ཆོ་ག་ཕྱིར་ལྡོག་སྐབས་སུ་སྨོན་ལམ་བཏབ་པ།
ན་མོ་ཨ་མི་ཏ་བྷ་ཡེ། འདི་ནས་ནུབ་ཀྱི་ཕྱོགས་རོལ་འཇིག་རྟེན་ཁམས། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདས་པ་ན། །ཞིང་ཁམས་རྣམ་པར་དག་པ་བདེ་བ་ཅན། །དེ་ན་སངས་རྒྱས་འོད་དཔག་མེད་པ་བཞུགས། །འཁོར་ནི་བྱང་སེམས་ཉན་ཐོས་མཐའ་ཡས་བསྐོར། །འོད་ཀྱང་སྐུ་ཚེ་དག་ཀྱང་མཐའ་ཡས་ཏེ། །འོད་ཀྱི་ཡོན་ཏན་སུས་ཀྱང་བརྗོད་མི་ནུས། །ཕ་མས་ཐོག་དྲངས་འབྲེལ་ཐོགས་ཚེ་འདས་ཀུན། །འོད་དཔག་མེད་པའི་དྲུང་དུ་སྐྱེ་བར་ཤོག །ངན་སོང་གསུམ་དང་ལྷ་མིན་མི་ཁོམ་བརྒྱད། །སྒྲ་ཡང་མི་གྲགས་རྣམ་པར་དག་པའི་ཞིང་། །དྲི་བཟང་ངད་ལྡན་མེ་ཏོག་འབྲས་བུ་དང་། །རིན་ཆེན་ལྗོན་ཤིང་དུ་མས་ལེགས་པར་བརྒྱན། །སྤྲུལ་པའི་བྱ་ཚོགས་སྙན་པའི་སྒྲ་སྒྲོག་ཅིང་། །མཐའ་བསྐོར་རིན་ཆེན་ཏ་ལའི་ཕྲེང་བས་སྐོར། །ཐམས་ཅད་གསེར་གྱི་དྲྭ་བས་ཡོངས་སུ་ཁེབས། །རིན་པོ་ཆེ་ལས་གྲུབ་པ་པདྨའི་གདན། །དཔག་ཚད་ཕྱེད་པ་ནས་བཟུང་བཅུ་པའི་ཚད། །འོད་ཟེར་བྱེ་བ་སྟོང་ཕྲག་སོ་དྲུག་པ། །འོད་ཟེར་རྩེ་མོར་སྤྲུལ་པའི་སངས་རྒྱས་རེ། །ས་གཞི་ཁོད་སྙོམས་རིན་ཆེན་སྣ་ཚོགས་སྤྲས། །སྤོས་ཆུ་དྲི་ཞིམ་མེ་
ཏོག་སྣ་ཚོགས་ཅན། །སྒྲ་སྙན་ཡིད་འོང་དུ་མ་སྒྲོག་ཅིང་འབབས། །འདམ་རྗེ་བ་མེད་ཀྱང་གསེར་གྱི་བྱེ་མ་བདལ། །མི་དགེ་སྒྲིབ་པ་ལྟོ་བ་སྡུག་བསྔལ་གྱི། །མིང་ཡང་མི་གྲགས་བཙལ་ཡང་མི་རྙེད་ལ། །དེ་བཞིན་བདེ་སྡུག་དག་པའི་བཏང་སྙོམས་མེད། །དུས་རྣམས་རྟག་ཏུ་བདེ་སྐྱིད་ཁོ་ནར་སྤྱོད། །བདེ་ཞིང་སྐྱིད་པའི་རྒྱུ་མཚན་རྒྱས་པར་ནི། །བསྐལ་པར་བརྗོད་ཀྱང་རྫོགས་པར་མི་འགྱུར་བ། །དེ་ཕྱིར་བདེ་བ་ཅན་ཞེས་ཡོངས་སུ་གྲགས། །ཞིང་ཁམས་གཙང་མའི་གནས་རབ་དམ་པ་དེར། །ཕ་མས་ཐོག་དྲངས་འབྲེལ་ཐོགས་ཚེ་འདས་ཀུན། །རྩལ་ཆེན་མདའ་འཕང་བཞིན་དུ་སྐྱེ་བར་ཤོག །གཟུགས་དང་ཁ་དོག་གཞལ་ཡས་ལོངས་སྤྱོད་ནི། །གཞན་འཕྲུལ་དབང་བྱེད་ལྷ་དང་འདྲ་བ་སྟེ། །ཕུན་སུམ་ཚོགས་པའི་ལུས་མཆོག་ཐོབ་པར་ཤོག །སྤོས་དང་ཕྲེང་བ་བྱུག་པ་ན་བཟའ་དང་། །གདུགས་དང་རྒྱལ་མཚན་བ་དན་སིལ་སྙན་སོགས། །ཅི་འདོད་ལོངས་སྤྱོད་ཞིང་ཁམས་ཡོངས་སུ་ཁྱབ། །སྣ་ཚོགས་གོས་དང་སྣ་ཚོགས་རྒྱན་ཆ་རྣམས། །ཐམས་ཅད་རིན་ཆེན་ལྗོན་པའི་ཤིང་ལས་འཕྱངས། །རིན་ཆེན་གཞལ་ཡས་ཁང་དང་རིན་ཆེན་ཁྲི། །སྣ་ཚོགས་སྔས་
ལྡན་བཅས་པ་མདུན་དུ་འབྱུང་། །ལྷ་ཡི་བུ་མོ་བརྒྱ་སྟོང་རྩེ་ཞིང་མཆོད། །ཉིན་བཞིན་མེ་ཏོག་ཆར་གྱིས་སིལ་མར་བཀྲམ། །སྤོས་དྲིའི་རླུང་གིས་གང་གི་ལུས་། རེག་པ། །ལུས་སེམས་བདེ་བ་ཚད་མེད་སྐྱེད་པར་བྱེད། །ཉིན་མཚན་མེད་པར་སངས་རྒྱས་འོད་ཀྱིས་གསལ། །སྤོས་ཆུ་མེ་ཏོག་རིན་ཆེན་སྣ་ཚོགས་དང་། །མཆོད་པ་སྣ་ཚོགས་དུས་སུ་ཆར་འབེབས་ཤིང་། །གདུགས་དང་བླ་བྲེ་རྔ་ཡབ་ནམ་མཁར་འཛིན། །ལྷ་མོའི་གར་བྱེད་རོལ་མོ་སྣ་ཚོགས་སྒྲོག །བདེ་སྐྱིད་ཕུན་སུམ་ཚོགས་པའི་ཞིང་ཁམས་དེར། །ཕ་མས་ཐོག་དྲངས་འབྲེལ་ཐོགས་ཚེ་འདས་རྣམས། །སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ། །པདྨའི་སྦུབས་ལས་རྫུས་ཏེ་སྐྱེ་བར་ཤོག །སྐྱེས་མ་ཐག་ཏུ་པདྨ་ཁ་བྱེ་ནས། །སངས་རྒྱས་འོད་དཔག་མེད་མགོན་མཇལ་བར་ཤོག །རྫུ་འཕྲུལ་སྟོབས་ལས་སྤྲུལ་པའི་མཆོད་པའི་སྤྲིན། །དཔག་མེད་སྤྲུལ་ནས་རྒྱལ་བ་མཆོད་པར་ཤོག །བཅོམ་ལྡན་དེ་ཡིས་བྱང་ཆུབ་ལུང་བསྟན་ནས། །སྐད་ཅིག་དེ་ལ་རབ་དགའི་ས་ཐོབ་ཤོག །མཚན་དང་དཔེ་བྱད་མངོན་པར་ཤེས་པ་སོགས། །རྫུ་འཕྲུལ་སྟོབས་ཀྱིས་རྔ་ཡབ་པོ་ཊ་ལ། །མངོན་དགའ་
ལ་སོགས་ཞིང་ཁམས་མང་བགྲོད་ཅིང་། །རྒྱལ་བ་དེ་དག་ཀུན་ལ་མཆོད་བྱེད་ཅིང་། །གདམས་པས་རྗེས་སུ་བརྟན་པ་ཐོབ་པར་ཤོག །བྱང་ཆུབ་སྤྱོད་པ་རླབས་ཆེན་སྤྱོད་བྱེད་ཅིང་། །མྱུར་དུ་བླ་མེད་བྱང་ཆུབ་ཐོབ་པར་ཤོག །བདག་ཀྱང་ཚེ་འདིར་དུས་མིན་འཆི་བ་ཞི། །ཚེ་དཔག་མེད་པས་སྒོ་གསུམ་བྱིན་བརླབ་སྟེ། །འོད་དཔག་མེད་ཀྱི་ཕྲིན་ལས་བདག་བསྒྲུབས་ནས། །འབྲེལ་ཐོགས་བདེ་ཆེན་ཞིང་དུ་འཁྲིད་བྱེད་པ། །ཐུགས་རྗེ་ཆེན་པོའི་ཕྲིན་ལས་བདག་འགྲུབ་ཤོག །ཅེས་པ་འདི་རཱ་ག་ཨ་སྱས་ཆོ་ག་ཕྱིར་ལྡོག་སྐབས་སུ་སྨོན་ལམ་བཏབ་པའོ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །