྒྲ་འཇུག་པའམ། དོན་གྱི་ཤུགས་དང་སྐབས་ཐོབ་ལས་རྟོགས་པར་བྱེད་པ་དག་གི་སྒོ་ནས། དཔེ་དཔེ་ཅན་གྱི་དངོས་པོ་གཉིས་ནི་རྒྱུ་མཚན་འགའ་ཞིག་གི་སྒོ་ནས་མཚུངས་པར་གྱུར་པ་ལས། ཁྱད་པར་ཞིག་གི་སྒོ་ནས་མི་མཚུངས་པར་སྟོན་པ་དེ་ཡི་དབྱེ་བ་བརྗོད་པ་གང་དེ་ནི་ལྡོག་པ་ཅན་ཞེས་བརྗོད་དོ། །གཉིས་པ་ལ་སྒྲས་ཟིན་མཚུངས་པའི་ལྡོག་པ། རྟོགས་པས་མཚུངས་པའི་ལྡོག་པ། འབྱེད་བྱེད་མཚུངས་པའི་ལྡོག་པ། རིགས་མཐུན་འབྱེད་པའི་ལྡོག་པ་ཅན་དང་བཞི། དང་པོ་ལ་ལྔ་ལས། གཅིག་གིས་ལྡོག་པ་ཅན་ལ་དཔེ་དོན་(༦༩ན)


GLG020_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། དང་པོ་ནི་མི་འགྱུར་བར་བརྟན་པ་དང་། ཆེ་བའི་བདག་ཉིད་དང་། ལཱ་ཝནྻ་ཞེས་པ་མཛེས་པ་དང་། ཟབ་པ་དང་། ལན་ཚྭ་རྣམས་ལ་འཇུག་པས། དེ་སོགས་ཡོན་ཏན་གཉིས་ཀ་ལས་ཐུན་མོང་དུ་འཇུག་རུང་གི་སྒོ་ནས་དཔེ་ཅན་རྒྱལ་པོ་ཁྱོད་དང་། དཔེ་རྒྱ་མཚོ་མཚུངས་སོ། །འོན་ཀྱང་རྒྱལ་པོ་ཁྱོད་ཀྱི་ལུས་འདི་འདྲ་སྐྱེས་བུ་ཆེན་པོའི་མཚན་ཉིད་ཀྱིས་མཛེས་པ་གཅིག་གི་སྒོ་ནས་དཔེ་དང་མི་འདྲ་བར་ཐ་དད་དོ། །དཔེར་ན། འཆད་པའི་རྣམ་དཔྱོད་རྩོམ་པའི་ངག་གི་དཔལ། །རྩོད་པའི་སྤོབས་པ་མཁས་པའི་གྲགས་སྙན་གྱིས། །དཔང་ལོ་ཙནྡྲ་གོ་མའི་མཚུངས་གྱུར་ཀྱང་། །ཚངས་སྤྱོད་བརྟུལ་ཞུགས་ལྡན་པས་རྣམ་པར་དབྱེ། །ཞེས་པ་ལྟ་བུ། གཉིས་པ་ནི། གཅིག་ལ་གནས་པའི་ཆོས་ལུས་ཀྱི་ནི་དཔེ་དཔེ་ཅན་གཉིས་ཀ་ལ་གནས་པའི་ཁྱད་ཆོས་ཐ་དད་དག་རྟོགས་པའི་ཡུལ་དུ་གྱུར་པའི་ཕྱིར། འདི་ནི་གཅིག་གི་ལྡོག་པ་ཅན་ནོ། །གཉིས་པ་གཉིས་ཀྱི་ལྡོག་པ་ཅན་ལ་དཔེ་དོན་གཉིས། དང་པོ་ནི། ཆུ་ཡི་ཕུང་པོ་དག་དང་རྒྱལ་པོ་ཁྱོད་གཉིས། ཆུ་མཚམས་དང་ཡ་རབས་ཀྱི་སྤྱོད་ཚུལ་ལས་མི་འདའ་བ་དང་རིང་ཐུང་དང་མཁྱེན་པའི་གཏིང་དཔག་མི་ནུས་པས་ཟབ་པའི་སྒོ་ནས་མཚུངས། འོན་ཀྱང་ཆུ་འདི་ནི་མིག་སྨན་གྱི་མདོག་དང་མཚུངས་ལ། ཁྱོད་ནི་གསེར་གྱི་འོད་ཅན་ནོ་ཞེས་དཔེ་དཔེ་ཅན་གཉིས་ལ་ནག་སེར་གྱི་ཆོས་མི་འདྲ་བ་རེ་རེའི་སྒོ་ནས་ཁྱད་པར་འབྱེད་པའོ། །དཔེར་ན། རི་དྭགས་མིག་ཅན་ཟླ་བ་གཉིས། །དཀར་འཇམ་མཛེས་སྡུག་དགའ་བསྐྱེད་པས། །མཚུངས་ཀྱང་ཁྱོད་ནི་ནོར་འཛིན་དང་། །ཀུན་ཕན་ནམ་མཁའི་ངོས་སུ་རྒྱུ། །ཞེས་པ་(༦༩བ)


GLG020_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ། གཉིས་པ་ནི། གང་གི་ཕྱིར་འདིར་ནི་དཔེ་དཔེ་ཅན་གཉིས་ཀ་ཡི་འབྱེད་བྱེད་ཡོན་ཏན་ནག་པོ་དང་སེར་པོ་དག་གིས་ཐ་དད་དུ་བསྟན་པ་འདི་ནི་གཉིས་ཀའི་ལྡོག་པ་ཅན་ནོ། །གསུམ་པ་སྦྱར་བ་ཅན་གྱི་ལྡོག་པ་ཅན་ལ་དཔེ་དོན་གཉིས། དང་པོ་ནི། རྒྱལ་པོ་ཁྱོད་དང་རྒྱ་མཚོ་གཉིས་དུརྦཱ་རཽ་ཞེས་པ་བཟློག་དཀའ་བ་དང་ཆུ་ངན་པ་གཉིས་ལ་འཇུག་པས། སྔ་མ་ནི་གང་ཟག་གཞན་གྱིས་མི་བཟློག་པ་དང་། ཕྱི་མ་ནི་བ་ཚྭ་སོགས་ཀྱིས་ངན་པ་དང་། དེ་བཞིན་དུ་མ་ཧ་ས་ཏྭ་སྙིང་སྟོབས་ཆེན་པོ་དང་སེམས་ཅན་ཆེན་པོ་གཉིས་ཀ་ལ་འཇུག་པས། སྔ་མ་ནི་སྙིང་སྟོབས་ཆེ་ཞིང་། ཕྱི་མ་ནི་ཆུ་སྲིན་ཆེན་པོ་དང་ལྡན་པ། ཏེ་ཛཿནི་གཟི་བརྗིད་དང་མེ་གཉིས་ཀ་ལ་འཇུག་པས། སྔ་མ་ནི་གཞན་ཟིལ་གྱིས་གནོན་པ་དང་། ཕྱི་མ་ནི་རྒོད་མ་ཁའི་མེ་དང་བཅས་པས། སྒྲ་སྦྱར་བའི་སྒོ་ནས་དཔེ་དཔེ་ཅན་མཚུངས་ཀྱང་། རྒྱ་མཚོ་དེ་ནི་ཆུའི་བདག་པོ་དང་། ཁྱོད་ནི་བློ་དང་ལྡན་པའི་མཁས་པ་ཡིན་པས་དེ་ཡིས་ཁྱོད་གཉིས་ཐ་དད་དོ། །འདི་ལ་སྦྱར་གཞི་གཉིས་ལས་མི་ཉུང་ཞིང་སྒྲ་ངེས་པར་སྦྱར་དགོས་སོ། །དཔེར་ན། མེ་སྐྱེས་གནས་བསྟན་ཡན་ལག་འབྱུང་དང་གདོང་དྲུག་ཟླ་བའི་ཅོད་པན་ཅན་དབྱངས་ཅན་མ་དང་དབང་ཕྱུག་གཉིས། །བསྟེན་པས་དཔའ་བོ་སེར་སྐྱ་གཉིས། །མཚུངས་ཀྱང་མ་ཁོལ་དཀོན་མཆོག་ལ། །སྐྱབས་འགྲོ་ཅིག་ཤོས་དེ་ལས་ལྡོག །ཅེས་པ་ལྟ་བུ། གཉིས་པ་ནི། འདིར་ནི་དཔེ་དཔེ་ཅན་གཉིས་ཀ་སྒྲ་སྦྱར་བས་མཚུངས་ཆོས་ཀྱིས་ཚུལ་དང་ལྡན་པའི་ཕྱིར་སྦྱར་བ་ཅན་ཞེས་བཟུང་བར་མཛོད་ཅིག །བཞི་པ་འགོག་པ་ཅན་གྱི་ལྡོག་པ་ལ། དམ་(༧༠ན)


GLG020_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་དང་། དངོས་གཉིས། དང་པོ་ནི། འགོག་པ་ཅན་ཡང་བསྟན་པར་བྱའོ། །གཉིས་པ་ནི། འཇིག་རྟེན་གྱི་ལུགས་བཟང་པོ་དང་ལྡན་པ་དང་། གཞན་གྱིས་གཡོ་བར་མི་ནུས་པས་བརྟན་པ་དང་། རིན་པོ་ཆེ་དུ་མའི་འབྱུང་གནས་ཡིན་པ་གསུམ། དཔེ་ཅན་རྒྱལ་པོ་དང་དཔེ་རྒྱ་མཚོ་ལ་ཡོད་པ་མཚུངས་ཆོས་སུ་བསྟན་མོད་ཀྱང་། རྒྱ་མཚོ་ཆེན་པོ་ནི་རྒྱལ་པོ་ཁྱོད་ཀྱི་འགྲན་ཟླར་གྱུར་པ་མ་ཡིན་པ་སྟེ། ཡིན་པ་དགག་བྱ་དང་། འགོག་བྱེད་དཔེ་ལ་བ་ཚྭ་སོགས་ཀྱི་དྲི་མ་དང་ལྡན་པ་ཆུ་སྲིན་གདུག་པ་གནས་པའི་སྒོ་ནས་ལྡོག་པའོ། །དཔེར་ན། མི་མཐུན་ལས་སྐྱོབ་རེ་བའི་འདོད་པ་འཇོ། །སྙིང་དུ་སྡུག་ཅིང་ཀུན་གྱིས་བསྔགས་བརྗོད་ཀྱང་། །སྙན་འགྱུར་ངག་གི་ཆ་ཤས་ཡོངས་གང་བས། །ཚངས་སྲས་མ་ལ་ཡོངས་འདུས་འགྲན་དུ་ཅི། །ཞེས་པ་ལྟ་བུ། ལྔ་པ་གཏན་ཚིགས་ཀྱི་ལྡོག་པ་ཅན་ལ། དམ་བཅའ་དངོས་དང་། བཤད་མ་ཐག་པ་རྣམས་ཀྱི་མཇུག་བསྡུ་བ་གསུམ། དང་པོ་ནི། སྔ་མའི་རྗེས་སུ་གཉིས་པ་གཏན་ཚིག་ཅན་དེ་ཡང་བསྟན་པར་བྱའོ། །གཉིས་པ་ནི། རི་རབ་གླིང་བཞི་རྒྱ་མཚོར་བཅས་པ་ཡི་ས་གཞི་མཐའ་དག་འཛིན་པ་ལ་དཔེ་ཅན་རྒྱལ་པོ་ཁྱོད་དང་དཔེ་ཀླུ་ཆེན་པོ་མཚུངས་མོད་ཀྱང་། ཀླུའི་རྒྱལ་པོ་ལྷག་མ་ཅན་གྱི་ཁྱོད་ནི་ལག་འགྲོ་རྣམས་ཀྱི་རྗེ་འགྱུར་པའི་ཕྱིར་ན་གཏན་ཚིགས་ཀྱིས་མིའི་རྗེ་ཁྱོད་པས་དམན་ནོ། །དཔེར་ན། རྩ་སྡོང་ལོ་འདབ་ཟེའུ་འབྲུ་སོགས། །བཀྲ་ཡང་བུད་མེད་འགྲམ་ཆང་གིས། །འབྱེད་ཕྱིར་མེ་ཏོག་བ་ཀུ་ལ། །པདྨ་དག་དང་ཁྱད་པར་(༧༠བ)


GLG020_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །ཞེས་པ་ལྟ་བུ། གསུམ་པ་ནི། དཔེ་དཔེ་ཅན་ལ་སྒྲ་དག་ཐུན་མོང་དུ་འཇུག་པར་མཚུངས་པ་ཡི་ཁྱད་ཆོས་གཞན་གྱིས་མི་འདྲ་བར་ལྡོག་པ་ཅན་ནི་འདྲ་བ་བཤད་ཟིན་ཏོ། །གཉིས་པ་རྟོགས་པ་མཚུངས་པའི་ལྡོག་པ་ཅན་ལ་དམ་བཅའ། དཔེར་བརྗོད། ཁྱད་པར་ཅན་བསྟན་པ་དང་གསུམ། དང་པོ་ལ་སྒྲས་དངོས་སུ་མ་ཟིན་ཀྱང་ཤུགས་ལ་རྟོགས་པར་གྱུར་པའི་སྒོ་ནས་མཚུངས་པའི་ལྡོག་པ་ཅན་ཡང་ཡོད་པ་དེ་ནི་རྗེས་སུ་བསྒྲུབ་བོ། །གཉིས་པ་ལ་གཉིས་ལས། དང་པོ་རྟེན་གྱི་ལྡོག་པ་ཅན་ནི། དཔེ་ཅན་ཁྱོད་ཀྱི་གདོང་པ་ནི་བུད་མེད་ཁྱོད་རང་ལ་བརྟེན་པ་དང་། དཔེ་པདྨ་ནི་ཆུ་ལས་སྐྱེས་པའི་ཕྱིར། འདི་གཉིས་ཀྱི་ཁྱད་པར་བསྟན་པའི་སྒོ་ནས་མཚུངས་པ་དངོས་སུ་ལྡོག་སྟེ་འདྲ་བ་ཤུགས་ལ་བསྟན་པའོ། །དཔེར་ན། དབྱངས་ཅན་མ་དང་ཀོང་ཅོ་གཉིས། །སྔ་མ་ཚངས་པའི་བུ་མོ་དང་། །རྒྱ་བཟའ་ཤར་ཕྱོགས་རྒྱལ་པོ་ཡི། །སྲས་མོ་ཡིན་པའི་ཁྱད་པར་ཡོད། །ཅེས་པ་ལྟ་བུ། གཉིས་པ་དཔེ་ལས་དཔེ་ཅན་ལྷག་པའི་ལྡོག་པ་ཅན་ནི། དཔེ་རི་དྭགས་ཀྱི་མིག་ལ་སྨིན་མ་སྒེག་པ་དང་། ཆགས་མྱོས་ཀྱིས་དམར་བས་རེག་པ་མེད་ལ། དཔེ་ཅན་ལུས་ཕྲ་ཁྱོད་ཀྱི་མིག་གཉིས་པོ་འདི་ལ་ཡོན་ཏན་དེ་དག་ཉིད་ཀྱིས་བརྒྱན་ནོ་ཞེས་དཔེ་ཅན་ལྷག་པའི་སྒོ་ནས་མཚུངས་པ་དངོས་སུ་ལྡོག་ཅིང་ཤུགས་ལ་་་་བར་སྟོན་ནོ། །དཔེར་ན། འཆི་མེད་ལམ་གྱིས་ཇི་སྙེད་ཤེས་བྱའི་ཚད། །རྟོགས་པར་མི་ནུས་འགྲོ་ལ་བརྩེ་བ་བྲལ། །རྒྱལ་བའི་ཐུགས་ཀྱིས་ཆོས་ཀུན་མ་ལུས་མཁྱེན། །ནམ་ཐག་རྣམས་ལ་ལྷག་པར་རྗེས་སུ་བརྩེ། །ཞེས་པ་


GLG020_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ། གསུམ་པ་ནི། སྔ་མར་རྟེན་གྱི་དབྱེ་བ་ཐ་དད་པ་ཙམ་ཞིག་བསྟན་ནས། འདིར་ནི་དཔེ་ཅན་ལྷག་པ་ཉིད་བསྟན་ཏོ། །གསུམ་པ་འབྱེད་བྱེད་མཚུངས་པའི་ལྡོག་བཙན་ལ་དམ་བཅའ། དཔེར་བརྗོད། ཁྱད་པར་དང་གསུམ། དང་པོ་ནི། སླར་ཡང་མཚུངས་པས་ལྡོག་པ་ཅན་འཆད་པར་འགྱུར་བ་གཞན་དག་རབ་ཏུ་བསྟན་པར་བྱའོ། །གཉིས་པ་ལ་གཉིས་ལས། དང་པོ་མཚུངས་ཆོས་དང་འབྱེད་བྱེད་གཉིས་ཀ་མཚུངས་པའི་སྒྲས་དངོས་སུ་ཟིན་པའི་ལྡོག་པ་ཅན་ནི། དཔེ་ཅན་གྱི་ཁྱོད་ཀྱི་གདོང་དང་དཔེ་པདྨ་དཀར་པོ་གཉིས་མཚུངས་ཆོས་ཀྱི་སྒྲ་རྒྱས་པ་དང་དྲི་བཟང་པོ་དང་ལྡན་པ་གཉིས་དངོས་སུ་སྒྲས་ཟིན་པ། མཚུངས་པ་ལས་ལྡོག་པའི་འབྱེད་བྱེད་ཀྱི་སྒྲ། པདྨ་ལ་ནི་བུང་བ་འཁོར་བ་དང་། ཁྱོད་ཀྱི་གདོང་ལ་མིག་རབ་ཏུ་གཡོ་བའོ། །འདིར་སྔ་མ་རྣམས་དང་མི་འདྲ་བར་མཚུངས་ཆོས་དཀར་ཞེས་པ་ལྟ་བུ་ཐོན་དགོས་པས། དཔེར་ན། ཆགས་པས་མྱོས་པའི་མཆུ་སྒྲོས་དང་། །འདབ་བརྒྱ་དམར་བའི་མདངས་འཛིན་ཏེ། །ཆུ་སྐྱེས་འདི་ནི་བུང་བས་འཇིབ། །མཆུ་ནི་མཛའ་བོས་ཙུམ་པ་ན། །ཞེས་པ་ལྟ་བུ། གཉིས་པ་མཚུངས་ཆོས་མ་ཟིན་ལ་འབྱེད་བྱེད་ཀྱི་སྒྲས་དངོས་སུ་མི་ཟིན་པའི་ལྡོག་པ་ཅན་ལ་དཔེ་དོན་གཉིས། དང་པོ་ནི། ཟླ་བ་འདི་དང་ངང་པ་འདི་ནི་འབྱེད་བྱེད་ཀྱི་སྒྲ་ནམ་མཁའི་རྒྱན་དང་ཆུའི་རྒྱན་ནོ། །ནམ་མཁའ་འདི་དང་ཆུ་འདི་ནི་འབྱེད་ཀྱི་སྒྲ་རྒྱུ་སྐར་གྱི་ཕྲེང་བ་ཅན་དང་། ཀུ་མུད་རྒྱས་པ་ཅན་ནོ། །ཞེས་མཚུངས་ཆོས་ཤུགས་ལ་བསྟན་ཏོ། །དཔེར་ན། བློ་ལྡན་ལྷ་ཡི་བླ་མ་དང་། །སྨྲ་བའི་(༧༡བ)


GLG020_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་ཤོང་སྟོན་གཉིས། །ཕུར་བུ་ལེགས་བྲིས་མདུན་སའི་རྒྱན། །ལོ་ཆེན་བོད་ཡུལ་བསྟན་པའི་དཔྱིད། །ཅེས་པ་ལྟ་བུ། གཉིས་པ་ནི། འདིར་ནི་ཟླ་བ་ངང་པ་དག་དཀར་བ་ཉིད་སོགས་ཤུགས་ལ་རྟོགས་པ་དང་། མཁའ་དང་ཆུ་གཉིས་ནི་དྭངས་ཤིང་དག་པར་ཡང་ཤུགས་ལ་རྟོགས་པར་བྱ་བའི་ཕྱིར་། ཤུགས་ལ་མཚུངས་པས་དབྱེ་བ་བྱས་སོ། །གསུམ་པ་ནི། དཔེར་བརྗོད་སྔ་མ་ལ་ནི་རྒྱས་ཞེས་པའི་སྒྲ་དང་ལྡན་པར་དངོས་སུ་མཚུངས་ལ། ཕྱི་མ་ལ་ཤུགས་བསྟན་དང་། གཉིས་ཀ་ལ་ཡང་ཐ་དད་ཀྱི་དབྱེ་བ་བུང་བ་དང་མིག་ལ་སོགས་པ་དཔེ་དཔེ་ཅན་རྣམས་ལ་མཚུངས་པ་དེའི་ཕྱིར་མཚུངས་པའི་ལྡོག་པ་ཅན་ནོ། །བཞི་པ་རིགས་མཐུན་ལྡོག་ཅན་ལ་དཔེ་དོན་གཉིས། དང་པོ་ནི། དཔེ་ཅན་ན་ཆུང་ལང་ཚོ་དར་བ་ལས་བྱུང་བའི་ཆགས་པའི་མུན་པ་དང་། དཔེ་སྤྱིའི་མུན་པ་གཉིས་ཕྱིའི་གཟུགས་བལྟ་བ་འགོག་པར་བྱེད་པ་ལ་རིགས་མཐུན་ཡང་། སྔ་མ་ནི། རིན་པོ་ཆེ་སྣང་བའི་འོད་ཀྱི་ཕྲོག་པར་མི་ནུས་ཤིང་། ཉི་མའི་འོད་ཀྱིས་མི་བཟློག་པ་ཡིན་ལ། ཕྱི་མ་ནི་དེ་ལས་གོ་བཟློག་པས། དཔེ་ཅན་གྱི་སྐྱོན་སྤོངས་གི་དཔེའི་སྐྱོན་སེལ་མི་ཐུབ་པའོ། །དཔེར་ན། པིར་གྱིས་རི་མོར་མ་བྱས་ཤིང་། །དབང་པོའི་གཞུ་རིས་བཀོད་མིན་པའི། །རྣམ་དཔྱོད་བཀྲ་བའི་གཟིགས་མོ་ཡིས། །བློ་ལྡན་མིག་ལ་དགའ་བ་སྟེར། །ཞེས་པ་ལྟ་བུ། གཉིས་པ་ནི་མུན་པའི་རིགས་ལས་ན་ཆུང་གི་མུན་པ་འདིས་གཟུགས་བལྟ་བ་འགོག་པ་ཉིད་ཀྱིས་མུན་པ་དང་མཚུངས་ཀྱང་། རྣ་བས་མི་འཕྲོག་པ་སོགས་གཞན་དག་གིས་ནི་ཐ་དད་པར་བརྟེན་(༧༢ན)
པས་འདི་ནི་རིགས་མཐུན་ལྡོག་པ་ཅན་ནོ། །འདིར་ཟླ་བ་ངང་པ་གཉིས་དཀར་བའི་སྒོ་ནས་མཚུངས་ཆོས་སུ་བསྟན་ཀྱང་། སླར་མི་མཚུངས་པར་ལྡོག་ཡོད་པས་དཔེ་རྒྱན་གྱི་སྐབས་ཀྱི་སྐྱོན་ག་ལ་འཇུག །ཀླུ་སྒྲུབ་པ་ཁྱེད་འདི་སྐོར་ལ་སྦུགས་ཐུམས་པོ་རང་ཞིག་བྱུང་འདུག་པ། ཁྱེད་རང་གིས་སྐུ་ཚེ་རྗེས་མ་ཇོ་ནང་པའི་བསྟན་པ་ལ་ཞུགས་ནས་ལྟ་སྤྱོད་ཐམས་ཅད་ཟས་གཙང་གི་སྲས་པོ་དང་མི་མཐུན་པའི་གུ་ཡངས་པོ་ཞིག་མཛད་པ་ལ་སྨོན་ལམ་བཏབ་པ་འདྲའོ། །བ་ངང་པ་གཉིས་དཀར་བའི་སྒོ་ནས་མཚུངས་ཆོས་སུ་བསྟན་ཀྱང་། སླར་མི་མཚུངས་པར་ལྡོག་ཡོད་པས་དཔེ་རྒྱན་གྱི་སྐབས་ཀྱི་སྐྱོན་ག་ལ་འཇུག །ཀླུ་སྒྲུབ་པ་ཁྱེད་འདི་སྐོར་ལ་སྦུགས་ཐུམས་པོ་རང་ཞིག་བྱུང་འདུག་པ། ཁྱེད་རང་གིས་སྐུ་ཚེ་རྗེས་མ་ཇོ་ནང་པའི་བསྟན་པ་ལ་ཞུགས་ནས་ལྟ་སྤྱོད་ཐམས་ཅད་ཟས་གཙང་གི་སྲས་པོ་དང་མི་མཐུན་པའི་གུ་ཡངས་པོ་ཞིག་མཛད་པ་ལ་སྨོན་ལམ་བཏབ་པ་འདྲའོ། །

སྲིད་པ་ཅན་གྱི་རྒྱན་གྱི་སྐོར་བཤད་པ།


GLG020_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་པ་ཅན་གྱི་རྒྱན་གྱི་སྐོར་བཤད་པ།དགུ་པ་སྲིད་པ་ཅན་གྱི་རྒྱན་ལ་མཚན་ཉིད་དང་། དཔེར་བརྗོད་གཉིས། དང་པོ་ནི། འཇིག་རྟེན་ན་རབ་ཏུ་གྲགས་པའི་རྒྱུ་བཟློག་ནས། གང་ཞིག་མ་གྲགས་པའི་ཕྱི་ནང་གི་རྒྱུ་གཞན་ཅུང་ཟད་དམ་གྲགས་མ་གྲགས་གཉིས་ཀ་ལ་མ་ལྟོས་པར་གང་དུ་རང་གི་ངོ་བོ་ཉིད་སྟོན་པ་དེ་ནི་སྲིད་པ་ཅན་ནོ། །གཉིས་པ་ལ་གསུམ་ལས། དང་པོ་གྲགས་པའི་རྒྱུ་བཀག་ནས། ཕྱི་རོལ་གྱི་རྒྱུ་ཅུང་ཟད་ཀྱི་འབྲས་བུ་རང་གི་ངོ་བོ་ཉིད་སྟོན་པའི་སྲིད་པ་ཅན་ནི། ཀ་དམྦ་སྟེ། བྱ་མཐིང་རིལ་གྱིས་བཟི་བའི་རྒྱུ་ཆང་མ་འཐུངས་པར་མྱོས་པ་དང་། དྲི་མ་མེད་པའི་རྒྱུ་འཕྱིད་དགོས་པར་མ་ཕྱིས་པར་ནམ་མཁའ་དག་པ་དང་། དངས་པའི་རྒྱུ་ནོར་བུ་ཀེ་ཏ་ཀ་སོགས་ཀྱིས་དྲུངས་པར་བྱེད་དགོས་པ་ལ་མ་བྱས་པར། དངས་པའི་ཆུ་ཞེས་ཡོངས་གྲགས་ཀྱི་རྒྱུ་བཀག་ཀྱང་། བཤད་མ་ཐག་པ་གསུམ་པོ་འདི་སྟོན་གྱི་དུས་སུ་འབྱུང་བས། ཕྱི་སྟོན་གྱི་དུས་ལ་བབ་པའི་རྒྱུ་ཅུང་ཟད་ཀྱི་སྒོ་ནས་འབྲས་བུས་འགྲོ་བའི་ཡིད་ནི་འཕྲོག་པར་བྱེད་དོ། །དཔེར་ན། སྨྲ་བའི་འབབ་སྟེགས་དང་བྲལ་ཅ་ཅོ་སྒྲོག །(༧༢བ)


GLG020_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པ་མེད་པར་ཉིན་མཚན་ཀུན་ཏུ་འགྲོ། །གནོད་སེམས་མེད་པར་སྐྱེ་བོའི་རྒྱུ་ལམ་གཅོད། །ཚོན་གྱིས་མ་བསྒྱུར་མདོག་སྔོ་དབྱར་གྱི་ཆུ། །ཞེས་པ་ལྟ་བུ། གཉིས་པ་ཡོངས་གྲགས་ཀྱི་རྒྱུ་བཀག་ནས་ནང་གི་རྒྱུ་ཅུང་ཟད་དང་བཅས་པས་འབྲས་བུ་སྟོན་པའི་སྲིད་པ་ཅན་ལ་དངོས་དང་། གཉིས་ཀའི་དོན་བཤད་པ་གཉིས། དང་པོ་ནི། ནག་པའི་རྒྱུ་མིག་སྨན་མ་བསྐུས་པར། དཀར་བ་མིན་པར་གནག་པའི་མིག །སྨྲ་བའི་རྒྱུ་མནན་པ་མིན་པར་སྨིན་ན་སྨྲ་བ་དང་། དམར་བའི་རྒྱུ་ཚོན་གྱིས་མ་བསྐུས་པར་མཛེས་མ་ཁྱོད་ཀྱི་མཆུ་ནི་དམར་བ་འདིའོ་ཞེས་ཡོངས་གྲགས་ཀྱི་རྒྱུ་བཀག་ནས་ནང་ལང་ཚོ་རྒྱས་པའི་རྒྱུ་ཅུང་ཟད་བསྟན་པའོ། །དཔེར་ན། ཕྲོག་མིན་མཁས་པ་རྣམས་ཀྱི་ཐོས་པས་ཕྱུག །འཚེ་བ་མེད་པར་རྨོངས་པའི་ཚོགས་ཀུན་བཅོམ། །འདོད་དང་བྲལ་ཡང་ཡོན་ཏན་ཚོགས་ཀྱིས་འཁྱུད། །དབྱུ་གུས་མ་བསྐུལ་སྙན་པའི་སྐད་གསང་ལྡིར། །ཞེས་པ་ལྟ་བུ། གཉིས་པ་ནི། གང་གི་ཕྱིར་མ་འཐུངས་པ་དང་མ་བསྐུས་པ་དང་སོགས་ལས་སྐྱེས་པའི་འབྲས་བུ་མྱོས་པ་དང་ནག་པ་ཉིད་སོགས་ཀྱི་ཕྱི་ནང་གི་རྒྱུ་གཞན་ཅན་བསྟན་ནོ། །གསུམ་པ་གྲགས་མ་གྲགས་ཀྱི་རྒྱུ་གཉིས་ཀ་བཟློག་ནས་འབྲས་བུ་རང་གི་ངོ་བོ་ཉིད་སྟོན་པའི་སྲིད་པ་ཅན་ལ། དམ་བཅའ། དཔེ་དོན་དང་གསུམ། དང་པོ་ནི། རྒྱུ་མེད་པ་དག་ཀྱང་བརྗོད་འདོད་པ་དེ་ལ་སྐབས་འདིར་ནི་འགལ་བ་མེད་དོ། །གཉིས་པ་ནི། དྲི་ཞིམ་པའི་རྒྱུ་ལི་ཤི་སོགས་ཀྱིས་དགོས་པ་མེད་པར་ཁ་དྲི་ཞིམ། མཛེས་པའི་རྒྱུ་བཅོས་པ་མེད་པར་ལུས་པོ་མཛེས། དགྲའི་རྒྱུ་འཁོན་པ་དག་(༧༣ན)
མེད་པར་ཟླ་བ་དགྲ། གྲོགས་ཀྱི་རྒྱུ་མཚན་ཕན་པ་དག་མེད་པར་འདོད་པ་གྲོགས་སོ། །དཔེར་ན། རི་མོར་མ་བྲིས་རི་དྭགས་གཟུགས་ཀྱིས་མཛེས། །དགྲ་ཟླ་མིན་ཡང་པདྨའི་ཚོགས་ཀུན་འཇོམས། །རྒྱུ་མཚན་མེད་པར་ཆུ་གཏེར་འཕེལ་བར་བྱེད། །སྙེགས་མཁན་བྲལ་ཡང་མཁའ་ལ་དལ་མེད་འབྲོས། །ཞེས་པ་ལྟ་བུ། གསུམ་པ་ནི། བསྒོས་པ་མེད་སོགས་ཀྱི་ཚིག་གི་སྐབས་འདིར། གྲགས་མ་གྲགས་ཀྱི་རྒྱུ་ནི་དངོས་སུ་རབ་ཏུ་བཟློག་ཅིང་། དྲི་ཞིམ་པ་ཉིད་སོགས་འབྲས་བུར་བརྗོད་པ་དེའི་ཕྱིར། དེ་ནི་སྲིད་ཅན་གྱི་རྒྱན་ནོ། །ཀླུ་སྒྲུབ་པས་རྟོག་གེ་པའི་རིགས་པས་འགག་བཞག་སྣ་ཚོགས་འདུག་པ་ནི་སྙིང་པོར་མ་མཐོང་ལ། འབྲེལ་པ་སྔ་མ་ཕལ་ཆེར་ཡང་ཕྱོགས་རེའི་མིག་ཏུ་སོང་འདུག་པས། འདིར་ནི་སློབ་དཔོན་མཁས་པའི་ལེགས་བཤད་དོ། །

བསྡུས་བརྗོད་ཀྱི་རྒྱན་བཤད་པ།


GLG020_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་པ་བསྡུས་བརྗོད་ཀྱི་རྒྱན་ལ། མཚན་ཉིད། དཔེ་བརྗོད་གཉིས། དང་པོ་ནི། བརྗོད་འདོད་དཔེ་ཅན་གྱི་དངོས་པོ་འགའ་ཞིག་ལ་བསམ་པར་བྱས་ནས། དེ་དང་མཚུངས་པའི་དཔེའི་དངོས་པོ་གཞན་དག་ངག་ཏུ་བཀོད་པའི་སྒོ་ནས། དཔེ་ཅན་དེ་བསྡུས་པའི་ཚུལ་གྱིས་བརྗོད་པར་བྱེད་པ་དེ་ནི་བསྡུས་པ་བརྗོད་པར་འདོད་དོ། །གཉིས་པ་ལ་སྤྱི་དང་། བྱེ་བྲག་གཉིས། དང་པོ་ནི། བུང་བ་རྣམས་ཇི་ལྟར་འདོད་པ་བཞིན་དུ་པདྨ་རྒྱས་པ་ལས་སྦྲང་རྩི་འཐུང་བར་མ་ཟད། སྦྲང་རྩིའི་དྲི་ཞིམ་པོ་རྒྱས་པ་མ་ཡིན་ཡང་། མེ་ཏོག་ཆུང་ངུ་ཁ་མ་བྱེ་བ་ལ་མཆུ་སྦྱོར་བ་ལ་ལྟོས་ཞེས་དཔེ་དང་། དེས་དཔེ་ཅན་གང་བསྡུ་ན། ཆགས་ལྡན་(༧༣བ)


GLG020_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

འགའ་ཞིག་བུད་མེད་དར་མ་ལ་འཁྲིག་པ་བརྟེན་པའི་དགའ་བའི་རྩེ་དགས་བཅིངས་པར་མ་ཟད། དེའི་ཁྱད་པར་དག་འཁྲིག་པ་བརྟེན་མ་རན་པའི་བུ་མོ་ཆུང་ངུ་འགའ་ཞིག་དག་ལ་ཡང་འདོད་པ་འཕེལ་བ་སྟེ། མི་ཚངས་པར་སྤྱོད་པའི་ཚུལ་སྟོན་པར་བྱེད་དོ། །ཟུར་མཁར་མེ་ལོང་མའི་མེ་ལོང་དུ་ཀར་ཞེན་གྱིས་སྒར་པ་ཆོས་གྲགས་རྒྱ་མཚོས་མཛད་ཟེར་དཔེར་བརྗོད་བྲིས་འདུག་པ་ལ། རང་འོད་འབད་ནས་སྤྲོ་མོད་ཀྱང་། །ཟེར་བ་ནི། པདྨ་རྒྱས་པའི་ཕྱིར་དུ་ཟླ་བས་རང་འོད་སྤྲོ་བ་སེམས་མེད་རབ་རྟོག་ཏུ་སོང་བས། མི་ཤེས་པའི་རིགས་ཀྱིས་ཤེས་མདོག་བྱེད་པ་འདི། རང་གི་ནང་ཆ་སྟོན་པར་ཟད་དོ། །དཔེར་བརྗོད་ནི། །དཔག་བསམ་ཡོངས་འདུའི་ལྗོན་པའི་གྲིབ་སིལ་ལ། །ལོངས་སུ་སྤྱོད་པའི་དགའ་སྟོན་ཕྱིར་དོར་ནས། །ཚད་པའི་གདུང་བ་སྐྱབས་ཕྱིར་བླུན་པོ་འགའ། །ཤིང་སྐམ་འཁྱོག་པོའི་ཡལ་ག་དག་ལ་བརྟེན། །ཞེས་པ་ལྟ་བུ། གཉིས་པ་ལ་མདོར་བསྟན་རྒྱས་བཤད་གཉིས་ལས། དང་པོ་ནི། ཁྱད་པར་ཅན་ཙམ་ཐ་དད་ཅིང་། ཁྱད་ཆོས་རྣམ་པར་མཚུངས་པའང་ཡོད་ལ། ཡང་ཁྱད་གཞི་ཐ་དད་པ་ལ། ཁྱད་པར་ལ་ཐ་དད་ཅིང་ལ་ལ་ཐ་དད་མིན་པ་དང་། འདི་དག་ལས་གཞན་པ་སྔོན་མེད་པའི་བསྡུས་བརྗོད་འདི་དག་ཀྱང་ཡོད་དོ། །གཉིས་པ་ལ་གསུམ་ལས། དང་པོ་ཁྱད་གཞི་ཐ་དད་ཅིང་ཁྱད་ཆོས་མཚུངས་པའི་བསྡུས་བརྗོད་ནི། དཔེ་དཔག་བསམ་གྱི་ལྗོན་ཤིང་ཆེན་པོ་དང་དཔེ་ཅན་སྐྱེས་བུ་ཆེན་པོ་གཉིས་ཁྱད་གཞི་ཐ་དད་ཅིང་། ཁྱད་ཆོས་ཐུན་མོང་དུ་སྒྲ་འཇུག་རུང་དུ་ཡོད་པ། གཞན་གྱིས་བསྒུལ་(༧༤ན)


GLG020_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

མི་ནུས་པས་རྩ་བ་བརྟན་པ་དང་། སྡེ་བཞི་དང་ཤིང་ཏོག་གི་འབྲས་བུའི་ཁུར་གྱིས་བརྗིད་པ་དང་། སློང་བ་རྣམས་རྟག་ཏུ་ཡིད་དགའ་བ་རྒྱས་པར་བྱེད་པ་དང་། ཕན་བདེ་དང་ལོ་མའི་གྲིབ་མ་བར་མ་ཆད་པས་སྣུམ་པ་འདི་ནི་བདག་གིས་ཡང་དག་པར་ཐོབ་བོ་ཞེས་དཔེ་ཅན་ལ་བསམས་ནས་དཔེ་དངོས་སུ་བརྗོད་པའོ། །དཔེར་ན། ཟླ་བའི་མ་མ་གཏིང་དཔག་རྟོགས་དཀའ་ཞིང་། །རེ་འདོད་ཆེས་སྐོང་ནོར་བུའི་འབྱུང་གནས་མཆོག །སྐྱོ་ངལ་མེད་པར་རྒྱུ་ཞིང་བསིལ་འཇམ་ཅན། །སྐྱོན་ལྡན་རོ་དང་ལྷན་ཅིག་མི་གནས་མཚར། །ཞེས་པ་ལྟ་བུ། གཉིས་པ་ཁྱད་གཞི་ཐ་དད་ལ་ཁྱད་ཆོས་མཚུངས་ཤིང་མི་མཚུངས་པའི་བསྡུས་བརྗོད་ལ་དངོས་དང་། གཉིས་ཀའི་དོན་བཤད་པ་གཉིས། དང་པོ་ནི་དཔེ་དཔེ་ཅན་གཉིས་དང་། དེའི་ཁྱད་གཞི་ཐ་དད་ཚུལ་བཤད་མ་ཐག་པ་ལྟར་ལ། ཁྱད་ཆོས་ཡལ་གའི་ཁྱོན་ནི་མི་ཆུང་བ་དང་། མེ་ཏོག་དང་འབྲས་བུ་ཅིག་ཅར་དུ་ཕུན་སུམ་ཚོགས་པ་གཉིས་ནི་དཔེ་ཁོ་ནའི་ཁྱད་ཆོས་ཡིན་ལ། ཕན་བདེ་དང་ལོ་མའི་གྲིབ་སིལ། གཞན་གྱིས་བསྒུལ་བསྐྱོད་མི་ནུས་པར་བརྟན་པར་ལྡན་པ་གཉིས་ནི་མི་དམ་པ་དང་ཤིང་གི་དམ་པ་གཉིས་ཀ་ལ་ཐུན་མོང་དུ་འཇུག་ཏུ་རུང་བས། ཤིང་འདི་བདག་གི་སྐལ་བས་རྙེད་དོ་ཞེས་དཔེ་ཅན་ལ་བསམས་ནས་དཔེ་དངོས་སུ་བརྗོད་པའོ། །དཔེར་ན། འཇམ་ཞིང་ཡིད་འོང་མཛེས་སྡུག་ཅན། །ཟེའུ་འབྲུ་ཡལ་འདབ་རབ་ལྡེམ་པ། །པདྨ་དཀར་པོའི་ཆུན་པོ་འདི། །བུང་བ་རྣམས་ཀྱི་ཡིད་དུ་འོང་། །ཞེས་པ་ལྟ་བུ། འབྲས་བུ་ནི་སྡེ་བཞི་ལ་སྦྱར་ཆོག་པ་དང་། (༧༤བ)


GLG020_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཡལ་ག་རྒྱལ་པོ་ལ་སྦྱར་བར་འབྲེལ་མི་འབྱུང་བས། ཀླུ་སྒྲུབ་པ་དོན་མེད་གྱི་རྟོག་བཏགས་མ་མཛད་ཅིག །གཉིས་པ་ནི། བཤད་མ་ཐག་པ་གཉིས་ཀ་ལ་ཡང་སྐྱེས་བུ་མཆོག་འགའ་ཞིག་ལ་བསམ་ནས་ལྗོན་པ་ཉིད་ཀྱི་བསྔགས་པ་ཉེ་བར་བརྗོད་ནས་ཁྱད་པར་གྱི་ཆོས་རྣམས་ཐམས་ཅད་དཔེར་བརྗོད་སྔ་མ་ལ་དཔེ་དཔེ་ཅན་གཉིས་ཀ་ཐུན་མོང་དུ་ཡོད་ལ། གཞན་རྗེས་མ་ལ་རྣམ་པ་གཉིས་ཀར་ཡོད་མེད་སྣ་ཚོགས་སོ། །གསུམ་པ་སྔོན་མེད་བསྡུས་བརྗོད་ལ་དཔེ་དོན་གཉིས། དང་པོ་ནི། དཔེ་ཅན་རྒྱལ་པོ་ངན་པའི་སྤྱོད་པ་དང་མི་འགྲོགས་ཤིང་། དམ་པའི་སྤྱོད་ཚུལ་རང་བཞིན་གྱིས་མངར་བ། ལེགས་བྱས་ཀྱི་གཏེར་འདི་དུས་ཀྱི་ཕོ་ཉའི་དབང་གིས་འཆིའོ། །ཞེས་པ་ལ་བསམ་ནས། དངོས་སུ་དཔེ་བརྗོད་པ་ནི། སྦྲུལ་ངན་པ་འགྲོགས་པ་དང་བྲལ་ཞིང་བ་ཚྭ་མེད་པའི་རང་བཞིན་གྱིས་ནི་མངར་བའི་ནང་རིན་པོ་ཆེའི་འབྱུང་གནས་ཅན། ཆུའི་གཏེར་འདི་ནི་ཀྱེ་མ་དུས་ཀྱི་ཡོངས་སུ་སྐམས་པར་གྱུར་ཏོ། །ཞེས་སྦྲུལ་དང་བ་ཚྭ་མེད་པའི་རྒྱ་མཚོ་མི་འབྱུང་བས་སྔོན་མེད་པའོ། །དཔེར་ན། ལྷ་ཡི་ལམ་ལ་མི་འགྲོ་ཞིང་། ཀུ་མུད་རྒྱས་པར་མི་བྱེད་པའི། །ཆུ་ཤེལ་དབང་པོའི་དཀྱིལ་འཁོར་འདི། །བདག་གི་སྙིང་ལ་ཅི་ཡང་སྡུག །ཅེས་པ་ལྟ་བུ། །གཉིས་པ་ནི། རྒྱ་མཚོ་ལ་ཡོད་པའི་སྐྱོན་དེ་མེད་པར་བརྗོད་པ་ཡིས་བསམ་བྱའི་མཚུངས་ཆོས་བསྡུས་པས། སྐྱེས་བུའི་ཡོན་ཏན་གྱི་ལྡོག་པ་གསལ་བར་བྱེད་ཅིང་། སྔ་མའི་ཆོས་སྦྲུལ་སོགས་འཇིག་རྟེན་ན་གྲགས་པ་ནི་བཟློག་པའི་ཕྱིར་འདི་ནི་སྔོན་མེད་བསྡུས་པ་བརྗོད། །

ཕུལ་བྱུང་གི་རྒྱན་གྱི་སྐོར་བཤད་པ།


GLG020_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཅིག་པ་ཕུལ་བྱུང་གི་རྒྱན་ལ་མཚན་ཉིད་ཀྱིས་མདོར་བསྟན། དཔེར་བརྗོད་རྒྱས་པར་བཤད། བསྟོད་པས་མཇུག་བསྡུ་བ་དང་གསུམ། དང་པོ་ནི། ཁྱད་པར་གྱི་ནི་སྟེ་མཆོག་ཏུ་གྱུར་པར་བརྗོད་པར་འདོད་པ་གང་ཡིན་པའི་ཡོན་ཏན་རྣམས་འཇིག་རྟེན་གྱི་མཚམས་ལས་བརྒལ་བར་གྱུར་བའི་འུད་ཆེན་པོའི་སྒོ་ནས་ཕུལ་དུ་བྱུང་བར་བརྗོད་པ་འདི་རྒྱན་རྣམས་ཀྱི་དམ་པ་ཡིན་ཏེ། དཔེར་ན། གཉིས་པ་ལ་བཞི་ལས། དང་པོ་ཁྱད་འཕགས་ཕུལ་བྱུང་ལ་དཔེ་དོན་གཉིས། དང་པོ་ནི། ཁྱད་གཞི་མཛེས་མའི་ལུས་དཀར་བའི་སྟེང་གི་ཁྱད་ཆོས། མེ་ཏོག་ཤིན་ཏུ་དཀར་བ་མལླི་ཀཱ་ཡི་ཕྲེང་ཚོགས་ཅན་གྱི་ཐོད་བཅིངས་ཤིང་། ཙནྡན་དཀར་པོས་ལུས་ཀུན་ཁྱབ་པར་གཤེར་བ། ཤ་མི་སྒྲིབ་པའི་རས་དུ་ཀཱུ་ལ་དཀར་པོའི་གོས་ཅན། སྔོན་དུ་འགྲོ་བའི་དཀར་བ་འདི་ལ་ཟླ་བའི་འོད་ཀྱིས་མཚོན་ནུས་པ་མ་ཡིན་ནོ་ཞེས་འུད་བརྗོད་དོ། །དཔེར་ན། ལེགས་སྦྱར་ལ་སོགས་བཅུ་ཕྲག་རིག་པའི་གནས། །སྦྱངས་ཤིང་མཁྱེན་པའི་མཁས་དབང་སྨོན་འགྲོ་བའི། །རྨད་དུ་བྱུང་བའི་རྣམ་དཔྱོད་མཆོག་འདི་ལ། །འཇམ་དབྱངས་གཞོན་ནུ་དེས་ཀྱང་འགྲན་ནུས་མིན། །ཞེས་པ་ལྟ་བུ། གཉིས་པ་ནི། ཟླ་བའི་འོད་ནི་ཤིན་ཏུ་དཀར་བ་སོགས་ཡིན་པས་ལྷག་པ་ཉིད། དེ་ལས་ཀྱང་ཁྱད་པར་འཕགས་པ་དང་ལྡན་པར་བརྗོད་དོ། །གཉིས་པ་ཐེ་ཚོམ་ཕུལ་བྱུང་ལ། ལྷག་མ་རྣམས་ཀྱི་དམ་བཅའ་དང་། དངོས་གཉིས། དང་པོ་ནི། བཤད་མ་ཐག་པ་དེ་བཞིན་དུ་ཐེ་ཚོམ་ཕུལ་བྱུང་ལ་སོགས་ཀྱང་གསལ་ཕྱིར་ཅུང་ཟད་བསྟན་པར་བྱའོ། །གཉིས་པ་ནི། དགའ་མ་ཁྱོད་ཀྱི་ནུ་མ་དང་། དཔྱི་མགོ་སྟེ་འཚང་ར་(༧༥བ)


GLG020_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་པའི་ཉམས་སུ་བྱས་པའི་བར་ན་སྐེད་པ་ནི་ཡོད་དམ་མེད་ཅེས་བདག་གིས་ནི་ཐེ་ཚོམ་ད་དུང་བཟློག་པར་མ་གྱུར་ཏོ་ཞེས་པ་སྟེ། དཔེར་ན། ཉིན་མཚན་ཁོར་ཡུག་ཀུན་ཏུ་ཐོས་བསམ་ལ། །ངལ་མེད་བརྩོན་པས་བསྒྲུབ་པའི་ཤེས་ལྡན་ཁྱོད། །འབྱུང་འདུས་ལུས་ནི་འཚོ་བའི་བཟའ་བཏུང་དག །སྤྱོད་པའི་གོ་སྐབས་ཡོད་མེད་འཕྱང་མོ་ཉུག །ཅེས་པ་ལྟ་བུ། །གསུམ་པ་ངེས་པ་ཕུལ་བྱུང་ནི། ནི་ཏམྦི་ནི་སྨད་རྒྱས་མ་ཁྱོད་ཀྱི་དཔྱི་དང་ནུ་མའི་བར་ལ་ནི་སྐེད་པ་ཡོད་ཅེས་ངེས་པར་ནུས་ཏེ། འོ་མ་འཛིན་པའི་ཁུར་གནས་པའི་རྟེན་ཅིག་ངེས་པར་དགོས་ལ། སྐེད་པ་མེད་པའི་སྟོང་སང་ནམ་མཁའ་ལྟ་བུའི་རྣམ་པ་ལ་བརྟེན་པ་གཞན་དུ་སྲིད་པ་མིན་ནོ། །དཔེར་ན། གྲོགས་དང་རྩེ་དགར་རོལ་ཕྱིར་འཁྱུད་པའི་ཚེ། །ནུ་འབུར་མིན་པའི་འཇམ་ཞིང་གཉེན་པ་ཡིས། །མཛའ་བོའི་སྐེད་པར་རེག་བྱའི་བདེ་སྟེར་བ། །ལུས་ཕྲའི་རྒྱན་འཆང་ཡུལ་དེར་ངེས་པ་རྙེད། །ཅེས་པ་ལྟ་བུ། བཞི་པ་ངོ་མཚར་ཕུལ་བྱུང་ནི། ས་སྐྱོང་ཁྱོད་ཀྱི་གྲགས་པའི་ཕུང་པོ་འདི་ནི་དཔག་ནུས་མིན་ཡང་སྲིད་པ་གསུམ་པོ་འདིར་ནི་ཤོང་བ། ཨེ་མ་ས་འདིའི་ཁོངས་དག་ཤིན་ཏུ་ཡངས་སོ། །དཔེར་ན། འཇམ་མགོན་བླ་མ་ཀུན་མཁྱེན་ཙོང་ཁ་བའི། །མཁྱེན་བརྩེའི་ཕ་མཐའ་འཆི་མེད་ལམ་གྱིས་ཀྱང་། གཞལ་ནུས་མིན་འདི་བསིལ་ལྡན་ཁ་བའི་ལྗོངས། །ཤོང་བའི་སྣོད་ནི་ཨེ་མ་ངོ་མཚར་ཆེ། །ཞེས་པ་ལྟ་བུ། གཞུང་གི་ཚིག་ཟིན་གཙོ་བོར་བྱས་ནས་གྲགས་པ་ཕུལ་བྱུང་ཞེས་འཆད་འདུག་ནའང་། རྒྱ་ཆུང་བར་མངོན་ལ། འགྲེལ་པ་སྔ་མ་རྣམས་སུ་ལྡོག་པའི་ཕུལ་བྱུང་སོགས་(༧༦ན)
མང་པོར་སྤྲོ་བའི་དཔེར་བརྗོད་མཛད་ཀྱང་། ཚིག་ཚོགས་ཆེ་བ་ཙམ་དུ་ཟད་ཅིང་། རྒྱན་འདྲེས་པ་སྤྲོ་བར་ཤར་ན་དཔེ་རྒྱན་སུམ་ཅུ་སོ་གཉིས་དང་སྦྱར་བའི་ཕུལ་བྱུང་འོང་བས་མཚོན་ཏེ་བསྟོད་སྨད་ཀྱི་རྒྱན་འདྲེས་པ་ཁྲི་ཕྲག་བརྒལ་བ་འབྱུང་བའི་ཕྱིར། བློ་གྲོས་ཀྱིས་དཔོགས་པ་ལས་བརྗོད་པར་མི་ནུས་སོ། །གསུམ་པ་བསྟོད་པས་མཇུག་བསྡུ་བ་ནི། སྔར་བཤད་པ་དང་འཆད་འགྱུར་གྱི་རྒྱན་ནི་གཞན་པ་དག་ལས་ཀྱང་། སྙན་ངག་མཁན་ངག་གི་དབང་པོ་རྣམས་ཀྱིས་མཆོད་པར་གྱུར་པ་སྟེ་བསྔགས་པ་བརྗོད་པའི་ཡུལ་ནི་ཕུལ་བྱུང་གི་རྒྱན་ཞེས་པར་བརྗོད་པ་འདི་གཅིག་པུ་ཉིད་ནི་མཆོག་ཏུ་བརྗོད་དོ། །

རབ་རྟོག་གི་རྒྱན་གྱི་སྐོར་བཤད་པ།


GLG020_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རྟོག་གི་རྒྱན་གྱི་སྐོར་བཤད་པ།བཅུ་གཉིས་པ་རབ་རྟོག་གི་རྒྱན་ལ་མཚན་ཉིད། །དཔེར་བརྗོད། ལོག་རྟོག་དགག་པ། རབ་རྟོགས་གསལ་བྱེད་ཀྱི་སྒྲ་བཤད་པ་དང་བཞི། དང་པོ་ནི། སེམས་ལྡན་སྲོག་ཆགས་དག་གམ། ཅིག་ཤོས་སྲོག་མེད་ཀྱི་རྣམ་པར་གཞན་དུ་གནས་པའི་ཚུལ་གང་ཡིན་པ་ལ་དམིགས་ནས། གང་དུ་དངོས་པོ་གཞན་གྱི་གནས་ཚུལ་ལ་སྒྲོ་བཏགས་ནས། རྣམ་པ་གཞན་རབ་ཏུ་རྟོག་པ་ལྟར་སྟོན་པ་དེ་ནི་རབ་རྟོག་ཏུ་རིག་ཏེ། དཔེར་ན། གཉིས་པ་ལ་གསུམ་ལས། དང་པོ་སེམས་ལྡན་རབ་རྟོག་ལ་དཔེ་དོན་གཉིས། དང་པོ་ནི་གླང་པོ་ཆེ་དག་ནི་ཉི་མའི་གུང་ལ་ཉི་མའི་ཚ་བས་གདུངས་པ་ཡིས། བསིལ་བའི་ཆེད་དུ་པད་མཚོར་འཇུག་པ་ལ། ཉི་མས་གདུངས་པའི་ལན་དུ། དེའི་ཕྱོགས་སུ་གྱུར་པའི་པདྨ་རྣམས་གཞོམ་པར་འདོད་པ་ཡིན་ནམ་སྙམ་ཞེས་(༧༦བ)


GLG020_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་བཏགས་སོ། །དཔེར་ན། དབྱངས་ཅན་ཐོར་ཚུགས་རྣམ་པར་གཡོ་བའི་རྩེ། །ཟླ་ཚེས་གསར་པས་རབ་ཏུ་ལེགས་བརྒྱན་པ། །དམར་ཕྱོགས་རྫོགས་པ་གསུམ་པའི་སྔོ་བསངས་དུས། །སྟུག་པོའི་མུན་པ་སེལ་བར་དགོངས་སམ་སྙམ། །ཞེས་པ་ལྟ་བུ། གཉིས་པ་ནི། ལག་ལྡན་ཁྲུས་དང་བཏུང་བ་དང་པད་རྩ་ཟ་བའི་ཕྱིར་ཆུར་འཇུག་པ་ལ། དེ་ནི་འཁོན་ལན་གླེན་པའི་ཕྱིར་ཡིན་ནོ་ཞེས་སྙན་ངག་མཁན་གྱིས་རབ་བཏགས་བརྗོད་དོ། །གཉིས་པ་སེམས་མེད་རབ་རྟོགས་ལ་དཔེ་དོན་གཉིས། དང་པོ་ནི། ལུས་ཕྲས་མཛེས་པའི་ཕྱིར་དུ་ཨུཏྤལ་རྣ་གོང་དུ་འཛུགས་པ་ལ་འདི་ནི་མིག་བདག་གི་དཀྱུས་རིང་བ་དག་འགོག་པར་བྱེད་པའི་ཆེད་དུ་རྣ་བའི་རྒྱན་གྱི་ཟོལ་དུ་འོངས་སོ་ཞེས། དེའི་ལན་དུ་ཁྱོད་ཀྱི་མིག་གི་ཟུར་རིང་པོར་སྤྲོས་ནས་རྣ་བ་ཡི་ཨུཏྤལ་ལ་འགོང་བ་འདྲའོ། །དཔེར་ན། འཇའ་འོད་ལུས་ཕྲས་འཁྲིལ་བག་གིས། །འདོད་པའི་དགའ་སྟོན་ལ་སྤྱོད་པར། །བ་སྤུའི་ཚོགས་རྣམས་ཉེར་ལངས་ཏེ། །མགོ་བོ་བཏེགས་ནས་བལྟ་བ་བཞིན། ཞེས་པ་ལྟ་བུ། གཉིས་པ་ནི། མིག་ཟུར་ཆར་ནི་ལྷུང་པར་གྱུར་པ་ལ་བཏགས་ནས། མིག་གི་འོད་ཀྱིས་ཨུཏྤལ་ལ་རེག་པ་མིན་ཡང་། སྙན་ངག་མཁན་གྱི་དེ་ལྟར་རབ་ཏུ་བཏགས་ཏེ་བརྗོད་དོ། །གསུམ་པ་ཏིང་ངེ་འཛིན་གྱི་རབ་རྟོག་ནི། སེམས་མེད་མཚན་མོ་མུན་པ་ཐེབས་པ་དེས། སེམས་ལྡན་གྱི་བྱ་བ་རང་གི་ལུས་ལ་མུན་པ་འབྱུག་པ་བཞིན་ནོ། །སེམས་མེད་ནམ་མཁའ་འདིས་ནི་སེམས་ལྡན་གྱི་བྱ་བ་མིག་སྨན་གྱི་ཆར་པ་འབེབས་པ་བཞིན་ནོ། །ཞེས་པ་འདི་དང་། ཡར་ངོའི་སྒྲས་རབ་རྟོག་གི་(༧༧ན)


GLG020_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དང་ལྡན་པ་ཤིན་ཏུ་མང་ངོ་། །དཔེར་ན། ཟླ་གཞོན་ཤར་བས་ཀུ་མུད་ཏ། །དགའ་བས་ཡང་ཡང་འཛུམ་པ་བཞིན། །བུང་བས་བཅུད་རྣམས་ཁྱེར་དོགས་ནས། །གེ་སར་སྐྲག་ནས་འདར་བ་བཞིན། །ཞེས་པ་ལྟ་བུ། གསུམ་པ་ལོག་རྟོག་དགག་པ་ལ་ལུང་དང་འགལ་བ། རིགས་པ་དང་འགལ་བ། མཇུག་བསྡུ་བ་དང་གསུམ། དང་པོ་ནི། འདིར་ནི་བཞིན་གྱི་སྒྲ་ཡིས་འགའ་ཞིག་ལ་དཔེ་རྒྱན་ཉིད་དུ་ནི་འཁྲུལ་པ་སྐྱེད་ཀྱང་མི་རིགས་ཏེ་འབྱུག་པ་བཞིན་སོགས་ཀྱི་བྱིངས་སྒྲུབ་ལ་ཙནྡྲ་པ་ལྟར་ན་ལེགས། ཀ་ལཱ་པ་ལྟར་ན་ཀུན་བཤད་ཀྱི་ཝ་རྟ་མ་ནའི་གཅིག་ཚིག་ཏེ་བྱིན་ཤུལ་ཏི་ངའི་མཐའ་ཡིན་ལ། དཔེ་ལ་དེ་ཕན་གྱི་རྐྱེན་སྟེར་དགོས་པས་མ་ཡིན་ནོ་ཞེས་པཱ་ཎི་སོགས་ཀྱི་ཡིད་ཆེས་ཀྱི་གསུང་ལས་འདའ་མི་རིགས་པས་སོ། །གཉིས་པ་ནི། དཔེ་དང་དཔེར་བྱ་ཉིད་དག་ནི་མཚུངས་པའི་ཆོས་ལ་ལྟོས་དགོས་པས་ན། འབྱུག་པ་དང་ནི་མུན་པ་གཉིས་ལ་དཔེ་དོན་གྱི་མཚུངས་ཆོས་འདི་ཞེས་མངོན་དུ་མཐོང་བར་གྱུར་ཏམ་ཅི་སྟེ་མེད་དོ། །གལ་ཏེ་འབྱུག་པ་ཉིད་དཔེར་བརྗོད་འདོད་ན། འབྱུག་ཅེས་པ་བྱ་བ་ལས་གཞན་པ་ཅི་སྟེ། མུན་པ་དང་ཐ་མི་དད་དོ། །འབྱུག་པ་དེ་ཉིད་མཚུངས་ཆོས་དང་། ཆོས་ཅན་དཔེ་ཡང་ཡིན་ཞེས་པ་མ་སྨྱོས་པ་སུས་ཀྱང་འཆད་པ་མ་ཡིན་ནོ། །གལ་ཏེ་བྱེད་པ་དཔེ་ཡིན་ན། ཏི་ཞེས་པའི་བྱ་ཚིགས་ལ་འབྱུག་ཅེས་པ་ནི་དབང་དང་བྲལ་བར་འགྱུར་ཏེ། རང་གི་བྱ་བ་འབྱུག་པ་ཉིད་ཀྱང་བསྒྲུབ་མི་ནུས་པས་ན། གཞན་གྱི་དཔེ་དོན་མཚུངས་ཆོས་སུ་སྦྱོར་བའི་རེ་ལྟོས་སུ་བྱར་མི་འགྱུར་རོ། །གང་(༧༧བ)


GLG020_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གིས་འབྱུག་པ་འདི་དང་ནི་མུན་པ་མཚུངས་ཞེས་སྨྲ་ན་ཡང་། ལུས་ལ་ཞེས་པ་ལས་ཀྱི་ཚིག་དཔེ་དོན་མ་འབྲེལ་ཏེ། དེ་ཡང་ཡོན་ཏན་སོགས་ཀྱི་མཚུངས་ཆོས་ལྟ་ཅི་སྨོས་ཏེ་མེད་དོ། །དཔེར་ན་ཁྱོད་གདོང་ཟླ་བ་བཞིན། ཞེས་པས་དཔེ་དཔེ་ཅན་གྱི་སྒོ་ནས་མཛེས་ཆོས་རྟོགས་པར་འགྱུར་བ་སྟེ་དེ་བཞིན་དུ་འབྱུག་པ་འདི་ལ་ཡང་ནི་འབྱུག་པ་ལས་གཞན་པའི་མཚུངས་ཆོས་ཞིག་རྟོགས་དགོས་པ་ལ་དེ་རྟོགས་པ་མ་ཡིན་པས་དཔེ་མ་གྲུབ་བོ། །གསུམ་པ་ནི། རྒྱུ་མཚན་དེའི་ཕྱིར་འབྱུག་པ་ཞེས་བརྗོད་པ་འདི་ད་ནི་བྱ་བ་མུན་པ་བྱེད་པ་དང་། ལུས་ཀྱང་ལས་སུ་ཉེ་བར་སྦྱར་བའི་དོན་ཏོ། །སྐྱེས་བུ་མཁས་པས་དེ་ལྟར་རབ་བཏགས་ཞེས་འདོད་པར་བྱའོ། །བཞི་པ་ནི། སྙམ་དང་དོགས་དང་ངེས་དང་འདྲ། མིན་ནམ་ཞེས་པ་ལ་སོགས་པའི་སྒྲ་ཡིས་རབ་བཏགས་གསལ་བར་བྱེད། བཞིན་གྱི་སྒྲ་ཡང་དེ་དང་འདྲ། ཞེས་པ་རྣམས་ཀྱི་དཔེར་བརྗོད་རིམ་པ་བཞིན། དབྱངས་ཅན་བཻཌཱུར་རྒྱུད་མང་བརྡུངས་པ་ན། །དབྱར་རྔ་སྐྱེངས་ཏེ་སྤྲིན་གོས་གྱོན་ནམ་སྙམ། །རི་དྭགས་མིག་ཅན་བཞིན་གྱི་མཛེས་སྡུག་གིས། །ཆུ་ཤེལ་དབང་པོ་གླིང་གཞན་བྲོས་ཀྱི་དོགས། །སྡེ་སྲིད་ཕག་གྲུས་རྫོགས་ལྡན་བོས་པ་ན། །ང་ལས་ནུ་དེ་སླར་ཡང་འོངས་པར་ངེས། །ཤོང་སྟོན་རིག་བྱེད་འཆད་པའི་རྣམ་དཔྱོད་འདི། །བསྟན་ཚེ་ཕུར་བུ་ས་འདིར་འོངས་པ་འདྲ། །དབྱངས་ཅན་ཞལ་ཁྱིམ་དཀར་ཞིང་འཛུམ་པ་ཡིས། །པདྨའི་ཚོགས་རྣམས་དགའ་ནས་རྒོད་མིན་ནམ། །ཞེས་པ་ལྟ་བུ། ལེའུ་དང་པོའི་མཛེས་པའི་རྒྱན་གྱི་སྐབས་སུ། ལག་པ་ལྟ་བུ་ཕུ་དུང་གི་ནང་དུ་འཇུག་བཞིན་པའི་ལག་(༧༨ན)
པ་ཞིག་ལ། ལག་པ་འདི་ཆེས་གྲགས་ནས་ཕུ་དུང་གི་ནང་དུ་མ་ཤོང་ངོ་ཞེས་འུད་བྱེད་པ་ཡིན་ལ། ཕུལ་བྱུང་གི་སྐབས་སུ་ལག་པ་འདི་གང་གིས་ཀྱང་གཞལ་མ་ནུས་པའི་ཆེན་པོ་ཞིག་ཡིན་ཀྱང་། ཕུ་དུང་འདིར་ཆུད་པ་ཡ་མཚན་ནོ་ཞེས་པ་ཞིག་དགོས་པས་ཁྱད་པར་ཆེ་ཞིང་། ལེའུ་དང་པོའི་ཏིང་ངེ་འཛིན་ལ་རབ་རྟོག་གསལ་བྱེད་ཀྱི་སྒྲ་མེད་ཅིང་། འདིར་ཡང་ཡོད་པས་བློ་གསར་བ་རྣམས་མགོ་བོ་མགལ་མེ་ལྟར་འཁོར་མི་དགོས་སོ། །

རྒྱུའི་རྒྱན་གྱི་སྐོར་བཤད་པ།


GLG020_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའི་རྒྱན་གྱི་སྐོར་བཤད་པ།བཅུ་གསུམ་པ་རྒྱུའི་རྒྱན་ལ། མཚམས་སྦྱར་དང་། དངོས་གཉིས། དང་པོ་ནི། རྒྱུའི་རྒྱན་འདི་ནི་ཚིག་རྣམས་དག་གི་རྒྱན་གྱི་མཆོག་གོ །གཉིས་པ་ལ་མདོར་བསྟན། རྒྱས་བཤད། འཇུག་བསྡུ་བ་དང་གསུམ། དང་པོ་ནི། རྒྱུ་ལ་ནི། བྱེད་པོ་གང་གིས་ལས་དང་བྱ་བ་བྱེད་བཞིན་པས་འབྲས་བུ་བསྐྱེད་པའི་ཚུལ་གང་ཡང་རུང་བ་ཞིག་ནི་བྱེད་པོའི་རྒྱུ་དང་། དུ་བའི་རྟགས་ལས་མེ་ཡོད་པར་རྟོགས་པ་ལྟ་བུ་ཤེས་བྱེད་ཀྱི་རྒྱུ་དེ་དག་ལ་རྣམ་པ་དུ་མ་དཔེར་བརྗོད་ན་གཉིས་པ་ལ་དངོས་པོའི་རྒྱུ། དངོས་མེད་ཀྱི་རྒྱུ་མཚར་བའི་རྒྱུ་དང་གསུམ། དང་པོ་ལ་བྱེད་པོའི་རྒྱུ་དང་། ཤེས་བྱེད་ཀྱི་རྒྱུ་གཉིས་དང་པོ་ལ་སྒྲུབ་བྱེད་ཀྱི་རྒྱུ་དང་། ལས་ཀྱི་རྒྱུ་གཉིས། དང་པོ་ལ་གཉིས་ལས། དང་པོ་སྐྱེད་བྱེད་འགྲུབ་པའི་རྒྱུ་ལ་དཔེ་དོན་གཉིས། དང་པོ་ནི། ཙནྡན་གྱི་ལྗོན་པ་གསར་བ་ཡི་ཡལ་འདབ་ལྷོ་ཕྱོགས་མ་ལ་ཡའི་རླུང་གིས་ནི་སྐྱོད་པར་བྱེད་པ་ལས་བྱུང་བའི་དྲི་ཞིམ་པའི་བསེར་བུ་འདི་སྐྱེད་བྱེད་དེ་རྒྱུ་ཡིན་ལ། བསྐྱེད་བྱ་འབྲས་བུ་ནི། རླུང་འདི་ཕོག་(༧༨བ)


GLG020_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱེ་བོ་ཀུན་སྔར་མེད་གསར་དུ་ཡིད་ཀྱི་དགའ་བ་སྐྱེད་པར་བྱེད་པ་དེའོ། །དཔེར་ན། ངག་གི་དབང་ཕྱུག་དབྱངས་ཅན་མའམ། རྨད་བྱུང་ཐུགས་རྗེ་ཆེན་པོ་དེས། །བདག་ལ་འཆད་རྩོད་རྩོམ་པ་ཡི། །བློ་གྲོས་སྣང་བ་ཅི་ཡང་འཕེལ། །ཞེས་པ་ལྟ་བུ། གཉིས་པ་ནི། འགྲོ་བ་ཀུན་དགའ་བ་བསྐྱེད་པར་འོས་པའི་རྒྱུ། རླུང་དང་དྲི་བསིལ་བའི་རང་བཞིན་ཉེ་བར་སྦྱར་བ་འདི་སྐྱེད་བྱེད་ཀྱི་རྒྱུའི་རྒྱན་ཉིད་དུ་ནི་རབ་བསྟན་ཏེ། དགའ་བ་དེ་ལས་ལྡོག་པ་དག་ཀྱང་འཆད་པར་འགྱུར་པས། དེ་དང་མཚུངས་སོ། །གཉིས་པ་ཉམས་བྱེད་འགྲུབ་པའི་རྒྱུ་ལ། དཔེ་དོན་ཞར་བྱུང་དང་གསུམ། དང་པོ་ནི། མ་ལ་ཡ་ཡིས་ཆུ་རྒྱུན་ལ་རེག་ཅིང་བདར་བས་བསིལ་བ་དང་། ཙནྡན་གྱི་ནགས་བསྐྱོད་པ་ལས་དྲི་ཞིམ་དང་ལྷན་ཅིག་ཏུ་འོངས་པའི་རླུང་ནི་སྐྱེད་བྱེད་དང་སྐྱེད་བྱ་མགྲོན་པོ་རྣམས་བུད་མེད་དག་དང་བྲལ་ནས་རིང་པོར་སོང་བ་ལ་ཕོགས་པས་ཆུང་མ་དྲན་ནས་དགའ་བ་ཉམས་ཏེ་འཆི་བ་བྱེད་པའི་ཕྱིར་ཉེ་བར་གནས་སོ། །ཞེས་དོན་དྲིལ་ན་རྒྱུ་གཅིག་གིས་འབྲས་བུ་བསྐྱེད་ལུགས་གོ་ལྡོག་པའོ། །དཔེར་ན། སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི། །ཕུལ་བྱུང་མཁྱེན་བརྩེ་ནུས་པ་ཡིས། །མེ་ཏོག་མདའ་ཅན་དཔུང་ཚོགས་ཀྱི། །བློ་གྲོས་སྐལ་བ་ངན་པར་བྱས། །ཞེས་པ་ལྟ་བུ། གཉིས་པ་ནི། དེ་ལྟར་བྱུང་བའི་རླུང་གི་རྒྱུས་ནི་འབྲས་བུ་བུད་མེད་དང་བྲལ་བའི་སྐྱེ་བོ་ཆགས་པ་རིམ་པས་འཕེལ་བ་ལས་བྱུང་བར་གྱུར་པ་ཡིད་འོང་མ་ལ་སྲེད་པ་འཕེལ་བས་དགའ་བ་ཉམས་པ་སྒྲུབ་པར་བྱེད་པར་(༧༩ན)


GLG020_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་སོ། །གསུམ་པ་ནི། དཔེར་ན། དཔྱིད་ཀ་ས་བོན་བཏབ་པའི་རྒྱུས། སྟོན་ཀ་སྔར་མེད་ཀྱི་འབྲས་བུ་སྐྱེད་པར་བྱེད་པ་ལྟ་བུ་ནི་འགྲུབ་པར་བྱེད་པ་དང་། སྣམ་བུ་དཀར་པོ་དེ་འགྱུར་བྱ། འགྱུར་བྱེད་རམས་ཀྱིས་འབྲས་བུ་གནས་སྐབས་གཞན་སྔོན་པོར་སོང་བ་ནི་རྣམ་འགྱུར་ཏེ། འགྱུར་བྱེད་ཀྱི་ངོ་བོ་ཉིད་ལ་ལྟོས་པའི་རྒྱུ་ཉིད་དོ། །ཐོབ་པའི་ལས་ཕལ་ཆེར་ནི་བྱ་བ་ལ་ལྟོས་པའི་རྒྱུ་ཉིད་ཡིན་ཏེ། དཔེར་ན། ནས་ཁལ་གཅིག་ལྟ་བུའི་ཡོན་དེ་འབྲས་བུ་ཐོབ་བྱ་ཡིན་ལ། ཐོབ་བྱེད་བརྒྱད་སྟོང་པ་ལྟ་བུ་ནི་མ་ཡིན་པར། དེ་ཀློག་པའི་བྱ་བ་དེ་ཡིན་ནོ། །འདི་དག་གི་སྐོར་འགྲེལ་བ་ཕལ་ཆེར་ལ་མི་གསལ་ཞིང་། འགའ་ཞིག་ཏུ་རྟོག་བཏགས་ཀྱིས་ལོག་པར་འཕྱན་པ་ཡང་སྣང་མོད། འདིར་ནི་སློབ་དཔོན་མཁས་པའི་གསུང་ལ་བརྟེན་ནས་གཞུང་དོན་ཉི་མ་ལྟ་བུར་གསལ་བར་བྱས་པས། ལེགས་པར་བཤད་དྲགས་པའི་སྐྱོན་གྱིས་སྟག་ལུང་མཁས་པས་མི་ཟིན་པའི་དཔེ་ལྟར། བླ་ཆེན་རྣམས་ཐུགས་རྒྱལ་བཞེངས་པར་གྱུར་ན་བཟོད་པར་གསོལ་ལོ། །གཉིས་པ་ལས་ཀྱི་རྒྱུ་ལ། དམ་བཅའ་བ། རྣམ་འགྱུར་གྱི་རྒྱུ། ཐོབ་བྱའི་རྒྱུ་དང་གསུམ། དང་པོ་ནི། འགྲུབ་པར་བྱེད་པའི་རྒྱུ་དག་ནི་བསྟན་ཟིན་པ་དེ་ལྟར། ལྷག་མ་གཉིས་པོ་ཡི་དཔེར་བརྗོད་གཉིས་ནི་ད་ལྟ་ཉིད་དུ་བཀོད་པར་བྱས་ནས་དེ་རྗེས་ཤེས་པར་བྱེད་པ་ཡང་བསྟན་པར་བྱའོ། །གཉིས་པ་ནི། ལོ་འདབ་གསར་དུ་འཁྲུངས་པའི་ནགས་ཚལ་དང་། འདབ་བརྒྱ་རབ་ཏུ་རྒྱས་པའི་རྫིང་བུ་དང་། (༧༩བ)


GLG020_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་རྒྱས་པ་རྣམས་ནི་འགྱུར་བྱ་ཡིན་ལ། དེ་རྣམས་མཐོང་བ་ལ་བརྟེན་ནས་བུད་མེད་དང་བྲལ་བས་ཉེན་པ་རྣམས་ལ་འགྱུར་བར་བྱེད་མཁན་འདོད་པ་ཡིས་འགྱུར་བྱ་དེ་རྣམས་མགྲོན་པོས་ལྟ་བའི་དུག་ཏུ་བྱས་པ་སྟེ་བསྒྱུར་བ་ལྟ་བུའོ། །དཔེར་ན། སོར་མོའི་འཕྲུལ་གྱིས་ལེགས་གྲུབ་པའི། །ཐབས་སུ་བྱས་པའི་ལྭ་བ་དཀར། །ལི་ཁྲིས་གོས་ཤིང་དྲས་སྡེབས་པས། །དགེ་སྦྱོང་མཆོག་གི་བླ་གོས་མཛེས། །ཞེས་པ་ལྟ་བུ། གསུམ་པ་ནི། སྐྱེ་བོ་ལང་ཚོ་ཅན་དེས་བུ་མོ་མཛེས་མ་རང་གི་ཐོབ་བྱའི་འབྲས་བུ་དང་། བུ་མོ་དེའི་གྲོགས་མོ་འགའ་ཞིག་གིས་དེ་གཞན་དང་མཐུན་པ་ལ་ཞེ་སྡང་བ་ཡིན་ཡང་། འཕྲལ་མཛའ་བའི་གནས་སུ་བཀོད་པ་སྟེ་སྙིང་གཏམ་ལྟར་བྱས་ནས། མཛའ་བོ་ལ་ཁེངས་པ་གོམས་པར་བྱའོ་ཞེས་ཟེར་བ་བུ་མོས་རིག་སྟེ། སྨིན་མ་འཁྱོག་ཅིང་མིག་གཡོན་དུ་ལོག་པ་དང་། སྨོད་ཚིག་གི་མཆུ་ནི་གཡོ་ཞིང་ཁྲོ་བའི་ཚུལ་གྱིས་ལྟ་བ་བྱེད་པ་ནི་ཐོབ་བྱེད་ཀྱི་རྒྱུ་ཡིན་ནོ། །དཔེར་ན། དབང་ཕྱུག་གོ་ཆས་དཀའ་སྤྱད་ཀྱིས། །གཞོན་ནུ་གདོང་དྲུག་ལེགས་བསྒྲུབ་པས། །ལེགས་སྦྱར་གནས་ལ་ལྟ་བའི་བློ། །དཀའ་བ་མེད་པར་ལྷུན་གྱིས་གྲུབ། །ཅེས་པ་ལྟ་བུ། གཉིས་པ་ཤེས་བྱེད་ཀྱི་རྒྱུ་ལ་གཉིས་ལས། དང་པོ་ཕྱི་ཤེས་བྱེད་ཀྱི་རྒྱུ་ནི། ཉི་མ་ནུབ་པར་གྱུར་ཅིང་། ཟླ་བ་ཡང་གསལ་ཞིང་མཛེས་ལ། འདབ་ཆགས་རྣམས་ནི་སོ་སོའི་གནས་སུ་ཉལ་བར་སོང་ངོ་། །ཞེས་པ་འདི་ལྟ་བུ་བརྗོད་པ་གང་ཤེས་བྱེད་ཀྱི་རྒྱུ་དང་། ཤེས་བྱ་མཚན་མོའི་དུས་ཀྱི་གནས་སྐབས་གོ་བར་བྱེད་པ་ལེགས་པར་བསྟན་པ་ཉིད་དོ། །དཔེར་ན། ལྗོན་ཤིང་ལོ་འདབ་གསེར་གྱི་མདངས་འཛིན་(༨༠ན)


GLG020_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །གང་བུའི་ཚོགས་རྣམས་རབ་སྨིན་ཁུར་གྱིས་ལྕི། །ཆུ་ལྷའི་བུ་ཡི་དཀྱིལ་འཁོར་མངོན་པར་གསལ། །ཉལ་འགྲོའི་རྒྱུན་རྣམས་ནད་སེལ་བདུད་རྩིར་གྱུར། །ཅེས་པ་ལྟ་བུ། གཉིས་པ་ནང་ཤེས་བྱེད་ཀྱི་རྒྱུ་ནི་ཟླ་བའི་འོད་ཀྱིས་ཀྱང་མི་བཟློག་ཅིང་། ཙནྡན་གྱི་ཆུ་ཡིས་ཀྱང་བཟོད་པར་མི་ནུས་པའི་གྲོགས་མོ་ཁྱོད་ཀྱི་ལུས་ཀྱི་དྲོད་ཀྱི་གདུང་བ་འཛིན་པ་འདི་ཉིད་ནང་ཤེས་བྱེད་ཀྱི་རྒྱུ་དང་། ཤེས་བྱ་ནི་གྲོགས་སྙིང་དུ་སྡུག་པ་ལ་ཡིད་འདོད་པས་གཟིར་བ་གོ་བའོ། །ཞེས་པའི་སྦྱོར་བ་རྣམས་ལ་ཡིད་དུ་འོང་བ་ཤེས་པར་བྱེད་པའི་རྒྱུ་དག་མཚོན་ནོ། །དཔེར་ན། ཤེས་བྱའི་གཞུང་གི་དཀའ་བའི་གནས་རྣམས་དག །མཐོང་ཚེ་འཛུམ་དང་བཅས་ཏེ་ལྷུག་པར་སྨྲ། །ཡོན་ཏན་དྲེགས་པས་འགྱིང་བ་མང་ཚོགས་ཚེ། །འཇིགས་པ་མེད་པར་ཆོས་ཀྱི་འཁྲི་ལ་འགྱིང་། །ཞེས་པ་ལྟ་བུ། གཉིས་པ་དངོས་མེད་ཀྱི་རྒྱུ་ལ་དམ་བཅའ། དཔེར་བརྗོད་གཉིས། དང་པོ་ནི། དངོས་མེད་ཀྱི་རྒྱུས་མཁས་པ་ཡིད་འཕྲོག་པས། འགའ་ཞིག་རབ་ཏུ་བསྟེན་པར་བྱའོ། །གཉིས་པ་ལ་རྒྱུ་མེད་པའི་འབྲས་བུ་ལྡོག་པར་བྱེད་པ་རྒྱུ་མེད་པས་འབྲས་བུ་མེད་པ་བསྐྱེད་པ། དོན་བསྡུ་བ་དང་གསུམ། དང་པོ་ལ་བཞི་ལས། སྔ་ན་མེད་པའི་བྱེད་རྒྱུ་ནི། རིག་པའི་གནས་རྣམས་ནི་མ་བསླབས་པས་གོམས་པ་མེད་པ་དང་། བློ་ལྡན་རྣམས་དང་མ་འགྲོགས་པས་དེ་དག་ལས་ལེགས་བཤད་ཐོས་པ་མེད་པ་དང་། དབང་པོ་རྣམས་ནི་མི་སྡོམས་པས་བསམ་གཏན་བསྒོམ་པ་མེད་པ་གསུམ་ནི་རྒྱུ་མེད་པ་ཡིན་ལ། འབྲས་བུ་ནི་དེ་འདྲ་བའི་མི་རྣམས་རབ་ཏུ་གདུང་བ་སྐྱེད་པར་འགྱུར་རོ། །དཔེར་ན། ཕྱག་(༨༠བ)


GLG020_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བསྒོམ་པའི་གྲལ་དུ་མ་སྡད་ཅིང་། །བླ་ཆེན་མང་པོའི་རྣམ་ཐར་མ་སྐྱངས་ལ། །རྟོག་གེ་ཙམ་ལ་མི་ཚེ་མ་སྒྲིལ་བས། །ཤོང་དཔང་མཁས་པའི་གོ་ས་ཁོ་བོས་ཐོབ། །ཅེས་པ་ལྟ་བུ། གཉིས་པ་ཞིག་ནས་མེད་པའི་བྱེད་རྒྱུ་ནི། འདོད་པའི་གཏམ་ཐོས་པ་ཙམ་གྱིས་ཡིད་མྱོས་པ་སོང་བ་སྟེ་ཞིག་པ་དང་། ལང་ཚོ་རྒྱས་པ་ཡིས་ནི་ཆགས་པ་རིམས་ནད་ལྟ་བུར་འཕེལ་བ་དག་ཉམས་པ་སྟེ་ཞིག་པ་དང་། འདོད་པ་ལ་རྨོངས་པ་ཟད་པ་སྟེ་ཞིག་ཅིང་། སྲེད་པ་འཕོས་པ་སྟེ་ཞིག་པ་ནི་རྒྱུ་ཞིག་པ་ཡིན་ལ། འབྲས་བུ་ནི་ན་ཚོད་རྒས་པས་བསོད་ནམས་ཀྱི་གནས་དགེ་བ་ལ་ཡིད་དགའ་བར་བྱས་སོ། །དཔེར་ན། ཚེ་རབས་གཞན་དུ་སྦྱངས་པའི་ཡོན་ཏན་བརྗེད། །ངོ་ཚ་ཁྲེལ་ཡོད་ཚུལ་ཡང་རྣམ་པར་འགྲིབས། །ཤེས་རབ་མཐའ་དག་མངལ་གྱི་སྒྲིབ་པས་སྦགས། །ཟོག་རྫུན་བླུན་པོའི་རང་འཚང་སྟོན་ལ་འབད། །ཅེས་པ་ལྟ་བུ། གསུམ་པ་ཕན་ཚུན་མེད་པའི་བྱེད་རྒྱུ་ནི་ནགས་ཚལ་འདི་དག་གི་སྐྱོན་ཡོན་ནི་ཁྱིམ་ལ་མེད་ལ། ཁྱིམ་གྱི་སྐྱོན་ཡོན་ཡང་ནགས་ཚལ་ལ་ཡོད་པ་མ་ཡིན་པས་ཕན་ཚུན་གཅིག་ལ་གཅིག་མེད་པ་དེ་རྒྱུ་དང་། བདག་ཉིད་ནི་ནགས་ཚལ་ན་ཡོད་པ་དེའི་ཕྱིར་ནགས་ཚལ་ལ་ཁྱིམ་གྱི་སྐྱོན་དེ་མེད་སྙམ་པའི་ཡིད་དགའ་བ་དེ་འབྲས་བུ་ཡིན་ནོ། །དེ་བཞིན་དུ་ཆུ་ཀླུང་འདི་དག་བུད་མེད་མ་ཡིན་པ་དང་རི་དྭགས་འདི་དག་བུ་ཚ་མ་ཡིན་པས། ཕན་ཚུན་གཅིག་ལ་གཅིག་མེད་ཀྱི་རྒྱུས་འབྲས་བུ་བུད་མེད་དང་བུ་ཚའི་སྐྱོན་མེད་པའི་དགའ་བ་དེའོ། །དཔེར་ན། ཟླ་བ་འདི་ནི་ལུས་ཕྲའི་གདོང་མ་ཡིན། །རི་བོང་མཚན་མ་སྒེག་མོའི་འདྲེན་(༨༡ན)


GLG020_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མིན། །བསིལ་བའི་ཟེར་འདི་རྔུལ་གྱི་ཐིགས་པ་མིན། །དེ་ཕྱིར་བྲམ་ཟེ་དག་ནི་ཡིད་རབ་དགའ། །ཞེས་པ་ལྟ་བུ། བཞི་པ་སྤངས་ནས་མེད་པའི་བྱེད་རྒྱུ་ནི་འཕགས་པ་རྣམས་ལ་ཤིན་ཏུ་མ་བརྟགས་པའི་སྤྱོད་པ་ནི་ཡོད་པ་མ་ཡིན་པ་དེའི་ཕྱིར་ཏེ། དེ་དག་རྣམས་ཀྱི་སྐྱོན་ནི་སྤངས་ནས་མེད་པས་རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པ་ཐམས་ཅད་རྟག་ཏུ་འཕེལ་བའོ། །དཔེར་ན། བག་མེད་སྤྱོད་པའི་རྣམ་ཐར་དང་། །རྨོངས་པའི་ངང་ཚུལ་རིང་སྤངས་པས། །དབྱངས་ཅན་མ་དེས་རྗེས་བཟུང་ནས། །འཆད་རྩོད་རྩོམ་པའི་སྤོབས་པ་ཐོབ། །ཅེས་པ་ལྟ་བུ། གཉིས་པ་རྒྱུ་མེད་པ་ལས་འབྲས་བུ་མེད་པ་བསྐྱེད་པའི་བྱེད་རྒྱུ་ནི། སྐྱེད་མོས་ཚལ་གྱི་ས་ཧ་ཀ་ར་རྣམས་སྙེམ་མ་འཁྲུངས་མིན་ན་ཞེས། སྙེ་མ་འཁྲུངས་ཡོད་པ་ལ་དངོས་མེད་ཀྱི་དགག་ཚིག་ཉིས་བརྩེགས་སུ་བྱས་ནས། དགག་པ་དངོས་པོ་མེད་པ་དེ་རྒྱུ་དང་། འབྲས་བུ་མགྲོན་པོ་རྣམས་ཐག་རིང་པོར་སོང་བའི་བུད་མེད་སྙེ་དེ་མཐོང་བ་ལ་བརྟེན་ནས་ཤི་མ་ཟིན་པས་མ་འོངས་པ་དངོས་མེད་དེ་བསྐྱེད་པས། འཇིག་རྟེན་པའི་ལུགས་ལྟར་ཏིལ་དང་བཅས་པའི་ཁྱོར་ཆུ་སྦྱིན་བྱར་འགྱུར་རོ། །སྙིང་པོར་དྲིལ་ན་ལྷས་བྱིན་དེ་སངས་རྒྱས་ལ་མི་དད་པའི་ལོག་ལྟ་མེད་ན་འཕགས་ལམ་འཐོབ་བོ། །ཞེས་པ་སྟེ། དཔེར་ན། དེ་ཝ་དཏྟ་རྒྱལ་ལ་མི་དད་པའི། ལོག་ལྟ་མེད་ན་ཟས་གཙང་སྲས་པོ་ཡིས། །ལེགས་གསུངས་ཆོས་སྤྱོད་ལམ་གྱི་བདེན་པ་དག །རྒྱུད་ལ་མངོན་གྱུར་འཕགས་པའི་ས་ཡང་འཐོབ། །ཅེས་པ་ལྟ་བུ། གསུམ་པ་དོན་བསྡུ་བ་ནི། (༨༡བ)


GLG020_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་རིག་པ་ཞེས་པ་ལྟ་བུ་ནི་དངོས་པོ་ཡིན་ལ། མ་གོམས་ཞེས་པ་ལྟ་བུ་དངོས་མེད་ཀྱི་དོན་ཡིན་ཅིང་། རྒྱུ་མེད་པ་དེས་འབྲས་བུ་ཡོད་པ་བསྐྱེད་པའི་རང་བཞིན་དག་ལ་འདིར་སྔར་མེད་པ་ལ་སོགས་པའི་རང་བཞིན་གྱི་དངོས་པོར་གྱུར་པ་ཡི་ནི་རྒྱུ་ཉིད་དོ། །གསུམ་པ་མཚར་བའི་རྒྱུ་ལ་རྣམ་གྲངས་མདོར་བསྟན་པ། དཔེར་བརྗོད་རྒྱས་པར་བཤད་པ་གཉིས། དང་པོ་ནི། མཚར་བའི་རྒྱུ་རྣམས་ལ་རྒྱུ་རིང་པོས་རིང་བའི་འབྲས་བུ་བསྐྱེད་པ་དང་། རྒྱུ་འབྲས་ལྷན་ཅིག་ཏུ་སྐྱེས་པ་དང་། དེ་བཞིན་དུ་འབྲས་བུའི་རྗེས་དེ་མ་ཐག་ཏུ་རྒྱུ་སྐྱེས་པ་དང་། རྒྱུར་རིགས་པ་མིན་པས། འབྲས་བུ་བསྐྱེད་པ། རྒྱུར་རིགས་པས་འབྲས་བུ་བསྐྱེད་པར་བྱེད་ཅེས་པ་སོགས་གྲངས་མེད་དོ། །གཉིས་པ་ལ་བསྔགས་པ་བརྗོད་པ་དང་། དངོས་གཉིས་དང་པོ་ནི། སྙན་ངག་སྦྱོར་བའི་ལམ་རྣམས་ལ་བརྟེན་ནས་འདི་རྣམས་ལ་རྒྱུར་བཏགས་པའི་འཇུག་པ་ལ་བརྟེན་པ་ཤིན་ཏུ་མཛེས་པ་དག་མཐོང་སྟེ། དེའི་དཔེར་བརྗོད་ཇི་ལྟར་ན། དཔེར་བྱའོ། །གཉིས་པ་ལ་ལྔ་ལས། དང་པོ་རིང་འབྲས་ཀྱི་རྒྱུ་ནི། ལུས་ཅན་མ་ཁྱོད་ཀྱི་མིག་གི་ཟུར་ཞེས་པ་ཀུན་ལས་རྒྱལ་བར་བྱེད་པ་ལུས་མེད་དག་གི་མཚོན་ཆ་ཡིན་ལ། དེ་ལྟ་བུའི་རྒྱུ་ཟུར་མིག་གང་དེ་གཞན་ལྷས་བྱིན་ལ་རབ་ཏུ་འཕངས་པས། དེ་འབྲས་བུ་ཆགས་པས་མྱོས་པར་མ་ཟད། དེ་ཡིས་ཆེད་དུ་མ་གཉེར་བའི་རིང་པོར་གནས་པའི་མཆོད་སྦྱིན་བདག་གི་ཡིད་ཀྱང་བཅོམ་མོ། །དཔེར་ན། འཇམ་དབྱངས་ས་ལོ་ཀུན་དགའ་རྒྱལ་མཚན་གྱིས། །དགས་རྒྱུད་གྲུབ་མཐའ་དམིགས་ཕུག་བཀག་པ་ཡིས། །ཆེད་དུ་གཉེར་མིན་ཞི་བྱེད་(༨༢ན)


GLG020_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཤངས་པ་དང་། །གཅོད་ཡུལ་པ་སོགས་རྒན་པོའི་ངག་སྒྲོས་ཞིག ཅེས་པ་ལྟ་བུ། གཉིས་པ་རྒྱུ་འབྲས་ལྷན་ཅིག་པ་ནི། སྐྱེས་བུ་འགའ་ཞིག་ལུས་སྐྱེས་ཏེ་འདོད་པས་དྲག་ཏུ་མྱོས་པ་རྒྱུ་འབྲས་བུ་གདོང་དམར་ཞིང་རྒོད་པ་དང་། མིག་འབྲུ་ཚུགས་སུ་ལྟ་བ་སོགས་རྣམ་འཕྲུལ་སྣ་ཚོགས་པ་དང་། བུ་མོ་ཡོངས་སུ་ནུབ་པ་སྟེ་ལང་ཚོ་མ་སྨིན་པ་ལས་ཡོལ་བ་རྒྱུ་དང་། བུད་མེད་ན་ཚོད་དར་བའི་འདོད་པ་བསྟེན་རན་པ་སྐྱེས་པ་དེ་རྣམས་འབྲས་བུ་ལྷན་ཅིག་ཉིད་དུ་འབྱུང་ངོ་། དཔེར་ན། རྡུལ་བྲལ་སྟོན་གྱི་ནམ་མཁའ་ལ། །ཉི་མའི་དཀྱིལ་འཁོར་ཤར་བ་དང་། །ལྷན་ཅིག་པདྨ་དཀར་པོ་ཡི། །འདབ་མའི་ཚོགས་རྣམས་རྒྱས་པར་བྱས། །ཞེས་པ་ལྟ་བུ། གསུམ་པ་འབྲས་བུ་སྔ་བའི་རྒྱུ་ནི། རི་དྭགས་མིག་ཅན་གྱི་ཆགས་པ་རྒྱ་མཚོ་ཆེན་པོའི་གཟུགས་སུ་བཀོད་པ་རྒྱས་པར་གྱུར་པའི་འབྲས་བུ་སྔར་ཉིད་ནས་གྲུབ་ཟིན་པའི་རྗེས་སུ། སྒྲོ་བཏགས་ཀྱི་རྒྱུ་བདུད་རྩིའི་འོད་ཟེར་རབ་ཏུ་འཕྲོས་པའི་ཟླ་བ་ཡི་ནི་དཀྱིལ་འཁོར་ཕྱིས་ནས་ཤར་བས་སོ། །དཔེར་ན། ལང་ཚོ་དར་བབས་འདོད་ལྡན་གཞོན་ནུ་དག་སྨིན་ལེགས་ལུས་ཕྲར་དགྱེས་དགུར་རབ་སྤྱད་ནས། །སླད་ནས་མཛེས་ཤིང་སྡུག་པའི་རྣམ་འགྱུར་ལ། །མི་ཟད་ཆགས་མྱོས་དྲག་པོ་ཅི་ཡང་འཕེལ། །ཞེས་པ་ལྟ་བུ། བཞི་པ་རིགས་མིན་གྱི་རྒྱུ་ནི། ལྷ་གཅིག་ཁྱོད་ཀྱི་ཞབས་གཉིས་པོ་དམར་བའི་ཉི་མ་གཞོན་ནུ་ལ་རེག་པ་རྒྱུ་དང་། འབྲས་བུ་མི་རིགས་པ་རྒྱལ་པོ་རྣམས་ཀྱི་ལག་པའི་པདྨ་ཟུམ་པར་བྱེད་པ་ཅི། དཔེར་ན། ཕྱི་རོལ་གཟུགས་སྣང་(༨༢བ)
མཐའ་དག་ཀུན། །གསལ་བར་མཐོང་བྱེད་རྟ་བདུན་པ། །ཤར་བས་འབྱུང་པོ་བྱ་ཡི་ཚོགས། །མཐོང་བའི་གོ་སྐབས་བྲལ་འདི་མཚར། །ཞེས་པ་ལྟ་བུ། ལྔ་པ་རིགས་པའི་རྒྱུ་ནི། རྒྱལ་པོ་ཁྱོད་ཀྱི་ཞབས་སེན་ཟླ་བ་ཡི་འོད་ཟེར་ཀུནྡ་དྲི་མ་མེད་པ་རྣམས་རྒྱུ་དང་། འབྲས་བུ་རིགས་པ་ས་སྐྱོང་རྣམས་ཀྱི་ལག་པ་ཡི་པདྨ་ཟུམ་པར་བྱེད་པ་ལ་དབང་པོ། དཔེར་ན། ངག་གི་རང་བཞིན་མཐའ་དག་གྲུབ་པའི་དཔྱིད། །ཟད་མེད་ཀུན་ལ་འཇོ་བའི་ལེགས་བཤད་གཏེར། །ཚངས་སྲས་ལྷ་མོ་ཡུན་དུ་ཉེར་བསྟེན་པས། །སྙན་ངག་གཞུང་བརྒྱ་སྨྲ་བའི་དགའ་སྟོན་ཐོབ། །ཅེས་པ་ལྟ་བུ། དཔེར་བརྗོད་ཕྱི་མ་གཉིས་རྩ་བ་དང་བསྟུན་ནས་གཟུགས་རྒྱན་འདྲེས་ཀྱང་སྐྱོན་མེད་པས། འགྲེལ་པ་ཕལ་ཆེར་ལ་དེ་ལྟར་སྣང་མོད། ཁོ་བོས་གཟུགས་ཅན་དང་མ་འདྲེས་པའི་ངོས། གཞུང་གི་དགོངས་པར་འགྲོ་བའི་དཔེར་བརྗོད་བགྱིས་པ་ནི། མངོན་ཤེས་དང་གྲུབ་རྟགས་སོགས་མི་འདུག་ཀྱང་། ཤེས་བྱ་འདི་ཚོ་བསླབས་ནས་ཤེས་པའི་ལག་རྟགས་ཡིན་ནོ། །གསུམ་པ་དོན་བསྡུ་བ་ནི། ཞེས་པ་རྒྱུ་ཡི་རྣམ་པར་རྟོག་པ་རྣམས་ཀྱི་ལུགས་ནི་རྣམ་པ་གསུམ་འདི་འདྲ་བ་དག་ཏུ་བསྟན་ནོ། །

ཕྲ་མོའི་རྒྱན་བཤད་པ།


GLG020_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་མོའི་རྒྱན་བཤད་པ།བཅུ་བཞི་པ་ཕྲ་མོའི་རྒྱན་ལ། མཚམས་སྦྱར། མཚན་ཉིད། དཔེར་བརྗོད་དང་གསུམ། དང་པོ་ནི། ཕྲ་མོ་ནི་རྒྱན་གྱི་མཆོག་གོ །གཉིས་པ་ནི། བློ་མངོན་དུ་བཏང་བའི་སྒོ་ནས། དོན་བརྡའ་ཐབས་ཟུར་གྱིས་ཐོན་པ་དང་། བློ་མངོན་དུ་མ་བཏང་བར་ལུས་ངག་གི་རྣམ་འགྱུར་གྱིས་ནང་མཚོན་པའི་དོན་ཕྲ་ཞིང་རྟོགས་དཀའ་བའི་ཕྱིར། ཕྲ་མོ་ཞེས་པར་(༨༣ན)


GLG020_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དོ། །གསུམ་པ་ལ་གཉིས་ལས། །དང་པོ་ཟུར་གྱི་ཕྲ་མོ་ལ། དཔེ་དོན་གཉིས། དང་པོ་ནི། སྐྱེས་བུ་ཞིག་བུད་མེད་ཅིག་ལ་སེམས་ཆགས་ནས། ནམ་ཞིག་འུ་ཅག་གཉིས་འགྲོགས་པར་འགྱུར་རོ་ཞེས་མི་མང་པོའི་ཚོགས་སུ་བརྗོད་པར་མི་བཟོད་པས། མཛའ་བོའི་ཆགས་པ་དེ་བུད་མེད་ཀྱིས་རིག་ནས་རྩེ་དགའ་རོལ་བའི་ཆེད་དུ། རྒྱན་གྱིས་པདྨོའི་ཁ་མཛུབ་མོས་ཟུམ་པར་བྱས་ནས་མཚན་མོ་འགྲོགས་པར་ཟུར་གྱིས་བརྡ་བསྟེན་ནོ། །དཔེར་ན། དབང་ཕྱོགས་འཛིན་མའི་རྩེ་མོ་ནས། །ཆུ་ཤེལ་དབང་པོའི་དཀྱིལ་འཁོར་དག །ཤར་ཚེ་རིག་བྱེད་སྨྲ་བ་འགའ། །ལག་པའི་སོར་མོ་སྙིང་ཁར་སྦྱོར། །ཞེས་པ་ལྟ་བུ། གཉིས་པ་ནི། ལུས་སྐྱེས་ཏེ་འདོད་པ་དག་གིས་གཟིར་བ་ཡི་མཛའ་བོའི་དབུགས་དབྱུང་བར་འདོད་པ་ཡིས་ན། ཉིན་མོའི་སྣང་བ་མེད་པའི་བརྡར་པདྨ་ཁ་ཟུམ་པར་བྱས་པ་ལས། འདིར་ནི་མཚན་མོ་འགྲོགས་པར་བསྟན་ནོ། །གཉིས་པ་རྣམ་པའི་ཕྲ་མོ་ལ་དཔེ་དོན་གཉིས། དང་པོ་ནི་གླུ་གར་བྱེད་པའི་ཚོགས་ཀྱི་མདུན་སར་སྐྱེས་བུ་ཞིག་གི་མིག་བུད་མེད་ཁྱོད་ཀྱི་གདོང་ལ་གཏད་པ་སྟེ། མི་གཡེང་བར་བལྟས་པས་ཆེད་དུ་མ་གཉེར་ཀྱང་རང་ཤུགས་ཀྱིས་ལྟ་བ་པོ་དེའི་གདོང་པ་ཆུ་སྐྱེས་འདྲ་བ་མདོག་དམར་ཞིང་། རྔུལ་གྱི་ཐིགས་པ་གསལ་བ་དང་། སྤུ་ལོང་རྒྱས་པའི་མཛེས་པ་ཅི་ཡང་འབྱུང་བར་གྱུར་བའི་རྣམ་པའི་ཕྲ་མོས་བུད་མེད་དེ་ལ་ཆགས་པ་དེ་སྟོན་ནོ། །དཔེར་ན། མི་བསྲུན་གླགས་བལྟའི་མུ་སྟེགས་ཀྱིས། །ཡུན་དུ་གཤེ་ཡང་ཉི་མའི་གཉེན། །ཐགས་བཟང་ཚེམས་དཀར་བཞི་བཅུ་དག །(༨༣བ)
ལུས་ཅན་མིག་གི་ཉེར་འཚོར་གསལ། །ཞེས་པ་ལྟ་བུ། གཉིས་པ་ནི། འདིར་ཡང་རང་བཞིན་གྱི་སྒྲས་མ་བརྗོད་པར་འཁྲིག་པ་ལ་དགའ་བའི་དགའ་སྟོན་འདོད་པ་དག །དམར་བ་སོགས་རྣམ་འགྱུར་ལས་བུད་མེད་ཀྱིས་ངེས་པར་རྟོགས་ཏེ་ལྷན་ཅིག་ཏུ་གནས་པ་ཉིད་དུ་གྱུར་པ་ནི་ཕྲ་མོ་ཉིད་ལས་བརྒལ་བ་མ་ཡིན་ནོ། །བསྡུས་བརྗོད་ནི་དཔེ་ཅན་ལ་བསམ་ནས་དེ་ལ་སྦྱར་དུ་རུང་བའི་དཔེ་ཁོ་ན་བརྗོད་པའི་སྒོ་ནས་དོན་དེ་བསྡུ་བ་ཡིན་ལ། འདིར་ནི་ཚིག་མེད་པར་བརྡའ་ཐབས་སམ་ལུས་ཀྱི་མདངས་ཙམ་གྱིས་དོན་གོ་ནུས་པ་ཞིག་དགོས་པས་མི་འདྲའོ། །

ཆའི་རྒྱན་བཤད་པ།


GLG020_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཆའི་རྒྱན་བཤད་པ།བཅོ་ལྔ་པ་ཆའི་རྒྱན་ལ། མཚམས་སྦྱར་བ། མཚན་ཉིད་དང་བཅས་ཏེ་དམ་བཅའ་བ། དཔེར་བརྗོད་དང་གསུམ། དང་པོ་ནི། ཆ་ནི་རྒྱན་གྱི་མཆོག་གོ །གཉིས་པ་ནི་ཆ་ནི་ཆ་ཡིས་དངོས་པོའི་རང་བཞིན་ངེས་པར་གསལ་བ་སྦ་དགོས་པ་ལྟ་བུ་བསྒྲིབ་བྱ་དང་། དེ་དངོས་པོ་གཞན་དུ་ཁ་བསྒྱུར་བའི་ཟོལ་གྱིས་བསྒྲིབ་པར་བྱེད་པའི་ཆ་ནས། དེའི་དཔེར་བརྗོད་གཉིས་ཀྱི་སྒོ་ནས་འདི་ཡི་ནི་རང་བཞིན་ངེས་པར་གསལ་བར་བྱའོ། །གསུམ་པ་ལ། དངོས་པོ་གསལ་བ་ཟོལ་གྱིས་སྦེད་པའི་ཆ་དང་། ཟོལ་གྱིས་སྨོད་ཅིང་བསྟོད་པའི་ཆ་གཉིས། དང་པོ་ལ་གཉིས་ལས། དང་པོ་འོས་པའི་ཆ་རྒྱན་ནི། རྒྱལ་པོའི་བུ་མོ་སྐྱེད་མོས་ཚལ་དུ་འགྲོ་བ་ལ་སྐྱེ་བོ་འགའ་ཞིག་ཆགས་པས་མྱོས་ཏེ། བདག་ཉིད་ཀྱི་ལུས་སྤུ་རྒྱས་པ་དེ། ཆགས་པ་ལ་སྤུ་ལོང་རྒྱས་པ་འོས་པ་དང་། དེ་བུ་མོ་སྲུང་བ་པོ་རྣམས་ཀྱིས་རིག་པར་གྱུར་པ་ལས་རང་ཉིད་བཅོམ་དོགས་པས་བསྒྲིབ་བྱ་ཡིན་ལ་སྒྲིབ་བྱེད་ཀྱེ་མ་དགའ་ཚལ་འདི་(༨༤ན)


GLG020_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ་བའི་རླུང་དང་ལྡན་པ་ཡིན་པར་ཤེས་ཏེ། ཞེས་རླུང་ལ་བརྟེན་ནས་སྤུ་ལོང་རྒྱས་པར་ཟོལ་གྱིས་སྨྲས་པས། སྤུ་ལོང་རྒྱས་པ་དེ་བསྒྲིབ་བྱ་དང་སྒྲིབ་བྱེད་གཉིས་ཀ་ལ་འོས་སོ། །དཔེར་ན། སྙན་ངག་གཞུང་བརྒྱ་སྨྲ་བའི་ཆེད། །དབྱངས་ཅན་བསྡོམ་པའི་ཏིང་འཛིན་ལ། །གནས་ཚེ་མྱུར་དུ་སངས་རྒྱས་དག །ཐོབ་ཕྱིར་ཀ་དག་ངང་ལ་ཡུར། །ཞེས་པ་ལྟ་བུ། གཉིས་པ་མི་འོས་པའི་ཆའི་རྒྱན་ལ་དངོས་དང་གཉིས་ཀའི་དོན་བསྡུ་བ་གཉིས། དང་པོ་ནི། ཅི་ལྟར་བུ་མོ་མཛེས་མ་མཐོང་བ་ཉིད་ན། སྐྱེས་བུ་བདག་གི་སེམས་ལ། ཆགས་པས་མཆི་མ་བྱུང་བ་ནི་བསྒྲིབ་བྱ་དང་། དགའ་བ་ལ་མཆི་མ་བྱུང་བ་མི་འོས་པ་ཡིན་ལ། སྒྲིབ་བྱེད་ནི་རླུང་གིས་གཙུབས་ཤིང་བསྐྱོད་པའི་མེ་ཏོག་གི་རྡུལ་གྱིས་བདག་གི་མིག་ཏུ་ཆད་པས་སུན་ཕྱུང་ངོ་། །དཔེར་ན། ཟླ་བ་མཐོང་བས་སྙིང་གྲོགས་དྲན་པའི་ལུས། །ཆགས་པའི་དབང་གིས་དྲོད་ནི་འཕེལ་པ་ལ། །མཆོད་པའི་རྟེན་ལ་ཕྱག་དང་བསྐོར་བ་སོགས། །ངལ་བརྒྱས་འབད་པས་ལུས་ནི་རྡུལ་བ་ཡིན། །ཞེས་པ་ལྟ་བུ། གཉིས་པ་ནི། ཞེས་པའི་རྒྱན་འདི་སྒྲིབ་པ་ལ་སོགས་པའི་སྐབས་སུ་ནི་ཤིན་ཏུ་མཛེས་པ་ཡིན་ནོ། །གཉིས་པ་ལ་མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། སྙན་ངག་མཁན་ཁ་ཅིག་ཆ་ལ་སྟེ་ཟོལ་ཚིག་གིས་བསྟོད་པ་ལྟར་བྱས་ནས་སྨད་པའམ་སྨད་པ་ལྟར་བྱས་ནས་བསྟོད་པར་བྱས་པ་ལ་ཆ་ཞེས་བརྗོད་དོ། །གཉིས་པ་ལ་གཉིས་ལས་དང་པོ་སྨད་པའི་ཆ་ལ། དཔེ་དོན་གཉིས། དང་པོ་ནི། ལྷ་ཅིག་མ་རུངས་པའི་སྐྱོན་བརྗོད་འདོད་པ་བསྒྲིབ་བྱ་སྒྲིབ་བྱེད་རྒྱལ་པོ་གང་(༨༤བ)


GLG020_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་ཡིད་གཡུལ་གྱི་དགའ་སྟོན་ལ་ཆགས་ལྡན་འདོད་པའི་དགའ་སྟོན་བས་ཀྱང་ཆགས་ཤིང་གཟི་བརྗིད་དང་ལྡན་པ་ལང་ཚོ་རྒྱས་པའི་ཡོན་ཏན་ཅན་འདི་མཛེས་པར་ཁྱོད་ཀྱི་བདག་པོར་འོས་སོ། །དཔེར་ན། ཟང་ཟིང་ནོར་དང་སྟོབས་རྣམས་ཐབས་ཀྱིས་བསྡུ། །འཁོར་རྣམས་ལྟོ་གོས་ཀྱིས་ཚིམ་ལུས་སེམས་དག །ངལ་མེད་སྟེར་བས་བླ་མ་ཆེན་པོ་འདི། ཁྱེད་ཀྱིས་འདི་ཕྱིར་སྐྱབས་སུ་བསྟེན་པར་རིགས། །ཞེས་པ་ལྟ་བུ། གཉིས་པ་ནི། ཕ་རོལ་འཇོམས་པ་སོགས་བརྩོན་འགྲུས་ཁྱད་པར་འཕགས་པ་ལྟར་རང་བསྟོད་པའི་སྒྲིབ་བྱེད་ཀྱིས། སྐབས་འདིར། དོན་གཡུལ་འཁྲུག་ལ་དགའ་བ་སོགས་སྨད་པ་ཉིད་ཀྱི་སྒོ་ནས་སྒྲིབས་པའི་ཤུགས་ལ་འདོད་པའི་ལོངས་སྤྱོད་ལ་རྒྱུན་དུ་སྤྱོད་པར་འདོད་པའི་བུ་མོའི་བསམ་པ་དེ་ལ་དགའ་བ་དག་ན་བཟློག་པར་ནུས་སོ། །གཉིས་པ་བསྟོད་པའི་ཆ་ལ་དཔེ་དོན་གཉིས། དང་པོ་ནི། མཛའ་མོའི་གནོད་པ་རབ་ཏུ་གཞིལ་བ་ཉིད་ཀྱི་ཕྱིར་དུ། བདག་པོ་གང་གིས་ངག་འཇམ་ཞིང་སྙན་པར་སྨྲ་བ་ལ་སླབ་པར་བྱས་ཀྱང་དོན་སྐྱེ་བོ་འདི་ནི་གཡོ་ཅན་བརྩེ་བ་མེད་པ་ཡིན་པས། དེ་ཡིས་གྲོགས་མོ་བདག་གི་གཏན་གྲོགས་ཅི་ལ་བྱ་སྟེ་མི་བྱའོ། །ཞེས་འཕྲལ་ངན་པ་ལྟར་སྨད་པའི་སྒྲིབ་བྱེད་ཀྱིས། དོན་འཇམ་པ་སོགས་བསྟོད་པ་སྒྲིབས་པའི་ཤུགས་ལ་ལེགས་པར་གོ་བའོ། །དཔེར་ན། འཁོར་རྣམས་ཐོས་ཕྱིར་ཉིན་མཚན་ལུས་སེམས་བྲེལ། །ཏིང་འཛིན་བཟླས་བརྗོད་དཀའ་སྤྱད་དྲག་པོར་སྦྱོར། །སྡོམ་གསུམ་འགལ་ལ་ཆད་འབེབས་ཟང་ཟིང་དཀོར། །མི་སྟེར་ཡོངས་འཛིན་ངན་པ་(༨༥ན)
འདི་འདྲས་ཅི། །ཞེས་པ་ལྟ་བུ། གཉིས་པ་ནི། སྐྱེ་བོ་འདི་ལ་འདུད་པར་མ་བྱེད་ཅེས་གྲོགས་མོས་ཁེངས་པ་རབ་ཏུ་བསྟན་ཀྱང་། མཛའ་མོ་ཆགས་པའི་ཕྱིར་ཁེངས་པ་བྱེད་མ་ནུས་པ་ནས། སྐྱོན་བརྗོད་པ་ལྟར་སྣང་ཡང་། ཡོན་ཏན་གང་སྙན་པར་སྨྲ་བ་ཉིད་སོགས་ཀྱང་བསྟན་ནོ། །

རིམ་པ་ཅན་གྱི་རྒྱན་བཤད་པ།


GLG020_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པ་ཅན་གྱི་རྒྱན་བཤད་པ།བཅུ་དྲུག་པ་རིམ་པ་ཅན་གྱི་རྒྱན་ལ་མཚན་ཉིད་དང་། དཔེར་བརྗོད་གཉིས། དང་པོ་ནི། དངོས་པོ་འགའ་ཞིག་རབ་ཏུ་བསྟན་པ་རྣམས་ཀྱི་འབྲེལ་པར་འོས་པ་ཕྱིས་རིམ་པ་བཞིན་རྗེས་སུ་སྟོན་པ་ལ་གྲངས་དང་གོ་རིམ་མ་འཁྲུགས་པ་བཞིན་ཞེས་པ་གྲངས་བཞིན་ནམ། རིམ་པ་ཅན་ཞེས་རབ་ཏུ་བརྗོད་དོ། །གཉིས་པ་ནི། ཁྲུས་ཀྱི་ཆེད་དུ་ཆུར་ནི་རབ་ཏུ་ཞུགས་པའི་མཛེས་མ་ཁྱོད་ཀྱི་དཔེ་ཅན་འཛུམ་བག་དང་གཅིག །མིག་དཀྱུས་དང་གཉིས། གདོང་མཛེས་པ་དང་གསུམ་པོ་ནི། དཔེ་ཀུ་མུ་ཏ་དང་གཅིག་ཨུཏྤལ་དང་གཉིས། པདྨ་གསུམ་པོ་ཡིས་འདྲེན་པའི་ཚིག་ནུས་པ་ཅན་བརྐུས་པར་ངེས་སོ་ཞེས་གཟུགས་ཅན་མ་ལ་འབོད་པའོ། །དཔེར་ན། ཆོས་སྐྱོང་བཟང་པོའི་མཁྱེན་པ་དང་། །བརྩེ་ཆེན་མཐུ་སྟོབས་འཇམ་དཔལ་དབྱངས། །འཇིག་རྟེན་དབང་ཕྱུག་གསང་བདག་གི །ཡོན་ཏན་བསྡུས་པར་གོར་མ་ཆག །ཅེས་པ་ལྟ་བུ། བརྐུས་སོ་ཞེས་པ་དཔེ་གསལ་བྱེད་དང་། ངེས་སོ་ཞེས་པ་རབ་རྟོག་གསལ་བྱེད་ཡིན་པས་དེ་གཉིས་གང་རུང་དུ་འཁྲུལ་བར་དོགས་ན་དཔེ་ཅན་གྱི་ཆོས་དུ་མ་མཚུངས་པ་ལ་དཔེ་ལ་རིམ་པས་མ་འཛོལ་བར་སྦྱོར་བ་དེ་དཔེ་དང་། རབ་རྟོག་ཏུ་མ་ཟད་རྒྱན་གཞན་གྱི་མཚན་ཉིད་ཚང་ཡང་(༨༥བ)
མཚོ་ཆེ་ཆུང་གི་དབང་གིས་རིམ་པ་ཅན་དུ་ཤེས་དགོས་སོ། །

དགའ་བའི་རྒྱན་བཤད་པ།


GLG020_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བའི་རྒྱན་བཤད་པ།བཅུ་བདུན་པ་དགའ་བའི་རྒྱན་ལ་མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། དགའ་བའི་རྒྱན་ནི་མཆོག་ཏུ་སྟེ་ཁྱད་པར་དུ་འཕགས་པའི་ཉམས་དང་ལྡན་པའི་སྒོ་ནས་དེ་ལྟར་བརྗོད་དོ། །གཉིས་པ་ལ་གཉིས་ལས། དངོས་ཐོབ་ཀྱི་དགའ་བ་ལ། དཔེ་དོན་གཉིས་ལས། དང་པོ་ནི། བི་དུ་རས་གོ་བིནྡི་སྟེ་ཁྱབ་འཇུགབསྒྲུབས་པས། ཁྱོད་ཀྱིས་དེ་མཉེས་པར་བྱས་པའི་མཐུས། ཁྱབ་འཇུག་ཁྱིམ་དུ་འོངས་པས། དེས་སྐུ་མཐོང་ཞིང་གསུང་ཐོས་པའི་དེང་དུས་བདག་དགའ་བ་ཁྱད་པར་ཅན་ཁྱབ་འཇུག་ལས་དངོས་སུ་ཐོབ་སྟེ་སྐྱེས་པ་གང་ཡིན་པའི་དགའ་བ་འདི་ནི། སླར་ཡང་ཁྱབ་འཇུག་ཁྱོད་རང་དུས་ཀྱིས་འོངས་ན་འབྱུང་བར་འགྱུར་ལ། ལྷ་གཞན་གྱིས་མ་ཡིན་ནོ། །དཔེར་ན། ཀུན་ལ་རྗེས་བརྩེ་ཤེས་བྱའི་ཚོགས། །ཐམས་ཅད་གཟིགས་པའི་ཉི་མའི་གཉེན། །མགུར་ལས་བྱུང་བའི་དྲུག་ཅུའི་དབྱངས། །ཐོས་པས་སྔོན་མེད་དགའ་བ་སྐྱེད། །ཅེས་པ་ལྟ་བུ། གཉིས་པ་ནི། བི་དུ་རས་དེ་འདྲ་བའི་དགའ་བ་ལྷ་གཞན་ལས་མིན་ཞེས་རིགས་པར་སྨྲས་ཚེ། ཁྱབ་འཇུག་དེ་ལ་གུས་པ་ཙམ་གྱིས་ནི་རབ་ཏུ་བསྟན་བྱའི་ལྷ་འཕྲོག་བྱེད་བི་དུ་ར་ལ་ཤིན་ཏུ་དགེས་སོ། །གཉིས་པ་གཟུགས་བརྙན་གྱི་དགའ་བ་ལ་དཔེ་དོན་གཉིས། དང་པོ་ནི་ཟླ་བ་དང་། ཉི་མ་དང་། རླུང་དང་། ས་དང་། མཁའ། སྦྱིན་སྲེག་བྱེད་པ་དང་། མེ་དང་། ཆུ་ཞེས་པའི་གཟུགས་བརྒྱད་པོ་རྣམས་དབང་ཕྱུག་གི་སྤྲུལ་པ་ཡིན་པས། དེ་རྣམས་ལས་རབ་ཏུ་འདས་ནས་ཏེ། ལྷ་དབང་ཕྱུག་ཁྱོད་དངོས་སུ་(༨༦ན)
ངེད་ཕལ་པ་རྣམས་ཀྱིས་བལྟ་བར་ཅི་སྟེ་མི་ནུས་པས། སྤྲུལ་པའམ་གཟུགས་བརྙན་ཙམ་མཐོང་བ་ལ་དགའ་བ་ཁྱད་པར་ཅན་སྐྱེས་པའོ། །དཔེར་ན། མཆོག་སྲེད་ཀྱིས་བསླུས་གནག་རྫི་ཡིས། །གཙུག་ལག་ཁང་གི་སྒོ་དྲུང་དུ། །རི་མོར་བྲིས་པའི་བ་ལང་ཚོགས། །མཐོང་བས་དགའ་བ་ཅི་ཡང་བསྐྱེད། །ཅེས་པ་ལྟ་བུ། གཉིས་པ་ནི་རཱ་གྷུའི་རིགས་ལས་བྱུང་བའི་རྒྱལ་པོ་དགའ་བའི་གོ་ཆ་ཞེས་བྱ་བས། བཤད་མ་ཐག་པའི་སྤྲུལ་པ་བརྒྱད་པོ་དེ་མངོན་གསུམ་དུ་མཐོང་བར་བྱས་པ་ཡིས་ལྷ་དབང་ཕྱུག་ཁྱོད་ནི་རྟག་ཏུ་མཐོང་ངོ་ཞེས་དགའ་བ་རབ་ཏུ་གསལ་བར་བྱས་པ་གང་དེ་ཡང་ཤིན་ཏུ་དགའ་བའི་རྒྱན་རྗེས་སུ་རྟོགས་པར་བྱའོ། །འདིའི་དོན་འཇམ་ཁ་དང་རིན་སྤུངས་པ་གཉིས་ཀྱི་ལོག་པར་དཀྲལ་འདུག་གོ །

ཉམས་ལྡན་གྱི་རྒྱན་གྱི་སྐོར་བཤད་པ།


GLG020_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་ལྡན་གྱི་རྒྱན་གྱི་སྐོར་བཤད་པ།བཅོ་བརྒྱད་ཉམས་ལྡན་ཀྱི་རྒྱན་ལ་མཚམས་སྦྱར་བ། དཔེར་བརྗོད། དོགས་སློང་གིས་མཇུག་བསྡུ་བ་དང་གསུམ། དང་པོ་ནི། ཉམས་ལྡན་ནི་ཡིད་དུ་འོང་བར་བརྗོད་པའི་ཉམས་དང་ལྡན་པའོ། །གཉིས་པ་ལ་བརྒྱད་ལས། དང་པོ་དགའ་བའི་འགྱུར་བ་སྒེག་པའི་ཉམས་ལ་དཔེ་དོན་གཉིས། དང་པོ་ནི། ཨ་བནྟི་ཞེས་བྱ་བའི་བཙུན་མོ་བློན་པོ་རྣམས་ཀྱིས་ལྐོག་ཏུ་སྦས་ནས་ཤིའོ་ཞེས་བརྗོད་པས། ཨུད་ཡ་ན་ཞེས་པའི་རྒྱལ་པོ་དེ་སྡུག་བསྔལ་ནས། བདག་གིས་ནི་བཙུན་མོ་སྐྱེ་བ་འདི་ཉིད་ལ་ཇི་ལྟར་ཐོབ་པར་མི་འགྱུར་བས། བཙུན་མོ་ཤི་བ་ཞེས་པ་འཇིག་རྟེན་ཕ་རོལ་ཏུ་སོང་བ་ཡིན་པས་ཆགས་པའི་དབང་གིས་གང་དང་འགྲོགས་པར་བྱ་བའི་ཕྱིར་དུ་བདག་འཆི་བར་འདོད་དོ། །(༨༦བ)


GLG020_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྨྲ་བ་ལ། སླར་བཙུན་མོ་འཚོའོ་ཞེས་གཏད་པས་ཤི་ཟིན་པར་ཐག་ཆོད་པ་ལ་སླར་ལོག་རྒྱུ་བྱུང་བས། ནང་དུ་ཡིད་དགའ་བའི་ཉམས་དཔག་ཏུ་མེད་པ་བྱུང་བ་ལས་ཡུལ་སྒེག་པ་སོགས་དངོས་ཤུགས་གང་རུང་ལ་བསྟོད་པའོ། །དཔེར་ན། མི་བཟོད་གྲང་བའི་རེག་པ་སྟེར་བའི་དགུན། །མཐར་བྱེད་དཔྱིད་ཀྱི་དཔལ་མོ་ལས་འོངས་པའི། །ཆར་སྤྲིན་ལང་ལོང་འཁྲིགས་ཤིང་དབྱར་སྐྱེས་སྒྲ། །ཐོས་པས་རྨ་བྱ་དགའ་བའི་གར་གྱིས་བྲེལ། །ཞེས་པ་ལྟ་བུ། གཉིས་པ་ནི། སྔར་དགའ་བའི་དཔེར་བརྗོད་ཉིད་ནི་བསྟན་ཟིན་ཏེ། དགའ་བ་སྒེག་པ་ཉིད་དུ་འགྱུར་བའི་དཔེར་བརྗོད་པ་བཤད་མ་ཐག་པ་འདིའོ། །ཉམས་སུ་འགྱུར་ལུགས་ནི། ནང་བསམ་པའི་འགྱུར་བ་བརྒྱད་ལ་སོགས་པ་གཟུགས་མང་པོ་དག་དང་ལྡན་པ་ལ་བརྟེན་ནས་ཕྱི་རོལ་ཏུ་གར་གྱི་ཉམས་བརྒྱད་གསལ་བ་ཡིན་ལ། དེ་ཡང་དཔེར་ན་རྒྱལ་པོ་ཆེན་པོ་ལོངས་སྤྱོད་ཀྱི་འབྱོར་པ་དེ་རྩོམ་གཞི་སྲོག་ཏུ་བྱས་ནས་དྲེགས་པས་ཕྱི་རོལ་ཏུ་སྒེག་ཅིང་གཡོ་བ་དངོས་ཤུགས་ལ་སྟོན་པ་འདི་ནི་དགའ་བ་སྒེག་པའི་ཉམས་དང་ལྡན་པའི་ཚིག་གོ །དེས་མཚོན། མཁས་པ་ཡོན་ཏན། བུད་མེད་མཚར་སྡུག །སྐྱེས་པ་དཔའ་རྩལ་སོགས་ཀྱང་ངོ་། །གཉིས་པ་དྲག་ཤུལ་གྱི་ཉམས་ལ་དཔེ་དོན་གཉིས། དང་པོ་ནི། བདག་འཇིགས་སྡེའི་མདུན་ནས་ཚུར་རྒྱལ་པོ་བརྟན་དགའ་ཞེས་བྱ་བ་གང་གིས་ཁོ་བོའི་ནག་མོའི་སྐྲ་ནས་གཟུང་སྟེ། དྲུད་ཅིང་དྲངས་བར་གྱུར་པ་ལ། འཇིགས་སྟེ་སྙིང་ན་ནས། ད་སྡིག་ཅན་འདི་བདག་གི་ལག་ཏུ་ཐོབ་པ་ནི་སྐད་ཅིག་ཙམ་ཡང་འཚོ་བར་འགྱུར་རམ་(༨༧ན)


GLG020_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་སྟེ་གསོད་དོ། །ཞེས་ནང་ཁྲོས་པས་ཕྱི་དྲག་ཤུལ་གྱི་ཉམས་བསྟན་ནོ། །དཔེར་ན། ལོག་པར་འཁུ་བའི་ས་སྐྱའི་དཔོན་ཆེན་སོགས། །གཞོམ་ཕྱིར་ཕག་མོ་གྲུ་པའི་སྡེ་སྲིད་ཀྱི། །དཔུང་ཚོགས་གོ་གོན་རྣོ་བའི་མཚོན་ཐོགས་ཏེ། །སོད་རྒྱོབ་སྒྲ་ཡིས་གནམ་ས་རལ་སྙམ་བགྱིས། །ཞེས་པ་ལྟ་བུ། གཉིས་པ་ནི། ཞེས་པ་འཇིགས་སྡེས་དགྲ་བརྟན་དཀའ་དག་ལ་བལྟ་བའི་ནང་གི་སེམས་ཁྲོ་བ་མཆོག་གི་མཐའ་འཛེགས་པས་ཕྱི་དྲག་པོའི་ཉམས་ཀྱི་བདག་ཉིད་དུ་གྱུར་པ་འདི་ནི་དྲག་ཤུལ་གྱི་རོ་དང་ལྡན་པའི་ཚིག་གོ །གསུམ་པ་དཔའ་བའི་ཉམས་ལ་དཔེ་དོན་གཉིས། དང་པོ་ནི། རྒྱ་མཚོར་བཅས་པའི་ས་ལས་མ་རྒྱལ་ཞིང་། རྣམ་པ་མང་པོའི་མཆོད་སྦྱིན་ཡང་མ་བྱས་ལ། སློང་མོ་བ་རྣམས་ལ་ནོར་རྣམས་མ་བྱིན་པར། བདག་ས་སྐྱོང་དུ་ཇི་ལྟ་བུར་གྱུར་ཅེས་དཀའ་བ་མེད་པར་རྒྱལ་པོར་གྱུར་སྙམ་པའི་ནང་གི་ང་རྒྱལ་གྱིས་ཕྱི་རོལ་ཏུ་དཔའ་བའི་ཉམས་བསྟན་པ་སྟེ། དཔེར་ན། བགྲོད་དཀའི་ལམ་དུ་དཀའ་བ་བརྒྱ་ཕྲག་གིས། །འཕགས་ཡུལ་མ་བསྐོར་གྲངས་མེད་པཎྜི་ཏ། །ཉེ་བར་བསྟན་མིན་ཤེས་བྱ་རིག་པའི་གནས། །སྨྲ་བའི་དབང་ཕྱུག་ཆོས་སྐྱོང་བཟང་པོའི་ཞབས། །ཞེས་པ་ལྟ་བུ། གཉིས་པ་ནི། ཞེས་པ་དཀའ་བ་མེད་པར་རྒྱལ་སྲིད་ཐོབ་པའི་སྤྲོ་བ་ཁྱད་འཕགས་ནང་དུ་ཐོབ་པ་བདག །ཕྱི་རོལ་ཏུ་དཔའ་བའི་ཉམས་ཀྱི་བདག་ཉིད་ལ་གནས་པས་ཉམས་ལྡན་ཉིད་དུ་ནི་རྟོགས་པར་ནུས་པ་ལ་ཚིག་འདི་དག་ནི་དབང་བ་ཡིན་ནོ། །བཞི་པ་སྙིང་རྗེའི་ཉམས་ལ་དཔེ་དོན་(༨༧བ)


GLG020_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། དང་པོ་ནི། ལང་ཚོ་རྒྱས་པས་ལུས་འཇམ་པ་གང་ལ་པདྨ་ཡི་མལ་སྟན་བྱས་པ་དག་ཀྱང་རེག་བྱ་རྩུབ་པའི་ཉམས་བྱེད་པའི་སྨིན་ལེགས་མ་སྟེ། རང་གི་བདག་པོ་ཤི་བ་ན། ཡུལ་དེར་ཆུང་མའང་གསོན་པོར་མེར་སྲེག་པའི་སྲོལ་ཡོད་པས། འགའ་ཞིག་གིས་ལྷ་མོ་དེ་ནི་ད་རོ་ཁང་དག་ཏུ་བསྲེག་ཟ་དང་ལྡན་པར་ཇི་ལྟར་ཉལ་ལོ་ཞེས་སྡུག་བསྔལ་དྲག་པོ་མྱོང་བའམ་མྱོང་འགྱུར་དེ་ལ་ནང་དུ་མི་བཟོད་པ་སྐྱེས་པས། ཕྱི་རོལ་ཏུ་སྙིང་རྗེ་བའི་ཉམས་བརྗོད་པ་སྟེ། དཔེར་ན། ཅུང་ཟད་བསླབས་ཀྱང་རབ་རྨོངས་ཐོས་དང་བྲལ། །ཟས་ནོར་ཙམ་གྱིས་བླུན་པོའི་འཁོར་ཚོགས་སྡུད། །གཞན་གྱི་འདྲེན་པར་རློམ་དེའི་རྗེས་འཇུག་རྣམས། །ལོག་ལམ་དུ་འཕྱན་རྒྱལ་རྣམས་ཐུགས་རྗེས་གཟིགས། །ཞེས་པ་ལྟ་བུ། གཉིས་པ་ནི། ཞེས་པ་ནང་དུ་སྙིང་རྗེ་རྒྱས་པ་ཡི་རྒྱན་ཉིད་དུ་རབ་ཏུ་བཤད་དོ། །ལྔ་པ་མི་སྡུག་པའི་ཉམས་ལ་ལྷག་མ་རྣམས་འཆད་པ་དམ་བཅའ་བ་དང་། དངོས་གཉིས། དང་པོ་ནི། སྔར་བཤད་པ་དེ་བཞིན་དུ་གཞན་ཡང་། དམ་པ་དང་། བཞད་གད་དང་། རྨད་བྱུང་དང་། འཇིགས་རུང་རྣམས་འཆད་དོ། །གཉིས་པ་ནི། རྒྱུ་མས་ལུས་ལ་བརྒྱན་པའི་སྲིན་པོ་རྣམས་མགོ་མེད་པའི་རོ་དང་ལྷན་ཅིག་ཏུ་སྲིན་པོ་དེ་དག་ལག་པ་གཉིས་སྦྱར་ནས་ཁྱེད་རང་གི་དགྲའི་ཁྲག་རྣམས་འཐུང་ཞིང་འཐུང་ཞིང་གར་བྱེད་དོ། །ཞེས་ནང་སྐྱུག་བྲོ་བས་ཕྱི་མི་སྡུག་པའི་ཉམས་བརྗོད་པའོ། །དཔེར་ན། མི་གཙང་གང་བའི་ལྗན་ལྗིན་ལ། །སྦྲང་བུས་བལྡག་ཅིང་ལུས་


GLG020_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གོས། །ལས་འབྲས་མི་ཤེས་བྱ་བཏང་འགའ། །འཁྲུལ་ཞིག་ཡིན་ཞེས་བཤང་གཅི་ཟ། །ཞེས་པ་ལྟ་བུ། དྲུག་པ་བཞད་གད་ཀྱི་ཉམས་ནི། དཔེར་ན། འཐབ་མོའི་ཚེ་ཀླད་ཆུང་ཞིག་ལ་བློ་ཤེད་ཅན་ཞེས་གོ་ལྡོག་ནས་འབོད་པ་ལྟར་བུད་མེད་གཅིག་སྐྱེས་པ་དང་། ཉི་མོ་ལྟ་བུ་སྤྱད་པས་དྲོད་ཀྱིས་རྒྱན་གྱི་མེ་ཏོག་རྣམས་རྙིངས་པ་ལ་གྲོགས་མ་མེ་ཏོག་མ་རྙིངས་མ་ཞེས་བོས་ནས། ཁྱོད་ཀྱི་ནུ་མའི་ངོས་ལ་གྲོགས་ཀྱིས་འཇུས་པའི་སེན་རྗེས་གསར་པ་ཆགས་པ་འདི་་སྟོད་གཡོགས་ཀྱི་ནི་སྒྲིབ་པར་མཛོད་ཅིག །ཅེས་ནང་དུ་རྒོད་བྲོ་བས་ཕྱི་རོལ་ཏུ་བཞད་གད་ཀྱི་ཉམས་སོ། །དཔེར་ན། འཁོར་བར་ཡིད་འབྱུང་བྱ་བ་གཏང་བའི་ཚུལ། །དུག་གསུམ་སྐྱོན་ལྟར་སྨྲ་བའི་སྒོམ་ཆེན་ཁྱོད། །མིག་ཟུར་ཉ་མའི་བཞིན་ལ་ནན་ཏན་དུ། །བལྟ་ཚེ་ཁྱིམ་བདག་འགའ་ཞིག་གད་མོ་བྲོ། །ཞེས་པ་ལྟ་བུ། བདུན་པ་རྨད་བྱུང་གི་ཉམས་ནི། སྔོན་མེད་པའི་དགའ་ཚལ་འདིའི་ལྗོན་པ་འདི་རྣམས་འདབ་མ་གསར་པ་གོས་བཟང་པོ་ལྟར་ཀླུབས་པ་དང་། མེ་ཏོག་གི་དོ་ཤལ་མཛེས་པ་ལ་སོགས་པས་བརྒྱན་པ་དང་། ཡལ་འདབ་ཁང་པ་བཟང་པོ་ལྟ་བུར་གྱུར་པ་འདི་ནི་ངོ་མཚར་རོ་ཞེས། གོས། རྒྱན་ཁང་པ་གསུམ་པོ་ལྟར་ངོ་མཚར་བའི་རོ་ནང་དུ་མྱང་བས། ཕྱི་རོལ་ཏུ་རྨད་དུ་བྱུང་བའི་ཉམས་གསལ་བའོ། །དཔེར་ན། གློ་བུར་བདག་ཡིད་མི་ཤེས་རྨོངས་པ་དང་། །བྲལ་བའི་བློ་གྲོས་ཤེས་བྱ་ཐམས་ཅད་ལ། །དབྱངས་ཅན་མགྲིན་པར་ཆགས་པའི་རྣམ་དཔྱོད་འདི། །ཨེ་མ་ངོ་(༨༨བ)
མཚར་ལས་ཀྱང་ངོ་མཚར་རྨད། །ཅེས་པ་ལྟ་བུ། བརྒྱད་པ་འཇིགས་རུང་གི་ཉམས་ནི། རྩེ་མོ་དག་ལ་མེ་གནས་པ་སྟེ་འབར་བའི་བརྒྱ་བྱིན་གྱི་ནི་ལག་གི་རྡོ་རྗེ་གང་ཡིན་པ་འདིས་ནི་ལྷ་མ་ཡིན་རྣམས་ཐལ་བར་བཏང་བའི་གྲགས་པས། རྡོ་རྗེ་དེ་དྲན་པ་ན་ལྷ་མ་ཡིན་གྱི་བུད་མེད་རྣམས་མངལ་ན་བུ་ཡོད་པ་ནི་ལྟུང་བར་བྱེད་དོ། །ཅེས་ནང་དུ་ཡིད་སྐྲག་པའི་རོས་ཕྱི་རོལ་ཏུ་འཇིགས་རུང་གི་ཉམས་སོ། །དཔེར་ན། ས་ལོས་ཕྲོག་བྱེད་རིག་པས་བཅོམ་པ་ཡི། །གྲགས་པ་གངས་ཅན་ལྗོངས་འདིར་འབར་བ་ན། །བཀའ་རྒྱུད་པ་རྣམས་བཟོད་མེད་ཆེར་སྡངས་ཤིང་། །འགའ་ཞིག་རི་སྟོངས་ཉུལ་ཡང་སྙིང་ཁ་སྡིགས། །ཞེས་པ་ལྟ་བུ། གསུམ་པ་ནི། ལེའུ་དང་པོའི་སྙན་པ་ནི། གྲོང་པ་ཉིད་མིན་པའི་ཚིག་སྦྱོར་ལས་སྐྱེས་པའི་བརྗོད་བྱ་ཡི་ནི་ཉམས་དག་བསྟན་ལ། འདིར་ནི་སྒེག་པ་སོགས་ཀྱི་ཉམས་བརྒྱད་ལ་དབང་བར་བྱས་ཏེ། ཚིག་རྣམས་ཀྱང་ཉམས་དང་ལྡན་པར་བཤད་དོ། །

གཟི་བརྗིད་ཀྱི་རྒྱན་བཤད་པ།


GLG020_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གཟི་བརྗིད་ཀྱི་རྒྱན་བཤད་པ།བཅུ་དགུ་པ་གཟི་བརྗིད་ཀྱི་རྒྱན་ལ། མཚན་ཉིད། དཔེར་བརྗོད། དོན་བསྡུ་བ་དང་གསུམ། དང་པོ་ནི། ང་རྒྱལ་སྐྱེས་པས་གཟི་བརྗིད་ཀྱི་ཚིག །བརྗོད་པ་སྟེ། བཤད་ཟིན་གཉིས་པོ་དེ་དང་གསུམ་པོ་འདི་གར་ཉམས་ལ་ཁྱད་པར་དུ་འཕགས་པ་དང་ལྡན་ནོ། །གཉིས་པ་ནི་འགའ་ཞིག་དཔའ་བའི་དྲེགས་པས་བདག་ནི་གནོད་པ་བྱེད་པ་པོ་ཡིན་ནོ་ཞེས། ཁྱེད་རྣམས་ཀྱི་སྙིང་ལ་འཇིགས་པར་མ་བྱེད་ཅིག །བདག་གི་རལ་གྲི་ལ་ཕྱིར་ཕྱོགས་(༨༩ན)
པ་སྟེ་བྲོས་འགྲོ་བ་རྣམས་ནམ་ཡང་གསོད་ཅིང་གཞོམ་པར་འདོད་པ་མ་ཡིན་ནོ། །ཞེས་ང་རྒྱལ་བས་གཞན་དག་ཉམས་ཆུང་ཆུང་ལྟར་སྟོན་པ་སྟེ། དཔེར་ན། ཁོ་བོའི་མདུན་སར་བླུན་རྨོངས་ཁྱོད་ཅག་རྣམས། །རྒོལ་བའི་ཚུལ་གྱིས་ལྷགས་པ་ཤིན་ཏུ་ལེགས། །མཁས་ལ་དོགས་གནས་བྲལ་བའི་གཏམ་འགའ་ཡིས། །ཉིན་མཚན་མེད་པར་འཕྱང་མོ་ཉུག་ཏུ་འཇུག །ཅེས་པ་ལྟ་བུ། གསུམ་པ་ནི། ཅེས་པ་སྐྱེས་བུ་དྲེགས་ལྡན་འགའ་ཞིག་གིས་གཡུལ་དུ་གཞན་དག་ནི་གསོད་པ་བཀག་པར་བྱས་ནས་ཅི་བདེར་གཏོང་བ་དེ་ལྟ་བུ་ལ་སོགས་པ་གཟི་བརྗིད་དང་ལྡན་པར་ཤེས་པར་བྱའོ། །

རྣམ་གྲངས་བརྗོད་པའི་རྒྱན་བཤད་པ།


GLG020_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲངས་བརྗོད་པའི་རྒྱན་བཤད་པ།ཉི་ཤུ་པ་རྣམ་གྲངས་བརྗོད་པ་ལ་དཔེ་དོན་གཉིས། དང་པོ་ནི། འདོད་པའི་དོན་བསྒྲུབ་བྱེད་དངོས་སུ་མ་བརྗོད་པར། དེ་ཉིད་འགྲུབ་པར་བྱ་བའི་ཕྱིར་དུ་དངོས་པོའི་རྣམ་པ་གཞན་དག་བརྗོད་པ་གང་གི་སྒོ་ནས་དོན་དེ་ནི་སྒྲུབ་པར་བྱེད་པ་རྣམ་གྲངས་བརྗོད་པར་འདོད་དོ། །གཉིས་པ་ནི། འགོལ་ས་ཞིག་ཏུ་སྐྱེས་པ་ཞིག་དང་བུ་མོ་ཞིག་འཁྲིག་པའི་བྱ་བ་ལ་མངོན་དུ་ཕྱོགས་ཏེ་གནས་པའི་སར། གཞན་ཞིག་འོངས་པས་སྒྲུབ་བྱ་ཁོང་གཉིས་ཀྱི་སྤྱོད་ཚུལ་འགྲུབ་ཕྱིར་འབྱོར་བ་ཡིན་ཡང་། རྣམ་གྲངས་གཞན་ས་ཧ་ཀཱ་རའི་སྙེ་མ་རྣམས་གཞན་བྱ་རོག་གིས་གསུས་པ་གསོས་པར་གྲགས་པའི། ཁུ་བྱུག་འདིས་ཟ་བར་བྱེད་པས་དེ་ན་བདག་གིས་བཟློག་པར་བགྱི་བས། ཁྱེད་གཉིས་(༨༩བ)
དལ་གྱིས་འདུག་པར་མཛོད་ཅིག །དཔེར་ན། ཕྱག་ན་པདྨའི་སྐུ་བརྙན་ལ། །ཙནྡྲ་གོ་མི་ཁྱོད་ཉིད་ཀྱིས། །མཆོད་པ་མཛོད་ཅིག་ཟླ་གྲགས་དག །ཅུང་ཟད་ཕྱི་རུ་ལྗོངས་རྒྱུའོ། །ཞེས་པ་ལྟ་བུ། གཉིས་པ་ནི། གྲོགས་མོ་སྐྱེས་ཕྲན་འཕྲད་པར་བྱས་ནས་དེ་དག་འདུས་པར་དགའ་བ་ཡི་དགའ་སྟོན་བསྒྲུབ་ཏུ་ཞུག་པར་འདོད་པས། ཐབས་ལ་མཁས་པ་འགའ་ཞིག་དེ་ནས་སོང་བར་གྱུར་ཏོ། །འདི་བསྡུས་བརྗོད་ཕྲ་མོ་ཆ་གསུམ་དང་འདྲེས་པར་མི་འགྱུར་ཏེ། དང་པོ་ནི་དཔེ་ཅན་ལ་བསམ་ནས་དཔེས་བསྡུས་པ་ཡིན་ལ། གཉིས་པ་ནི་བརྡའ་དང་རྣམ་འགྱུར་གྱིས་རྟོགས་དགོས། གསུམ་པ་ནི་ཆའི་སྐབས་བསྒྲིབ་བྱའི་རང་བཞིན་དང་མཐུན་ཞིང་མཚུངས་པར་སྒྲིབ་བྱེད་ཀྱི་ཚིག་ཀྱང་བཀོད་དགོས་ལ། འདིར་བསྒྲིབ་བྱའི་དངོས་པོའི་དོན་དེ་དང་མ་འབྲེལ་ཞིང་མི་མཚུངས་པའི་སྒྲིབ་བྱེད་ཀྱི་ཚིག་གཅིག་རྣམ་གྲངས་སུ་བཀོད་པས་མི་འདྲའོ། །

ཀུན་ཕན་གྱི་རྒྱན་བཤད་པ།


GLG020_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཕན་གྱི་རྒྱན་བཤད་པ།ཉེར་གཅིག་པ་ཀུན་ཕན་གྱི་རྒྱན་ལ་མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། བསྒྲུབ་པར་བྱ་བ་འགའ་ཞིག་རྩོམ་པ་ལས་བསོད་ནམས་ཀྱིས་སྐལ་བ་ཡི་ནི་སྟོབས་ལས་ཀྱང་དེ་ཡི་སྒྲུབ་བྱེད་ཀྱི་རྐྱེན་ཕུན་སུམ་ཚོགས་པ་གང་གཞན་ལ་བརྟེན་ནས་གྲོགས་སུ་བྱུང་བ་དེ་ནི་ཀུན་ཏུ་ཕན་པར་བརྗོད་དོ། །གཉིས་པ་ནི། བསྒྲུབ་བྱ་འཁྲིག་པའི་བདེ་བ་བསྒྲུབ་པའི་ཆེད་དུ་སྲེད་ལྡན་འགའ་ཞིག་རང་གི་དགའ་མ་མི་འདུད་པའི་ཁེངས་པ་གཞོམ་པའི་ཕྱིར་དུ། དེ་ཡི་ནི་རྐང་པ་དག་ལ་(༩༠ན)
ཕྱག་འཚལ་བར་བྱས་ཀྱང་དེ་ཁེངས་པའི་ཚེ། འགྲུབ་བྱེད་རྐྱེན་གཞན་བདག་ལ་ཕན་པའི་ཕྱིར་སྔོན་གྱི་བསོད་ནམས་ཀྱི་སྐལ་པ་ཡིས། གློ་བུར་དུ་འབྲུག་གི་སྒྲ་ནི་སྒྲགས་པར་གྱུར་པས། དགའ་མ་ཆགས་པ་འཕེལ་ཏེ་མཛའ་བོ་ལ་བདུད་པར་གྱུར་ཏོ། ཞེས་ཕན་པར་བྱེད་པོ་རྐྱེན་གཞན་འབྲུག་སྒྲ་ཡིས་མཛའ་བོའི་དོན་འགྲུབ་པ་ལ་ཕན་པ་སྟེ། དཔེར་ན། སྟོན་གྱི་འབྲས་བུ་སྤྱོད་ལ་ཡིད་ཀྱི་སྒོ། །ཉེ་བར་བརྣག་པའི་ཞིང་པ་རྣམས་ཀྱི་སེམས། །སོས་ཐན་འཇོམས་པར་འདོད་ཚེ་ཆར་གྱི་རྒྱུན། །ལན་གཅིག་མིན་པར་ཆལ་ཆིལ་འབབ་པར་བྱེད། །ཅེས་པ་ལྟ་བུ། །

རྒྱ་ཆེ་བའི་རྒྱན་བཤད་པ།


GLG020_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེ་བའི་རྒྱན་བཤད་པ།ཉེར་གཉིས་པ་རྒྱ་ཆེ་བའི་རྒྱན་ལ་མཚན་ཉིད། དཔེར་བརྗོད། དོན་བསྡུ་བ་དང་གསུམ། དང་པོ་ནི། བསམ་པ་རྒྱ་ཆེ་བའི་འབྱོར་པ་རྒྱ་ཆེན་པོ་ཉིད་དུ་གྱུར་པ་ནི་བླ་ན་མེད་པ་གང་ཡིན་པ་དེ་ནི་རྒྱ་ཆེ་བ་ཞེས་པ་ཡི་རྒྱན་དུ་མཁས་པ་རྣམས་ཀྱིས་བརྗོད་དོ། །གཉིས་པ་ལ་གཉིས་ལས། དང་པོ་བསམ་པ་རྒྱ་ཆེ་བ་ནི། །རཱ་ཝ་ཎ་སྟེ་སྲིན་པོའི་རྒྱལ་པོའི་མགོ་བོ་ཡང་གཅོད་པར་ནུས་པའི་བྱ་བའི་ཁུར་ཆེན་པོ་ཡང་གང་ཞིག་བཟོད་པའི་རཱ་གྷུ་སྟེ་རྒྱལ་པོ་ཤིང་རྟ་བཅུ་པའི་བུ་རཱ་མ་ཎ་དེས་རང་གི་ཡབ་བླ་མ་ཡི་བཀའ་ལས་འདའ་བར་ནུས་པར་མ་གྱུར་བའོ། །དཔེར་ན། ཕྲ་ཞིབ་དཔྱད་ཚེ་འཇམ་དབྱངས་གཞོན་ནུ་ཡིས། །ཕྱི་རྒོལ་མཛད་ཀྱང་དགག་པར་ལེགས་ནུས་པའི། །བློ་བཟང་གྲགས་པས་འཁྲུལ་ལྡན་བསྟན་པ་འགའ། །རྒྱལ་བའི་རྗེས་སུ་ཞུགས་དགོངས་ལྷག་མ་བཞག །(༩༠བ)
ཅེས་པ་ལྟ་བུ། གཉིས་པ་འབྱོར་བ་རྒྱ་ཆེ་བ་ནི། རྒྱལ་པོ་གཞན་ལ་འབྱུང་བར་དགའ་བའི་སྲིན་པོའི་རྒྱལ་པོའི་ཕོ་བྲང་ནི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རྩིག་པ་ལ་འཕོས་པའི་རྒྱལ་པོའི་གཟུགས་བརྙན་བརྒྱ་ཕྲག་དུ་མ་ཁོར་ཡུག་ཏུ་བསྐོར་བར་གྱུར་པས་ལང་ཀའི་དབང་ཕྱུག་དག་གི་གཟུགས་དང་གཟུགས་བརྙན་གཉིས་ཕལ་ཆེར་གྱིས་དབྱེ་བ་མི་ཕྱེད་པ་ལས། དཀའ་བའི་གནད་གཟུགས་དེ་ཁོ་ན་ཡིན་པར་ཤེས་པ་ནི་ཨཉྫ་ནའི་བུ་སྤྲེེའུ་ཧ་ལུ་མནྠ་ཡིན་ནོ། །དཔེར་ན། ས་སྲུང་དབང་པོའི་སྟེང་འགྱིང་ཞིང་། །རིན་ཆེན་བརྩེགས་པའི་ཁང་བཟང་དབུས། །ནོར་བུའི་ཚོགས་ལ་ལོངས་སྤྱོད་པའི། །མིག་སྟོང་ཅན་དེ་སྲིད་འདིར་བརྗིད། །ཅེས་པ་ལྟ་བུ། གསུམ་པ་ནི། དཔེར་བརྗོད་སྔ་མར་བསམ་པ་རྒྱ་ཆེ་བའི་བདག་ཉིད་དང་། འདིར་ནི་མངོན་པར་འབྱོར་པ་རྒྱ་ཆེ་ཞིང་བརླིང་བ་སྟེ། རྒྱ་ཆེན་པོ་གཉིས་པོ་འདི་དག་ཀྱང་གསལ་བར་རབ་ཏུ་མཚོན་བྱེད་ཀྱི་དཔེར་བརྗོད་ཟིན་པ་ཡིན་ནོ། །

བསྙོན་དོར་གྱི་རྒྱན་བཤད་པ།


GLG020_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བསྙོན་དོར་གྱི་རྒྱན་བཤད་པ།ཉེར་གསུམ་པ་བསྙོན་དོར་གྱི་རྒྱན་ལ་མཚན་ཉིད། དཔེར་བརྗོད། དོན་བསྡུ་བ་མདོར་བསྟན། དང་པོ་ནི། ཁྱད་ཆོས་སོགས་འགའ་ཞིག་གནས་ཚུལ་དངོས་དེ་མ་ཡིན་ཞེས་བསྙོན་བྱས་ནས་དོན་གཞན་ཅུང་ཟད་ཁས་བླངས་ཏེ་སྟོན་པ་ནི་བསྙོན་དོར་དག་གོ །གཉིས་པ་ལ་གསུམ་ལས། དང་པོ་ཆོས་ལ་བསྙོན་པ་ནི། འདོད་པའི་ལྷ་དག་གི་བྱ་བ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ་ལ་ནི་ལྟོས་ནས། དེའི་ཁྱད་པར་གྱི་ཆོས་མདའ་ལྔ་པོ་དེ་མ་ཡིན་ཏེ། སྒྲོ་ལྡན་སྟོང་ཕྲག་ཅིག་ཡོད་དོ། །ཞེས་བསྙོན་པ་(༩༡ན)


GLG020_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དཔེར་ན། ཆོས་སྐྱོང་བཟང་པོ་བསིལ་ལྡན་ལྗོངས་འདི་ཡི། །གྲངས་མེད་མཁས་པའི་རྒྱན་གཅིག་མ་ཡིན་ཏེ། །དྲན་དབང་གཞན་གྱི་རྣམ་དཔྱོད་སྒྲོགས་པའི་ཚོགས། །འཕྲོག་པའི་ཆོམ་རྐུན་ཉིད་དུ་ངེས་པ་ལགས། །ཞེས་པ་ལྟ་བུ། གཉིས་པ་ཡུལ་ལ་བསྙོོན་པ་ལ་དཔེ་དོན་གཉིས། དང་པོ་ནི། བསྙོན་བྱ་ཡུལ་ཙནྡན་དང་། ཟླ་འོད་དང་། ལྷོ་ཕྱོགས་ཀྱི་དྲིའི་གཞོན་པ་དལ་བུས་ལྡང་བ་འདི་རྣམས་གནས་སྐབས་གྲགས་ཚོད་ལྟར་གཞན་གྱི་ངོར་ནི་བསིལ་མོད། ཅེས་ཁས་བླངས་ནས། བསྙོན་བྱེད་ཡུལ་ཅན་ཆགས་ལྡན་གྱི་ངོར་ནི་མེའི་རང་བཞིན་སྤྲོ་བ་ལྟར་ཚའོ་ཞེས་ཡུལ་ལ་བསྙོན་པའོ། །དཔེར་ན། །ཧ་ལུ་མནྠས་འཕངས་པའི་རི། །དཀར་ཞེས་ཕལ་ཆེར་དྲིལ་སྒྲོག་ཀྱང་། །དབང་ཤེས་འཁྲུལ་ལྡན་བདག་ཅག་ལ། །ཨིིནྡྲ་ནཱི་ལའི་མདོག་ཏུ་མངོན། །ཞེས་པ་ལྟ་བུ། གཉིས་པ་ནི། འདོད་ལྡན་གྱིས་སེམས་རྣལ་དུ་གནས་པ་གཞན་དག་ལ། ཁྱོད་ཙནྡན་སོགས་བསིལ་བར་ཁས་བླངས་པ་དེ་བསིལ་བ་མིན་པ་འདྲ་ཞེས་བསྙོན་ལུགས་ཡུལ་ཅན་བདག་ཉིད་ལ་ལྟོས་ནས་ཚ་བ་ཉིད་དུ་རབ་ཏུ་བསྟན་པའི་ཕྱིར་འདི་ནི་ཡུལ་ལ་བསྙོན་པའོ། །གསུམ་པ་རང་བཞིན་ལ་བསྙོན་པ་ལ་དཔེ་དོན་གཉིས། དང་པོ་ནི། བདུད་རྩི་ཟགས་པའི་འོད་ཟེར་ཅན་ཟླ་བ་ཞེས་པར་འཇིག་རྟེན་ན་བདག་ཅག་འདོད་ཀྱང་དོན་གྱིས་འདོད་ལྡན་བདག་ཉིད་སྲོག་འཕྲོག་པས་འདི་ནི་བདུད་རྩི་ལས་གཞན་དུག་ཟགས་པས་ཟེར་དང་(༩༡བ)
ལྡན་པ་ཉིད་དོ། །རྩ་བར་ཆགས་ལྡན་ལ་སྦྱར་འདུག་ཀྱང་། རྒྱན་ངོས་འཛིན་སོགས་ལ་དེའི་པར་བཀབ་མི་དགོས་ཏེ། འདི་རང་བཞིན་ཁོ་ན་ལ་སྦྱོར་བས། དཔེར་ན། སངས་རྒྱས་ཀྱི་གཙུག་གཏོར་རང་བཞིན་སྔོན་པོར་ཡོད་པ་མ་ཡིན་ནོ་ཞེས་བསྙོན་ནས། མཐིང་བྱུགས་པ་ལྟ་བུ། ཞེས་པ་སྟེ། དཔེར་ན། ཡིད་འོང་མཛའ་མོའི་བཞིན་རས་ཏེ། །རང་བཞིན་དཀར་བའི་མདོག་ཉིད་དུ། །ཡོད་པ་མ་ཡིན་ག་བུར་གྱི། ཁུ་བ་དག་གི་བྱུག་པའོ། །ཞེས་པ་ལྟ་བུ། གཉིས་པ་ནི། ཞེས་པ་ཟླ་བ་བདུད་རྩི་ཟགས་པའི་རང་བཞིན་གྱིས་ཟླ་བ་ཉིད་ལྡོག་ནས་དོན་གཞན་འདོད་པས་གཟིར་བའི་དུག་ཏུ་བརྗོད་པའི་ཕྱིར། འདི་ནི་རང་བཞིན་བསྙོན་དོར་རོ། །གསུམ་པ་ནི། བསྙོན་དོན་གྱི་དཔེ་ནི་སྔར་བཤད་མ་ཐག་པ་ཉིད་དུ་དཔེར་བརྗོད་རྣམས་ལ་རབ་ཏུ་བསྟན་ཟིན་ཏོ། །འདི་ཡིས་བསྙོན་དོར་གྱི་དབྱེ་བ་རྣམས་མཚོན་བྱ་དག་ལས་རྒྱ་ཆེན་མཚོན་ནུས་པ་བློ་གྲོས་ཀྱིས་དཔོག་གོ །

སྦྱར་བའི་རྒྱན་གྱི་སྐོར་བཤད་པ།


GLG020_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བའི་རྒྱན་གྱི་སྐོར་བཤད་པ།ཉེར་བཞི་པ་སྦྱར་བའི་རྒྱན་ལ་མཚན་ཉིད། གཅོད་མཚམས་ལ་བརྟེན་པའི་དབྱེ་བ། བཤད་ཟིན་དྲན་པའི་ཚུལ། སླར་ཡང་བདུན་དུ་དབྱེ་བ་དང་བཞི། དང་པོ་ནི། སྦྱར་བ་ནི་ཚིག་གི་གཟུགས་གཅིག་པ་དང་ལྡན་པ་ལས། སྒྲ་དོན་གང་རུང་མཚུངས་པའི་སྒོ་ནས་དངོས་པོ་ཕན་ཚུན་སྦྱར་གཞི་སྦྱར་ཆོས་དུ་མར་སྟོན་པའི་དོན་ཅན་ཉིད་དུ་འདོད་དོ། །གཉིས་པ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ་ནི། དེ་ཡི་ཚིག་གཅོད་མཚམས་ཐ་དད་མིན་པའི་སྦྱར་བ་དང་། གཅོད་མཚམས་ཐ་དད་ཅིང་ཚིག་འདྲ་(༩༢ན)


GLG020_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྦྱར་བ་རྣམ་པ་གཉིས་སོ། །གཉིས་པ་ལ་གཉིས་ལས། དང་པོ། ཚིག་ཐ་དད་མིན་པའི་སྦྱར་བ་ནི། ཨུ་ད་ཡ་འཆར་བ་དང་དར་བ་ལ་འཇུག་པས། སྦྱར་གཞི་རྒྱལ་པོ་དང་ཟླ་བ་གཉིས་ལ། སྦྱར་ཆོས་རྒྱལ་སྲིད་དར་བ་ཟླ་བ་འཆར་བ་ལ་གནས་པས་མཛེས་པ་དང་། དེ་བཞིན་དུ་རྒྱལ་པོ་མིའི་དཀྱིལ་འཁོར་དང་། ཟླ་བ་ཉ་གང་བའི་དཀྱིལ་འཁོར་ལ་ཆགས། རྒྱལ་པོ་འདི་མིའི་རྒྱལ་པོ་དང་། ཟླ་བ་གཉིས་སྐྱེས་རྒྱལ་པོ། མྲྀ་དུ་ཀ་རཿཞེས་པ། འཇམ་པའི་དཔྱ་དང་འཇམ་པའི་འོད་གཉིས་ཀ་ལ་འཇུག་པས། རྒྱལ་པོ་འཇམ་པའི་དཔྱ་ཁྲལ་ལེན་ཞིང་། ཟླ་བ་འཇམ་པའི་འོད་ཀྱིས་མི་གདུང་བ་སྟེ། སྦྱར་ཆོས་དྲུག་པོ་སྒྲ་ཚིག་གཅིག་ཅིང་གཅོད་མཚམས་ཐ་མི་དད་པས་སྦྱར་བའི་སྦྱར་གཞི་གཉིས་པོ་འདིས་འཇིག་རྟེན་གྱི་ཡིད་ནི་རབ་ཏུ་འཕྲོག་པར་བྱེད་དོ། །དཔེར་ན། སྦྱར་གཞི་དབྱངས་ཅན་མ་དང་ཟླ་བའོ་མཛེས་ཤིང་ཡིད་འོང་ཤིན་ཏུ་དཀར་། །གདུང་བ་སེལ་ཞིང་བདེ་བ་སྐྱེད། །བདུད་རྩིའི་ཚོགས་རྣམས་ཅི་ཡང་སྤྲོ། །དགའ་བའི་ཟློས་གཅོད་མཚམས་གཅིག་གར་འཕེལ་བར་བྱེད། །ཅེས་པ་ལྟ་བུ། འདི་ལ་སྦྱར་ཆོས་གཉིས་ལས་གཅོད་མཚམས་གཅིག །མི་ཉུང་ཞིང་སྒྲ་དོན་གཅོད་མཚམས་གཅིག་ལ་ཁྱད་མེད་དོ། །གཉིས་པ་ཐ་དད་གཅོད་མཚམས་གཅིག །ཚིག་འདྲའི་སྦྱར་བ་ནི། རྒྱ་དཔེར། དགག་པའི་ན྅་སྔོན་དུ་ཡོད་པ་མི་གནས་ཞེས་པའི་དོན་དང་། ཀྵ་ཏྲ་ནི་རྒྱལ་རིགས་དང་། ནཀྵ་ཏྲ་རྒྱུ་སྐར་ལ་འཇུག་པ་སོགས་(༩༢བ)


GLG020_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སྦྱོར་ཕྲལ་མ་ཕྲལ་སོགས་ཀྱི་སྒོ་ནས། རྒྱལ་རིགས་ཀྱི་ལམ་ཡང་དག་ལ་མི་གནས་ཤིང་། རྒྱལ་པོ་མི་དགེ་བའི་སྐྱོན་གྱི་འབྱུང་གནས་དང་སྡོངས་ནས་སྐྱོན་མང་པོ་དག་གིས་སྐྱེ་བོ་བདག་ཅག་དགའ་བ་མེད་པར་འདི་ལྟར་ཅིས་མ་མནར་ཏེ་མནར་རོ། །ཞེས་གཅོད་མཚམས་གཅིག་དང་། ཡང་རྒྱུ་སྐར་གྱི་ལམ་ནམ་མཁའ་ལ་རབ་ཏུ་གནས་པ་མཚན་མོའི་བྱ་བ་བྱེད་པ་དང་སྡོངས་ནས་སྲོད་ལ་ཟླ་བ་འདི་ཡིས་ནི་སྲེད་ལྡན་བདག་ལ་འདི་ལྟར་དགའ་བ་མེད་པར་འདོད་པས་ཅིས་མ་མནར་ཏེ་མནར་རོ། །དེ་དུས་རྣམས་ཀུན་ལས་ཡོལ་མེད་རླབས། གཅོད་མཚམས། །ལེགས་པའི་ནོར་བུ་མང་འབྱུང་ཁུངས། །རྒྱ་མཚོའི་གཏིང་མཐའ་རྙེད་མིན་པའི། །གཅིག་གོ །འདི་བོད་གཏམ་འདི་ཚོང་པའི་ཁ་ལས་སྒྲོག་སྐད་ལ་མཚོན་ན། གང་ལ་ཡང་མ་སྦྱར་བའི་ཤོ་ལོ་ཀ་གཅིག་ཧྲིལ་བུ་དོན་གཉིས་ལ་འབྱར་འགྲོ་བ་ཞིག་དགོས་པས། དཔེར་ན། དུས་རྣམས་ཀུན་ལས་ཡོལ་མེད་ཅིང་། །ལེགས་པ་མང་དུ་འབྱུང་བའི་ཁུངས། །གཏིང་མཐའ་ནམ་ཡང་རྙེད་མིན་པའི། །གཏམ་འདི་སྐྱེ་བོའི་ཁ་ལས་སྒྲོག །ཅེས་པ་ལྟ་བུ། དཀའ་གནས་འདི་ལ་འཇམ་ཁ། རིན་སྤུངས། དཔལ་སྒང་དུས་ལས་ཡོལ་མེད་ཐུགས་རྗེ་ཆེ། པ་གསུམ་ཡང་ལེགས་པའི་ཡོན་ཏན་འབྱུང་བའི་ཁུངས་དཔེར་བརྗོད། མཁྱེན་པའི་གཏིང་མཐའ་རྙེད་མིན་པའི། །གཏམ་འདི་བློ་ལྡན་ཁ་ལས་སྒྲོག །འཁྲུལ་པའི་ལམ་དུ་འཕྱན་ཞིང་། །ཟུར་མཁར་བས་སྒྲའི་གྲོང་ཚིག་གི་དཔེར་བརྗོད་འདྲ་བ་ཞིག་མ་གཏོགས་མ་བྱུང་འདུག་པས། མཁས་པ་དེ་རྣམས་འཁྲུལ་ཕྱིན། འཁྲི་སྟག་འབྲུག་གསུམ་གྱི་འགྲེལ་པ་དང་དཔེར་བརྗོད་ཡོད་ཟེར་བ་ས་ཕྱོགས་དེ་ནས་ཙནྡན་འཁྲུངས་(༩༣ན)


GLG020_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་མ་དགོས་འདིར་ལེགས་པར་བཤད་པ་ནི་སློབ་དཔོན་མཁས་པ་ཆེན་པོ་མིང་དང་དོན་མཐུན་པའི་པཎྜི་ཏ་སྨོན་འགྲོ་བའི་དྲིན་ལས་སོ། །གསུམ་པ་ནི། དཔེ་དང་། གཟུགས་ཅན་དང་། འགོག་པ་དང་ལྡོག་པ་ཅན་སོགས་ཀྱི་གསལ་བྱེད་ཀྱི་སྤྱོད་ཡུལ་ཅན་སྦྱར་བ་རྣམས་གོང་དུ་བསྟན་ཟིན་ཏོ། །བཞི་པ་ལ་དམ་བཅའ་བ། མདོར་བསྟན་རྒྱས་བཤད་དང་གསུམ། དང་པོ་ནི། སྔར་མ་བརྗོད་པ་གཞན་འགའ་ཞིག་ཀྱང་བསྟན་པར་བྱའོ། །གཉིས་པ་ནི། འགའ་ཞིག་བྱ་བ་ཐ་དད་མིན། །གཞན་པ་བྱ་བ་འགལ་མིན་ཡོད། །འགལ་བའི་ལས་ཅན་བདག་ཀྱང་གཞན། །སྦྱར་བ་ངེས་པ་ཅན་ཡང་ཡོད། །ངེས་པ་འགོག་པའི་གཟུགས་བརྗོད་དང་། །འགལ་མེད་འགལ་བ་ཅན་ཡང་སྟེ། །ཞེས་དེ་དག་རྣམས་ཀྱི་རང་བཞིན་ཡང་ནི་དཔེར་བརྗོད་དག་ལས་གསལ་བར་འགྱུར་རོ། །གསུམ་པ་ལ་བདུན་ལས། དང་པོ་བྱ་བ་ཐ་དད་མིན་པའི་སྦྱར་བ་ནི་སྦྱར་གཞི་མཛེས་མའི་མིག་དང་། ཕོ་ཉ་མོ་ཡིན་ལ་སྦྱར་ཆོས་མིག་ཟུར་དང་གཏམ་གཉིས་ཀ་འཁྱོག་ཅིང་། ཡིད་དུ་འོང་བའི་རང་བཞིན་ཅན་དང་ཆགས་པའི་ཉམས་གསལ་བར་སྟོན་པར་བྱེད་པ་གསུམ་པོ་སྟེ། མཛེས་མས་བསྐུལ་བ་ཡིན་ཁྱབ་མཉམ་དང་མིག་ཟུར་དང་ཕོ་ཉ་གཉིས་ཀས་མཛའ་བོ་འགུགས་པས་བྱ་བ་ཐ་མི་དད་དོ། །དཔེར་ན། འདྲེན་བྱེད་ཡུལ་དུ་ལྷག་པར་མཛེས། །ཡང་ཡང་བལྟས་ཀྱང་ངོམས་པ་མེད། །དཀར་འཇམ་ལུས་ཕྲའི་ལག་པ་དང་། །ནུ་མ་ཡིས་ཀྱང་བདེ་བ་གཡོ། །ཞེས་པ་ལྟ་བུ། གཉིས་པ་བྱ་བ་(༩༣བ)


GLG020_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བ་མིན་པའི་སྦྱར་བ་ནི། སྦྱར་ཆོས་ཡིད་དུ་འོང་བ་དང་། ཆགས་པ་འཕེལ་བར་བྱེད་པ་དག་འཇམ་ཞིང་མྱོས་པའི་གདངས་སྙན་པ་ཅན་གསུམ་པོ་ཡིན་ལ། སྦྱར་གཞི་ནི། དཔེ་ཁུ་བྱུག་དཔེ་ཅན་དཀར་མིན་ནག་པའི་མིག་ཅན་གྱི་མཛེས་མ་སྟེ། དཔེའི་སྒྲ་ཐོས་བྱ་ནི་ཐོས་པར་གྱུར་པས། ཆགས་པ་འཕེལ་ནས་དཔེ་ཅན་འཁྱུད་བྱ་དག་ལ་འཁྱུད་པར་བྱེད་པ་བྱ་བ་མི་འགལ་བ། གཞན་ལ་མཚོན་ན། ཡིད་དུ་འོང་བ་སོགས་རྣམ་འགྱུར་དང་། རྒྱུད་མང་གཉིས་ཀ་ལ་སྦྱར་ནས་རྒྱུད་མང་གི་སྒྲ་བསྒྱུར་བྱ་བསྒྱུར་བས། གར་མཁན་གར་རྩེ་བྱ་རྩེ། ཞེས་པ་སྟེ། དཔེར་ན། ཡིད་ལ་ཀུན་དགའི་དཔལ་སྟེར་བའི། །དཀར་མཛེས་ལང་ཚོ་ངོམས་པ་ཅན། །ཟླ་འོད་ལུས་ལ་ཕོག་གྱུར་ཏེ། །སྨིན་ལེགས་མ་ལ་ཙུམྦ་ན། །ཞེས་པ་ལྟ་བུ། གསུམ་པ་འགལ་བའི་ལས་ཅན་གྱི་སྦྱར་བ་ནི། ཚུ་མ་ནི་ནུབ་ཕྱོགས་དང་། བུད་མེད་ཀྱི་མཚན་མ་གཉིས་ཀ་ལ་བྱེད་པས། སྔ་མ་ལ་ལྟོས་ནས་ཉི་མ་ནུབ་རི་དང་། ཕྱི་མ་ལ་ལྟོས་ནས་འདོད་པ་འཁྲིག་པ་ལ་སྦྱར་བ་སྦྱར་གཞི་དང་། སྦྱར་ཆོས་འཕེལ་བ་ཡིས་དམར་བ་ནི་ཐུན་མཚམས་ཀྱི་འོད་དང་། འདོད་པའི་རྣམ་པ་ཕྱི་རོལ་ཏུ་རབ་ཏུ་སྟོན་པར་བྱེད་པ་གཉིས་ལ་སྦྱར་ནས། བྱ་བ་འགལ་བ་ཚ་ཟེར་ཅན་ནི་ནུབ་པར་གྱུར་ལ། ལུས་སྐྱེས་འདོད་པ་དག་ནི་རྣམ་པར་རྒྱས་སོ། །དཔེར་ན། །གནག་སྣུམ་མགོ་སྐྱེས་རྣམ་པར་གཡོ། །ཟླ་བས་བརྒྱན་ཅིང་མཁྱེན་པའི་དཔལ། །མགྲིན་སྔོན་དག་གིས་མཆོད་སྦྱིན་དང་། །ཚངས་པའི་སྲས་ཀྱིས་དགེ་ལ་སྦྱོར། །ཞེས་པ་(༩༤ན)


GLG020_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ། བཞི་པ་ལ་ངེས་པ་ཅན་གྱི་སྦྱར་བ་ནི། སྦྱར་གཞི་རྒྱལ་པོ་དེ་ལ་སྦྱར་ཆོས་ནི་སྟྲིཾ་ཤ་ནི་རལ་གྲི་ཉིད་དང་ཁྲོ་བ། འཁྱོག་པོ་ཉིད་ནི་གཞུ་དང་གཡོ་ཅན་གཉིས། མཱ་རྒ་ཎ་མདའ་དང་སློང་བ་པོ་གཉིས་ལ་འཇུག་པ་ལས། མི་བདག་འདི་ཡི་སྒྲ་དེ་རྣམས་གྲི། གཞུ་མདའ་ཉིད་དུ་ངེས་པར་གནས་པ་ཡིན་པས་ཅིག་ཤོས་ནི་མིན་པའི་ཕྱིར་ངེས་པ་ཅན་ནོ། །དཔེར་ན། རྒྱལ་ཁྱོད་དགྱེས་དགུར་སྤྱོད་འདི་ཡང་དག་པའི། །སྤྱོད་ཚུལ་ཡིན་གྱི་འདོད་པའི་དགའ་སྟོན་མིན། །ཐབས་མཁས་དུ་མས་བསྒྱུར་འདི་དགེ་བ་ལ། །ཡིན་གྱི་མི་དགེའི་ཕྱོགས་ལ་གཞོལ་ཕྱིར་མིན། །ཞེས་པ་ལྟ་བུ། ལྔ་པ་ངེས་པ་འགོག་པའི་སྦྱར་བ་ནི། ཁྱད་གཞི་རྒྱལ་པོ་ཁྱོད་ཀྱིས་ས་གཞི་བསྲུང་བ་ལ། སྦྱར་ཆོས་ས་འདིར་རྩུབ་པའི་ཚེར་མ་ནི་པདྨའི་ཡུ་བ་ཉིད་ལ་མཐོང་ངོ་། །ཞེས་གཞི་གཅིག་ཁོ་ན་ལ་ཡོད་པའི་ངེས་པ་སྦྱར་ནས། འོན་ཀྱང་གཅིག་པུ་དེར་མ་ངེས་ཏེ། ཆགས་ཅན་འཁྲིགས་པ་ལ་སྤྱོད་པའི་ཚེ་དགའ་མ་ལ་འཁྱུད་པར་གྱུར་པ་ན་ལུས་ཀྱི་རྣམ་པ་ལའང་མཐོང་ངོ་། །ཞེས་པདྨའི་ཡུ་བ་ལ་བ་སྤུ་དང་། ལུས་ཀྱིས་བ་སྤུ་ལྡང་བ་གཉིས་པོ་དོན་སྦྱར་བ་ཡིན་ལ། ཅིག་ཤོས་ཀྱིས་ཡུ་བའི་བ་སྤུ་ཁོ་ན་འགོག་པ་སྟེ། དཔེར་ན། ཀུན་དགའི་དཔལ་སྟེར་ཆུ་ཤེལ་དབང་། །དགའ་བྱེད་ཀུ་མུད་ཏ་ཉིད་ཙམ། །འོན་ཀྱང་བྲམ་ཟེ་མང་པོ་ཞིག །དགའ་བའི་རྣམ་པ་ཅི་ཡང་སྟོན། །ཞེས་པ་ལྟ་བུ། དྲུག་པ་འགལ་མེད་ཀྱི་སྦྱར་བ་ནི། །ས་འཛིན་དཔེ་ཅན་རྒྱལ་པོ་དང་། དཔེ་རི་གཉིས་ཀ་ལ་འཇུག་པས་མི་འགལ་(༩༤བ)


GLG020_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྦྱར་གཞི་ཡིན་ལ། སྦྱར་ཆོས་མི་འགལ་བ་ཀ་ཊ་ཀ་མང་བ་ནི། དཔེ་ལ་རི་ཕྲན་དཔེ་ཅན་ལ་རྒྱལ་ཕྲན་དཔེ་ཅན་མ་འགྱུར་ཞིང་དཔེ་འགྱུར་བ་ཞིག་དགོས་པས། གཟི་བརྗིད་ལྡན་པ་ནི་དཔེ་ཅན་སྔ་མ་དང་། དཔེ་ཉི་མ་ལ་མི་འགལ་བའི་ཁྱད་གཞི་ཁྱད་ཆོས་ངེས་པར་དར་བ་ནི་དཔེ་ཅན་ལ་རྒྱལ་སྲིད་དང་། དཔེ་ལ་འོད་ཟེར། སྐྱེ་དགུའི་བདག་པོ་བྱུང་བ་ནི་དཔེ་ཅན་སྔ་མ་དང་། དཔེ་ཚངས་པ། སྦྱར་ཆོས་རིག་བྱེད་ལ་མཁས་པ་གཉིས་ཀ་ལ་ཡོད་པ། སྦྱར་གཞི་རྗེ་བོ་དཔེ་ཅན་ལ་སྔ་མ་དང་། དཔེ་སྨིན་དྲུག་གི་བུ། སྦྱར་ཆོས་ནུས་པ་འཛིན་པ་དཔེ་ཅན་ལ་བརྟུལ་ཕོད་པའི་ནུས་པ་དང་། དཔེ་ལ་མདུང་ཐུང་འཛིན་པ་སྟེ། དཔེར་ན། དཔེ་ཅན་གྱི་སྦྱར་གཞི་སངས་རྒྱས། ལྷ་ཡི་ལྷ་བརྒྱ་བྱིན་མཆོག་སྤྱན་སྟོང་ལྡན་སྦྱར་ཆོས། །ཀུན་ལས་དབང་ཕྱུག་རྣམ་རྒྱལ་ཕ་རོལ་འཇོམས། །གསུང་གི་དབང་ཕྱུག་དབྱངས་ཅན་མ་ཡིད་དུ་འོང་སྦྱར་ཆོས། །གཉིས་སྐྱེས་ཟླ་བ། རྒྱལ་པོས་བདུད་རྩི་སྟེར་སྦྱར་ཆོས། །ཞེས་པ་ལྟ་བུ་སྦྱར་གཞི་སྦྱར་ཆོས་གཉིས་ཀ་མི་འགལ་བའོ། །བདུན་པ། འགལ་བ་ཅན་གྱི་སྦྱར་བ་ནི་དཔེ་དཔེ་ཅན་གྱི་ཁྱད་གཞི་དང་ཁྱད་ཆོས་སོགས་སྔ་མ་དང་འདྲ་བ་ལ། སྦྱར་ཆོས་འགལ་བ་ཞིག་དགོས་པས། རྒྱལ་པོ་དང་ཁྱབ་འཇུག་གཉིས་རང་གི་གོ་འཕང་དང་རྒྱལ་སྲིད་ལས་ཉམས་མེད་ཡིན་ཡང་། སྔ་མ་ནི་གླང་སོགས་མི་གསོད་པས་ཆོས་གཅོད་མིན་ལ་ཕྱི་མ་ནི་ཟློག་གོ །རྒྱལ་པོ་དང་ཟླ་བ་གཉིས་རྗེ་ཡིན་ཡང་། སྔ་མ་ནི་ནག་ཕྱོགས་ཀྱིས་ཟད་མི་ཤེས་ལ། ཕྱི་མ་ནི་ཟློག་གོ །རྒྱལ་པོ་དང་དབང་ཕྱུག་གཉིས། (༩༥ན)
བདེ་བྱེད་ཡིན་ཡང་། སྔ་མ་ལ་ལག་འགྲོའི་རྒྱན་མེད་ལ། ཕྱི་མ་ནི་དེ་ལས་ཟློག་གོ །རྒྱལ་པོ་དང་ལྷ་ཉིད་ལྷ་ཡིན་ཡང་། སྔ་མ་ནི་རྣམ་སད་དེ་གཉིད་མེད་པ་མིན་ལ། ཕྱི་མ་ནི་དེ་ལས་ཟློག་གོ །དཔེར་ན། པི་ཝང་སྒྲོག་ཀྱང་གར་མཁན་མིན། །གཙུག་ཟླ་ཚེས་ཀྱང་མགྲིན་པ་དཀར། །ཟུར་མིག་གཡོ་ཡང་འདོད་པ་སྤངས། །ལང་ཚོ་དར་ཡང་འཇའ་ལུས་སྐུ། །ཞེས་པ་ལྟ་བུ། །

ཁྱད་པར་བརྗོད་པའི་རྒྱན་གྱི་སྐོར་བཤད་པ།


GLG020_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་བརྗོད་པའི་རྒྱན་གྱི་སྐོར་བཤད་པ།ཉེར་ལྔ་པ་ཁྱད་པར་བརྗོད་པ་ལ་མཚན་ཉིད། དཔེར་བརྗོད། མ་བཤད་མ་བསླབ་པ་དང་གསུམ། དང་པོ་ནི། གཞན་ལས་ལྷག་པའི་ཁྱད་པར་རབ་ཏུ་བསྟན་པའི་ཕྱིར་དུ། རྒྱུ་འགའ་ཞིག་ལ་ཡོན་ཏན་དང་། རིགས་དང་། བྱ་བ་སོགས་གང་དུ་མ་ཚང་བ་ཉིད་བསྟན་པ་དེ་ནི་ཁྱད་པར་བརྗོད་པར་འདོད་དོ། །གཉིས་པ་ལ་ལྔ་ལས། དང་པོ་ཡོན་ཏན་མ་ཚང་བའི་ཁྱད་པར་ནི། མེ་ཏོག་གཞུ་ཅན་དག་གི་མཚོན་ཆ་མདའ་ལྔ་པོ་དེ་རྩུབ་པ་དང་རྣོ་བའི་ཡོན་ཏན་གཉིས་ཀ་མ་ཡིན་པ་སྟེ་མ་ཚང་བ་དེ་ལྟར་ན་ཡང་། རྒྱུ་མདའ་འདི་ཡིས་ནི་ཡོན་ཏན་དེ་གཉིས་ཚང་བ་དང་མཉམ་པའི་འབྲས་བུ་ས་གསུམ་དག་ལས་རྣམ་པར་རྒྱལ་བར་གྱུར་ཏེ། དཔེར་ན། འགྲོ་ལ་དངོས་སུ་དམ་ཆོས་ཀྱི། །གསུང་དབྱང་སྒྲོག་དང་སྐུ་གཟུགས་ཀྱིས། །རྣམ་འགྱུར་སྣ་ཚོགས་མི་ལྡན་ཡང་། །གདུལ་བྱ་རྗེས་འཛིན་སྣང་བརྙན་སྐུ། །ཞེས་པ་ལྟ་བུ། གཉིས་པ་རིགས་མ་ཚང་བ་ནི། མཛེས་མ་འདི་དག་ལྷ་ཡི་བུ་མོའི་རིགས་ཀྱང་མིན་ལ། དྲི་ཟའི་(༩༥བ)


GLG020_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལས་བྱུང་བའང་མིན་པ་དེ་ལྟ་མོད་ཀྱི། རྒྱུ་མཛེས་པ་འདི་ཡིས་རིགས་ཚང་བ་དང་མཉམ་པའི་འབྲས་བུ་ཚངས་པ་ཡང་དཀའ་ཐུབ་གཞོམ་པ་བསྒྲུབ་པར་ནུས་སོ། །དཔེར་ན། པདྨའི་རྫིང་བུར་མ་སྐྱེས་ཤིང་། །རྐང་འཐུང་རིགས་ལས་འཁྲུངས་མིན་པའི། །ཡིད་འོང་ཕྲ་ལྡེམ་དྲི་བཟང་ཅན། །རི་དྭགས་མིག་ཅན་ལུས་འདི་མཚར། །ཞེས་པ་ལྟ་བུ། གསུམ་པ་བྱ་བ་མ་ཚང་བ་ནི། ཁྲོ་གཉེར་དག་ནི་བསྡུས་པའི་བྱ་བ་མ་བྱས་ཤིང་། སོ་ཡི་གཡོགས་ཀྱང་བསྐྱོད་པའི་བྱ་བ་མ་བྱས་ལ། མིག་ཀྱང་དམར་པོར་གྱུར་པའི་བྱ་བ་མ་བྱས་ཀྱང་། བྱས་པ་དང་མཉམ་པའི་རྒྱུ་བྱམས་པས་འབྲས་བུ་དགྲའི་རིགས་རྣམས་ནི་ཉམས་པར་བྱས་སོ། །དཔེར་ན། མཛེས་པའི་རྣམ་འགྱུར་ཆགས་པའི་གཏམ་ལ་སོགས། །སྙིང་གྲོས་བཞིན་དུ་མང་པོ་མི་སྨྲ་ཡང་། །ལྷན་ཅིག་གནས་པ་ཙམ་གྱིས་བདག་ཡིད་ལ། །ཀུན་དགའ་བསྐྱེད་པའི་མཛའ་བོ་དམ་པ་འདི། །ཞེས་པ་ལྟ་བུ། བཞི་པ་རྫས་མ་ཚང་བའི་ཁྱད་པར་ནི། ཤིང་རྟ་དང་གླང་པོའང་མེད་ཅིང་། རྟ་དང་རྐང་ཐང་གི་རྫས་མེད་པར་ཡང་། ཡོད་པ་དང་མཉམ་པའི་རྒྱུ་ཟུར་མིག་ཉིད་ཀྱིས། འབྲས་བུ་འགྲོ་བ་གསུམ་པོ་དག་ལས་བུད་མེད་རྣམས་རྒྱལ་ལོ། །དཔེར་ན། ལེགས་སྦྱར་སྟོན་པའི་གླེགས་བམ་དང་། །གཎྜ་ལྕགས་སྨྱུག་སོགས་མེད་པར། །གདོང་དྲུག་ཞལ་ཁྱིམ་མཐོང་ཙམ་གྱིས། །སྒྲ་མཁས་དབང་ཕྱུག་གོ་ཆའི་ཞབས། །ཞེས་པ་ལྟ་བུ། ལྔ་པ་རྒྱུའི་ཁྱད་པར་ལ་དཔེ་དོན་གཉིས། དང་པོ་ནི། ཉི་མའི་ཤིང་རྟ་ལ་འཁོར་ལོ་(༩༦ན)
གཅིག་ལས་མེད་པ་དང་། ཁ་ལོ་བ་དྲང་སྲོང་འགྲོ་སྐྱོང་གི་བུ་རླ་ཤ་ཆག་ཅིང་ཉམས་པ་དང་། རྟ་མི་མཉམ་པ་བདུན་དང་བཅས་པས་དགོས་དོན་བསྒྲུབ་པ་ལ་ཕན་འདོགས་པའི་རྐྱེན་རྣམས་མ་ཚང་བ་དང་། སྐྱོན་ཅན་ཡིན་ཀྱང་། དེ་ལྟ་ན་ཡང་རྒྱུའི་ཁྱད་པར་ཉི་མ་རང་ཉིད་གཟི་བརྗིད་ཅན་ཡིན་པས། འབྲས་བུ་འགྲོ་བ་གསུམ་པོ་ཟིལ་གྱིས་མནན་ནོ། །དཔེར་ན། གཟུགས་མཛེས་གསུང་དབྱངས་སྙན་པ་དང་། །ཐུགས་ཀྱི་ཤེས་བྱ་ཀུན་མཁྱེན་སོགས། །མིན་ཡང་དགོས་འདོད་འབྱུང་ཁུངས་ཅན། །ཡིད་བཞིན་ནོར་འདིས་ཅི་འདོད་སྟེར། །ཞེས་པ་ལྟ་བུ། །གཉིས་པ་ནི། གཟི་བྱིན་ཅན་ཞེས་པའི་ཁྱད་པར་ལས། འདིར་ནི་རྒྱུའི་ཁྱད་པར་བརྗོད་དོ། །གསུམ་པ་ནི། བཤད་མ་ཐག་པའི་རིམ་པ་འདི་ཡིས་དཔེར་བརྗོད་གཞན་གྱིས་དབྱེ་བ་རྣམས་ཀྱང་བརྟག་པར་བྱའོ། །

མཚུངས་སྦྱོར་གྱི་རྒྱན་གྱི་སྐོར་བཤད་པ།


GLG020_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་སྦྱོར་གྱི་རྒྱན་གྱི་སྐོར་བཤད་པ།ཉེར་དྲུག་པ་མཚུངས་སྦྱོར་གྱི་རྒྱན་ལ་མཚན་ཉིད་དང་། དཔེར་བརྗོད་གཉིས། དང་པོ་ནི། བརྗོད་འདོད་བསྟོད་ཡུལ་ལ་ཡོན་ཏན་ཁྱད་འཕགས་སུ་མིང་ངམ་རྣམ་གྲངས་ཀྱི་སྒོ་ནས་མཚུངས་པར་བྱས་ནས་བསྟོད་ཅིང་། འགའ་ཞིག་ནི་སྨད་པའི་དོན་དུ་ངན་པར་སྔར་བཞིན་སྒྲགས་པ་གང་ཡིན་པ་དེ་ནི་མཚུངས་པར་སྦྱོར་བར་བཤད་དོ། །གཉིས་པ་ལ་གཉིས་ལས། དང་པོ་བསྟོད་པའི་མཚུངས་སྦྱོར་ནི། གཤིན་རྗེ་དང་། ལུས་ངན་དང་། ཆུ་ལྷ་དང་། མིག་སྟོང་པ་སྟེ། ཕྱོགས་བཞིའི་བདག་པོ་རྣམས་དང་། རྒྱལ་པོ་ཁྱོད་ཉིད་ཀྱང་འཇིག་རྟེན་སྐྱོང་བ་ཞེས་པའི་སྒྲ་ཡུལ་གཞན་དུ་མེད་པར་རྣམ་པར་འཛིན་པ་ལ་མཚུངས་སོ། །དཔེར་ན། འོད་དཀར་ཅན་དང་པ་ཝ་སངས། །ཆུ་སྐྱེས་འདབ་མ་དབྱངས་ཅན་ཞལ། །རབ་ཏུ་དཀར་ཞིང་འཇམ་པ་ཡི། །གྲགས་སྙན་བློ་ལྡན་ཁ་ལས་སྒྲོག །ཅེས་པ་ལྟ་བུ། གཉིས་པ་སྨད་པའི་མཚུངས་སྦྱོར་ནི། རི་དྭགས་མིག་ཅན་མ་དང་འགྲོགས་པའི་བདེ་བ་དང་། གློག་གི་རྩེ་དགའ་རོལ་བ་དག་དང་ནི། སྤྲིན་གྱི་འདུ་འགོད་རྩོམ་པ་རྣམས་རང་བཞིན་གྱིས་ན་སྐད་ཅིག་གཉིས་པར་མི་གནས་ཤིང་འཇིག་གོ་ཞེས་སྐྱོན་མཚུངས་པ་སྟེ། དཔེར་ན། སྤུ་མདོག་བཀྲ་བའི་གླང་རྒན་དང་། །ཐོས་དང་བྲལ་བའི་ཚུལ་འཆོས་མཁན། །ར་གན་གསེར་གྱི་མདོག་ཅན་འགའ། །མིག་སྔར་མཛེས་ཀྱང་དོན་གྱིས་དབེན། །ཞེས་པ་ལྟ་བུ།

འགལ་བའི་རྒྱན་གྱི་སྐོར་བཤད་པ།


GLG020_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་བའི་རྒྱན་གྱི་སྐོར་བཤད་པ།ཉེར་བདུན་པ་འགལ་བའི་རྒྱན་ལ་མཚན་ཉིད། དཔེར་བརྗོད། དོན་བསྡུ་དང་གསུམ། དང་པོ་ནི། འགལ་ཟླ་སྒྲུབ་བྱེད་ཀྱི་སླད་དུ་ནི་གང་དུ་དངོས་པོའི་ཁྱད་པར་དང་། ཆོས་དང་། བྱ་བ་སོགས་འགལ་བ་རྣམས་ཡང་དག་པར་ལྷན་ཅིག་ཏུ་འགྲོགས་པ་རབ་ཏུ་བསྟན་པ་དེ་ནི་འགལ་བར་བཤད་དེ། དཔེར་ན། གཉིས་པ་ལ་དྲུག་ལས། དང་པོ་གཞི་ཐ་དད་པའི་བྱ་བ་འགལ་བ་ནི། རྒྱུ་རྐྱེན་ནམ་མཁའ་གཡའ་དག་ཅིང་ཆུ་འཛིན་རྣམས་དྭངས་པ་དེ་ཤུགས་འབྱུང་དུ་བྱས་ནས། གཞི་ངང་པའི་རྒྱལ་པོ་དང་རྨ་བྱ་གཉིས་ཐ་དད་ཅིང་། བྱ་བ་ངང་པ་རྣམས་དག་ནི་མྱོས་པའི་གདངས་སྙན་གྱི་ཅ་ཅོ་འཕེལ་ལ། རྨ་བྱ་རྣམས་ཀྱི་སྒྲ་དག་ནི་ཡིད་འོང་(༩༧ན)


GLG020_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་བྲལ་བས་ཉམས་ཞེས། འཕེལ་ཉམས་ཀྱི་བྱ་བ་འགལ་བ་སྟེ། དཔེར་ན། རབ་མཛེས་སྤུ་སྡུག་རྣམ་བཀྲ་བའི། །རྨ་བྱ་དགའ་བའི་གར་སྒྱུར་ཚེ། །མཛའ་མོ་དང་བྲལ་འགྲོན་པོ་འགའ། །ཆགས་པའི་སྡུག་བསྔལ་དྲག་པོས་གཟིར། །ཞེས་པ་ལྟ་བུ་གཉིས་པ་གཞི་གཅིག་གི་བྱེད་པ་འགལ་བ་ནི། གཞི་དབྱར་སྐྱེས་ཀྱི་ཆུ་འཛིན་དག་གིས་ནི། བྱ་བ་ནམ་མཁའ་ཡུལ་མི་དགའ་བ་ངན་པ་ལྟ་བུར་སྤྱོད་ཅིང་། ཡང་བསིལ་པས་ཆགས་པ་འཕེལ་བ་ཡིས་ཀྱང་། འགྲོ་བའི་ཡིད་ནི་མཛའ་མོ་ལ་དགའ་བས་ཀུན་ཏུ་ཆགས་པར་གྱུར་ཏོ། །དཔེར་ན། སྒྱུ་མས་སྤྲུལ་པའི་རྟ་གླང་གི །རོལ་གར་དག་གིས་རྒྱུས་ལྡན་རྣམས། །བཏང་སྙོམས་ལ་གནས་སྐྱེ་ཕལ་རྣམས། །གཟིགས་མོར་མཚར་བའི་ཡ་མཚན་བྱེད། །ཅེས་པ་ལྟ་བུ། གསུམ་པ་གཞི་གཅིག་གི་ཆོས་དུ་མ་འགལ་བ་ནི། གཞི་བུད་མེད་གཅིག་པུ་ལ་སྐེད་པ་ཕྲ་ཞིང་རོ་སྨད་སྦོམ་པ་དང་། མཆུ་དམར་ཞིང་མིག་ནི་དཀར་བ་མིན་པ་སྟེ་ནག་པ་དང་། ལྟེ་བ་དམའ་ཞིང་ནུ་མ་མཐོ་བའི་བུད་མེད་ལུས་ཀྱིས་འདོད་ལྡན་སུ་དག་མ་བཅོམ་སྟེ་བཅོམ་མོ། །དཔེར་ན། མགོ་སྐྱེས་དཀར་ཞིང་བཞིན་རས་ནག །ཐོས་པས་རབ་ཕྱུག་ནོར་གྱིས་དབུལ། །ཡོན་ཏན་གྱིས་མཛེས་རྒྱན་གོས་ཧྲུལ། །ཤེས་བྱ་ཤེས་ཀྱང་བྲིན་སྒོ་ཆུང་། །ཞེས་པ་ལྟ་བུ། བཞི་པ་རྫས་འགལ་བ་ནི། གཞི་བུད་མེད་གཅིག་པུ་ལ་རྫས་པདྨའི་རྩ་བ་ལྟར་མཉེན་པའི་ལག་པ། ཆུ་ཤིང་ལྟར་མཁྲང་བའི་བརླ་པདྨ་ལྟར་དཀར་བའི་གདོང་དང་། ཨུཏྤལ་ལྟར་(༩༧བ)


GLG020_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པའི་མིག་ལྡན་ལུས་ཅན་མ་ཁྱོད་ཀྱི་གཟུགས་ཀྱིས། བདག་ཅག་རྣམས་གདུང་བར་ནུས་མིན་ནམ་སྟེ་ནུས་སོ། །དཔེར་ན། །པདྨའི་བཞིན་ལ་བུང་བའི་དབུ་སྐྲ་ཅན། །བྱི་རུའི་མཆུ་སྒྲོས་མུ་ཏིག་ཚེམས་ཀྱི་འཕྲེང་། །ཨུཏྤལ་དང་རལ་གྲི་འཛིན་པ་ཡི། །འཇམ་དཀར་གཞོན་ནུ་དེ་ནི་ལྷག་པའི་ལྷ། །ཞེས་པ་ལྟ་བུ། །ལྔ་པ་གཞི་གཅིག་གི་ལས་འགལ་བ་ནི། གཞི་རླུང་གིས་རབ་ཏུ་བསྐྱོད་པའི་སྐྱེད་མོས་ཚལ་གྱི་ཙཱུ་ཏ་དང་ཙནྡྲ་ཀའི་མེ་ཏོག་གི་རྡུལ། བྱ་བ་འགལ་བ་རྡུལ་གྱིས་མིག་ལ་རེག་པའི་བྱ་བ་བྱེད་དགོས་པ་ལ་མིན་ཞེས་པ་བཀབ་ན་ཡང་འགྲོན་པོ་ཡིས་དེ་མཐོང་བ་ན་ཆགས་པས་མིག་ལས་མཆི་མ་ཟགས་པར་བྱེད། ཅེས་མ་བྱས་པར་བྱས་པའི་འབྲས་བུ་འགྲུབ་པར་སྟོན་པ་སྟེ། དཔེར་ན། ལུས་ཅན་མཐའ་དག་བདེ་བ་ལ། །སྦྱོར་བའི་ཟས་གཙང་སྲས་པོ་ཡི། །འཚེ་བ་མེད་ཀྱང་བདུད་ཀྱི་སྡེ། །མི་ཟད་སྡུག་བསྔལ་ཆེ་ལ་སྦྱར། །ཞེས་པ་ལྟ་བུ། དྲུག་པ་སྦྱར་བའི་འགལ་བ་ནི། རྒྱ་དཔེར། ཨ་རྫུ་ན་དཀར་བ་དང་སྲིད་སྒྲུབ་གཉིས་ལ་འཇུག་པས་མཚོན་ཏེ་སྒྲ་གཅིག་གིས་དོན་གཉིས་སྟོན་པས། བོད་སྐད་ལ་བརྗོད་བྱ་མི་འདྲ་བའི་ཤོ་ལོ་ཀ་གཉིས་སུ་འབྱུང་བའི་དང་པོའི་དོན་ནི། སྙན་པར་སྒྲོག་མ་ཁྱོད་ཀྱི་མིག་ནག་པའི་མཐའ་དཀར་བ་དེའི་རྗེས་སུ་དམར་བ་ཡང་ཆགས་པའི་ཉམས་ཅན། དཀྱུས་རིང་པོ་རྣ་བའི་བར་དག་ལ་བརྟེན་པ་འདི་ནི་ཀུན་དགའ་ཞིང་ཡིད་བརྟན་པ་ཞིག་དགོས་རྒྱུ་ལ། སུ་ཡི་ཡིད་བཏོན་ཉིད་དུ་མི་འགྱུར་བའི་རྣལ་དུ་མི་གནས་པར་བྱེད་པ་ནི་(༩༨ན)
འགལ་ལོ། །གཉིས་པའི་དོན་ནི། ནག་མོ་སྙན་པ་སྒྲོག་མ་ཁྱོད་ཀྱི་མིག །བདག་པོ་སྲིད་སྒྲུབ་ལ་ཆགས་པས་ལྟ་བར་བྱེད་ཀྱང་། རབ་དཀར་སྒྲིབ་གཉིས་དྲི་མ་མེད་བདག་པོའི་རྣམ་བཀྲས་མཁྱེན་བརྩེ་ཕྱོགས་བཅུར་འཕྲོ། དགྲ་རྣ་བ་ཅན་ཐུགས་རྗེའི་བདུད་རྩིའི་རྒྱུན་བབས་པས། དག་ལ་རྨོངས་མུན་སྲོག་དང་བྲལ་བ་བྱས། འདོད་པ་བསྟེན་པར་བྱེད་པ་འདི་ནི་སུ་ཡིས་ཀྱང་ཡིད་བརྟན་ཉིད་དུ་མི་འགྱུར་རོ། །དཔེར་ན། རབ་ཏུ་དཀར་ཞིང་དྲི་མ་མེད། །རྣམ་བཀྲ་འོད་ཟེར་ཕྱོགས་བཅུར་འཕྲོ། །བདུད་རྩིའི་ཆུ་རྒྱུན་བབས་པ་ཡིས། །དུ་མའི་སྲོག་དང་བྲལ་བར་བྱས། །ཞེས་པ་ལྟ་བུ། གོང་དུ་རྫས་འགལ་བའི་སྐབས་མཚུངས་པ་གསལ་རབ་དཀར་རྡུལ་གྱི་དྲི་མ་མེད་བྱེད་ཀྱི་འབྲུ་རྣམ་མཛེས་འོད་དཀར་ཕྱོགས་བཅུར་འཕྲོ། མང་གི་ཚིག་སྡུད། བསིལ་ཟེར་བདུད་རྩིའི་རྒྱུན་འབབས་པས། འདྲ་བ་ཙམ། པདྨའི་སྲོག་བྲལ་བར་བྱས། ཡིན་ཡང་། དེ་ལ་གདོང་ཅན་ཞེས་པའི་བདག་པོའི་སྒྲ་ཡོད་པས། འདིར་གཞི་གཅིག་གི་སྟེང་དུ་པདྨ་དང་ཆུ་ཤིང་སོགས་རྫས་མང་པོ་སྤུངས་པས་མི་འདྲའོ། །གསུམ་པ་ནི། དེ་ལྟར་རྒྱན་གྱི་རྣམ་པ་འདི་རྣམས་ནི་རྣམ་གྲངས་མི་འདྲ་བ་དུ་མ་ཉིད་དུ་རབ་ཏུ་རྟོགས་པར་བྱའོ། །

སྐབས་མིན་བསྟོད་པའི་རྒྱན་བཤད་པ།


GLG020_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་མིན་བསྟོད་པའི་རྒྱན་བཤད་པ།ཉེར་བརྒྱད་པ་སྐབས་མིན་བསྟོད་པ་ལ་མཚན་ཉིད། །དཔེར་བརྗོད། དོན་བཤད་པ་དང་གསུམ། དང་པོ་ནི་བསྟོད་པར་སྐབས་སུ་མ་བབ་པའི་ཡུལ་ཞིག་ལ་རྐྱེན་གྱིས་རང་ཉིད་ཡིད་འགྱུར་བའི་འདོད་པའི་དབང་གིས་བསྔགས་པ་ནི་སྐབས་མིན་སྟོད་པ་ཡིན་ནོ། །གཉིས་པ་ནི། མི་ཞིག་རྒྱལ་པོ་ངན་པའི་མཛད་སྤྱོད་ཀྱིས་ཡིད་འབྱུང་བའི་(༩༨བ)
རྐྱེན་གྱིས་བསྟོད་པའི་ཡུལ་མ་ཡིན་པ། རི་དྭགས་རྣམས་ནི་གཞན་ལ་བརྟེན་པའི་རེ་ལྟོས་མི་དགོས་ཤིང་། འབད་མེད་དུ་རྙེད་པར་སླ་བའི་ནོར། ཆུ་དང་རྩའི་མྱུ་གུ་སོགས་ཀྱིས་ནགས་རྣམས་སུ་བདེ་བར་འཚོ་བ་ནི་དགའོ། །དཔེར་ན། དཔོན་གྱིས་བཀའ་བསྐྱོན་རང་ཉམས་ཆགས་སྡང་སོགས། །གཡེང་མེད་སོ་ནམ་ཁྲལ་དང་འུ་ལག་གིས། །མནར་མིན་ལྟོ་གོས་སློང་བས་ཅི་བདེར་འཚོ། །དཱ་རི་དྲ་ཚོའི་སྣང་སེམས་བདེ་ཉམས་ལ། །ཞེས་པ་ལྟ་བུ། གསུམ་པ་ནི་རྒྱལ་པོ་ངན་པའི་རྗེས་སུ་འབྲངས་བ་རྣམས་ཉོན་མོངས་པ་ལ་ཡིད་སྐྱོ་བ་དང་ལྡན་པ་ཡིས་སྐབས་སུ་མ་བབ་པ་ཉིད་དུ་འདིར་རི་དྭགས་འདི་དག་གི་སྤྱོད་ཚུལ་ལ་བསྔགས་སོ། །

ཟོལ་བསྟོད་ཀྱི་རྒྱན་གྱི་སྐོར་བཤད་པ།


GLG020_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཟོལ་བསྟོད་ཀྱི་རྒྱན་གྱི་སྐོར་བཤད་པ།ཉེར་དགུ་པ་ཟོལ་བསྟོད་ཀྱི་རྒྱན་ལ་མཚན་ཉིད། དཔེར་བརྗོད་དོན་བསྡུ་བ་དང་གསུམ། དང་པོ་ནི། གལ་ཏེ་ཡུལ་གང་ལ་སྨད་པ་བཞིན་བྱས་ནས། དོན་བསྟོད་པའི་ཕུལ་སྐྱེད་པའི་སྒོ་ནས་རྣམ་པ་སྐྱོན་ལྟར་སྣང་ཡང་། ངོ་བོ་ཡོན་ཏན་ཉིད་གང་དུ་ཉེ་བར་ཐོབ་པར་གྱུར་པ་འདི་ནི་ཟོལ་གྱི་བསྟོད་པར་བཤད་དོ། །གཉིས་པ་ལ་གསུམ་ལས། དང་པོ་མཐུ་ཕུན་སུམ་ཚོགས་པའི་ཟོལ་བསྟོད་ནི། རཱ་མ་ཎ་དཀའ་ཐུབ་ལ་གནས་པ་ཡིས་ཀྱང་། འབྱུང་པོ་འཛིན་མ་སྟེ་ས་ཆེན་པོ་འདི་ལས་རྒྱལ་བར་གྱུར་པ་ཡིན་པས། ས་དེ་ཉིད་རྒྱལ་པོ་ཁྱོད་ཉིད་གཅིག་པུས་བཟུང་བ་མིན་པས་ཀྱང་། ཚུལ་འདི་ལ་རྒྱལ་པོ་ཁྱོད་ནི་རྒྱག་པ་སྟེ་ཁེངས་པ་མཛད་མི་རིགས་སོ། །ཞེས་རྒྱལ་པོ་དེ་ས་ཀུན་ལས་རྒྱལ་བ་དང་། རཱ་མ་ན་དང་མཚུངས་པར་ཟོལ་གྱིས་བསྟོད་པའོ། །(༩༩ན)


GLG020_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན། རྒྱ་ཞང་མ་བསྒྲུབས་ཐལ་སྡེབ་ཙམ་གྱིས་ཀྱང་། །བོན་མང་སྐད་ཅིག་ཁོང་ཁྲག་སྐྱུག་མཛད་ན། །བྱང་བདག་རིག་འཛིན་ཁྱོད་ཀྱིས་ཆེད་གཉེར་དུ། །བསྒྲུབས་མཐུས་དགྲ་བོ་གཞོམ་ལ་ཅི་ཞིག་སྙེམས། །ཞེས་པ་ལྟ་བུ། གཉིས་པ་དཔའ་བ་ཕུན་ཚོགས་ཀྱི་ཟོལ་བསྟོད་ནི། ཐོབ་བྱའི་ཡུལ་ས་གཞི་ཞེས་པ་བྱེད་པ་པོ་བསྟོད་ཡུལ་གྱི་རྒྱལ་པོ་ཡ་རབས་ཅན་ལ་སྨད་པའི་རྣམ་པས་བསྟོད་པའི་ཚུལ། སྔོན་གྱི་སྐྱེས་བུ་ཁྱབ་འཇུག་གིས་བདག་ཏུ་བཟུང་བའི་ས་གཞི་ལས་བཅད་ནས། དཔལ་འདི་ནི་ཁྱོད་ཀྱིས་ཡོངས་སུ་སྤྱོད་པར་འདུག་མོད། རྒྱལ་པོ་བུ་རམ་ཤིང་པའི་བརྒྱུད་པ་ཁྱོད་ཀྱིས་མ་བྱིན་པར་ལེན་པ་འདི་ནི་རིགས་སམ་ཅི་ཞེས་པ་སྟེ། དཔེར་ན། མི་དགེའི་མིང་ཙམ་ལྷག་མར་བྱ་བ་ཡི། །རྫོགས་ལྡན་ས་སྤྱོད་ང་ལས་ནུ་ཁྱོད་ཀྱིས། །ལྷ་དབང་མངའ་འབངས་དུ་མ་མ་བྱིན་པར། །ལེན་པ་དགེ་བཅུའི་ཁྲིམས་ལ་རྣམ་པར་གནོད། །ཅེས་པ་ལྟ་བུ། གསུམ་པ་སྟོབས་ཕུན་ཚོགས་ཀྱི་ཟོལ་བསྟོད་ནི། ཡུལ་རྒྱལ་པོ་ཁྱོད་ཀྱི་བཙུན་མོ་དང་ས་གཞི་ཡིན་ལ། ལག་འགྲོ་ནི་ཀླུ་དང་། བྱོལ་སོང་དང་། སྐྱེ་བོ་ངན་པ་རྣམས་ལ་འཇུག་པས། སྒྲ་གཅིག་གིས་ཆོས་གཉིས་སུ་འགྱུར་པར་བཀོད་ནས། ལག་འགྲོའི་ལོངས་སྤྱོད་དག་ལ་ཆགས་པས། ཅིའི་སླད་དུ་རྒྱལ་པོ་ཁྱོད་ཀྱིས་ང་རྒྱལ་བ་ལས། མཆོག་གི་མཐའ་སྟེ་རྩེ་མོར་འཛེགས་པར་གྱུར་པ་ནི་མི་རིགས་སོ་ཞེས་སྦྱར་གཞི་བཙུན་མོ་དང་ས་གཞིའི་བདག་ཡིན་པ་(༩༩བ)
ལ་སྨད་པ་ལྟར་བྱས་ནས། དོན་བཙུན་མོས་ལག་འགྲོ་སྟེ་ཀླུའི་ནོར་བུ་ལ་སྤྱོད་པ་དང་ས་གཞི་ནི་ཀླུའི་ལོངས་སྤྱོད་རྒྱ་མཚོ་ལ་ཆགས་པས་སྟོབས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པར་བསྟན་ནོ། །དཔེར་ན། གཞུང་མང་འཛིན་དང་ལེགས་སྐྱོར་སློབ་དཔོན་བསྟེན། །ཉིན་མཚན་ལུས་ངག་ཡིད་ཀྱི་དཀའ་སྤྱད་བྲེལ། །དལ་མེད་རང་ཉིད་མནར་བའི་མཁས་གྲགས་ཀྱི། །རྣམ་དཔྱོད་དེ་ཡང་དགོས་པ་ལྷག་པོ་མེད། །ཅེས་པ་ལྟ་བུ། གསུམ་པ་ནི་དེ་ལྟར་བསྟན་པའི་དཔེར་བརྗོད་ཀྱིས་ཉེ་བར་མཚོན་པ་ལས་སྦྱར་བ་ཅན་དང་། གཞན་དག་གི་ཡང་ཟོལ་གྱིས་བསྟོད་པའི་རྣམ་གྲངས་རྣམས་ནི་རབ་ཏུ་རྒྱ་ཆེན་པོ་དག་མཐའ་དང་བྲལ་བས་བློ་གྲོས་ཀྱིས་དཔོག་གོ །

ངེས་བསྟན་གྱི་རྒྱན་བཤད་པ།


GLG020_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་བསྟན་གྱི་རྒྱན་བཤད་པ།སུམ་ཅུ་པ་ངེས་བསྟན་གྱི་རྒྱན་ལ་མཚན་ཉིད། དཔེར་བརྗོད་གཉིས། དང་པོ་ནི། གལ་ཏེ་ངེས་པ་བསྟན་བྱའི་དོན་ལས་ངེས་པ་སྟོན་བྱེད་གཞན་གྱི་འཇུག་པ་ཡིས་བསྟན་བྱ་སྟོན་བྱེད་དེ་དང་ཆོས་མཚུངས་པའི་འབྲས་བུ་འགའ། མཆོག་ཕན་པ་དང་། མཆོག་མིན་གནོད་པ་ལྟ་བུ་སྟོན་པར་བྱེད་པ་དེ་ནི་ངེས་པར་བསྟན་པ་ཡིན་ནོ། །གཉིས་པ་ལ་གཉིས་ལས། དང་པོ་མཆོག་གི་ངེས་བསྟན་ནི། ཐོག་མར་ངེས་པ་སྟོན་བྱེད་ཀྱི་དཔེ་ཉི་མ་འཆར་བ་ཉིད་ཀྱིས་ནི། པདྨ་རྣམས་ལ་དཔལ་སྟེར་བར་བྱེད་དོ་ཞེས་བཀོད་ནས། ཅིའི་སླད་དུ་ན། དགེ་བ་ཕུན་སུམ་ཚོགས་པ་རྣམས་ཀྱི་འབྲས་བུ་དག་གིས་འགྲོ་བ་རྣམས་གྲོགས་པོ་ལྟར་རྗེས་སུ་འཛིན་པར་བསྟན་པའི་ཕྱིར་རོ། །དཔེར་ན། རབ་དངས་རྙོག་པ་བྲལ་བའི་རྫིང་བུ་ལ། །གཟུགས་བརྙན་འགོག་པ་མེད་པ་ལེགས་(༡༠༠ན)
འཆར་བས། །ཇི་ལྟ་ཇི་སྙིད་ཤེས་བྱའི་ཚོགས་རྣམས་ཀུན། །རྒྱལ་བའི་ཐུགས་ལ་གསལ་བར་འཆར་དེ་སྟོན། །ཞེས་པ་ལྟ་བུ། གཉིས་པ་མཆོག་མིན་གྱི་ངེས་བསྟན་ནི། ངེས་པ་སྟོན་བྱེད་ཟླ་བའི་འོད་ཟེར་གྱིས་རེག་པ་ན་མུན་པའི་ཕྲེང་བ་ནུབ་པར་གྱུར་ཏོ་ཞེས་བཀོད་ནས། གང་གི་སླད་དུ་ན། རྒྱལ་པོ་ངན་པ་རྟོག་དཔྱོད་མེད་པ་རྣམས་ཀྱིས་རང་གི་བློ་དང་ཅུང་ཟད་འགལ་བ་རྣམས་ལ་འཕྲལ་དུ་གསོད་པ་སོགས་ངན་པའི་མཐར་གྱུར་བ་གསལ་བར་བྱེད་པ་ནི་ངེས་པ་བསྟན་རྒྱུའོ། །དཔེར་ན། དབང་ཕྱོགས་རི་ལས་རྟ་ལྗང་ཅན། །ཤར་ཚེ་སྲིན་བུའི་མེ་འོད་དག །ཉམས་པས་སྐྱིན་ཐང་དྲག་པོ་ཡིས། །དབྱར་སྐྱེས་གཞོན་ནུ་འཇོམས་པ་སྟོན། །ཞེས་པ་ལྟ་བུ། འདི་གཉིས་དོན་གཞན་བཀོད་པ་ལ་འཁྲུལ་གཞི་སྐྱེ་ཡང་དོན་གཞན་བཀོད་པ་ལ་སྒྲུབ་བྱེད་ནུས་པ་ཅན་རྗེས་སུ་བཀོད་ལ། འདིར་སྔོན་དུ་བཀོད་པས་འཁྲུལ་བའི་གནས་མེད་དོ། །

ལྷན་གཅིག་བརྗོད་པའི་རྒྱན་བཤད་པ།


GLG020_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་གཅིག་བརྗོད་པའི་རྒྱན་བཤད་པ།སོ་གཅིག་པ་ལྷན་ཅིག་བརྗོད་པའི་རྒྱན་ལ་མཚན་ཉིད། དཔེར་བརྗོད། མཇུག་བསྡུ་བ་དང་གསུམ། དང་པོ་ནི། དངོས་པོ་གང་གི་ཡོན་ཏན་དང་ལས་རྣམས་ལྷན་ཅིག་གིས་བརྗོད་པ་ནི་ལྷན་ཅིག་བརྗོད་པའི་རྒྱན་ནོ། །གཉིས་པ་ལ་གསུམ་ལས། དང་པོ་ཡོན་ཏན་ལྷན་ཅིག་བརྗོད་པ་ནི། བུད་མེད་དྲན་གྲགས་པས་མི་བཟོད་པའི་སྐྱེས་བུ་ཞིག་གཉིད་མ་བྱུང་བའི་དབང་གིས། དེ་ནི་མཚན་མོའི་ཆ་འདི་དག་རྣམས་རྫོགས་རྒྱུ་མེད་པ་ལྟ་བུ་འདི། བདག་གི་དབུགས་ཤུགས་རིང་འདོན་པ་དང་ལྷན་དུ་མི་ཟད་དོ། །ཞེས་རིང་བའི་ཡོན་ཏན་དང་། ཟླ་བའི་རྒྱན་(༡༠༠བ)


GLG020_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པའི་མཚན་མོ་རྣམས་ཀྱང་སྐྱ་སེང་སེང་བ་འདི། མཛའ་མོ་དྲན་པའི་བདག་གི་ལུས་སྐེམ་ཞིང་སྐྱ་བ་ཉིད་དང་ལྷན་ཅིག་ཏུ་དཀར་རོ་ཞེས་དཀར་བའི་ཡོན་ཏན་དཔེར་ན། འཇམ་མགོན་ཕྱག་གི་གྲི་དང་ལྷན་ཅིག་ཏུ། ཁོ་བོའི་འཆད་རྩོད་རྩོམ་པའི་རིག་པ་རྣོ། །དབྱངས་ཅན་ཕྱག་སོར་རྩེ་ཡི་རྒྱུད་མང་དང་། །ལྷན་ཅིག་བདག་གི་མཁས་པའི་གྲགས་པ་སྙན། །ཞེས་པ་ལྟ་བུ། འདིར་རིན་སྤུངས་པས་ཉེས་པར་བཤད་བཞིན་དུ། །སྣར་ཐང་པས་ལེགས་པར་བཤད་པ་ལ་སུན་འབྱིན་པ་ནི། མ་དག་པས་དག་པ་ལ་འཕྱ་བའོ། །གཉིས་པ་བྱ་བ་ཐ་དད་པའི་ལྷན་ཅིག་བརྗོད་པ་ནི། འགྲོན་པོ་བུད་མེད་དང་བྲལ་བ་རྣམས་ཀྱི་ཆགས་པའི་རྨོངས་པ་རྒྱས་པ་དང་ལྷན་ཅིག་ཏུ། བྱ་བ་ཐ་དད་པ་ཤིང་ཙཱུ་ཏའི་དོག་པ་སྟེ་སྙེ་མ་རྣམས་རྒྱས་སོ། །དེ་དག་མཛའ་མོ་དྲན་པས་མཆི་མ་ཤོར་བ་དང་མཉམ་དུ། བྱ་བ་ཐ་དད་པ་མ་ལ་ཡའི་རླུང་དག་ཀྱང་འབབ་བོ། །དཔེར་ན། སྨིན་ལེགས་དཀར་བའི་བཞིན་རས་ཀྱིས། །འདོད་ལྡན་ཆགས་པ་འཕེལ་བ་དང་། །ལྷན་ཅིག་ཁོ་བོའི་བློ་གྲོས་ཀྱང་། །དབྱངས་ཅན་ལྷ་མོའི་དྲིན་ལས་རྒྱས། །ཞེས་པ་ལྟ་བུ། རིན་སྤུངས་པས་འདི་ལ་རྒྱུ་འབྲས་ལྷན་ཅིག་པ་གསུངས་ན། རྒྱུ་རྒྱན་གྱི་སྐབས་ཀྱི་དེ་དང་མི་འདྲ་བའི་དབྱེ་བ་དགོས་པས་འཇོག་རྒྱུ་མི་རྙེད་ལ་ཁྱེད་ཀྱི་ལེགས་པར་བཤད་པ་འདི་ལ་སྐབས་འགར་རྩིང་རྟགས་མ་མཛད་ཅིག །གསུམ་པ་བྱ་བ་གཅིག་པའི་ལྷན་ཅིག་བརྗོད་པ་ནི། ཁུ་བྱུག་སྐད་སྙན་པར་སྒྲོག་པའི་སྐལ་བཟང་དང་ནགས་(༡༠༡ན)
ཀྱི་ཀླུང་ནི་དྲི་བཟང་བའི་བྱ་བ་དང་། དཔྱིད་དུས་ལ་བབ་པའི་ཉིན་གྱི་བྱ་བ་གསུམ་པོ་འདིས་སྐྱེ་བོའི་ཡིད་ཀུན་ཏུ་དགའ་བ་རྣམས་ལྷན་ཅིག་དག་ཏུ་འཕེལ་བར་གྱུར་ཏོ། །དཔེར་ན། རབ་དཀར་ཟླ་བའི་དཀྱིལ་འཁོར་དང་། རི་དྭགས་མིག་ཅན་མིག་གི་དཀྱུས། །པདྨ་དཀར་པོའི་ཆུན་པོ་ཡིས། །ལྷན་ཅིག་མིག་ལ་མཛེས་པ་སྟེར། །ཞེས་པ་ལྟ་བུར། སྣར་ཐང་པས་འདི་ལ་རྫས་བརྗོད་པར་འཆད་པ་ནི་འཁྲུལ་པའི་རང་འཚང་ངོ་། །གསུམ་པ་ནི། དེ་ལྟར་ལྷན་ཅིག་བརྗོད་པ་ཡི་དཔེར་བརྗོད་དགའ་ཞིག་འདིར་བྱས་པ་སྟེ་བཤད་ཟིན་ཏོ། །

ཡོངས་རྗེས་ཀྱི་རྒྱན་བཤད་པ།


GLG020_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་རྗེས་ཀྱི་རྒྱན་བཤད་པ།སོ་གཉིས་པ་ཡོངས་རྗེས་ཀྱི་རྒྱན་ལ་མཚན་ཉིད། དམ་བཅའ། དཔེར་བརྗོད་དང་གསུམ། དང་པོ་ནི། བརྗོད་བྱའི་དོན་ཡོན་ཏན་དང་ལས་ལ་སོགས་པ་དེ་རྣམས་ཕན་ཚུན་བསྣོོལ་བ་གང་ཡིན་པ་དེ་ནི་ཡོངས་རྗེས་ཡིན་ཏེ། དེ་དག་ནི་དཔེར་ན་ཞེས་སོ། །གཉིས་པ་ནི། ཡོངས་སུ་རྗེས་པའི་རང་བཞིན་ཡང་ངེས་པར་བསྟན་པ་ཅུང་ཟད་བྱའོ། །གསུམ་པ་ནི་དགྲ་ཟླའི་ས་སྤྱོད་རྣམས་ལ་དཔའ་བོ་ཁྱེད་ཀྱིས་ཕར་མཚོན་བསྣུན་པ་དང་། འཆི་བ་སྟེར་བར་བྱེད་པ་ནི། ཁྱོད་ཀྱི་ལག་པ་ཡིན་ལ། ཚུར་དེ་དག་གི་གྲགས་པའི་ཀུ་མུད་ཏ་དཀར་པོ་ཡུན་རིང་དུ་བསྒྲུབས་པ་དག་ལག་པས་ཕྲོགས་སོ་ཞེས་གྲགས་པ་དང་ཡོན་ཏན་རྗེས་པ་སྟེ། དཔེར་ན། བློ་ལྡན་ཐོན་མིས་རིན་ཆེན་ཀཉྩ་ནས། །སྨྲ་མཁས་ལེགས་བྱིན་རེ་བ་ཡོངས་བསྐང་བས། །བརྡའ་སྤྲོད་རིག་པའི་ཚོགས་ཀྱི་སཾ་བྷོ་ཊ། །མི་(༡༠༡བ)
དམན་བློ་གྲོས་མཆོག་དེ་རྣམ་པར་གང་། ཞེས་པ་ལྟ་བུ། །

ཤིས་བརྗོད་ཀྱི་རྒྱན་བཤད་པ།


GLG020_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་བརྗོད་ཀྱི་རྒྱན་བཤད་པ།སོ་གསུམ་པ་ཤིས་བརྗོད་ཀྱི་རྒྱན་ལ་མཚན་ཉིད། དཔེར་བརྗོད། ཞར་བྱུང་དང་གསུམ། དང་པོ་ནི། ཡུལ་མངོན་པར་འདོད་པའི་དངོས་པོ་བསྲུང་བའི་བསྒྲུབ་པ་ལ་བར་ཆད་མེད་པ་སྨོན་པ་ནི་ཤིས་བརྗོད་ཅེས་བྱ་སྟེ། དཔེར་ན་གཉིས་པ་ནི། ངག་དང་ཡིད་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཡེ་ཤེས་ཀྱི་སྣང་བ་དམ་པས་ཁྱོད་ལ་སྲུངས་ཤིག་ཅེས་པ་འགྲུབ་རྒྱུའི་དོན་ལ་སྨོན་པ་དང་། གཞན་ཡང་གྲུབ་ཟིན་གྱི་འབྲས་བུ་རང་བཞིན་ལ་སྨིན་པའི་ཕྱིར་དུ་སྨོན་པ་སོགས་མང་ལ་མཐར་རྒྱལ་བ་ལྟ་བུ་ཤིས་བརྗོད་ཀྱི་སྒྲ་ཡོད་པ་ཞིག་དགོས་སོ། །དཔེར་ན། ངག་གི་འདོད་པ་འབད་མེད་དུ། །འཇོ་བའི་དབྱངས་ཅན་ལྷ་མོ་དེས། །བློ་གྲོས་རྒྱས་པའི་དངོས་གྲུབ་ཀུན། །སྩོལ་བའི་བཀྲ་ཤིས་དགའ་སྟོན་ཤོག །ཅེས་པ་ལྟ་བུ། གསུམ་པ་ནི། ཐུན་མོང་མིན་པའི་དཔེའི་སྐབས་སུ་རྗེས་འགྲོ་མེད་པའི་རྒྱན་དང་། བཅུ་གཉིས་པར་ཐེ་ཚོམ་ཅན་གྱི་རྒྱན་བཤད་པས་དེ་དག་ནི་དཔེ་རྣམས་ཉིད་ལས་བསྟན་ཟིན་ལ། དཔེའི་གཟུགས་ཅན་དག་ཀྱང་གཟུགས་ཅན་བཅོ་ལྔ་པའི་སྐབས་སུ་བཤད་པས་འདིར་གཟུགས་ཅན་རྣམས་ལ་ངེས་པར་བསྒྲགས་ཟིན་ཅིང་། རབ་རྟོག་ཆ་ཤས་འདི་ཡང་ནི་སྔར་བཤད་པའི་རབ་རྟོག་གི་དབྱེ་བ་ཉིད་ལ་འདུས་སོ། །

རབ་སྤེལ་གྱི་རྒྱན་བཤད་པ།


GLG020_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རབ་སྤེལ་གྱི་རྒྱན་བཤད་པ།སོ་བཞི་པ་རབ་སྤེལ་གྱི་རྒྱན་ལ། མཚན་ཉིད། དབྱེ་བ། དཔེར་བརྗོད། ཞར་བྱུང་རྒྱན་སྤྱིའི་རིགས་བསྡུ་ཚུལ་དང་བཞི། དང་པོ་ནི། ཐ་དད་པའི་རྒྱན་གསུམ་ཕན་ཆད་རྣམས་བསྲེས་པ་ནི་སྤེལ་མ་དག་ཏུ་བརྗོད་པ་(༡༠༢ན)
སྟེ་ཞེས་སོ། །གཉིས་པ་ནི། ཡན་ལག་སྒྲུབ་བྱེད་ཕན་འདོགས་པར་བྱེད་པ་དང་ཡན་ལག་ཅན་བསྒྲུབ་བྱ་ཕན་གདགས་པར་བྱ་བ་སོགས་བརྗོད་འདོད་ཀྱི་དངོས་པོའི་སྐབས་ཐོབ་སྦྱར་ནས་བསྲེ་བྱའི་རྒྱན་སོ་བཞི་པ་གང་ཡིན་རྣམས་གཅིག་ལ་གཅིག་ལྟོས་ཀྱི་རབ་སྤེལ་དང་། ཡང་བསྲེ་བྱའི་རྒྱན་ཐམས་ཅད་སོ་སོར་རང་རང་གི་དབང་ཐོབ་པའམ། སྟོབས་མཚུངས་པའི་རབ་སྤེལ་གྱི་རྒྱན་ཉིད་ཅེས་པ་ལུགས་གཉིས་སྤེལ་མ་ཡི་རྒྱན་དག་ནི་མཚོན་པར་བྱའོ། །གསུམ་པ་ནི། མཛེས་མ་ཁྱོད་ཀྱི་བཞིན་གྱི་དཔལ་མཛེས་པ་ཡན་ལག་དང་། ཡན་ལག་ཅན་པདྨ་དག་གིས་འགོག་པར་བྱེད་པ་སྟེ། དཔེ་རྒྱན་དང་། སྒྲུབ་བྱེད་ནུས་པ་ཅན་མཛེས་པའི་ཟེའུ་འབྲུའི་མཛོད་དང་། འདོད་པའི་ལྕུག་མའི་ཡུ་བ་ཕུན་སུམ་ཚོགས་པ་ཡོད་པས་འགྲན་ནུས་སོ་ཞེས་དོན་གཞན་བཀོད་པ་དང་། གདོང་འདི་ལ་འགྲན་ནུས་པ་ལ་བྱ་དཀའ་བ་ཅི་ཞིག་ཡོད་དེ་མེད་དོ། །ཞེས་པདྨ་ལ་ཟོལ་གྱིས་བསྟོད་པ་སྟེ། རྒྱན་གསུམ་ཚང་ངོ་། །ཕྱག་ལེན་ལ་དཔེར་བརྗོད་གཉིས་མཛད་སྲོལ་ཡོད་པས། དང་པོ་གཅིག་ལ་གཅིག་བརྟེན་གྱི་རབ་སྤེལ་ནི། དབྱངས་ཅན་མཛེས་སྐུ་ཟླ་བའི་དཀྱིལ་འཁོར་ནི། །ཉི་འོད་ཀྱིས་འཁྱུད་གངས་རིའི་མདངས་ལ་འགྲན། །དེ་ལ་ཕྲག་དོག་དཔལ་མོ་ལྷ་ཡུལ་དུ། །བྲོས་པས་རྒྱན་གྱི་མེ་ཏོག་འཛུམ་ཞིང་རྒོད། །གཉིས་པ་སྟོབས་མཚུངས་ནི། །གངས་རིའི་སྤུན་ཟླ་དབྱངས་ཅན་ཞལ། །སྤྱན་ཟུར་ཨུཏྤལ་འགྲོ་ལ་གཡོ། །བྱེད་པོས་ནམ་མཁའ་བཞུ་བའི་ཆུ། །དབུ་སྐྱེས་འདི་ལ་བྱུགས་སམ་སྙམ། །ཞེས་པ་ལྟ་(༡༠༢བ)
བུ། བཞི་པ་ནི། སྔར་བཤད་པའི་རྒྱན་རྣམས་ཀྱི་རིགས་ནི་རང་བཞིན་གྱིས་བརྗོད་པ་དང་། འཁྱོག་པོར་བརྗོད་པ་ཞེས་ངག་གི་རང་བཞིན་ཐ་དད་པ་གཉིས་ལས། འཁྱོག་པོར་བརྗོད་པ་ཐམས་ཅད་ལ་ཉམས་འགྱུར་སྣ་ཚོགས་སྦྱར་བས་ཚིག་སྦྱོར་གྱི་དཔལ་རྒྱས་པར་བྱེད་ལ། ཕལ་ཆེར་ཞེས་པའི་སྒྲས་རང་བཞིན་དྲང་པོར་བརྗོད་པ་ལ་མ་ཡིན་ནོ། །

དགོངས་པ་ཅན་གྱི་རྒྱན་བཤད་པ།


GLG020_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་ཅན་གྱི་རྒྱན་བཤད་པ།སོ་ལྔ་པ་དགོངས་པ་ཅན་གྱི་རྒྱན་ལ་ངོ་བོ་ངོས་གཟུང་བ་དང་། ཆོས་བཞི་རྒྱས་པར་བཤད་པ་གཉིས། དང་པོ་ནི། སྙན་ངག་མཁན་པོའི་བསམ་པ་སྙན་ངག་གི་རྒྱུན་འགྲུབ་པར་བྱེད་པའི་རྟོགས་པ་རྩོམ་པ་ནི་དགོངས་པ་སྟེ། སྙན་ངག་འགོ་བརྩམས་ནས་གྲུབ་པར་མ་གྱུར་གྱི་བར་དུ་བསམ་པ་གང་གནས་པ་ནི་རྒྱན་གྱི་རྒྱུ་ཡིན་ལ། རབ་ཏུ་སྦྱོར་བའི་བཅད་ལྷུག་སྤེལ་མའི་ཡུལ་གྱི་ཡོན་ཏན་ནི་དགོངས་པ་ཅན་ཞེས་བརྗོད་དོ། །དཔེར་ན། མེ་ལོང་དང་མཚུངས་མེ་ལོང་གཞུང་ལུགས་ལས། །མཁས་པའི་གསུང་བཞིན་མཁས་པའི་གོ་འཕང་དག །མངོན་འགྱུར་ཕྱིར་ན་མངོན་འགྱུར་ང་རྒྱལ་དག །སྤངས་ཏེ་ལོག་རྟོག་སྤངས་ནས་འདི་བརྩམས་སོ། །ཞེས་པ་ལྟ་བུ། གཉིས་པ་ནི། །དངོས་པོ་སྙན་པར་བརྗོད་པ་ཡི་ཚིག་རྣམས་ཀུན་ཕན་ཚུན་གཅིག་གིས་གཅིག་ལ་ཕན་པར་བྱེད་པ་ཉིད་ཀྱིས་འབྲེལ་ཆགས་པ་དང་དོན་དང་བྲལ་བའི་ཁྱད་པར་རྣམས་མ་བྱས་པར་ཉེ་བར་མཁོ་བ་ཁོ་ན་བཀོད་པ་དང་། བསྟོད་པའི་གནས་སྐབས་ཀྱི་མཆོག་དམན་དང་བསྟུན་ནས་བསྔགས་པ་བརྗོད་ཤེས་པ་དང་། དངོས་སུ་བརྗོད་པའི་རིམ་པའི་སྟོབས་ཀྱི་(༡༠༣ན)


GLG020_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་ལས་བརྗོད་བྱའི་དངོས་པོ་ནི་ཟབ་མོ་དག་ཀྱང་གསལ་བ། དཔེར་ན་སྐྱེས་རབས་ཀྱི་ཕྲེང་བ་བརྗོད་པའི་སྟོབས་ལས་ཐུབ་པའི་ངོ་མཚར་ཁྱད་པར་ཅན་གོ་བ་ལྟ་བུ་སྟེ། ཆོས་བཞི་པོ་དེ་དང་ལྡན་པའི་བསམ་པས་ཀུན་ནས་སླངས་པའི་དགོངས་པའི་དབང་དུ་གྱུར་པའི་ཕྱིར། དེ་དག་དགོངས་པ་ཅན་ཞེས་རིག་པར་བྱའོ། །གསུམ་པ་ཟློས་གར་གྱི་མཚན་ཉིད་ཀྱང་རྒྱན་དུ་བསྟན་པ་ནི། གང་ཡང་མཚམས་སྦྱོར་གྱི་ཡན་ལག་ལྔ་དང་འཇུག་པའི་ཡན་ལག་བཅུ་དྲུག་དང་། རྒྱན་བྱེད་པ་སོགས་མཚན་ཉིད་སུམ་ཅུ་རྩ་དྲུག་དང་། སྒེག་པའི་ཡན་ལག་སོགས་ལུང་གཞན་དག་ཏུ་བརྗོད་པ་འདི་ཡང་རྒྱན་ཉིད་དུ་ནི་དབྱུག་པ་ཅན་བདག་ཅག་འདོད་དོ། །བཞི་པ་མཇུག་བསྡུ་ཞིང་མ་བཤད་པ་བསླབ་ཚུལ་ནི། སྟོན་གྱི་སྙན་ངག་མཁན་རྣམས་ཀྱི་གཞུང་ལུགས་རྒྱ་ཆེ་ཞིང་མཐའ་ཡས་པ་དག་འདིར་རབ་ཏུ་བསྡུས་ནས་རྒྱན་སུམ་ཅུ་རྩ་ལྔའི་ཚད་དུ་གྱུར་པ་བསྟན་པ་ཡིས། རང་བཞིན་དང་འཁྱོག་པོའི་རྒྱན་རྣམས་དག་གི་ལམ་འདི་ཉིད་ནི་རྣམ་པར་ཕྱེའོ། །དེའི་མཐུས་བརྗོད་པའི་ཡུལ་ལས་འདས་པར་ཡོངས་སུ་གནས་པ་ཡི་ཤིན་ཏུ་ཕྲ་བའི་ཁྱད་པར་རྣམས་ནི་སྔར་བཤད་པའི་རྒྱན་རྣམས་ལ་གོམས་པ་རྣམས་ཀྱིས་དབྱེ་བར་ནུས་སོ། །སྙན་ངག་མེ་ལོང་ལས། ལེའུ་གཉིས་པའི་འགྲེལ་པ་དང་དཔེར་བརྗོད་བཤད་ཟིན་ཏོ། །སྨྲས་པ། བཅད་ལྷུག་སྤེལ་མའི་ལང་ཚོ་དར་བབས་མ། །(༡༠༣བ)
ངོ་མཚར་རྒྱན་གྱི་གདུ་བུ་འཁྲོལ་བ་ཅན། །དོན་བཟང་མིག་དཀྱུས་རྣམ་དཔྱོད་འདྲེན་བྱེད་ལས། །འགོངས་ཚེ་ཤེས་ལྡན་ཀུན་གྱི་བརྟན་པ་ཕྲོགས། །ཉམས་དང་འགྱུར་བའི་མཉེན་ལྕུག་སོར་མོའི་རྩེར། །སྙན་ཚིག་འབུམ་དུ་ཆགས་པའི་པི་ཝང་རྒྱུད། །བརྡུངས་ཚེ་ཚངས་པའི་བུ་མོ་གར་མཁན་མ། །ཁོ་བོའི་མགྲིན་པའི་པད་མཚོར་ཟློས་གར་སྒྱུར། །འཁྲུལ་པའི་རྡུལ་བྲལ་ལེགས་བཤད་དངས་པའི་དཔྱིད། །དོན་རྒྱན་བཻ་ཌཱུར་འཁྱིལ་བའི་ཨཱདརྵར། །ཁེངས་ལྡན་ཤེས་བྱ་སྨིན་ལེགས་མ་དེའི་བཞིན། །འགོག་མེད་ཤར་བའི་ངོ་མཚར་འདི་རྨད་བྱུང་། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousདོན་རྒྱན་གྱི་སྐོར་བཤད་པ།next