Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསེར་འོད་དམ་པའི་བཤགས་པ།
   
   
   
   
   
   
   
   


 
previousགསེར་འོད་དམ་པའི་བཤགས་པ།next

གསེར་འོད་དམ་པའི་བཤགས་པ།

༄༅། །གསེར་འོད་དམ་པའི་བཤགས་པ་བཞུགས་སོ། །

སངས་རྒྱས་རྐང་གཉིས་དམ་པ་དག །ཐུགས་བརྩེ་ཐུགས་རྗེ་ལྡན་པའི་ཐུགས། །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །བཞུགས་པ་བདག་ལ་དགོངས་སུ་གསོལ། །བདག་གིས་སྔོན་ཆད་སྡིག་པའི་ལས། །ཤིན་ཏུ་མི་ཟད་གང་བགྱིས་པ། །སྟོབས་བཅུའི་སྤྱན་སྔར་བདག་མཆིས་ཏེ། དེ་དག་ཐམས་ཅད་བཤགས་པར་བགྱི། །ཕ་མ་དག་ཏུ་མི་འཛིན་དང༌། །སངས་རྒྱས་རྣམས་སུ་མི་འཛིན་དང༌། །དགེ་བ་དག་ཏུ་མི་འཛིན་དང༌། །སྡིག་པ་བདག་གིས་གང་བགྱིས་དང༌། །ཕྱུག་པའི་རྒྱགས་པས་དྲེགས་པ་དང༌། །རིགས་དང་ལོངས་སྤྱོད་རྒྱས་པ་དང༌། །གཞོན་པའི་རྒྱགས་པས་དྲེགས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །ཉེས་བསམས་ཉེས་པར་སྨྲས་པ་དང༌། ཉེས་པར་བགྱིས་པའི་ལས་རྣམས་དང༌། །ཉེས་པའི་དམིགས་སུ་མ་བལྟས་པས། །བདག་གིས་སྡིག་པ་གང་བགྱིས་དང༌། །བྱིས་པའི་བློ་ཡིས་འཇུག་པ་དང༌། །མི་ཤེས་མུན་པའི་སེམས་དང་ནི། །སྡིག་པའི་གྲོགས་པོའི་དབང་གྱུར་དང༌། །ཉོན་མོངས་རྣམ་པར་འཁྲུགས་སེམས་དང༌། །རྩེད་མོ་དགའ་བའི་དབང་ཉིད་དང༌། །མྱ་ངན་དང་ནི་ནད་དབང་དང༌། ནོར་གྱིས་མི་ཆོག་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །འཕགས་མིན་སྐྱེ་བོ་འདྲེ་བ་དང༌། །ཕྲག་དོག་སེར་སྣའི་རྒྱུ་དང་ནི། གཡོ་དང་འབུལ་བའི་ཉེས་པ་ཡིས། །བདག་གིས་ཉེས་པ་གང་བགྱིས་དང༌། །ཕོངས་པ་བྱུང་བའི་དུས་ཀྱི་ཚེ། །འདོད་པ་རྣམས་ཀྱིས་འཇིགས་རྒྱུ་དང༌། །ཕྱུག་པ་མ་ཡིན་གྱུར་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །གཡོ་བའི་སེམས་ཀྱིས་དབང་ཉིད་དང༌། །འདོད་དང་ཁྲོ་བའི་དབང་དག་དང༌། །བཀྲེས་དང་སྐོམ་གྱིས་ཉེན་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང༌། །བཟའ་བ་དག་དང་བཏུང་བ་དང༌། །བུད་མེད་རྒྱུ་དང་གོས་ཀྱི་ཕྱིར། །ཉོན་མོངས་གདུང་བ་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བགྱིས་དང༌། །ལུས་དང་ངག་དང་ཡིད་ཀྱི་སྡིག །ཉེ་བར་སྤྱོད་པ་རྣམ་གསུམ་བསགས། །འདི་འདྲའི་ཚུལ་གྱིས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །སངས་རྒྱས་རྣམས་དང་ཆོས་རྣམས་དང༌། །དེ་བཞིན་ཉན་ཐོས་རྣམས་ལ་ཡང༌། །གུས་པ་མ་ལགས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །གང་ཡང་རང་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང༌། །གུས་པ་མ་ལགས་གང་བགྱིས་རྣམས། །དེ་དག་ཐམས་ཅད་བདག་འཆགས་སོ། །དམ་ཆོས་སྨྲ་བ་རྣམས་ལ་ཡང༌། །གུས་པ་མ་ལགས་བགྱིས་པ་དང༌། །ཆོས་ལའང་གུས་པ་མ་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་གིས་རྟག་ཏུ་མི་ཤེས་པས། །དམ་པའི་ཆོས་ནི་སྤངས་པ་དང༌། །ཕ་མ་རྣམས་ལ་མ་གུས་དང༌། །དེ་དག་ཐམས་ཅད་བདག་འཆགས་སོ། །བླུན་པོ་དང་ནི་བྱིས་པ་དང༌། །འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ང་རྒྱལ་དྲེགས་པས་བསྒྲིབས་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་ནི་ས་བཅུའི་འཇིག་རྟེན་དུ། །སྟོབས་བཅུ་རྣམས་ལ་མཆོད་པར་ཤོག །ས་བཅུ་དག་ལ་གནས་ནས་ཀྱང༌། །ཐམས་ཅད་དེ་བཞིན་གཤེགས་གྱུར་ཅིག །ཇི་སྲིད་སྡུག་བསྔལ་རྒྱ་མཚོ་ལས། །དེ་ཀུན་ཐར་བགྱིད་ནུས་སྲིད་དུ། །སེམས་ཅན་རེ་རེའི་ཕྱིར་ཡང་ནི། །བསྐལ་པ་བྱེ་བར་སྤྱོད་པར་ཤོག །གསེར་འོད་དམ་པ་ཞེས་བགྱི་བ། །ལས་རྣམས་ཐམས་ཅད་བྱེད་བྱེད་པ། །ཟབ་མོ་དག་ནི་སྟོན་པ་འདི། །སེམས་ཅན་དེ་དག་སྟོན་གྱུར་ཅིག །གང་གིས་བསྐལ་པ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་ཟད་བགྱིས། །ལན་གཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །གང་གིས་ལས་ཀྱི་སྒྲིབ་པ་རྣམས། །མྱུར་དུ་ཡང་དག་ཟད་འགྱུར་བ། །གསེར་འོད་དམ་པ་དགེ་བ་ཡི། །བཤགས་པས་འདི་དག་བཤགས་ནས་ནི། །རིན་ཆེན་འབྱུང་གནས་མཆོག་བཅུ་པོ། །ས་བཅུ་ལ་ནི་གནས་པར་ཤོག །སངས་རྒྱས་ཡོན་ཏན་སྣང་གྱུར་ཅིག །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །སངས་རྒྱས་རྒྱ་མཚོ་ཆུ་བོ་དང༌། །ཡོན་ཏན་རྒྱ་མཚོ་ཟབ་མོ་དེ། །སངས་རྒྱས་ཡོན་ཏན་མཐའ་ཡས་ཀྱིས། །ཐམས་ཅད་མཁྱེན་དུ་རྫོགས་པར་ཤོག །ཏིང་འཛིན་བརྒྱ་ཕྲག་སྟོང་རྣམ་དང༌། །གཟུངས་རྣམས་བསམ་གྱིས་མི་ཁྱབ་དང༌། །དབང་སྟོབས་བྱང་ཆུབ་ཡན་ལག་གིས། །སྟོབས་བཅུ་དམ་པར་འགྱུར་བར་ཤོག །དགོངས་པའི་ཐུགས་ཀྱིས་སངས་རྒྱས་རྣམས། །བདག་ལ་རྣམ་པར་གཟིགས་སུ་གསོལ། །ཐུགས་རྗེ་ལྡན་པའི་ཐུགས་ཀྱིས་ནི། །ནོངས་པ་རབ་ཏུ་གཟུང་དུ་གསོལ། །བདག་གིས་བསྐལ་པ་བརྒྱ་རྣམས་སུ། སྔོན་ཆད་སྡིག་པ་གང་བགྱིས་པ། །དེ་ཕྱིར་བདག་ནི་མྱ་ངན་སེམས། །ཕོངས་དང་མྱ་ངན་འཇིགས་པས་གཟིར། །སྡིག་པའི་ལས་ལ་འཇིགས་པར་བགྱིད། ཡིད་ནི་རྟག་ཏུ་དམན་པར་གྱུར། །གང་དང་གང་དུ་འགྲོ་བགྱིད་པ། །བདག་ནི་གང་དུའང་དགའ་མ་མཆིས། །སངས་རྒྱས་ཐམས་ཅད་ཐུགས་རྗེ་ལྡན། །འགྲོ་བ་ཀུན་གྱི་འཇིགས་སེལ་བས། །ནོངས་པ་རབ་ཏུ་གཟུང་དུ་གསོལ། །འཇིགས་པ་དག་ལས་བདག་ཐར་མཛོད། བདག་གི་ཉོན་མོངས་ལས་རྣམས་ཀྱི། །དྲི་མ་དེ་བཞིན་གཤེགས་པས་བཤོལ། །སངས་རྒྱས་རྣམས་ཀྱིས་བདག་ལ་ནི། །ཐུགས་རྗེའི་ཆུ་ཡིས་བཀྲུ་བར་གསོལ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །སྔོན་ཆད་བདག་གིས་གང་བགྱིས་དང༌། །ད་ལྟ་བདག་གི་སྡིག་པ་གང༌། །དེ་དག་ཐམས་ཅད་བདག་འཆགས་སོ། །ནོངས་པར་བགྱིས་པའི་ལས་རྣམས་ཀུན། །སླན་ཆད་མི་བགྱིད་བསྡམས་པར་བགྱི། བདག་གིས་ནོངས་པར་བགྱིས་པ་གང༌། །སྡིག་དེ་བཅབ་པར་མི་བགྱིའོ། །ལུས་ཀྱི་ལས་ནི་རྣམ་གསུམ་དང༌། །ངག་གི་རྣམ་པ་བཞི་དག་དང༌། །ཡིད་ཀྱི་རྣམ་པ་གསུམ་པོ་རྣམས། །དེ་དག་ཐམས་ཅད་བདག་འཆགས་སོ། །ལུས་ཀྱིས་བགྱིས་དང་ངག་གི་ལས། །ཡིད་ཀྱིས་རྣམ་པ་བསམས་པ་དང༌། །ལས་རྣམས་བཅུ་པོ་བགྱིས་པ་དང༌། །དེ་དག་ཐམས་ཅད་བདག་འཆགས་སོ། །མི་དགེ་ལས་བཅུ་སྤངས་ནས་ནི། །དགེ་བ་བཅུ་པོ་བསྟེན་བགྱིས་ལ། །ས་བཅུ་ལ་ནི་བདག་གནས་ཤིང༌། །སྟོབས་བཅུ་མཆོག་ཏུ་གྱུར་པར་ཤོག །བདག་གིས་སྡིག་པའི་ལས་གང་དག །མི་འདོད་འབྲས་བུ་ཐོབ་བགྱིད་པ། སངས་རྒྱས་སྤྱན་སྔར་མཆིས་ནས་སུ། དེ་དག་ཐམས་ཅད་བཤགས་པར་བགྱི། །འཛམ་བུའི་གླིང་འདིར་གང་དག་དང༌། །འཇིག་རྟེན་ཁམས་ནི་གཞན་དག་ཏུ། །གང་རྣམས་དགེ་བའི་ལས་བགྱིད་པ། །དེ་དག་ཀུན་ལ་ཡི་རང་ངོ༌། །ལུས་དང་ངག་དང་ཡིད་ཀྱིས་ཀྱང༌། །བདག་གིས་བསོད་ནམས་གང་བསྒྲུབས་པ། །བདག་ནི་དགེ་བའི་རྩ་བ་དེས། བྱང་ཆུབ་མཆོག་ལ་རེག་པར་ཤོག །སྲིད་འགྲོ་ཉམ་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མི་མཉམ་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །སྐྱེ་བ་ཉམ་ང་སྲིད་པ་ཉམ་ང་དང༌། །འཇིག་རྟེན་ཉམ་ང་གཡོ་སེམས་ཉམ་ང་བར། །ལུས་ཀྱི་སྤྱོད་པ་ཉམ་ང་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བསགས་དེ་འཆགས་སོ། །བྱིས་པ་བླུན་བྱས་ཉོན་མོངས་ཉམ་ང་དང༌། །སྡིག་པའི་གྲོགས་དང་ཕྲད་པ་ཉམ་ང་དང༌། །སྲིད་པ་ཉམ་ང་འདོད་ཆགས་ཉམ་ང་དང༌། །ཞེ་སྡང་གཏི་མུག་མུན་པ་ཉམ་ང་དང༌། །ངལ་བའི་ཉམ་ང་དུས་ཀྱི་ཉམ་ང་དང༌། །བསོད་ནམས་བསྒྲུབས་པ་ཉམ་ང་དག་གིས་ཀྱང༌། །རྒྱལ་བ་མི་མཉམ་མངོན་སུམ་མཆིས་ནས་སུ། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །གསེར་འོད་དམ་པའི་བཤགས་པ་རྫོགས་སོ།། །།ཡོན་སྦྱོང་བའི་གཟུངས། ན་མཿས་མནྟ་པྲ་བྷ་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམ་མྱཀྶཾ་བུདྡྷ་ཡ། ན་མོ་མཉྫུ་ཤྲི་ཡེ། ཀུ་མཱ་རཱ་བྷུ་ཏཱ་ཡ། བོ་དྷི་ས་ཏྭ་ཡ་མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཎི་རཱ་ལཾ་བྷེ། ནི་རཱ་དྷཱ་སེ། ཛ་ཡེ་ཛ་ཡེ། ལབ་བྷེ་མ་ཧཱ་མ་ཏི། དཀྵི་དཀྵི་ཎཾ། མེ་པ་རི་ཤོ་དྷ་ཡེ་སྭཱ་ཧཱ། །ཨོཾ་བཛྲ་ས་ཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏེ་ནོ་པ་ཏིཥྛ། དྲི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿ ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝན་སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ བསོད་ནམས་འདི་ཡིས་འགྲོ་བ་མ་ལུས་ཀུན། །བྱང་ཆུབ་ཆེན་པོ་མྱུར་དུ་ཐོབ་པར་ཤོག། །།སརྦ་མངྒ་ལཾ།། །།


previousགསེར་འོད་དམ་པའི་བཤགས་པ།next