Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

2 occurrences of འབེན་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བཅོམ་ལྡན་འཇམ་དཔལ་ཁྲོས་པ་ཁྲོ་ཆུ་དུག་གདོང་གི་གོང་བསྙེན་ཇི་ལྟར་བྱ་བའི་མན་ངག་ཟིན་བྲིས་རབ་ཏུ་གསལ་བ།
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  


2 occurrences of འབེན་
[Clear Hits]

 
previousབཅོམ་ལྡན་འཇམ་དཔལ་ཁྲོས་པ་ཁྲོ་ཆུ་དུག་གདོང་གི་གོང་བསྙེན་ཇི་ལྟར་བྱ་བའི་མན་ངག་ཟིན་བྲིས་རབ་ཏུ་གསལ་བ།next

བཅོམ་ལྡན་འཇམ་དཔལ་ཁྲོས་པ་ཁྲོ་ཆུ་དུག་གདོང་གི་གོང་བསྙེན་ཇི་ལྟར་བྱ་བའི་མན་ངག་ཟིན་བྲིས་རབ་ཏུ་གསལ་བ།


CMR012_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འཇམ་དཔལ་ཁྲོས་པ་ཁྲོ་ཆུ་དུག་གདོང་གི་གོང་བསྙེན་ཇི་ལྟར་བྱ་བའི་མན་ངག་ཟིན་བྲིས་རབ་ཏུ་གསལ་བ་བཞུགས་སོ༔


CMR012_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ༔ འདིར་ཡི་དམ་ཆོས་སྐྱོང་དབྱེར་མེད་ཁྲོ་ཆུ་དུག་གདོང་ཉམས་སུ་ལེན་ཐབས༔ གཞུང་གི་མན་ངག་གབ་པ་དང་༔ འཁྲུགས་པ་དང་འཐོར་བ་རྣམས་བསྡེབས་ནས་གསལ་བར་བཀོད་པར་བྱའོ༔ དེ་ལ་བླ་མ་ཡི་དམ་ཆོས་བདག་སྲུང་མ་རྣམས་ཀྱིས༔ ཕྱི་རབས་ཀྱི་སྔགས་པ་གསར་བུ་བློ་ཆུང་རྣམས་ལ༔ ཐུགས་བརྩེ་བ་ཆེན་པོས་ཉེ་བར་དགོངས་ནས༔ བདག་ལ་བཀའ་འགྲོལ་ཞིང་དགོངས་པས་རྗེས་སུ་གནང་བར་མཛད་དུ་གསོལ༔ དེ་ལ་ཐོག་མཐའ་བར་གསུམ་བསམ་པས་ཀུན་བསླངས་


CMR012_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ནས༔ འདི་ཡི་བསྐྱེད་རྫོགས་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པ་དང་༔ སྙིགས་མའི་དུས་འདིར་བྱང་ཆུབ་སྒྲུབ་པ་ལ་བར་ཆད་མང་བས༔ རང་ཉིད་སངས་རྒྱས་སྒྲུབ་པའི་ལམ་གྱི་བར་ཆད་བསྲུང་བ་དང་༔ སངས་རྒྱས་ཀྱི་བསྟན་པ་དང་བླ་མ་དམ་པའི་སྐུ་ཚེ་དང་ཕྲིན་ལས་ལ་གནོད་པ་ཐམས་ཅད་ཚར་བཅད་ནས༔་བསྟན་པ་རིན་པོ་ཆེ་དང་བླ་མའི་ཕྲིན་ལས་རྒྱས་པ་དང་༔ བསྟན་དགྲ་དེ་ཡང་ཕྱི་མའང་ནམ་ཡང་བློས་མི་བཏང་བར་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ༔ དེའི་ཆེད་དུ་འདི་ཉམས་སུ་ལེན་སྙམ་པ་འདི་གལ་ཆེ༔ བསམ་པ་དེ་དང་པོ་མེད་ན་དབང་མཚན་ཉིད་པ་མི་ཐོབ༔ བར་དུ་མེད་ན་


CMR012_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མི་འགྲུབ་ཅིང་བསྒྲུབས་པས་རྟགས་མི་ཐོན༔ འགྲུབ་རྟགས་བྱུང་ཡང་དམ་སྲིའི་ཆོ་འཕྲུལ་ཡིན༔ ཐ་མ་མེད་ན་དགྲ་ལ་རྟགས་མི་ཐོན༔ གཤིན་རྗེ་ལས་ལ་མི་རྒྱུག༔ ཕྱི་མ་རང་ཉིད་ལས་ཀྱི་གཤིན་རྗེ་དང་སྲིན་པོ་རུ་ཊ་ལ་སོགས་པར་སྐྱེ༔ དམིགས་ངན་མང་དུ་བྱས་པ་ན༔ བསྡུས་འཇོམས་དང་ཡང་སོས་ཐིག་ནག་རྣམས་སུ་སྡུག་བསྔལ་མྱོང་༔ དེ་བས་ན་གསང་སྔགས་སུ་གྱུར་ནས་རང་ཉིད་བྱང་ཆུབ་ཐོབ་ཅིང་ལས་ཚོགས་ཞོར་ལ་འགྲུབ༔ སྔགས་ལོག་པར་གྱུར་ན་ཚེ་འདིར་ལས་ཚོགས་མི་འགྲུབ༔ ཅུང་ཟད་འགྲུབ་ཀྱང་ཕྱི་མ་མནར་མེད་བསྟེན༔ འདི་ཉིད་སྒྲུབ་པའི་འབྲས་བུ་ནི༔ སེམས་བསྐྱེད་བཟང་ངན་དང་དམ་ཚིག་སྲུང་མི་སྲུང་གཉིས་ལ་རག་ལས་པས་གཟབ་པ་གལ་ཆེ༔ ཨྠྀི༔ དང་པོ་ནི་རྗེས་གནང་སོགས་ཀྱིས་མི་ཆོག་པས དུག་དབང་ཞེས་སུ་གྲགས་པའི་སྲོག་དབང་ཆེན་པོ་ཐོབ་པར་བྱའོ༔ ཞུ་དུས་འབྱོར་ན་རབ༔ མ་འབྱོར་ན་རྗེས་ནས་གཏང་རག་གི་ཚུལ་དུ་བླ་མ་ལ་འབུལ་བ་ཆེན་པོ་དང་༔ དེ་མ་འབྱོར་ན་རང་གི་སྙིང་ནོར་ཆེན་པོ་རང་གི་གཅེས་ཆེ་བ་གཅིག་ཕུལ༔ ཡི་དམ་ཆོས་སྐྱོང་ལ་ཚོགས་དང་གཏོར་མ་ཆེན་པོས་མཉེས་པར་བྱ་བ་གལ་ཆེ༔ དམ་ཚིག་ལ་ནི༔ དཀོན་མཆོག་


CMR012_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྟག་ཏུ་མཆོད་པ་དང་གཅིག བླ་མ་སྤྱི་བོར་ཁུར་བ་དང་གཉིས༔ དམ་ཚིག་གཅིག་པའི་མཆེད་གྲོགས་ལ་སྙིང་ལྟར་བརྩེ་བ་དང་གསུམ༔ རབ་དགུ་གསུམ་ཀཿ འབྲིང་མར་ངོའི་དགུ་གཉིས༔ ཐ་མ་ཉི་ཤུ་དགུ་ལ་ཁྲོ་ཆུའི་གཏོར་མ་འབུལ་བ་མི་བཅག་པ་དང་བཞི༔ དུས་རྟག་ཏུ་ཁྲོ་ཆུ་ལ་གཏོར་བསྔོས་སྔགས་བསྔོས་ཙམ་བྱ་བ་དང་ལྔ༔ རྟག་ཏུའམ་ཐ་ན་ཞག་རེ་ལ་ལན་རེ་ལྷ་ཡི་ང་རྒྱལ་བཟུང་བ་དང་དྲུག སྔགས་རྒྱུན་དུ་བཟླ་ཞིང་ཐ་ན་ཡང་ཚར་བདུན་རེ་མི་ཆག་པ་དང་བདུན༔ གར་ཐོད་ཐོད་དུ་དབང་མི་བསྐུར་བ་དང་བརྒྱད༔ བསྟན་པ་ལ་ཐུག་པ་མ་གཏོགས་ལས་སྦྱོར་ཆེན་མོ་མི་བྱ་བ་དང་དགུ༔ དགྲ་དང་མནའ་མི་བཞག་མི་བསྐྱར་བ་དང་བཙུ༔ དགྲ་བོའི་ཁ་འཕྲོ་དང་ཡུགས་སའི་ཁ་འཕྲོ་མི་ཟ་བ་དང་བཅུ་གཅིག ཁྱིམ་པ་ཡིན་ཀྱང་ཡུགས་ས་དང་མི་འགྲོགས་པ་དང་བཅུ་གཉིས༔ བསྙེན་སྒྲུབ་བྱེད་དུས་ལྷ་གང་ཡིན་གསང་བ་དང་བཅུ་གསུམ༔ མཚམས་བསྡམས་ནས་མེ་དང་ཉི་མ་སྤང་བ་དང་༔ སྟན་དྲོད་མ་ཡལ་བར་བྱས་ནས་མཚམས་གཡོག་པ་ལ་ཡང་གདོང་མི་སྟོན་པ་དང་བཅུ་བཞི༔ མཚམས་གཡོག་བུད་མེད་ཀྱིས་མི་བྱ་ཞིང་༔ བཅའ་གཞི་རྣམས་ཁྱི་དང་བུད་མེད་ཀྱིས་མི་མཐོང་


CMR012_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ་བ་དང་བཅོ་ལྔའོ༔ དམ་ཚིག་དེ་རྣམས་བསྲུང་ན་ཡོན་ཏན་ནི༔ ལྷ་དང་སྲུང་མ་རྣམས་རྟག་ཏུ་འདུ་ཞིང་སྲུང་༔ ལྷ་སྲིན་སྡེ་བརྒྱད་དབང་དུ་འདུ་ཞིང་ཟིལ་གྱིས་གནོན༔ དམ་ཅན་སྲུང་མས་ཕྲིན་ལས་བསྒྲུབ་ཅིང་༔ གཤིན་རྗེ་དང་མ་མོ་ལས་ལ་འཁོར༔ ཆག་ཆེན་ཉམ་ང་མི་མཐུན་པའི་བར་ཆད་ཐམས་ཅད་ཞི༔ མཐུན་རྐྱེན་ཚེ་དང་བསོད་ནམས་བསམ་པའི་དོན་ཐམས་ཅད་འགྲུབ༔ བྱད་ཁ་ཕུར་ཁ་བར་དུ་གཅོད་པའི་འཇིགས་པ་ཐམས་ཅད་བཟློག༔ ཕྱི་མ་ངན་སོང་དུ་ནམ་ཡང་མི་ལྟུང་ཞིང་༔ སྐྱེ་བ་ཀུན་ཏུ་འཇམ་དཔལ་ཉིད་ཀྱིས་རྗེས་སུ་བཟུང་ནས་ལྷ་དང་མིའི་སྐྱེ་གནས་མཐོ་བ་རྣམས་སུ་སྐྱེ་བའམ༔ ཞིང་ཁམས་དག་པར་སྐྱེས་ནས་ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་དེ༔ རྫོགས་པའི་སངས་རྒྱས་འཇམ་དབྱངས་ཉིད་ཀྱི་གོ་འཕང་ཐོབ་པར་འགྱུར་རོ༔ དམ་ཚིག་ཉམས་ན་ཚེ་འདིར་བར་ཆད་མང་ཞིང་བཀྲ་མི་ཤིས༔ ལས་སྦྱོར་རང་ལ་ལྡོག་ཅིང་༔ ལོངས་སྤྱོད་དབུལ་ལ་གཤིན་རྗེ་རང་གི་བདུད་དུ་བབ༔ སྲོག་རྩ་བཅད་ནས་རྡོ་རྗེའི་དམྱལ་བ་སྟེ དམྱལ་ཁམས་བཅོ་བརྒྱད་ལས་ཀྱང་སྡུག་བསྔལ་ཆེ་བའི་གནས་དེར་སྐྱེ་ཞིང་༔ ལོ་འབུམ་ཕྲག་དུ་མར་སྡུག་བསྔལ་དར་དྲགས་ལ་ཡུན་རིང་བ་མྱོང་སྟེ༔


CMR012_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་མི་ལུས་ཐོབ་ནས་བླ་མ་ཡི་དམ་གྱི་སྤྲུལ་པ་གཅིག་དང་འཕྲད་ནས་རིམ་གྱིས་གྲོལ་བར་འགྱུར་རོ༔ བླ་མ་ལ་དམ་ཚིག་མ་བསྲུངས་ནས་ཡི་དམ་ལ་བསྙེན་པ་ཚུལ་བཞིན་དུ་བྱས་ན༔ རིག་སྔགས་འཆང་བའི་གདོན་ཞེས་བྱ་སྟེ་ལྷ་ཡི་སྐུ་གཟུགས་འདྲ་བའི་དམ་སྲིའི་རིགས་གཅིག་གི་ཡི་དྭགས་སུ་སྐྱེས་ནས༔ ཕྱི་རབས་མཚམས་དང་སྒྲུབ་ཆེན་བྱེད་པ་རྣམས་ལ་གནོད་པར་འགྱུར༔ དེ་བས་དམ་ཚིག་བསྲུང་བ་གལ་ཆེའོ༔ རང་གིས་འདི་ཞུ་སའི་བླ་མ་དེ་རང་བས་དམན་པའམ༔ མི་བཙུན་པ མི་དུལ་བ༔ ཐ་མལ་བ་ལྟར་སྣང་ཡང་༔ འདི་ནི་ངེས་པར་འཇམ་དཔལ་ཉིད་ཀྱི་སྤྲུལ་པ་ཡིན་པས༔ བདག་ཅག་རྗེས་སུ་བཟུང་ཕྱིར་ཐ་མལ་ལྟར་སྣང་སྟེ༔ སངས་རྒྱས་རི་བོང་དུ་སྐྱེས་པ་དང་མཚུངས་ཏེ༔ འཇམ་དཔལ་ཉིད་དོ་སྙམ་པར་བྱས་ནས་ལྷ་མི་འགྲུབ་མི་སྲིད་པའི་གནད་དམ་པ་ཡིན་ནོ༔ ཨྠྀི༔ ས་མ་ཡ༔ ཉམས་ན་གསོ་བའི་ཐབས་ནི༔ བླ་མ་དངོས་སུ་བཞུགས་ན་རབ མི་བཞུགས་ན་སློབ་མར་ཐུགས་ཡིད་འདྲེས་པའམ༔ ཁྱིམ་པ་ཡིན་ན་སྲས་ལ་སོགས་ལ་འབུལ་བས་མཉེས་པར་བྱས་ནས་དབང་བསྐྱར་ལ་ཞུ༔ དེ་མ་འགྲིགས་ན་མདུན་བསྐྱེད་ངོ་བོ་བླ་མ་ལ་རྣམ་པ་ལྷར་བསྒོམས་


CMR012_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཚོགས་དང་བསྐང་བཤགས་བརྒྱ་རྩ་འབུལ༔ ཏིང་ངེ་འཛིན་གྱིས་དབང་རྒྱས་པར་བླངས༔ ཡིག་བརྒྱ་དང་སཱཙྪ་རྣམས་ཅི་འགྲུབ་ལ་འབད༔ བླ་མའི་འདས་མཆོད་ལ་དམིགས་ནས་དངོས་པོ་འབུལ་རྒྱུ་ཅི་ཡོད་པ་དེ་དགེ་ཕྱོགས་སུ་བཏང་ངོ་༔ དེ་ལྟར་དམ་ཚིག་དང་ལྡན་པར་བྱས་ལ་བསྙེན་སྒྲུབ་ལ་འཇུག་པར་བྱའོ༔ ཨྠྀི༔ བསྙེན་པ་ནི༔ དང་པོ་སྟ་གོན༔ གཉིས་པ་དངོས་གཞི༔ རྗེས་སུ་ལས་ཚོགས་སྒྲུབ་པ་དང་གསུམ་ལས༔ དང་པོ་ལ་གཉིས་ཏེ༔ སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་དང་གསུམ་ལས༔ དང་པོ་བརྔན་དང་གསེར་སྐྱེམས་ཆུ་གཏོར་བཏང་༔ སཱཙྪ་གདབ༔ གསུང་རབ་བཀླག༔ དགེ་འདུན་དང་སྐྱེ་བོ་སྤྲང་ལོང་རྣམས་ལ་སྟོན་མོ་བྱ༔ གནས་བདག་ལ་གཏོར་མ་འབུལ༔ སྡོང་གྲོགས་གྱིས་ཤིག༔ འཇིགས་པའི་གཟི་བརྗིད་རྣམས་ཁྱོད་ལ་སྟོན་པ་མ་ཡིན་པས༔ མ་སྐག མི་སྔངས༔ ཅེས་བཀའ་བསྒོ༔ དེ་ནས་བགེགས་གཏོར་བཏང་ལ་བགེགས་བསྐད༔ རྫས་བདུག་གམ་གུ་གུལ་གྱིས་གནས་ཁང་ཡོ་བྱད་རྣམས་ལ་བདུག༔ ཐུན་གྱིས་བྲབ༔ དེ་ནས་སྒོ་རྩར་ཐོ་དཀར་པོ་གཅིག་བརྩེགས་ལ༔ དེར་རྒྱལ་ཆེན་བཞི་ལ་དཀར་གཏོར་གཅིག་བསྔོས་


CMR012_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ ཕྱི་ཡི་བར་ཆད་ནང་དུ་མ་བཏང་ཞིག༔ ནང་གི་དངོས་གྲུབ་ཕྱིར་མ་བཏང་ཞིག༔ ཅེས་བརྗོད་ལ་གཏོར་མ་ཐོའི་རྩར་བཞག ཐོ་རྒྱལ་པོ་བཞི་ལ་བསྐྱེད༔ གྲོ་གའམ་ཤོག་བུ་ལ་ལིངྒ་བྱ་མཆུ་ཅན་གྱི་སྙིང་ཁར་ཛ་ཁ་སྤྲོད་ཀྱི་བར་དུ་ཏྲི་བྲི༔ དེ་ཡི་མཐར་གནོད་བྱེད་དམ་སྲི་ཁུག་ཅིག་མཱ་ར་ཡ་ཛ་ཛ༔ ཞེས་བྲི༔ དེའི་ཡན་ལག་ལྕགས་སྒྲོག་གིས་བསྡམས་པའི་ཡན་ལག་བཞི་ལ་ཛཧཱུྃ་བཾ་ཧོ༔ སྤྱི་བོར་ནན༔ རྐང་ཞབས་སུ་ཡཾ་ཡཾ་བྲི༔ དེའི་མཐར་ཡིག་མགོ་ནང་དུ་བསྟན་ལ༔ ཡ་མ་དམ་སྲི་ཀཾ་པ་ནི་མཱ་ར་ཡ་ཛ་ཛནན་ཏྲིའུ་ཏྲིའུ་ཡ་ན་མ་ཤེ་ཛ་ཁུག་ནན༔ ཞེས་བྲི༔ དེའི་མཐར་ཛ་ཁྲམ་གྱིས་བསྐོར༔ བཀུག་གཞུག་བརྒྱ་རྩ་བརྒྱད་བྱས་ནས༔ སྔགས་དེ་ཡི་དམ་སྔགས་ཤམ་དུ་བཏགས་ལ་སྟོང་ཙམ་བཟླ༔ ཁྱི་སྤུ་ར་བལ་སྐུད་པས་བཅིང་༔ སྒྲུབ་ཁང་གི་ཕྱི་སྒོའི་ཐེམ་པའི་ཕྱི་ངོས་འོག་ཏུ་དོང་གྲུ་གསུམ་གྲུ་གང་བྲུས་ལ་བཅུག བདག་གིས་ཁྲོ་ཆུ་དུག་གདོང་སྒྲུབ་པ་ལ་བར་དུ་གཅོད་པའི་དམ་སྲི་ཐམས་ཅད་གཟུགས་ལིངྒ་འདི་ལ་ཁུག་ཅིག༔ ཛཧཱུྃ་བཾ་ཧོ༔ ཞེས་བདེན་སྟོབས་དང་བཅས་པ་ལན་གསུམ་བྱ༔ རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་རི་རབ་གླིང་བཞི་བྲིས་པས་ཁ་བཅད༔ དམ་སྲི་


CMR012_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ངན་ཁྱོད་བྱམས་པའི་བསྟན་པ་མ་བྱུང་གི་བར་དུ་མ་ལྡང་ཅིག༔ བྱམས་པའི་བསྟན་པ་ལ་ཆོས་ཉོན་ཅིག ཅེས་ས་རིམ་པ་དགུ་ཡིས་གཡོག༔ རེ་རེ་ལ་རྡོ་རྗེ་རྒྱ་གྲམ་རེ་བྲིས་པས་མནན༔ མེ་ཁྲོལ་གཅིག་བླུག༔ ཆུ་ཐིགས་གཅིག་བླུག༔ དེ་ནས་མི་མངོན་པར་བྱས་ལ༔ དེ་ནས་ལས་བྱང་གཞུང་གི་བྲོ་བྱས་ལ་རྐང་པ་གཉིས་ཀྱིས་རྒྱ་གྲམ་དུ་མནན་ནོ༔ གནས་ནི༔ གྲུབ་ཐོབ་གོང་མས་ཞབས་ཀྱིས་བཅགས་པ་རབ༔ གནམ་ས་གྲུ་གསུམ་མམ༔ རི་གསུམ་གྱི་རྩེའམ༔ ལུང་གསུམ་གྱི་མདོའམ༔ ཐ་མ་ཡང་ཤིན་ཏུ་དབེན་པའི་གནས་སོ༔ དུས་ནི་གཟའ་ཉི་མ་དང་མིག་ཕུར་བུ་སྤེན་པ་རྣམས་གང་རུང་དར་བའི་དུས་སོ༔ དེ་ཉིན་མཚམས་བསྡམས་ལ་ས་ཆོག་རྒྱས་པ་ནི་སྤྱི་ལྟར་རོ༔ བསྡུ་ན་དཀར་གཏོར་བསྔོས་ལ་ཕྲིན་ལས་བཅོལ༔ སྟེགས་བུ་ནི༔ རབ་འདོམ་གང་འབྲིང་མདའ་གང་ཐ་མ་གྲུ་གང་རྣམས་གྲུ་བཞིར་བྱས་ལ་འཇམ་པོར་བྱུག༔ དུག་ཁྲག་དང་རོ་སོལ་གྱིས་ནག་པོ་བྱ༔ དེ་ཡི་སྟེང་དུ་ཡར་བརྩེགས་པའམ༔ མར་བྲུས་པའམ་ཚད་ནི་མཐོ་གང་པ་གཅིག་བྱ༔ དུག་ཁྲག་གིས་ཕྱི་ནག་ལ་ནང་དམར་བ་བྱ༔ བྲུབ་ཁུང་ཁ་ལ་རྩང་ཉེར་གཅིག་བཙུགས༔ སྟེགས་བུ་ཁ་ལ་ཉེར་


CMR012_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དམ་བརྒྱ་རྩ་བརྒྱད་བཙུགས༔ གྲོ་གའམ་ཤོག་བུ་ལུ་ལིངྒ་ཡན་ལག་ལྕགས་སུ་བཅུག་པའི་སྙིང་ཁར་ནི་ཏྲ་བརྩེགས་པའི་གཡས་གཡོན་དུ་ཛ་ཁ་སྤྲོད་བྲི༔ དེ་ཡི་མཐར༔ ཚེ་བསོད་ཁ་རྗེ་དབང་ཐང་ལ་གནོད་པའི་དགྲ་བགེགས་ཚེ་སྲོག་ལ་གནོད་པའི་ཚེ་བདུད༔ བྱད་མ་བསམ་ངན་འཆང་བ༔ སྡང་བའི་དགྲ གནོད་པའི་བགེགས༔ བསྟན་པའི་སྤྱི་དགྲ་ཐམས་ཅད་གཟུགས་ལིང་ག་འདི་ལ་ཁུག་ཅིག ཛཧཱུྃ་བཾ་ཧོ༔ དེའི་ཕྱི་རིམ་རྩིབས་བཅོ་བརྒྱད་ལ་ཧཱུྃ་ཛ༔ སྤེལ་ཏེ་བྲི༔ རྩིབས་དེའི་ཕྱི་རོལ་ལྟོ་བའི་ནང་དུ་ཟློག་སྔགས་བསད་སྔགས་ཐུན་སྔགས་རྣམས་གཡོན་བསྐོར་དུ་བྲི༔ དེའི་ཕྱི་རིམ་ཛ ཁྲོམ་གྱིས་བསྐོར་ལ་བཀུག་གཞུག་བྱའོ༔ ཚོན་སྐུད་དམ་ར་ཁྱིའི་སྐུད་པས་བཅིངས་ལ་བག་ཟན་གྱི་སྙིང་ཁར་བཅུག་ལ་བྲུབ་ཁུང་དུ་གཞུག ཕུར་བུ་སོར་བརྒྱད་པ་གཅིག་སྙིང་ཁར་བཙུགས༔ ཚོན་སྐུད་དེའི་ཡུ་བ་ལ་ཡང་དཀྲི༔ སྙིང་ཁ་ནས་ནཾ་ཏྲི་ལས་ཚོན་སྐུད་བཏེགས་ལ་བྲུབ་ཁུང་ཐུན་ལམ་ནས་ཡར་དྲངས༔ དེའི་སྟེང་དུ་བཀྲ་མི་ཤིས་པའི་ས་སྣ་ཅི་འཛོམས་ལ་མཆོད་རྟེན་ནག་པོ་བྲེ་མན་ཆད་ཡོད་པ་ལ་བཙན་དུག་ར་དུག་བོང་ང་ནག་པོ་བྱུག༔ ཁང་སེང་ཅན་བང་རིམ་གསུམ་པ་


CMR012_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བཞག དེའི་ཁང་སེང་ནས་ཐུན་ཐག་སྟེང་དུ་དྲང་བ་རང་ངོས་ཀྱི་སྟེགས་བུའི་འགྲམ་མམ་རང་གི་མདུན་དུ་རལ་གྲི་སོར་བརྒྱད་པའི་ཡུ་བ་ལ་བཏགས་ཏེ༔ ས་གྲུ་གསུམ་ཆུང་ངུ་གཅིག་ལ་རལ་གྲིའི་ཡུ་བ་བཙུགས་ནས་སླང་སྟེ་བཞག བཀྲ་ཤིས་པའི་ས་སྣ་གང་འཛོམ་ལ་མཆོད་རྟེན་དཀར་པོ་བྲེ་བུམ་པ་ཏོག་དང་བཅས་པ་བང་རིམ་བཞི་པ་གཅིག་བྱས་ལ༔ དེ་ཡི་བུམ་པའི་ནང་དུ་བཟང་དྲུག་ལ་སོགས་སྨན་སྣ་དང་༔ དྲི་བཟང་སྣ་ཚོགས་མང་པོ་བཞག་པའི་དབུས་སུ་དུག་ཁྲག་གིས་རིལ་བུ་མཐེ་བོང་ཙམ་ཞིག་བཞག་པ༔ དེ་ལ་གཟུངས་ཐག་བཏག་པའི་སྣེར་སྔར་གྱི་གཟུངས་ཐག་ལ་བཏག༔ མཆོད་རྟེན་གྱི་མགུལ་དུ་ཁྲོ་ཆུའི་སྲོག་འཁོར་གཅིག་དང་སྲུང་བའི་འཁོར་ལོ་གཉིས་བྲིས་ལ་བཏགས༔ མཆོད་རྟེན་དཀར་པོ་དེ་མཆོད་རྟེན་ནག་པོའི་སྟེང་དུ་བཞག༔ མཐར་ཁྲག་གི་ཡོན་ཆབ༔ དུག་ཆུའི་ཞབས་བསིལ། མེ་ཏོག་སྔོན་པོའམ་ནག་པོ་དྲི་ང་བ༔ གུ་གུལ་དང་ཚིལ་ཆེན་སྦྱར་བའི་བདུག་སྤོས ཚིལ་ཆེན་གྱི་མར་མེ ཁྲག་དང་མི་རུས་ཕྱེ་མ་ཆང་དང་སྦྱར་བའི་དྲི་ཆབ༔ ལྷ་བཤོས་འབྲུ་ནག་ལས་གྲུབ་པའི་ཟུར་གསུམ་ཁྲག་གིས་བྱུག་པ༔ ཐོད་རྔ་རྐང་གླིང་རྣམས་གཡས་བསྐོར་དུ་བཤམས༔ གཡས་


CMR012_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཏུ་ཁྲིའུའི་ཁར་རམ་མཉྫིའི་སྟེང་དུ་གཡས་སུ་བདུད་རྩི་བྷན་བཀང་བ་པཉྩ་བཏབ་པ་བཞག༔ གཡོན་དུ་བྷན་རཀྟས་བཀང་བ་སྨན་ཆེན་ཅུང་ཟད་བཏབ་པ་བཤམས༔ སྟེང་གི་ནམ་མཁའ་གཡོ་འགུལ་མེད་པའི་ལྡིང་ཁྲི་གསུམ་བྱས་ལ༔ དབུས་མ་ཟངས་ལྕགས་ཀྱི་ཀ་ཏོ་ར་ལྟ་བུའམ༔ མ་འབྱོར་ན་བྷནྡའི་ནང་དུ་ནས་ནག་སྲན་མ་བྲ་བོ་ཏིལ་ནག་རིམ་བུ་སྐྱེ་ཚེ་ཡུངས་དཀར་ཡུངས་ནག་ཐང་ཕྲོམ་འབྲས་བུ༔ མི་ནག་རྟ་ནག་བྱ་ནག་ཁྱི་ནག་སྟག་གཟིག་སོགས་ཀྱི་q༔ བཙན་དུག་ཐང་ཕྲོམ་ཟངས་ལྕགས་ཁྲོའི་ཕྱེ་མ་རྣམས་ཅི་འཛོམ་བསྲེས་པའིགཏོར་མ་ཟུར་གསུམ༔ ཟུར་ཧ་ཅང་མི་རྣོ་བ་སྟོད་སྨད་དུ་ཁྲམ་རིས་གསུམ་ཡོད་པ་གཅིག་ལ་ཆུང་ཉེར་གཅིག་བཙུགས་པ་བཤམས༔ དར་རམ་རས་ནག་པོ་ལ་དུག་སྣ་དང་ཁྲག་སྣ་བྱུག་ལ་ཁྲོ་ཆུའི་སྐུ་ཆེ་ཆུང་ཅི་རིགས་པ་གཅིག་བྲིས་ལ་རབ་གནས་བྱས་ལ་གཏོར་མར་བཙུགས༔ དར་ནག་ཆེ་བ་རྒྱབ་ནས་ཚུར་བཤམས༔ གཏོར་མའི་སྟེང་དུ་དར་ནག་གིས་གདུགས་ཕུབ་དེ་ནི་རྟག་གཏོར་ཡིན་པས་མི་བསྒུལ༔ མདུན་བསྐྱེད་སྒོམ་པའི་དམིགས་རྟེན་དངོས་ཡིན་ནོ༔ ལྡིང་ཁྲི་གཡོན་མར་སྣོད་ཡངས་བ་གཅིག་གི་ནང་དུ་འབྲུ་སྣས་བཀང་བ་ཟན་གཙང་མར་


CMR012_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེའི་གཏོར་མ་གཞུང་ལྟར་གཙོ་འཁོར་བདུན༔ དེ་ལ་བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་བྱ་རིགས་རི་དྭགས་གཅན་གཟན་གཡུང་དྭགས་སྣ་ཚོགས་ཀྱི་བསྐང་འབྲས་བཙུགས༔ དེ་ནི་རྒྱུན་གཏོར་དང་བསྐང་གཏོར་གཉིས་ཀ་ཡིན་རྒྱུན་དུ་གསོ་བྲན་བྱས་ལ་གཞུང་བསྲང་༔ གཡས་ཀྱི་ལྡིང་ཁྲི་ལ་ཕུན་སུམ་ཚོགས་པའི་ཚེ་ཟས་ནི༔ རིན་པོ་ཆེའི་སྣོད་ནང་དུ་འབྲུ་ནག་མ་ཡིན་པའི་འབྲུ་སྣ་ཚོགས་ཀྱིས་བཀང་ལ༔ དེའི་སྟེང་དུ་གཏོར་མ་རིན་ཆེན་འབར་བ་པད་འདབ་ཚེ་རིལ་གྱིས་བསྐོར༔ ཤ་ཁྲག་གཏན་ནས་མ་འདྲེས་པར་བྱས་ལ་དཀར་གསུམ་མངར་གསུམ་གྱིས་བརྒྱན༔ དེ་ལ་ནོར་སྒྲུབ་སྐུ་གཅིག་བཙུགས༔ འབྱོར་ན་ཏིང་ཆུང་ནང་དུ་དཀར་གསུམ་མངར་གསུམ་སྦག་པའི་མཆོད་པ་སྣ་བདུན་བཤམས༔ གཏོར་མའི་དྲུང་དུ་ཚེ་མདའ་རྒོད་སྒྲོ་མ་གཅིག་ལ་དར་དམར༔ གཡུ་ཤོ༔ སྲུང་སྐུད་དཀར་པོ༔ ཚེ་དཔག་སྐུ་རྣམས་བཏགས༔ ཚེར་ནག་ཕུར་པ་སོར་བཅུ་གཉིས་པ་མགོ་བོ་རྒྱ་མདུད་ཀྱིས་ཕྱོགས་བཞིར་ཟངས་ལྕགས་ར་གན་དངུལ་བཞིའི་ཨ་ལོང་རེ་བཏགས༔ ཨ་ལོང་དར་སྣ་ལྔས་བརྒྱན༔ ཕུར་པ་དར་དམར་དུ་དྲིལ་ལ༔ དར་སྐུད་དམར་པོས་དཀྲི༔ སླར་གྲོ་ག་ལ་རྡོ་རྗེ་ཕྱེད་པ་དང་


CMR012_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མདུད་ལྟ་བུ་བརྒྱད་བཞོག་བྱ༔ སེང་ལྡེང་ལ་ཆང་ཟུང་བརྒྱད་བཞག་པ་དང་༔ རྒྱ་མདུད་འོག་མ་ལ་གྲི་ལྕགས་ཀྱི་མདེའུ་ཟུར་གསུམ་པ་ལྕགས་སྣོད་དུ་དུག་ཁྲག་གིས་ངར་བླུད་པ་བཙུགས༔ སྔོ་དམར་སྐུད་པས་ཆང་ཟུང་དཀྲིས་ལ་སྐུད་པ་དེ་ཉིད་ཀྱི་ཚེར་ནག་ཕུར་པ་དང་སྦྲེལ༔ ཕུར་པ་གཉིས་ལས་འོད་ཟེར་འཕྲོས༔ སངས་རྒྱས་མཆོད༔ སེམས་ཅན་གྱི་དོན་བྱས༔ དགྲ་བགེགས་ཚར་བཅད་ནས་ཡོངས་སུ་གྱུར་པ་ལས་ཁྲོ་ཆུ་ཉིད་དུ་བསྒོམས་ནས་བསྐྱེད་བསྟིམ་བྱ༔ རབ་གནས་བྱ༔ དེའི་ཐུགས་ཀར་བསྲུང་བྱ་རྣམས་བསྒོམ༔ དེ་འོད་དུ་ཞུ་ནས་ཕུར་པ་ཉིད་དུ་གྱུར་པར་བསམ༔ ཕུར་པ་ཚེའི་མདའ་དར་ལ་བཏགས༔ དེ་ནས་སྲོག་འཁོར་ལོགས་ནས་བྱུང་བ་ལྟར་བྲིས་ནས་ཐོག་ཕུར་དང་མཉམ་དུ་སྦག༔ མཆན་ཁུང་ནམ་ལུས་ལ་འཆང་༔ མི་ལ་མི་སྟོན༔ གྲི་ལྕགས་ཕུར་པ་དང་སྦྲགས་ནས་ཐོག་ཕུར་མི་དགོས་པས་མགུལ་ལམ་གོང་བ་གཡས་སུ་བཏགས༔ གྲི་ལྕགས་ཀྱི་ཕུར་པ་སོར་བཞི་པ་གྲི་ཁྲག་གིས་ངར་བླུད༔ བསྲུང་བའི་སྔགས་སྟོང་ཚོ་སྔགས་ལ་སྒྲུབ་ཚེ་སྙིང་ཁར་བཏགས༔ སྒྲུབ་ཚར་རྗེས་གོང་བ་གཡས་གཡོན་གང་རུང་དུ་བཏགས༔ སྤྱིར་ངག་འཁྲོལ་འཁོར་ལོ་དང་གྲི་


CMR012_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཕུར་པ་མགུལ་དུ་བཏགས༔ སྲོག་འཁོར་དང་ཐོག་ཕུར་མཆན་ཁུང་དུ་བཅང་ན་བདེའོ༔ དེ་ནས་གཞན་ཡང་རྩ་བ་གསུམ་གྱི་གོང་གཏོར༔ མཆོད་པ་རྣམ་ལྔ་ཚོགས་རྫས་ཡོ་བྱད་དཀར་གཏོར་དམར་གཏོར༔ རྒྱུན་གྱི་མཐེབ་སྐྱུ་མང་པོ་ལ་སོགས་ཚོགས་པར་བྱས་པས་དེ་ནི་སྤྲོས་བཅས་སོ༔ སྤྲོས་མེད་གཞན་དུ་གསལ༔ གཉིས་པ་ནི༔ དེ་ནས་གཞུང་གི་ཡི་དམ་གཞན་ཡོད་ན་གཞུང་བསྲང་༔ གཞན་མེད་ན་ཁྲོ་ཆུའི་གཞུང་བསྲང་༔ ཡི་དམ་འོག་ཆོས་སྐྱོང་གི་གོང་དུ་ཁྲོ་ཆུའི་གཞུང་བསྲང་༔ གཞན་མེད་ན་ཁྲོ་ཆུའི་གཞུང་བསྲང་༔ དེ་ནས་ཆོས་སྐྱོང་གང་བྱེད་འདོན༔ ནུབ་དང་པོར་ཚོགས་གཏོར་འབུལ༔ བརྟན་སྐྱོང་གི་བར་བྱ༔ རྒྱུན་དུ་ཚོགས་དང་བརྟན་སྐྱོང་མི་དགོས༔ སྐྱབས་འགྲོ་སེམས་བསྐྱེད་ནས་བསྟོད་པ་ཡན་ཆད་སྔ་དྲོ་བྱེད༔ ཉིན་ཕྱེད་དགོང་མོ་སྲོད་ནམ་ཕྱེད་ཐོ་རངས་དང་དུས་དྲུག་གོ༔ འབྲིང་ཉིན་གསུམ་མཚན་སྲོད་དང་ཐུན་བཞི༔ ཐ་མ་སྔ་དྲོ་དགོང་མོ་གཉིས་སྲོད་དང་གསུམ༔ དམིགས་པ་ཤིན་ཏུ་བརྟན་པོར་བྱེད་ཅིང་དེ་ནངས་ཐུན་དེ་ཁོ་ནས་གཞུང་བསྲང་༔ དུས་གསུམ་མམ་དུས་དྲུག་ཐུན་ནམ་བྱེད་དུས་གཏོར་བསྔོས་རེ་བྱས་ཀྱང་ཆོག༔ ཐུན་ཞེས་པ་གཞུང་གསར་དུ་


CMR012_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

བསྲངས་ནས་དམིགས་པ་གསལ་འདེབས་པ་ཡིན་པས༔ ཐུན་མང་ཉུང་བསྐྱེད་རིམ་བརྟན་མི་བརྟན་དང་བསྟུན་ནོ༔ དེ་ནས་གཞུང་གི་སྐྱབས་འགྲོ་ནས་བཟུང་སྲུང་འཁོར་བསྐྱེད་ཆོག་བསྟོད་པ་ཡན་ཆད་ཐམས་ཅད་དང་༔ ངག་ནས་འདོན་པ་དང་ཡིད་ལ་བསྒོམ་པ་སོགས་འདོན་སྒོམ་སྦྲགས་ལ༔ བདག་བསྐྱེད་མདུན་བསྐྱེད་སོ་སོར་བྱེད་ན་མདུན་བསྐྱེད་མཆོད་པ་བྱིན་རླབས་མན་ཆད་འདོན༔ རྙིང་མ་ཡོངས་གྲགས་ལྟར་བདག་མདུན་ཆོ་ག་དུས་གཅིག་ལ་བསྐྱེད་ཀྱང་ཆོག༔ དེ་ནས་ནང་པར་ངག་བྱིན་རླབས་རྒྱས་པའམ༔ མེད་ན་དབྱངས་གསལ་བྱེད་ཚར་གསུམ་བཟླ༔ ཕྲེང་བ་སྟོང་པའི་ངང་ལས་དབྱངས་གསལ་ལས་བྱུང་བའི་མི་མགོའི་ཕྲེང་བར་བསམ༔ ཕྲེང་བ་སྙིམ་པར་བཅུག་ལ༔ ཨོཾ་རུ་ཙི་ར་མ་ཎི་པྲ་ཝནྡྷ་ཡེ་སྭཱ་ཧཱ༔ བདུན་བརྗོད་ནས་སྔགས༔ ཡང་རང་ཉིད་གཞུང་ལྟར་གསལ་བའི་སྤྱི་བོར་མཆོད་རྟེན་དབུས་མའི་ནང་དུ་འཇམ་དབྱངས་ཞི་བ་དམར་སེར༔ གཡོན་ཕྱག་ན་རྡོ་རྗེ་ཞི་བ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་ཕྱེད་སྐྱིལ༔ གཡས་སྤྱན་རས་གཟིགས་ཞི་བ་དཀར་པོ་ཕྱག་བཞི་པ༔ གསུམ་ཀ་དར་དང་རིན་པོ་ཆེའི་རྒྱན་པ་ལ་འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་


CMR012_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བར་བསམ༔ དེ་རྣམས་ལས་འོད་འཕྲོས་བདག་གཞན་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྦྱངས་ནས་སངས་རྒྱས་ཀྱི་ས་ལ་བཀོད་པར་བསྒོམས་ནས༔ ཏདྱ་ཐཱ༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ༔ ཞེས་བརྒྱའམ་ཉེར་གཅིག་གམ་བདུན་བཟླས༔ ཡང་དེ་རྣམས་ཀྱི་གནས་ལྔ་ནས་འོད་ཟེར་ཁ་དོག་ལྔ་འཕྲོས༔ རང་གི་གནས་ལྔ་ལ་ཐིམ་ནས་སྟོབས་བཅུ་མངའ་བའི་རྫུ་འཕྲུལ་ཐོགས་པ་མེད་པའི་དབང་བསྐུར༔ ཡེ་ཤེས་ལྔ་ཡི་དབང་ཐོབ༔ དབང་རྟགས་སུ་ཐོད་སྐམ་ལྔ་ཡིས་དབུ་བརྒྱན་གྱི་སྟེང་དུ་རིན་པོ་ཆེའི་རྩེ་བྲན་ལྔའི་ནང་དུ་རྒྱལ་བ་རིགས་ལྔ་བཞུགས་པར་བསམ༔ ཨོཾ་ཨཱཿཧཱུྃ༔ བུདྡྷ་དྷ་ར༔ བཛྲ་དྷ་ར༔ རཏྣ་དྷ་རཿ༔ པདྨ་དྷ་ར༔ ཀརྨ་དྷ་ར༔ སིདྡྷི་ཧཱུྃ༔ ཞེས་བདུན་ནམ་ཉེར་གཅིག་བརྗོད༔ དེ་ནས་རང་གི་ཀླད་པ་དུང་ཁང་གི་ནང་དཔྲལ་བའི་ཕྱོགས་སུ༔ ཨོཾ་ཡིག་ཡོངས་སུ་གྱུར་པ་ལས༔ སྐད་ཅིག་གིས་འཇམ་དཔལ་སྐུ་མདོག་དཀར་པོ་གཞོན་ནུ་ཟུར་ཕུད་ལྔ་དང་ལྡན་པ༔ ཕྱག་གཡས་རལ་གྲི་ཕྱར་ཞིང་གཡོན་ཚེ་ཡི་བུམ་པ་བདུད་རྩིའི་བཀང་བ་དང་བཅས་ཨུཏྤལ་གྱི་ཡུ་བ་བསྣམས་པ༔ སྙན་གྱི་ཐད་དུ་ཁ་བྱེ་བའི་སྟེང་དུ་པོ་


CMR012_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་ཡོད་པ༔ དར་དང་རིན་པོ་ཆེའི་བརྒྱན་ཅིང་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་བའི་གདན་ལ་ཨོཾ་དཀར་པོའི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་དཀར་པོ་འཕྲོས༔ རང་གི་ལུས་གང་བས་ལུས་ཀྱི་སྡིག་སྒྲིབ་དག༔ འོད་ཟེར་ཕྱིར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྒྲིབ་པ་སྦྱངས་ནས་སྐུ་འཇམ་དཔལ་རྡོ་རྗེའི་གོ་འཕང་ལ་བཀོད་པར་བསམས་ལ༔ ༀ་ཝཱ་གི་ཤྭ་རི་མཱི༔ ཞེས་བརྒྱ་ཙམ་བཟླས་པས༔ འོད་ཟེར་དེས་སྐུའི་རིགས་ཀྱི་སངས་རྒྱས་ཐམས་ཅད་ལ་གཟུགས་མཛེས་སྡུག་སོགས་འདོད་ཡོན་ལྔས་མཆོད༔ སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡི་བྱིན་རླབས་ཐམས་ཅད་ཨོཾ་ཡིག་དཀར་པོའི་རྣམ་པར་འོད་ཟེར་གྱི་ཚུལ་དུ་བསྡུས༔ འཇམ་དཔལ་ཉིད་ལ་ཐིམ་པས་འོད་དུ་ཞུ་ནས་ཟླ་བའི་སྟེང་དུ་ཨོཾ་ཡིག་དཀར་པོར་གྱུར༔ ཡང་མགྲིན་པའི་ཨཱཿཡིག་དེ་ཉིད་སྐད་ཅིག་གིས་སྤྱན་རས་གཟིགས་དཀར་ལ་དམར་བའི་མདངས་ཅན༔ གཡས་བགྲང་ཕྲེང་དང་གཡོན་པདྨའི་ཡུ་བ་ནས་འཛིན་པ༔ མཛེས་འཛུམ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེའི་བརྒྱན་པའི་ཐུགས་ཀར་པདྨའི་གདན་ལ་ཨཱཿཡིག་དམར་པོ་སྔགས་ཀྱིས་བསྐོར་བ་ལས་འོད་འཕྲོས༔ རང་གི་ག་གང་ནས་ངག་


CMR012_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྒྲིབ་པ་དག༔ བདག་དང་སེམས་ཅན་ཐམས་ཅད་ཀྱི་ངག་གི་སྒྲིབ་པ་དག གསུང་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་གོ་འཕང་ཐོབ་པར་བསམས་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བརྒྱ་ཙམ་བཟླ་ཞིང་༔ འོད་ཟེར་དེས་གསུང་གི་རིགས་ཀྱི་སངས་རྒྱས་ཐམས་ཅད་ལ་བསྟོད་དབྱངས་རོལ་མོའི་མཆོད་པ་སྣ་ཚོགས་ཕུལ༔ གསུང་གི་བྱིན་རླབས་ཐམས་ཅད་ཨཱཿཡིག་དམར་པོའི་རྣམ་པར་སྤྱན་དྲངས་ནས་སྤྱན་རས་གཟིགས་ལ་ཐིམ་པས༔ འོད་དུ་ཞུ་ནས་པདྨའི་གདན་ལ་ཨཱཿས་མཚན་པར་གྱུར༔ ཡང་སྙིང་ཁའི་ཧཱུཾ་དེ་ཉིད་ཕྱག་ན་རྡོ་རྗེ་མཐིང་ཁ་ཕྱག་གཡས་རྡོ་རྗེ་ཕྱར་ཞིང་གཡོན་སྡིགས་མཛུབ་དང་བཅས་པའི་དྲིལ་བུ་དཀུར་བརྟེན་པ༔ ཁྲོས་པའི་ཉམས་ཅན༔ སྟག་ཤམ་སྦྲུལ་དང་རིན་པོ་ཆེའི་བརྒྱན་ཅིང་འདོར་ཐབས་སུ་བཞུགས་པའི་ཐུགས་ཀར་ཉི་མའི་གདན་ལ་ཧཱུཾ་མཐིང་ཀའི་མཐར་སྔགས་ཀྱིས་བསྐོར་བ༔ དེ་ལས་འོད་འཕྲོས་རང་གི་ཡིད་ལ་ཐིམ་པས་ཡིད་ཀྱི་སྒྲིབ་པ་དག༔ འོད་ཟེར་དེ་ཕྱིར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་སྒྲིབ་པ་སྦྱངས༔ ཐུགས་རྡོ་རྗེ་མི་སྤྱོད་པའི་གོ་འཕང་ལ་བཀོད་པར་བསམ༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ བརྒྱ་སྐོར་རེ་བཟླ་ཞིང་༔ འོད་ཟེར་དེས་ཐུགས་ཀྱི་རིགས་ཀྱི་སངས་རྒྱས་ཐམས་ཅད་ལ་བདེ་


CMR012_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གི་མཆོད་པ་དཔག་ཏུ་མེད་པ་ཕུལ༔ ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཧཱུཾ་ཡིག་སྔོན་པོའི་རྣམ་པར་ཁ་བ་བུ་ཡུག་ལྟར་སྤྱན་དྲངས༔ གསང་བདག་ལ་ཐིམ་པས་འོད་དུ་ཞུ་ནས༔ ཉི་ཟླའི་གདན་ལ་ཧཱུཾ་སྔོན་པོས་མཚན་པར་གྱུར༔ ཡང་རང་ཉིད་ཁྲོ་ཆུ་གཞུང་ལྟར་གསལ་བའི་ཐུགས་ཀར་པདྨ་འདབ་མ་བཞི་པའི་ལྟེ་བར་ཉི་མའི་གདན་ལ་ཧཱུྃ་དེ་ཉིད་འཇམ་དཔལ་མཐིང་ཁ༔ ཤར་དུ་འཇམ་དཔལ་དཀར་པོ༔ ལྷོར་སེར་པོ༔ ནུབ་ཏུ་དམར་པོ༔ བྱང་དུ་ལྗང་སྔོན༔ ལྔ་ཀའང་གཞོན་ནུ་ཟུར་ཕུད་ལྔ་དང་ལྡན་ཞིང་རྒྱལ་བ་རིགས་ལྔའི་དབུ་བརྒྱན་ཅན༔ ཕྱག་གཡས་རལ་གྲི་འཕྱར་ཞིང་གཡོན་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་བསྣམས་པ༔ མཛེས་འཛུམ་དར་དང་རིན་པོ་ཆེའི་བརྒྱན་ཅིང་རྡོ་རྗེ་སྐྱིལ་ཀྲུང་གི་བཞུགས་པ༔ གཙོ་བོའི་ཐུགས་ཀར་ཉི་མ་ལ་ཧཱུཾ་མཐིང་ག་འཁོར་བཞིའི་ཐུགས་ཀར་ཟླ་བ་ལ་ཤར་དུ་ཨོཾ༔ ལྷོར་ཏཱཾ༔ ནུབ་ཏུ་ཏི༔ བྱང་དུ་ཨཱཿརྣམས་རང་རང་གི་ཁ་དོག་དང་མཐུན་པའི་སྔགས་ཕྲེང་གིས་བསྐོར་བ དེ་རྣམས་ལས་འོད་ཟེར་ཁ་དོག་ལྔ་འཕྲོས༔ བདག་དང་སེམས་ཅན་ཐམས་ཅད་ཀྱི་དུག་ལྔའི་སྒྲིབ་པ་སྦྱངས༔ འཇམ་དཔལ་རིགས་ལྔའི་གོ་འཕང་ལ་བཀོད་པར་བསམ་ཞིང་༔ ༀ་ཝཱ་གི་


CMR012_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཤྭ་རི་ཧཱུྃ༔ ཅེས་བརྒྱ་རྩ་བརྒྱད་བཟླ་ཞིང་། འོད་ཟེར་གྱིས་རིགས་ལྔའི་རྒྱལ་བ་ཐམས་ཅད་མཆོད༔ སྐུ་ལྔ་ཡེ་ཤེས་ལྔའི་བྱིན་རླབས་ཐམས་ཅད་འོད་ཟེར་རྣམ་པ་ལྔའི་རང་བཞིན་དུ་ཚུར་འདུས་ལྷ་ལྔ་ལ་ཐིམ་པས༔ རང་གི་ཕུང་པོ་ལྔ་སྐུ་ལྔར་གནས་འགྱུར༔ འཇམ་དབྱངས་རིགས་ལྔའི་ཐུགས་ཀའི་ཧཱུྃ་ཡིག་ལ་ཐིམ་པར་བསམ༔ དེ་ནས་རང་ཉིད་ཁྲོ་ཆུར་གསལ་བའི་ཐུགས་ཀར་ཉི་མའི་སྟེང་དུ་སངས་རྒྱས་ཐམས་ཅད་ཐུགས་ཀྱི་ངོ་བོ་ཧཱུྃ་མཐིང་ནག དེའི་ཞབས་སུ་ཉལ་ཐབས་སུ་སྒོམ་པའི་ཞབས་ཀྱུའི་ནང་དུ་འཇམ་དཔལ་གཤིན་རྗེ་ཐམས་ཅད་ཀྱི་ངོ་བོ་ཡདམར་ནག་ཧཱུྃ་གི་ཧ་ཁོག་ཏུ་རང་གི་ཚེའི་ངོ་བོ་ནི་ལྗང་གུ་འོད་ཟེར་བཀྲག་མདངས་དང་ལྡན་པ༔ ཧཱུྃ་གི་མཐར་རང་ཉིད་ཀྱི་མདུན་ངོས་ནས་གཡོན་དུ་བཀོད་དེ་སྔགས་མགོ་རང་གི་མདུན་གྱི་གཡས་ངོས་སུ་ཡོད་པ༔ ཡི་གེའི་ངོ་ཕྱིར་བསྟན་ཏེ་མིའི་བྲོ་ར་བསྒྲིག་པ་ལྟར་བསྐོར་བར་བསྒོམ༔ དང་པོ་ཡི་གེ་དེ་ཀློག་པའི་ཚུལ་དུ་ཁྲི་ཚོ་ཙམ་བཟླ༔ དེ་ནས་ཕྲེང་བའི་ཕྲེང་ལུང་འཁོར་བ་ལྟར༔ འོད་ཟེར་མཐིང་ཁ་གཡས་སུ་འཁོར་བར་བསམ་ལ་ཁྲི་ཚོ་ཙམ་བཟླ༔ དེ་ནས་མཆོད་རྟེན་ལ་མི་མང་པོས་བསྐོར་བ་བྱེད་པ་ལྟར་ཧཱུྃ་ཡིག་མི་འགུལ་ཞིང་སྔགས་ཀྱི་ཡིག་འབྲུ་གཡས་སུ་


CMR012_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བར་བསམས་ནས་ཁྲི་ཚོ་ཙམ་བཟླ༔ སླར་ཡང་ཡིག་འབྲུ་འཁོར་བཞིན་པའི་ས་བོན་གསུམ་དང་བཅས་པ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས༔ བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཆོས་སྐྱོང་སྲུང་མ་ཐམས་ཅད་ལ་མཉེས་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ༔ དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཐུགས་རྗེ་ནུས་མཐུ་ཐུགས་སྲོག་ཡི་གེ་དང་བཅས་པ་དབང་དུ་བསྡུས་ནས་རང་གི་སྙིང་ཁའི་ས་བོན་ལ་ཐིམ༔ དེ་ཐམས་ཅད་དབང་དུ་བསྡུས༔ ཡང་འོད་ཟེར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་དྲེགས་པ་ཅན་ཐམས་ཅད་དང་༔ རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་སྡིག་སྒྲིབ་ཐམས་ཅད་སྦྱངས༔ སངས་རྒྱས་ཀྱི་ས་ལ་བཀོད༔ དེ་དག་གི་མཐུ་སྟོབས་རྫུ་འཕྲུལ་ཡོན་ཏན་ནུས་མཐུ་སྲོག་སྙིང་ཡི་གེ་དང་བཅས་པ་ཐམས་ཅད་རང་དབང་མེད་པར་དབང་དུ་བསྡུས་ནས་རང་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པར་བསྒོམ༔ ཡང་འོད་ཟེར་མེ་ལྕེ་དང་གློག་ཞགས་ལྟ་བུ་འཕྲོས༔ རང་ལ་གནོད་པའི་ནད་དང་གདོན་དང་སྡིག་སྒྲིབ་མི་ཁ ཁ་སྨྲས་དགྲ་གྱོད་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ལ་ཕོག་པས༔ བ་མོ་ལ་ཉི་ཟེར་ཕོག་པའམ༔ བྱ་


CMR012_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོ་མེ་ལ་བསྲེག་པ་ལྟར་སྐད་ཅིག་ལ་མེད་པར་བྱས༔ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དྲེགས་པ་ཅན་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བཀྲག་གཟི་མདངས་མཐུ་སྟོབས་གཟི་བརྗིད་ཐམས་ཅད་གཅིག་ཏུ་བསྡུས་ནས་བདག་ཉིད་གཟི་བརྗིད་ཕུན་སུམ་ཚོགས་ཤིང་ཐམས་ཅད་འདུས་པའི་བདག་ཉིད༔ ང་ལས་ཆེ་བཙན་འཇིག་རྟེན་ཁམས་ན་མེད་དོ་སྙམ་པའི་ང་རྒྱལ་བརྟན་པར་བྱའོ༔ དམིགས་པ་དེ་རྣམས་མ་ཡེངས་པར་བསྙེན་པ་བྱ་སྟེ༔ ཨོཾ་མཉྫ་ཤི་ཡ་མཱནྟ་ཀ་བྱ་གྲི་ཝ་བཛྲ་པཱ་ཎི་དུ་ཏྲི་ཡ་མ་རཱ་ཙ་ཡ་མ་རཀྵ༔ ཀྲོ་ཏ་པ་ཙ་ར༔ ཀཱ་ལ་རྭ་པ༔ ཨ་ཀྲོ་རྭ་ཙ༔ ཡ་མ་རཱ་ཙ་ས་མ་ཡ་ཛ་ཛ༔ སྔོན་དུ་ཡི་དམ་གཞན་གྱི་བསྙེན་པ་མ་སོང་བའི་གསར་པ་ཡིན་ན སྔགས་སྦེལ་མ་དེ་ཉིད་རྒྱུན་དུ་འདོན༔ སྔོན་དུ་བསྙེན་པ་སོང་ཡང་མི་ནོན་དོགས་ཀྱི་རྩུབ་ཆ་ཆེ་བ་བྱུང་ན་ཐུན་མགོ་ལ་སྟོང་ངམ་བརྒྱ་རེ་བཟླ༔ སྔོན་དུ་བསྙེན་པ་གཞན་སོང་ན་རྒྱུན་དུ་སྔགས་དུ་ཏྲི་མན་ཆད་བསྙེན་པར་བྱའོ༔ དུས་ནི༔ རབ་ཞག་ཉེར་གཅིག འབྲིང་བཅུ་བཞི ཐ་མ་ཡང་ཞག་བདུན་བསྙེན༔ གྲངས་ནི་རབ་ས་ཡ་བདུན༔ འབྲིང་ས་ཡ་གཉིས༔ ཐ་མ་ས་ཡ་གཅིག ཡང་ཐ་བདུན་འབུམ་མམ་འབུམ་ཕྲག་


CMR012_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའོ༔ འོན་ཀྱང་དུས་དང་གྲངས་མ་ངེས་པར་རྟགས་གཙོ་ཆེ་བར་གསུངས༔ མཚོ་ཡི་གཏིང་དུ་འགྲོའམ་སྟེང་དུ་འདུག གངས་རི་དཀར་པོའི་རྩེ་ལ་འཛེགས་པ་དང་༔ གོས་དཀར་དྲི་མ་མེད་པ་གྱོན་པ་དང་༔ མེ་ཏོག་སྣ་ཚོགས་འཐུ་བ་དང་༔ རལ་གྲི་དང་ཆོས་ཀྱི་པོ་ཏི་རྙེད་པ་བྱུང་ན་སྐུ་ཡི་འགྲུབ་རྟགས་སོ༔ ལུས་ལ་མེ་འབར་བ་དང་༔ མཚོན་ཆ་སྣ་ཚོགས་ཐོགས་པ་དང་༔ རོལ་མོའི་སྐད་རིགས་རང་གིས་འཁྲོལ་བ༔ རྔ་བརྡུང་དུང་བུད་མཆོད་རྟེན་བསྐོར༔ ལོ་ཐོག་ལེགས་པོ་མཐོང་བ་དང་སྙེ་མ་འཐུ་བ༔ དེ་རྣམས་གསུང་གི་འགྲུབ་རྟགས་སོ༔ བདུད་རྩི་འཐུང་དང་ཆོས་བཤད་པ་ཉི་མ་དང་ཟླ་བ་ཤར་བ་དེ་དག་ཐུགས་ཀྱི་འགྲུབ་རྟགས་སོ༔ རྡོ་རྗེའི་རྫོང་དང་མཁར་བརྩེགས་པ༔ གོ་ཆ་གྱོན་པ༔ མཚོན་ཆ་རྙེད་པ་བཟུང་བ་དང་༔ གཡུལ་འགྱེད་པ་ལས་རྒྱལ་བ༔ ཁམས་གསུམ་ལས་རྒྱལ་བ༔ གཞན་དང་འཐབས་པས་རང་རྒྱལ་བ༔ མཁར་ཁང་ལྕགས་རིའི་སྒོ་མཚམས་དམ་དུ་བཅད་ཅིང་སྲུང་བ༔ བྲག་བཤིག་པ་ཤིང་བཅད་པ་ནམ་ལངས་བ༔ དར་ཕྱར་བ་དུང་འབུད་པ་དམག་དཔོན་བྱེད་པ ༔ མི་ཆེན་པོའི་གུས་འདུད་བྱེད་པ་དང་༔ གཞན་གྱིས་རང་ལ་ཕྱག་


CMR012_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་བ༔ གྱེན་ལ་འགྲོ་བ་སྐས་ལ་འཛེགས་པ༔ རྫོང་གི་ནང་དུ་འདུག་དང་རི་རབ་བཤིག་པ་སྐྱོགས་ཆེན་འཕེན་པ་ལ་སོགས་པ་རྣམས༔ རྨི་ལམ་དག་ཏུ་བྱུང་བ་དང་༔ རབ་དངོས་འབྲིང་ཉམས་དྲི་བཟང་འཐུལ་བ༔ ནང་མཆོད་ཁོལ་ལམ་རླངས་པ་འབྱུང་༔ གཏོར་མ་དབྱར་མི་རུལ་ལ་དགུན་མི་འཁྱག་པ༔ ཞལ་མཇལ་བ་ལུང་བསྟན་པ་ལ་སོགས་པ་འབྱུང་ངོ་བསྐྱེད་རིམ་གསལ་ཞིང་ཉམས་བདེ་བ༔ ཤེས་པ་གསལ་བ་ལ་སོགས་པའི་རྟགས་ཐོན་པར་བྱ་ཞིང་༔ རྟགས་ལ་མངོན་ཞེན་དང་དགའ་བྲོད་མི་བྱ་ཞིང་༔ རྒྱུ་འབྲས་རྟེན་འབྲེལ་ཙམ་དུ་ཤེས་པར་བྱའོ༔ དེ་ནས་ཐུན་དུ་བྱེད་ན་ཐུན་མཇུག་ཏུ༔ རང་གི་ཐུགས་ཀར་ཧཱུཾ་གི་རྩེར་སྔགས་ཕྲེང་འཕྲོས༔ ཞལ་ནས་ཐོན༔ མདུན་བསྐྱེད་ཀྱི་ཞལ་དུ་མཆོད་པའི་ཚུལ་ཞུགས་པས་མཉེས༔ ཐུགས་ཀའི་ཧཱུཾ་ལ་ཐིམ་པས་ཐུགས་རྒྱུད་བསྐུལ༔ ཞབས་ཀྱུ་ནས་སྔགས་ཕྲེང་འཕྲོས་ལྟེ་བ་ནས་སམ༔ ཐུགས་ཀ་ནས་དངོས་གྲུབ་སྣ་ཚོགས་ཀྱི་ངོ་བོར་ཐོན༔ རང་གི་ལྟེ་བའམ་སྙིང་ཁར་ཐིམ༔ བྱིན་རླབས་དངོས་གྲུབ་མཐུ་རྩལ་ནུས་པ་དང་ལྡན་པར་བསམ༔ དེ་ལྟར་སྔགས་ཕྲེང་བདག་མདུན་གཉིས་ཀྱི་བར་དུ་འཁོར་བས༔ ཕར་མཆོད་ཚུར་དངོས་གྲུབ་


CMR012_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ༔ བར་དུ་སྔགས་ཕྲེང་ལས་མེ་དཔུང་ཚྭ་ཚྭ་འཕྲོས་ནས་གནོད་བྱེད་ཐམས་ཅད་ཚར་བཅད་པར་བསམས་ལ་བརྒྱ་ཙམ་བཟླའོ༔ དེ་ནས་དབང་དང་དངོས་གྲུབ་བླངས་ཏེ་མདུན་བསྐྱེད་ཀྱི་དཔྲལ་བའི་ཨོཾ་ལས་བདུད་རྩི་འོད་ཟེར་གྱི་རྒྱུན་དཀར་པོ་བྱུང་ནས༔ རང་གི་དཔྲལ་བ་ནས་ཞུགས༔ ལུས་ཀྱི་སྒྲིབ་པ་དག༔ འགྱུར་བ་མེད་པ་སྐུའི་དངོས་གྲུབ་ཐོབ་མདུན་བསྐྱེད་ཀྱི་མགྲིན་པའི་ལས་འོད་ཟེར་དང་བདུད་རྩིའི་རྒྱུན་དམར་པོ་བྱུང་༔ རང་གི་མགྲིན་པ་ནས་ཞུགས༔ ངག་གི་སྒྲིབ་པ་དག འགགས་པ་མེད་པ་གསུང་གི་དབང་ཐོབ༔ མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཧཱུྃ་ལས་བདུད་རྩིའི་འོད་ཟེར་རྒྱུན་སྔོན་པོ་བྱུང་༔ རང་གི་སྙིང་ཁར་ཞུགས༔ སེམས་ཀྱི་སྒྲིབ་པ་དག༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམས་ལ༔ དེ་ལྟར་བདུད་རྩིའི་འོད་ཟེར་གསུམ་གྱི་རང་ལུས་གང་༔ བདུད་རྩིའི་དྭངས་མ་རང་གི་སྙིང་ཁའི་ནང་དུ་ལུད་པ་ལས༔ སྙིང་ཁའི་དཀྱིལ་དུ་ཐུགས་ཀྱི་འཇམ་དཔལ་སྐུ་མདོག་སྔོན་པོ༔ སྙིང་ཁའི་ནང་དུ་གཡས་སུ་སྐུའི་འཇམ་དཔལ་དཀར་པོ༔ སྙིང་ནང་གཡོན་དུ་གསུང་གི་འཇམ་དཔལ་དམར་པོ༔ གསུམ་ཀའང་ཕྱག་གཡས་ཤེས་རབ་ཀྱི་


CMR012_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

རལ་གྲི་ཕྱར་ཞིང་༔ གཡོན་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་ཐུགས་ཀར་བསྣམས་པ༔ ཞི་ཞིང་འཛུམ་པ༔ དར་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་ཤིང་༔ གཞོན་ནུ་ཟུར་ཕུད་ལྔ་དང་ལྡན་པ༔ རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་གཡས་ཀྱི་ཐུགས་ཀར་ཨོ༔ གཡོན་གྱི་ཐུགས་ཀར་ཨཱཿ དབུས་ཀྱི་ཐུགས་ཀར་ཧཱུཾ་གིས་མཚན་པར་བསམས་ལ༔ འཇམ་དཔལ་སྲས་བཅས་བདག་ལ་དགོངས་སུ་གསོལ༔ ཡི་དམ་གཤིན་རྗེའི་གཤེད་པོའི་ལྷ་ཚོགས་རྣམས༔ བདག་ལ་དངོས་གྲུབ་མ་ལུས་སྩལ་དུ་གསོལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ་བརྗོད༔ ཨོཾ་ཨཱཿཧཱུྃ༔ ཀཱ་ཡ་སིདྡྷི་ཨོ༔ ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བདུན་ནམ་ཉེར་གཅིག་བརྗོད༔ དེ་ནས་མདུན་གྱི་བྲུབ་ཁུང་མི་དམིགས་པར་ཨེ་ལས་ལྕགས་སྲེག་ཁང་པ་གྲུ་གསུམ་པ༔ ཁ་དོག་ཅིང་མཐིལ་ཡངས་བ༔ དེའི་ནང་དུ་ཧཱུྃ་དང་ཏྲི་ལས་སྐྱེས་པའི་གནོད་བྱེད་ཚེ་བདུད་ཕོ་མོ་གཉིས་བྱི་ཆིངས་སུ་གནས་པ༔ རིད་ཅིང་སྐྱེམ་པ་རྐང་ལག་ལྕགས་སུ་བཅུག་པ་ཞིག་གསལ་བར་གྱུར༔ ན་མོ་དཀོན་མཆོག་གསུམ་གྱི་བདེན་པ་དང་༔ བཅོམ་ལྡན་འདས་འཇམ་དཔལ་ཚེ་བདག་ནག་པོའི་བདེན་པ་དང་༔ བདེན་པ་ཆེན་


CMR012_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མཐུས༔ རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པའི་ཚེ་བསོད་ནམས་ཁ་རྗེ་དབང་ཐང་ལ་གནོད་པར་བྱེད་པའི་བདུད་དང་དགྲ་བགེགས་ཐམས་ཅད་གཟུགས་ལིངྒ་འདི་ལ་ཁུག་ཅིག ཛཧཱུྃ་བཾ་ཧོ༔ ལན་གསུམ་བརྗོད༔ རང་གི་སྔོན་གྱི་ལས་ལས་གྱུར་པ༔ འཕྲལ་གྱི་རྐྱེན་ལས་གྱུར་པའི་གནོད་བྱེད་ཚེ་བསོད་ནམས་ལ་བར་དུ་གཅོད་པའི་བགེགས་དང་དགྲ༔ ཁྱད་པར་དུ་ཚེ་ཐུང་ཞིང་བསོད་ནམས་ཆུང་བའི་ལས་སྒྲིབ༔ དམ་ཚིག་ཉམས་ཆག་དང་བཅས་པ་ནག་ཉི་ལི་ལི་བསྡུས་ནས་ཚེ་བདུད་ལ་ཐིམ༔ རང་གི་ལུས་ལས་ཀྱང་ཁྲུས་ཆུས་དུད་ཁུ་བཞིན་དུ་ནག་ནུར་གྱིས་ཐོན་ནས་ཚེ་བདུད་ལ་ཐིམ་པར་བསྒོམ༔ ཚེ་བདུད་ཀྱི་སྟེང་དུ་ཕུར་པ་དང་མཆོད་རྟེན་ནག་པོ་དབྱེར་མེད་པ་ལས༔ ཟློག་བྱེད་ཁྲོ་བོ་ནག་པོ་ཞལ་གཅིག་ཕྱག་གཉིས་ཞལ་གདངས་ཤིང་མཆེ་བ་གཙིགས་ནས་སྐན་སྒྲ་རྡེབ་པ༔ སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་དང་ལྡན་པ༔ ཕྱག་གཡས་རལ་གྲི་ཕྱར་ཞིང་གཡོན་ཚེ་བདུད་བཟློག་པའི་འཁོར་ལོ་འཛིན་པ༔ སྐུ་སྨད་གནམ་ལྕགས་ལས་གྲུབ་པའི་ཕུར་པ་མེ་འབར་བས་ཆེ་བདུད་ཕོ་མོའི་སྙིང་ལ་འཛེར་ཞིང་གཟིར་བ༔ ལུས་ངག་ཡིད་གསུམ་གྱི་ནུས་པ་བཅོམ་ནས་གནོད་མི་


CMR012_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པར་བསམས་ལ༔ དུ་ཏྲི་ཡ་མ་རཱ་༔ ཡ་མ་རཀྵ༔ ཀྲོ་ཏ་པ་ཙ་ལ༔ ཀཱ་ལ་རཱུ་པ༔ ཨ་ཀྲོ་རཱ་ཙ༔ ཡ་མ་རཱི་ཙ༔ ས་མ་ཡ་ཛ་ཛ༔ དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀྵ༔ ཀྲོ་ཏ་པ་ཙ་ལ་ཏུ༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ ཚེ་བསོད་ནམས་ལ་གནོད་པར་བྱེད་པའི་བདུད་ཐམས་ཅད་ཀྱི་སྲོག་ལ་ནི་ཏྲི་ཏྲིག་ནན༔ ཨེ་ཧུར་ཐུ་ཛ༔ མཱ་ར་ཡ་རྦད༔ ཙཱུམྦྷ་ཡ་ནན༔ རང་ཉིད་རྐྱེན་ཆག་ཆེ་ན་བརྒྱ་ཙམ་བཟླ༔ འཇམ་ན་བདུན་ནམ་ཉེར་གཅིག་བཟླ༔ དེ་ནས་ཐུན་གཏོར་གཏོར་ཆུང་གཅིག་ལ་བདུད་རྩིས་བྲན༔ བྱིན་གྱིས་རླབས་ལ་ཚིགས་བཅད་གང་རུང་དང་༔ ཕྱི་སྣོད་འཇིག་རྟེན་གཞལ་ཡས་སོགས་ལ་རྩ་སྔགས་བཏགས་ལ༔ བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི༔ ཞེས་བཏགས་ལ་རྒྱུན་གཏོར་ནང་དུ་འབུལ༔ འཇམ་དཔལ་ཞི་བའི་ངང་ལས་སོགས། བསྟོད་པ་ཤོ་ལོ་ཀ་གཅིག་ཙམ་གྱིས་བསྟོད༔ དེ་ནས་ཚེ་བསྲིང་དཔལ་བསྐྱེད་པའི་ཐབས་ནི༔ རང་ཉིད་ལྷར་གསལ་བའི་སྤྱི་གཙུག་ཏུ་མཆོད་རྟེན་ནོར་བུའི་ཏོག་གི་ནང་ངམ་ནོར་བུའི་སྟེང་དུ༔ པདྨ་དང་ཟླ་བའི་གདན་ལ་རྩ་བའི་བླ་མ་དང་ཨོ་རྒྱན་ཚེ་དཔག་མེད་དབྱེར་མེད་པ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱའི་ཚེ་བུམ་འཛིན་པས་སྐྱིལ་ཀྲུང་གིས་བཞུགས་པ༔


CMR012_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཐུགས་ཀར་ཟླ་བའི་གདན་ལ་བྲིས་མཚན་པའི་མཐའ་བསྐོར་དུ་སྔགས་ཀྱིས་བསྐོར་བ༔ དེ་ལས་འོད་ཟེར་འཕྲོས༔ རྒྱལ་བ་སྲས་དང་བཅས་པ་ཚེ་དཔག་མེད་པའི་རྣམ་པར་སྤྱན་དྲངས་ནས་ཚེ་དཔག་མེད་ལ་ཐིམ༔ ཡང་ཚེ་བུམ་ལས་འོད་འཕྲོས་པས༔ རང་གི་ཚེ་ལྷ་འདྲེས་ཁྱེར་བ་ཐམས་ཅད་དང་༔ འབྱུང་བའི་བཅུད༔ སྐྱེ་འགྲོའི་ཚེ་དང་བསོད་ནམས༔ ཚེའི་དངོས་གྲུབ་ཐམས་ཅད༔ འོད་ཟེར་གྱི་རྣམ་པར་བསྡུས་ནས་བུམ་པར་ཐིམ༔ བུམ་པ་ནས་འཆི་མེད་བདུད་རྩིའི་རྒྱུན་ན་ར་ར་བབས༔ རང་གི་ཚངས་བུག་ནས་ཞུགས༔ ལུས་ཐམས་ཅད་འཆི་མེད་བདུད་རྩིས་གང་བར་བསམ་ཞིང་༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་བརྒྱའམ་ཉེར་གཅིག་བཟླ༔ ཚེའི་བདུད་རྩིས་ལུས་གང་འོད་ཟེར་བ་སྤུའི་བུ་ག་ནས་ཕྱིར་འཕྲོས༔ ཕྱོགས་མཚམས་སྟེང་འོག་བར་མཚམས་མེད་པར་འཇམ་དཔལ་གཤིན་རྗེའི་གཤེད་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པ༔ སྐུ་སྨད་ཕུར་བུ་འབར་བ་ཅན༔ ཞལ་གཡས་ལྗང་གཡོན་དམར་བ༔ ཕྱག་དང་པོ་གཉིས་ཀྱིས་ཚེ་ཡི་བུམ་པ་ཐུགས་ཀར་འཛིན་པ༔ བར་པ་གཉིས་ཀྱིས་ཚེ་བདུད་ཟློག་པའི་འཁོར་ལོ༔ ཐ་མ་


CMR012_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཐོད་པ་དཀར་པོ་བྱང་ཆུབ་སེམས་ཀྱི་བདུད་རྩི་དཀར་དམར་འདྲེས་པས་བཀང་བ་བསྣམས་པ༔ དེ་ལྟ་བུ་བྱེ་བ་དུང་ཕྱུར་གྱིས་ཐེམ་འགགས་ནེམ་འགགས་སུ་གང་ནས་ཚུར་གཟིགས་པ་རང་གི་མདུན་ངོས་སུ་གྱུར་པའི་སྒོ་སྲུང་གི་ཚུལ་དུ་མཆོད་རྟེན་དཀར་པོ་དེ་དང་དབྱེར་མེད་པའི་ཚེ་བདག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཞབས་གཉིས་འདོར་ཐབས་སུ་བསྒྲད་པ༔ ཕྱག་ན་ཚེ་ཡི་བུམ་པ་འཛིན་པར་བསམ༔ ལྷ་ཚོགས་དེ་ཐམས་ཅད་ལས་འོད་དཀར་པོ་འཕྲོས༔ བདུད་དང་ལྷ་མ་སྲིན་སྡེ་བརྒྱད་རང་ལ་གནོད་པའི་བྱད་མ་དགྲ་བགེགས་ཐམས་ཅད་ཀྱི་བཀྲག་གཟི་མདངས༔ ཚེ་བསོད་ནམས་ཐམས་ཅད་བསྡུས་ནས་ཁྲོ་བོ་རྣམས་ཀྱི་བུམ་པར་ཐིམ་པས༔ བུམ་པ་ནས་བདུད་རྩིའི་རྒྱུན་ཕྲ་མོ་ཉི་ཟེར་ལྟར་བྱུང་བས༔ རང་གི་བ་སྤུའི་བུ་ག་ནས་ཞུགས༔ ལུས་གང་བས་དྭངས་མ་ཐམས་ཅད་སྙིང་ཁར་དྲི་ལ་ཐིམ་པས༔ རང་གི་ཚེ་དང་བཀྲག་མདངས་རྒྱས༔ ཚེ་ཉི་ཟླ་དང་མཉམ་ཞིང་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཐོབ་པར་གྱུར༔ ཡང་ཁྲོ་བོ་དཀར་པོ་རྣམས་ཀྱི་ཕྱག་ཐ་མའི་ཐོད་པ་ལས་འོད་ཟེར་འཕྲོས༔ ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི་ཚེ་ཡི་བཅུད་དང་༔ ཨ་ཧཾ་བྱང་སེམས་ཀྱི་དྭངས་མ་ཐམས་ཅད་


CMR012_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས༔ ཐོད་པར་ཐིམ༔ ཐོད་པ་ནང་ནས་བྱང་སེམས་དཀར་དམར་འདྲེས་པའི་རྒྱུན་བབས༔ རང་གི་ཚངས་བུག་དང་བ་སྤུའི་སྒོ་ཐམས་ཅད་ནས་ཞུགས༔ ལུས་ཐམས་ཅད་བྱང་སེམས་ཀྱི་བདུད་རྩིས་གང་བས༔ བདེ་སྟོང་འཆི་མེད་རྡོ་རྗེའི་སྐུ་ཐོབ་པར་བསམ༔ དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀྵ༔ ཀྲོ་ཏ་པ་ཙ་ལ༔ ཀཱ་ལ་རཱུ་པ༔ ཨ་ཀྲོ་རཱ་ཙ ཡ་མ་རཱ་ཙ༔ ས་མ་ཡ་ཛ་ཛ༔ ཨ་ཡུརྫུ་ན་སིདྡྷི་ཧཱུྃ༔ ཞེས་བརྒྱའམ་ཉེར་གཅིག་བཟླ༔ སླར་ཁྲོ་བོ་དཀར་པོ་ཐམས་ཅད་བདུད་རྩིར་ཞུ་ནས་རང་ལ་ཐིམ་པས་བ་སྤུའི་བུ་ག་ཐམས་ཅད་རྡོ་རྗེ་དཀར་པོ་རེ་རེས་གཏམ་པར་བསམ༔ དེ་ནས་དཔལ་བསྐྱེད་པ་ནི༔ གཏོར་མ་རིན་ཆེན་འབར་བའི་སྟོད་ཆ་དང་དབྱེར་མེད་པར༔ སྐད་ཅིག་གིས་འཇམ་དཔལ་ཁྲོ་ཆུ་སྐུ་མདོག་པདྨ་རཱ་ག་ལྟར་དམར་བ༔ ཞལ་གསུམ་ཕྱག་དྲུག་སྐུ་སྨད་རིན་པོ་ཆེ་ལས་གྲུབ་པའི་ཕུར་བུ གོད་འདྲེའི་སྙིང་དཀར་ནག་མཚམས་སུ་ཟུག༔ ཕྱག་གཡས་གསུམ་ན་རིན་པོ་ཆེའི་ཕུར་པ་དགོས་འདོད་ཀུན་འབྱུང་བསྣམས་ནས༔ ནོར་གྱི་ཆར་འབེབས་པ༔ གཡོན་གསུམ་ན་ལྕགས་ཀྱུ་དམར་པོ་བསྣམས་ནས༔ ལྷ་འདྲེ་མི་གསུམ་དབང་དུ་སྡུད་པ༔ སྐུ་ལ་རིན་པོ་ཆེའི་


CMR012_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ཐམས་ཅད་ཀྱིས་བརྒྱན་པ༔ འཁོར་གནོད་སྦྱིན་དང་ནོར་ལྷའི་རིགས་ཐམས་ཅད་ཀྱིས་བསྐོར་བ༔ དེའི་ཐུགས་ཀར་ཉི་ཟླའི་གདན་ལ་ཧཱུྃ་ཡིག་དང་ཡདམར་སེར་དེ་ལས་འོད་འཕྲོས༔ རིན་ཆེན་རིགས་ཀྱི་འཇམ་དཔལ་གཤིན་རྗེ་དང་༔ ནོར་ལྷ་དང་གནོད་སྦྱིན་ཐམས་ཅད་སྤྱན་དྲངས་ནས་གཉིས་སུ་མེད་པར་ཐིམ༔ སླར་ཡང་འོད་འཕྲོས་སྣང་སྲིད་ཐམས་ཅད་དབང་དུ་བསྡུས་ནས་དགོས་འདོད་ཐམས་ཅད་ཆར་བཞིན་འབེབས་པར་བསམས་ལ༔ དུ་ཏྲི་ཡ་མ་རཱ་ཙ༔ ཡ་མ་རཀྵ༔ ཀྲོ་ཏ་པ་ཙ་ལ༔ ཀཱ་ལ་རཱུ་པ༔ ཨ་ཀྲོ་རཱ་༔ ཡ་མ་རཱ་ཙ ས་མ་ཡ་ཛ་ཛ༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བརྒྱ་རྩ་བཟླའོ༔་དེ་ནས་གཏོར་མ་རིན་ཆེན་འབར་བ་དེ་ཡི་སྨད་ཆ་དཀར་གསུམ་གྱི་མཆོད་པ་དེ་རྣམས༔ ཨ་ཀཱ་རོས་བྱིན་གྱིས་བརླབས་ལ༔ རྩ་སྔགས་ལ༔ བ་ལིཾ་ཏ་ཁ་ཁ་ཁཱ་ཧི ཨགྷཾ་སོགས་ཀྱིས་མཆོད༔་བསྟོད་པ་ཤོ་ལོ་ཀ་གཅིག་གིས་བསྟོད༔ ༈ དེ་ནས་རྫོགས་རིམ་ལ་འཇུག་པར་བྱ་སྟེ༔ དང་པོ་ནས་སྒོམ་པའི་སྲུང་འཁོར་དང་ལྷ་ཚོགས་ཐམས་ཅད་དུས་གཅིག་ལ་ལམ་གྱིས་གསལ་བཏབ་ལ༔ དེ་རྣམས་ཐམས་ཅད་ཨ་འཐས་ཐེར་ཟུག་མ་ཡིན་པ༔ རྣམ་པ་གསལ་ཡང་ངོ་བོ་སྟོང་


CMR012_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ ནམ་མཁར་འཇའ་ཤར་བའམ་ཆུ་ནང་དུ་ཟླ་བ་ཤར་བ་ལྟར་བསྒོམ༔ སངས་རྒྱས་ཡེ་ཤེས་ཞལ་གདམས་ལས༔ གཟུགས་སྣང་སྟོང་པ་ཆོས་སྐུའི་ངང་ལ་ཞོག༔ ཅེས་གསུངས་སོ༔་དེ་ནས༔ རང་གི་སྙིང་ཁར་པདྨ་དང་ཉི་མའི་སྟེང་དུ༔ རང་གི་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་དུག་གསུམ་གྱི་ངོ་བོ་བྱ་སྦྲུལ་ཕག་གསུམ་ཡང་སུམ་ཚོམ་དུ་བསྒོམ༔ དཀྱིལ་དུ་ཡེ་ཤེས་ཀྱི་ངོ་བོ་ཧཱུྃ་དཀར་པོ༔ དེ་བཞི་ཀའང་ཆེ་ཆུང་ཚོན་གང་བ་རེ་བསམ་སྤྱི་བོར་རྡོ་རྗེ་གཅིག་བསྒོམ༔ སྤྱི་བོ་ནས་སྙིང་ཁར་ཧཱུྃ་ལ་ཐིམ་པས་རྐྱེན་བྱས༔ ཧཱུྃ་དེ་ལས་ཡེ་ཤེས་ཀྱི་མེ་འོད་དཀར་པོའི་རྣམ་པར་བྱུང་ནས་དུག་གསུམ་བསྲེགས༔ ཧཱུཾ་འོད་དུ་ཞུ་ནས་མེ་འོད་ཐིག་ལེའི་རྣམ་པར་དཀར་ཀྱི་ལེ་བ་བསྒོམ༔ དེ་ནས་འོག་མིན་གྱི་གནས་ནས་རྡོ་རྗེ་སེམས་དཔའ་ཐོག་ལྷུང་བ་ལྟར་དཀར་ཧྲི་ལི་ལི་བྱུང་༔ ཚངས་བུག་ནས་ཞུགས༔ རང་གི་སྙིང་ཁར་ཐིམ་པས༔ ཐིག་ལེ་དེ་ཉིད་སྐད་ཅིག་ལ་རྡོ་རྗེ་སེམས་དཔའི་སྐུར་གྱུར་ཏེ༔ དེ་ཡང་སྐུ་མདོག་དཀར་པོ་ཞལ་གཅིག་ཞི་ཞིང་འཛུམ་པ༔ ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་༔ གཡོན་དྲིལ་བུ་དཀུར་བརྟེན་པ༔ དར་དང་རིན་པོ་ཆེའི་


CMR012_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་ཅིང་རྡོ་རྗེ་སྐྱིལ་ཀྲུང་གིས་པད་ཟླར་བཞུགས་པར་བསྒོམ༔ ཙཀྲ་ཧཱུྃ༔ ཞེས་བརྗོད་པར༔ བུ་ག་དགུར་འཁོར་ལོ་རྡོ་རྗེས་མཚན་པ་རེ་རེས་རྒྱས་བཏབ་པར་བསྒོམ༔ དེ་ནས་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཉི་ཟླའི་གྲྭའུ་ཁ་སྦྱོར༔ དེའི་ནང་དུ་འཁོར་ལོ་དཀར་པོ་རྩིབས་བཞི་པ་ཁ་སྦྱོར༔ དེའི་ནང་དུ་ཧཱུྃ་ཡིག་དཀར་པོ༔ དེའི་ཐིག་ལེའི་ནང་དུ་རང་གི་རྣམ་ཤེས་ནི་ཡིག་ཏུ་གནས་པ་ཧཱུྃ་གི་མཐར་ཡིག་བརྒྱས་བསྐོར་བ་ལས༔ འོད་ཟེར་དང་བདུད་རྩིའི་རྒྱུན་བབས་པས་ལུས་ཐམས་ཅད་གང་༔ དམ་ཚིག་ཉམས་ཆག་ཆོ་ག་ལྷག་ཆད༔ ཏིང་ངེ་འཛིན་གྱི་ཐང་ལྷོད༔ སྔགས་ཀྱི་སྒྲ་ཟུར་ཉམས་པ༔ གཉིད་རྨུག་ལེ་ལོ་ཚོད་ཡོད་སྙོམས་ལས་ལ་སོགས་ཀྱི་སྒྲིབ་པ་ཐམས་ཅད་དུད་ཁུ་ལྟར་དག་ནས༔ འོག་གཞི་ས་འོག་ཏུ་སོང་༔ ལུས་ཡེ་ཤེས་ཚངས་པའི་དངོས་གྲུབ་ཐོབ༔ བདུད་རྩིས་གང་བར་བསམས་ལ༔ ཡིག་བརྒྱ་བདུན་ནམ་གསུམ་བཟླ༔ དེ་ནས་བསྡུ་རིམ་ནི༔ སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་སྲུང་འཁོར་ལ་ཐིམ༔ སྲུང་འཁོར་ཕྱི་མ་རྣམས་ནང་མ་ལ་ཐིམ༔ ནང་མ་འཁོར་ལ་ཐིམ༔ འཁོར་རང་ལ་ཐིམ༔ རང་དབུ་ཞབས་ནས་རིམ་གྱིས་འདུས་ནས་ཧཱུྃ་ལ་ཐིམ༔ དེ་ཡང་ཞབས་ཀྱུ་དང་འ་


CMR012_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དང་ཧ་ཁོག་དང་མགོ་བོ་དང་ཟླ་ཚེས་ཐིག་ལེ་ནཱ་དའི་བར་དུ་ཐིམ༔ དེ་ཡང་ཇེ་ཕྲ་སྐུ་ཡི་རྩེ་མོ་ཙམ་ལ་ཡུན་རིང་དུ་སེམས་བཟུང་༔་དེ་ཡང་ཡལ་ནས་ཅི་ཡང་ཡིད་ལ་མི་བྱེད་པར༔ སེམས་ཁོ་རང་ཇི་ལྟར་འདུག་པ་དེ་ཉིད་ལ་བཟོ་བཅོས་མེད་པར་མ་ཡེངས་ཙམ་དུ་ཧྲིག་གེར་བལྟས་ཏེ༔ ཡུན་རིང་དུ་མཉམ་པར་བཞག་གོ༔་རྒྱུད་ལས༔ རྫོགས་རིམ་ངན་སོང་སྒོ་གཅོད་ཡོད༔ ཅེས་དང་གཞུང་ལས༔ སྤྲོས་བྲལ་གནས་ལུགས་ངང་ལ་ལྷན་ཅིག་བཞག༔ ཅེས་གསུངས་པའི་དོན་ནི༔ དེ་ནས་རང་ཉིད་སྐད་ཅིག་གིས་སྲུང་འཁོར་དང་བཅས་པའི་བསྐྱེད་རིམ་ཐམས་ཅད་དུས་གཅིག་ལ་འཇའ་ཤར་བ་ལྟར་རིམ༔ གསལ་འདེབས་པའམ༔ ཡང་ན་རང་ཉིད་སྐད་ཅིག་གིས་གཙོ་བོ་རྐྱང་པ་རྒྱན་མེད་པ་གཅིག་ཏུ་གསལ་བས༔ ཐུན་མཚམས་ཀྱི་སྤྱོད་ལམ་ལ་འཇུག་ཅིང་༔ དགེ་བ་འདི་ཡིས་མྱུར་དུ་བདག༔ བཅོམ་ལྡན་འཇམ་དཔལ་འགྲུབ་གྱུར་ནས༔ འགྲོ་བ་གཅིག་ཀྱང་མ་ལུས་པ༔ དེ་ཡི་ས་ལ་འགོད་པར་ཤོག༔ བསྐྱེད་རྫོགས་ཀྱི་དགེ་བ་བྱང་ཆུབ་ཏུ་བསྔོ༔ ཟས་ཟ་བ་དང་ཕྱི་ས་འདོར་བ་སོགས་ཐུན་མཚམས་སུ་བྱ་བར་བཤད་ཀྱང་༔ འདིར་བླ་མེད་ཀྱི་ལུགས་ཡིན་ཕྱིར་ཐུན་


CMR012_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་མིན་ཀྱང་བཟོད༔ སྔགས་ཆབ་མ་གཏོགས་ཁ་མི་བཤལ༔ དགེ་སློང་ཡིན་ན་སྔགས་ཆབ་བྱ༔ སེམས་ཅན་གང་གི་ཡང་ལྕེ་མི་བཟའ༔ བྱིན་བརླབས་མ་བྱས་པའི་ཤ་ཆང་སྤང་༔ ཟས་གང་ཡང་རུང་བའི་སྣོད་དེ་བྷནྡྷ༔ ཟས་དེ་དགྲ་བགེགས་ཀྱི་ཤ་ཁྲག་ཤ་ལྔ་བདུད་རྩི་ལྔ་ཞུ་བའི་ཡེ་ཤེས་ཀྱི་བདུད་རྩིར་བསམས་ལ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱི་བརླབས་ནས༔ ལག་པ་གཡས་གཡོན་དགང་གཟར་བླུགས༔ ཁ་ཁྲོ་བོའི་ཞལ་གྲུ་གསུམ་པ་མེ་ཐབ་ཀྱི་རང་བཞིན་དུ་འབུལ་བས༔ སྙིང་ཁར་འཇམ་དབྱངས་རིགས་ལྔ་གསལ་བཏབ་པ་ལ༔ མཆོད་པས་མཉེས་ནས༔ སྐུ་ལས་བདུད་རྩི་བབ་པས་ལུས་གང་བར་བསྒོམ་ལ་བཟའོ༔ རང་ལུས་རྒྱལ་བའི་སོགས་ཀྱིས་བསྔོ་བ་བྱ༔ གོས་ནི་གླང་ཀོ་དང་ཞིང་ལྤགས་སྐེ་རགས་སྦྲུལ་རྒྱན་བསམས་ལ༔ རང་གི་གཡས་ཕྱོགས་སུ་མཆོད་རྟེན་གསུམ་ལ་དུས་གསུམ་གྱི་རྒྱལ་བ་སྲས་བཅས་བཞུགས་པ་ལ༔ གཡོན་རལ་གྲི་སྔོན་པོ་དང་གཡས་སྤུ་གྲི་དཀར་པོའི་གཤོག་པ་གཉིས་སོག་པ་གཉིས་ཀྱི་སྟེང་དུ་ཕུབ་སྒོར་མོ་ལྟར་ཡོད་པ༔ སྤུ་གྲི་གཡས་དང་རལ་གྲི་གཡོན་དུ་འཁོར་བས༔ དགྲ་བགེགས་ཐམས་ཅད་དམར་ཉི་ལི་ལི་གཏུབ་ཅིང་༔ རང་ཉིད་འཕུར་ནས་མཆོད་རྟེན་


CMR012_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐོར་བ་བྱེད་པར་དམིགས་ལ་འགྲོའོ༔ བསྟན་པ་ལ་གནོདཔའི་དགྲ་བགེགས་ཐམས་ཅད་དུས་གཅིག་ཏུ་འདུས་ནས་རང་གི་མལ་འོག་ཏུ་ཚུད་པའི་སྤྱི་བོ་ནས་སྐུ་སྨད་གནམ་ལྕགས་ཕུར་པས་འཛེར་ཏེ༔ རྩེ་མོ་ཉི་མའི་གདན་ལ་ཐུག་པར་བྱས་པས་དགྲ་བགེགས་གནོད་བྱེད་ཐམས་ཅད་ལུས་གཡོ་འགུལ་དང་བྲལ༔ ངག་སྨྲ་བརྗོད་དང་བྲལ༔ སེམས་དྲན་རྟོག་དང་བྲལ་ཏེ་རང་བཞིན་བདེ་བ་དང་ལྡན་པར་བསམ་ལ་འདུག་གོ༔ སླར་སྐྱབས་འགྲོ་ནས་ཙམ་སྔ་མ་ཇི་ལྟ་བ་བཞིན་ཐུན་བཟུང་༔ དེ་ལྟར་ཞག་རེ་ལ་ཐུན་དུ་བྱེད་པ༔ ཐུན་དང་ཐུན་དུ་གཅོད་ཅིང་རྟགས་མ་ཐོན་བར་རེམ༔ དུས་སམ་གྲངས་ཀྱི་བསྙེན་པ་ཐེམ་པར་བྱས་ནས༔ ནུབ་ཐ་མ་ལ༔ གཏང་རག་གི་མཆོད་པ་དང་ཚོགས་རྒྱས་པར་བཏང་༔ བསྐུལ་པ་གཏོར་འབུལ་བརྟན་སྐྱོང་བྱའོ༔ བྲུབ་ཁུང་གི་ལིངྒ་དེ་སྒྲུབ་ཁང་ཐེམ་འོག་ཏུ་མནན༔ རྟ་བྲོ་བྱས་ཤིང་ནང་དུ་ལོག་ལ་བཀྲ་ཤིས་སོགས་གཞུང་ལྟར་བྱ༔ ཡེ་ཤེས་པའི་སྲོག་འཁོར་དང་དར་ནག་གི་སྐུ་སོགས་རྟེན་རྫས་རྣམས་ལ་བསྟིམ༔ དམ་ཚིག་པ་རང་གི་སྙིང་ཁར་བསྡུ༔ རང་ཉིད་ཉལ་བའི་ཕུགས་སུ་མིས་མ་མཐོང་བར་གྲི་ལྕགས་ཀྱི་མདེལ་ཅན་གྱི་ཕུར་པ་དེ་ལྕམ་མམ་


CMR012_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་བ་ལྟ་བུ་ལ་བཏགས་ལ༔ སེང་ཕུར་དང་མདའ་དར་གཉིས་འཕྱང་བར་བྱས་ལ་བཞག དར་ནག་གི་མདུན་དུ་འཛོམས་ན་རྟེན་གཏོར་བཅའ་ལ་བཞག༔ མ་འཛོམས་ཀྱང་ཕུགས་སུ་བཤམས༔ ལྷར་བསྐྱེད་པའི་རྫས་སྣ་ཚོགས་ཀྱི་གཏོར་མ་དེ་ཅུང་ཟད་ཙམ་རེ་བདུག་ན་བགེགས་ཐམས་ཅད་བྲོས་སོ༔ ཁོང་དུ་མི་བཏང་ངོ་༔ རྒྱུན་གཏོར་བསྐང་གཏོར་རྣམས་ནང་འཁོར་གྱི་དངོས་གྲུབ་ཏུ་རོལ༔ རིན་ཆེན་འབར་བ་ནི་རང་ཉིད་ཁོ་ནས་དངོས་གྲུབ་ཏུ་རོལ༔ མཆོད་པ་རྣམས་གཙང་སར་དོར༔ འབྲུ་སྣ་རྣམས་གཡང་སྒམ་སམ་མཛོད་ཕུགས་སུ་བཏབ༔ མཆོད་རྟེན་གཉིས་སྒྲུབ་ཁང་ནང་གི་བྱང་ངམ་ནུབ་ཕྱོགས་སུ་དབེན་སར་སྦ༔ བྲུབ་ཁུང་བཅག་སྟེ་རྗེས་མི་མངོན་པར་བྱའོ༔ གསུམ་པ་ནི༔ དེ་ལྟར་བསྙེན་པ་ཐེམ་པའི་སྲུང་ཟློག་བསད་གསུམ་སོགས་ལས་ཚོགས་ཐམས་ཅད་རང་བཞིན་གྱི་དོན་དུ་སྤྱད་པས་འགྲུབ་པ་ཡིན་ནོ༔ འདིར་ཚིག་གི་མཛེས་ཆ་དང་སྙན་ངག་སོགས་སྤངས་ནས་ཤིན་ཏུ་གོ་བདེ་བར་བཀོད་པའོ༔ འདི་ལ་འགལ་འཁྲུལ་གང་མཆིས་འཇམ་དཔལ་ཉིད་ཀྱི་དྲུང་དུ་བཤགས་ཤིང་དགེ་བས་འགྲོ་ཀུན་འཇམ་དཔལ་ཉིད་འགྲུབ་ཤོག ཅེས་རྡོ་རྗེ་ཐེག་པ་ལ་མོས་པའི་དགེ་སློང་ཀརྨ་ཨ་རཱ་གས་བཀོད་


CMR012_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཛ་ཡནྟུ༔ ༈ ཀྱེ་མ་རྨོངས་པའི་རྔ་ཤིང་རྔ་ལྕག་དང་༔ རྔ་ལྤགས་རྣམས་ནི་སོ་སོར་ཅི་བརྡུང་ཡང་༔ རྔ་སྐད་མི་འབྱུང་བཞད་གད་རྒྱུ༔ དེ་བཞིན་གཏེར་གཞུང་སླད་མེད་ཡིན་ནོ་ཞེས༔ བརྟེན་པའི་ཤོག་དྲིལ་སོ་སོར་ཉམས་བླངས་ཀྱང་༔ བསྙེན་སྒྲུབ་བསྐྱེད་རྫོགས་ཡན་ལག་མི་ཚང་ཞིང་༔ འགྲུབ་རྟགས་མི་འབྱུང་སྤྱོད་ལྡན་རྣམས་ཀྱིས་ཁྲེལ༔ དེ་བས་རྒྱུད་གཞུང་མན་ངག་ཞལ་ཁྲིད་ཅེས༔ འཁྲུལ་མེད་གསལ་ཞིང་གབ་སྦས་མེད་པ་རུ༔ བཀོད་འདི་ཉམས་སུ་ལོངས་ཤིག་སྐལ་ལྡན་རྣམས༔ བདག་གཞན་དོན་གཉིས་འགྲུབ་བོ་ཨེ་མ་ཧོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ཤམཉྩཁམ༩ གུ་ཧྱ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཅོམ་ལྡན་འཇམ་དཔལ་ཁྲོས་པ་ཁྲོ་ཆུ་དུག་གདོང་གི་གོང་བསྙེན་ཇི་ལྟར་བྱ་བའི་མན་ངག་ཟིན་བྲིས་རབ་ཏུ་གསལ་བ།next