Nitartha Digital Library
Tibetan
 
previousགཞི་རྒྱུན་བཅས་ཀྱི་རྟག་ལོངས་སྤྱོད་ཚུལ།next

གཞི་རྒྱུན་བཅས་ཀྱི་རྟག་ལོངས་སྤྱོད་ཚུལ།

འདས་མ་ཐག་པའི་ཟླ་བའི་ངེས་པས་རྩིས་གཞི་འཛིན་པ།


MLP005_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་རྐང་པའི་ལོངས་སྤྱོད་དག་པར་བྱེད་པའི་ཆོ་ག་ལ། ཡན་ལག་ལྔའི། སྒྲ་གཅན་གྱི། གཟའ་ལྔའི། མཇུག་རིང་གི་ལོངས་སྤྱོད་བཤད་པའོ། །དང་པོ་ལ། གཞི་རྒྱུན་བཅས་ཀྱི་རྟག་ལོངས་སྤྱོད་ཚུལ་དང་། དེ་ལ་བརྟེན་ནས་རྐང་ལོངས་དག་པར་བྱེད་པའི་ཚུལ་གཉིས།


MLP005_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལའང་། འདས་མ་ཐག་པའི་ཟླ་བའི་ངེས་པས་རྩིས་གཞི་འཛིན་པ། དེ་ལ་ཞག་རེའི་རྟག་ལོངས་བསྣན་ཏེ་བརྩི་བཞིན་པའི་བར་པ་བསྒྲུབ་པའོ། །དང་པོ་ནི། བརྩི་བཞིན་པའི་ཟླ་བ་དག་པའི་ཚོགས་གཟའ་ཉི་ཆ་རིལ་གྱི་ཟླ་བའི་ངེས་པས་སོ་སོར་བསྒྱུར་ལ། རྩིས་གཞི་རང་རང་གི་འཁོར་ལོར་མ་ལོངས་པའི་རྩིས་འཕྲོ་རྣམས་བསྲེས་ཏེ། མས་ནས་ཡར་རང་རང་གི་འཁོར་ལོས་དྲིལ་བས་གཟའ་ཉི་ཆ་རིལ་གྱི་དྷྲཱུ་ཝ་ཀ་རྣམ་པར་དག་པ་འཆར་རོ། །དེ་ཡང་ཟླ་དག་གི་ཚོགས་སོ་སོའི་ཟླ་བའི་ངེས་པས་བསྒྱུར་དགོས་ཏེ། དེ་ལྟ་བུའི་ཟླ་བའི་ཚོགས་ཀྱི་ཟླ་བ་རེའི་སྟེང་ནས་གཟའ་ཉི་ཆ་རིལ་གྱི་ངེས་པའི་ཚོགས་དེ་ཙམ་ཞིག་གནས་པའི་ཕྱིར། དེ་ལྟར་གནས་པའི་རྒྱུ་མཚན་ཡང་། ཚེས་ཞག་གཅིག་གི་ཚད་ཆུ་ཚོད་ང་དགུ་རྗེས་འབྲང་དང་བཅས་པ་སུམ་ཅུས་བསྒྱུར་བས། གཟུགས་དང་གཟུགས་མེ་སོགས་གཟའ་དྷྲཱུའི་སྒྱུར་བྱེད་རྣམས་འབྱུང་བའི་ཕྱིར་དང་། ཡང་ཟླ་རྐང་ལ་ཞག་རེ་ཞིང་རྐང་པ་རིལ་པོ་རེ་དང་། རིལ་པོ་རེའི་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་རེ་གནས་ལ། དེ་གཉིས་ཟླ་བ་གཅིག་གི་བར་དུ་བསགས་པས་རྐང་པ་རིལ་པོ་སུམ་ཅུ་དང་། རྐང་པའི་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་ཀྱང་སུམ་ཅུ་འབྱུང་ཞིང་། སུམ་སྟོང་བདུན་བརྒྱ་བརྒྱད་ཅུ་པོ་ཞག་གི་འཁོར་ལོ་ཡིན་པའི་ཕྱིར། དེ་སུམ་ཅུས་དྲིལ་བས་དུས་ཉི་འབྱུང་སྟེ། ཟླ་བ་གཅིག་གི་ཆ་ཤས་ཀྱི་འཁོར་ལོའོ། །དེས་ན་ཟླ་བ་གཅིག་གི་རྐང་པ་རིལ་པོ་སུམ་ཅུ་ལ་ཟླ་རྐང་གནས་བཅུ་བཞི་ལུགས་འབྱུང་ལུགས་ལྡོག་ཏུ་སྤྱོད་པའི་འཁོར་ལོ་ཀླུ་ལག་གིས་བགོས་པས་ལྷག་མར་གཉིས་ལུས་པའི་ཕྱིར་དེས་གནས་གོང་མ་དང་། སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་སུམ་ཅུ་སུམ་ཅུ་ལ་དུས་ཉིའི་ཆ་ཤས་གཅིག་རེ་ཡིན་པའི་ཕྱིར་གནས་འོག་མ་གཅིག་གིས་བསྒྱུར་བ་ཡིན་ལ། དེ་བཞིན་དུ་ཉི་མའི་ཚེས་ཞག་གཅིག་གི་ཡུལ་གྱི་ལོངས་སྤྱོད། ཆུ་ཚོད་བཞི། སྲང་ཉེར་གཅིག་ལ་སོགས་པ་དེ་སུམ་ཅུས་བསྒྱུར་བས། མིག་ཕྱོགས་སོགས་ཉི་དྷྲཱུའི་སྒྱུར་བྱེད་རྣམས་འབྱུང་བ་ཡིན་ལ། དེ་ལྟར་ཟླ་བ་སྔ་མ་སྔ་མའི་གཟའ་ཉི་ཆ་རིལ་གྱི་དྷྲཱུ་བ་ཀ་རྣམ་པར་དག་པའི་སྟེང་དུ་སོ་སོའི་སྒྱུར་བྱེད་རྣམས་བྱིན་ཏེ། རང་རང་གི་འཁོར་ལོས་དྲིལ་བས་ཟླ་བ་ཕྱི་མ་ཕྱི་མའི་


MLP005_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པ་རྣམ་པར་དག་པ་འཆར་རོ། །དེ་དག་གི་ལག་ལེན་སྡོམ་ཚིག་ཏུ་སྨྲས་པ། རབ་ཉིའི་སྐྱེས་བདག་འདས་ལོ་རུ། །བྱས་པའི་ཟླ་དག་གནས་ལྔ་དང་། །གནས་གཉིས་གནས་ལྔ་རིམ་པར་བཀོད། དང་པོ་གཟུགས་དང་གཟུགས་མེ་དང་། །མཁའ་འབྱུང་ཐིག་ལེ་མཁའ་ཀླུ་ཆུས། །བསྒྱུར་ལ་དབང་ཕྱོགས་མེ་འབྱུང་ཐིག །ཆུ་རི་གཟུགས་སྦྱིན་རི་མཁའ་རི། །དུས་དང་མཁའ་རོ་ལན་གཉིས་དང་། །ཐུབ་པས་དྲིལ་ལྷག་གཟའ་དྷྲཱུའོ། །གཉིས་པ་སྟེང་མིག་འོག་མའི་གནས། །གཟུགས་བསྒྱུར་ཆུ་དང་འོག་ཀླུ་བྱིན། །དུས་ཉི་ཀླུ་ལག་གིས་དྲིལ་ལྷག །ཚོགས་དང་ཆ་ཤས་དྷྲཱུ་བ་ཀ། གསུམ་པ་མིག་ཕྱོགས་ཀླུ་དབང་གཟུགས། །རི་བོ་ཟླས་བསྒྱུར་དེ་ཉིད་དང་། །འཁོར་ལོ་སྐྱོན་མཚོ་དུས་འབྱུང་བྱིན། །རི་རོ་དུས་དང་མཁའ་རོ་གཉིས། །འཁོར་ལོས་དྲིལ་ལྷག་ཉི་དྷྲཱུའོ། །སྔ་དྷྲཱུར་རང་རང་སྒྱུར་བྱེད་བྱིན། །ཕྱི་མ་ཕྱི་མའི་དྷྲཱུ་བ་འཆར། །ཞེས་སོ། །དེ་རྣམས་ཀྱིས་ལྔ་བསྡུས་ལས། གཟའ་ཚེས་སྐར་སྦྱོར་རྣམས་སྒྲུབ་པའི་གཞི་ཟླ་བའི་ངེས་པ་བསྟན་པ་སྟེ། བྱེད་པ་ལ་ནི་ཚེས་གྲངས་ངེས་ན་ཟླ་བ་མ་ངེས་ཀྱང་འགྲུབ་པའི་ཕྱིར། ཟླ་བའི་དྷྲཱུ་བ་བཙལ་མི་དགོས་སོ། །འོ་ན། འདིར་གཟའ་དྷྲཱུའི་གནས་དང་པོས་ཉིན་ཞག་ལ་དབང་བྱེད་ཀྱི་རེས་གཟའ་དང་། ཆུ་ཚོད་མན་ཆད་ཀྱིས་ཚེས་ཀྱི་འཕོ་མཚམས་ཏེ། ཡན་ལག་ལྔ་ཡི་ཡ་གྱལ་གྱི་གཟའ་ཚེས་གཉིས་འདིའི་ཐུན་མོང་དུ་སྟོན་པའི་གནད་གང་ཞེ་ན། འདི་ཡིན་ཏེ་ཚེས་ཞག་ལས་ཉིན་ཞག་སྒྲུབ་པའི་ཚེ། གནས་གསུམ་འོག་མའི་ཆ་གཉིས་ཀྱིས་སྟེང་མར་ཞག་མི་ཐུབ་སྟོན་པའི་ཉིན་ཞག་གི་ཚོགས་དང་། རེས་གཟའི་གནས་འཇུག་པ་གཅིག་པ་གང་ཞིག །གནས་འོག་མ་གཉིས་ཀྱི་ཆ་དང་ཚེས་ཀྱི་ལོངས་སྤྱོད་འཇུག་པ་གཅིག་པའི་ཕྱིར། དཔེར་ན་ཚེས་ཟླ་གཅིག་གི་ཞག་གྲངས་སུམ་ཅུ་པོ་གནས་གསུམ་དུ་བཞག་ལ། འོག་ནས་རི་མཁའ་རི་དང་ཆུ་རོས་མ་ཐོབ་པ་ཞག་ས་ནས་གཅིག་ཕབ་སྟེ་རང་རང་གི་ཆའི་འཁོར་ལོར་བྱས་པ་ལ་སྦྱངས་པའི་ཚོགས་ལས། ༢༩འོག་མའི་གནས་གཉིས་ཀ་དབྱུག་སྲང་དབུགས་ཆའི་དོན་དུ། མཁའ་རོ་ལན་གཉིས་དང་། རོ་དང་། རི་མཁའ་རིས་རིམ་པར་བསྒྱུར་བ་ལ། རི་མཁའ་རི་དང་ཆུ་རོས་རིམ་བཞིན་དྲིལ་བའི་ནོར་ཞག་གི་འོག་ཏུ་བརྩེགས་ཏེ། ཞག་གནས་
བདུན་གྱིས་ཕུད་པའི་ལྷག་མར་གཟའ་ཚེས་ཀྱི་ཟླ་བའི་ངེས་པ་གཟུགས་དང་གཟུགས་མེ་སོགས་འཆར་བའི་ཕྱིར་རོ། །

དེ་ལ་ཞག་རེའི་རྟག་ལོངས་བསྣན་ཏེ་བརྩི་བཞིན་པའི་བར་པ་བསྒྲུབ་པ།


MLP005_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། གཟའ་ཉིའི་དྷྲཱུ་བ་ཀ་སོ་སོ་ལ། རང་རང་གི་རྟག་ལོངས་གང་རྩིའི་ཚེས་ཀྱིས་བསྒྱུར་ནས་སྟེར་བའམ། ཡང་ན་རྟག་ལོངས་གཅིག་ཐོག་གཅིག་བརྩེགས་ཀྱིས་སྤེལ་བའི་རེའུ་མིག་སུམ་ཅུ་ལས་གང་འདོད་དང་། ཟླ་རྐང་གི་དྷྲཱུ་བའི་རིལ་པོའི་གནས་སུ་ཚེས་རེ་ལ་རྐང་པ་རིལ་པོ་རེ་སྤྱོད་པའི་དོན་དུ་གང་རྩིའི་ཚེས་གྲངས་ཉིད་སྦྱིན་པས་འགྲུབ་སྟེ། དྷྲཱུ་བ་ཀ་ནི་འདས་མ་ཐག་པའི་གནམ་སྟོང་གི་བར་པ་ཡིན་པ་གང་ཞིག །དེ་ལ་བརྩི་བཞིན་པའི་ཞག་རེའི་རྟག་ལོངས་བསྣན་པས་ངེས་པ་ད་ལྟ་བར་འགྱུར་བའི་ཕྱིར་རོ། །


previousགཞི་རྒྱུན་བཅས་ཀྱི་རྟག་ལོངས་སྤྱོད་ཚུལ།next