Nitartha Digital Library
Tibetan
རིག་འཛིན་གྲུབ་པའི་དབང་ཕྱུག་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེའི་གསུང་ཆོས་སྐོར།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གནས་ཡིག་ཕྱོགས་བསྡུས།
  


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousགནས་ཡིག་ཕྱོགས་བསྡུས། next

གནས་ཡིག་ཕྱོགས་བསྡུས།

གནས་ཡིག་ཕྱོགས་བསྡུས་བཞུགས་སོ༔ སྐྱབས་གནས་ཀུན་འདུས་གུ་རུ་རིན་པོ་ཆེཿ སྒོ་གསུམ་གུས་པའི་ངང་ནས་གུས་ཕྱག་འཚལཿ ཐུགས་རྗེ་བྱིན་རླབས་དབང་བསྐུར་དངོས་གྲུབ་སྩོལཿ བཟང་ངན་འབྲེལ་ཐོགས་ཕ་མས་ཐོག་དྲངས་ནསཿ ལས་ཉོན་མི་དགེ་བྱང་ནས་སངས་རྒྱས་ནསཿ བཀྲ་ཤིས་དགེ་བས་ས་སྟེང་གང་གྱུར་ཅིགཿ ཨེ་ཧོཿ རང་བྱུང་ངོ་མཚར་གནས་མཆོག་ཙ་རི་ནསཿ གནས་ཆེན་པདྨའི་བཀོད་པ་ཁྱད་པར་ཅནཿ རྣ་ཐོས་མིག་གིས་མཐོང་ཚོར་དྲན་པའི་ཚེཿ ངན་སོང་སྒོ་གཅོད་སེམས་ཅན་མ་ལུས་པཿ བདེ་ཆེན་ཐར་པའི་ལམ་ལ་འདྲེན་པར་ནུསཿ དེ་ནས་གནས་ཀྱི་ཤར་ཕྱོགས་སུཿ གནས་པའི་འཕགས་མཆོག་སྤྱན་རས་གཟིགསཿ གྲུབ་ཆེན་གོང་མའི་ཞལ་སྔ་ནསཿ ཉམས་ལེན་ཐོད་རྒལ་ཆོས་དྲུག་ཕྱིནཿ གནས་བདག་ཞིང་སྐྱོང་ཡབ་ཡུམ་བཞུགསཿ གནས་འདིའི་ཕན་ཡོན་བསམ་མི་ཁྱབཿ འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཞིངཿ མོས་གུས་དད་པས་ཕྱག་འཚལ་ནཿ ད་ལྟར་བསགས་པའི་སྒྲིབ་པ་འདགཿ གནས་ལ་བར་སྐོར་སུས་བྱས་ཚེཿ སྐྱེ་རབས་གསུམ་གྱི་ལས་སྒྲིབ་བྱངཿ གནས་འདིར་བཞུགས་པའི་༼ཏེ་༽སྒྲིབ་སྦྱང་ནཿ སྔར་མེད་ཡོན་ཏན་བདག་འཛིན་བྲལཿ མཐའ་མ་འཇའ་ལུས་འོད་སྐུར་གྲོལཿ ཤར་ཕྱོགས་རྡོ་རྗེ་གཡུ་ཕྲེང་ཅནཿ འཁོར་དུ་མ་རྒྱུད་མཁའ་འགྲོས་བསྐོརཿ རང་བྱུང་སྤྲུལ་པའི་ཚོགས་དང་བཅསཿ ལྷོ་ཕྱོགས་དགའ་བའི་དུར་ཁྲོད་གནསཿ སྒྲུབ་པའི་མི་ལ་སྡོང་གྲོགས་བྱེདཿ དམ་ཚིག་བསྲུང་བས་གྲུབ་པ་ཐོབཿ ནུབ་ཕྱོགས་པདྨ་བཀོད་པའི་གནསཿ མོས་གུས་དད་པ་སུས་བྱེད་ནཿ ཚེ་རབ་ལས་ཀྱི་སྒྲིབ་པ་བྱངཿ ཕྱི་མ་ངན་སོང་གནས་ནས་འདྲེནཿ དགའ་བཞི་མཆོག་གི་དངོས་གྲུབ་ཐོབཿ བྱང་ཕྱོགས་ལས་རབ་དག་པའི་གནསཿ གནས་འདིར་སྒྲུབ་པ་སུས་བྱས་ནཿ བར་ཆད་གཡུལ་ལས་རྒྱལ་བའི་ཕྱིརཿ བར་ཆད་གདོན་བགེགས་ཞི་བར་ངེསཿ གནས་འདིས་ལས་སྒྲིབ་གང་འཐུག་རྣམསཿ ངན་སོང་རིགས་དྲུག་བསྐམ་པར་ངེསཿ གནས་ལ་བསྐོར་ཕྱག་བརྒྱ་བྱས་ནཿ ཡིག་དྲུག་དུང་བདུན་བཏོན་དང་མཉམཿ མཚམས་བཞི་རྒྱལ་ཆེན་སྡེ་བཞིས་བསྲུངཿ དུས་ཆེན་རྣམས་ལ་རོལ་མོ་སྒྲོགཿ རྣལ་འབྱོར་དབེན་པར་དགའ་བའི་གནསཿ ཉམས་སྣང་རིག་ངོ་འཕྲོད་པའི་གནསཿ ཆོས་སྐུའི་རང་ཞལ་མཇལ་བའི་གནསཿ རང་སྣང་ཤར་གྲོལ་དགའ་བའི་ཚལཿ འགགས་མེད་སྐུ་གསུམ་རང་ལ་རྫོགསཿ ཡང་ཡང་བསྟན་ན་མཐོང་རྒྱུ་མེདཿ གནས་མེད་འགྲོ་འོང་གཅིག་ཀྱང་མེདཿ གཏད་བྱ་རྟོགས་བྱེད་གཅིག་ཀྱང་མེདཿ རང་རང་བབས་ཞོག་དང་ནམ་མཁའ་འདྲཿ དྭངས་གསལ་དངོས་མེད་སྟོང་པའི་ངངཿ གཞི་མེད་གཟུགས་སྐུ་འཇའ་ལུས་འགྲུབཿ ཅེས་རང་སྣང་མ་བཅོས་བརྡ་མཛོད་ལསཿ བསྐལ་པ་ས་སྟག་ལོ་བོད་ཟླ་༢པའི་ཚེས་༡༨ལ་སྤྲུལ་པའི་སྐུ་རིན་པོ་ཆེས་བསྐུལ་ངོར་སྔགས་མིང་རྡོ་རྗེ་གླིང་པས་བྲིས་པ་གུས་ཕུལ་ལགསཿ དགེའོ། །དགེའོ། །དགེའོ།།


previousགནས་ཡིག་ཕྱོགས་བསྡུས། next