ལེའུ་ཞེ་གཉིས་པ། རང་ཉིད་གར་འགྲོ་གཏད་སོ་ཡོད་པའི་ཕྱིར། །ཞིང་ཁམས་འདམ་པ་དེད་དཔོན་ནོར་ལེན་ཡོད། །
༼ནི༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། ཞིང་ཁམས་གདམས་པ་དེད་དཔོན་ནོར་ལེན་ཞེས་བྱ་
བ་བཞུགས་སོ། །ཨེ་མ་ཧོ། བུ་རིག་པ་ཅན་གྱི་བརྩོན་འགྲུས་པས། །ཚེ་ཇི་ལྟར་གལ་ཏེ་རིང་ན་ཡང་། །ལོ་བརྒྱ་ལས་མི་ཐུབ་འཆི་དུས་ཀྱི། །དོན་གནད་འགག་ཆེན་པོའི་དྲི་ཤུབ་བྱས། །འདི་ཆོས་པ་ཀུན་ལ་དོ་གལ་ཆེ། །ཚེ་འདི་ལ་ཚོགས་བསག་སྒྲིབ་སྦྱོང་བ། །རྟ་བཟང་པོ་སྒ་སྲབ་བྱས་པ་འདྲ། །དེ་བསྔོ་སྨོན་སྲབ་ཀྱིས་ཁ་བསྒྱུར་ནས། །རང་གར་འདོད་ཞིང་ཁམས་བགྲོད་པས་ཆོག །སྤྱིར་སངས་རྒྱས་ཀུན་གྱི་གཟིགས་སྣང་དང་། །མ་འགྲོ་དྲུག་ཀུན་གྱི་འཁྲུལ་སྣང་ལས། །ཞིང་དག་དང་མ་དག་གྲངས་མེད་ཡོད། །གནས་འོག་མིན་ཆོས་དབྱིངས་ཞིང་ཁམས་དེ། །སྤྱིར་ནམ་མཁས་ཁྱབ་ཚད་ཞིང་ཁམས་ཡིན། །ལས་དག་པ་རྣམས་ཀྱི་སྣང་ངོ་ལ། །ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། །ནང་བཅུད་ཀྱི་སེམས་ཅན་ཡི་དམ་ལྷ། །དེར་འཁོར་བའི་སྡུག་བསྔལ་མིང་ཡང་མེད། །སྤྱིར་ནམ་མཁས་གར་ཁྱབ་འཁོར་འདས་ཀུན། །དེ་རྒྱལ་བའི་སྐུ་གསུང་ཐུགས་ཀྱིས་ཁྱབ། །དེ་སྐུ་གསུང་ཐུགས་ཀྱི་གསང་བ་ཡིན། །དེ་གསང་བ་བསྟན་པའི་མདོ་ལས་བཤད། །རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་གྲངས། །དེར་དག་པའི་ཞིང་ཁམས་བརྗོད་མི་ལངས། །
དེར་རྒྱལ་བ་སྲས་བཅས་ཆོས་འཁོར་བསྐོར། །དེ་གཅིག་གིས་གཅིག་ལ་མི་གནོད་དེ། །དཔེ་སྟོང་གསུམ་ཡུངས་ཀར་ནང་དུ་ཚུད། །དེ་སྟོང་གསུམ་ཆུང་དུ་མ་སོང་ཞིང་། །ཕྱི་ཡུངས་དཀར་ཆེ་རུ་མ་སོང་བ། །དེ་སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་ཏེ། །ཞིང་ནམ་མཁས་གར་ཁྱབ་ཐམས་ཅད་ཀུན། །དཔེ་ཏིལ་གྱི་གོང་བུ་ཁ་ཕྱེས་ལྟར། །དེར་རྒྱལ་བ་སྲས་བཅས་རྟག་ཏུ་བཞུགས། །དེ་སངས་རྒྱས་རྣམས་ཀྱི་གཟིགས་ཚུལ་ལགས། །མར་སེམས་ཅན་རྣམས་ཀྱི་སྣང་ངོ་ལ། །གནས་རིགས་དྲུག་སྡུག་བསྔལ་སོ་སོར་སྣང་། །དཔེ་དམྱལ་བ་ཡི་དྭགས་དུད་འགྲོ་རྣམས། །དེ་རྨི་ལམ་ལྟ་བུ་མ་ཡིན་ཏེ། །དུས་ད་ལྟ་རང་རེ་མི་རྣམས་བཞིན། །རང་སོ་སོའི་སྣང་ངོར་གདོས་བཅས་གྲུབ། །དུས་ད་ལྟའི་སྟོང་གསུམ་འཇིག་རྟེན་འདི། །མི་རྣམས་ལ་བསྐལ་པ་མར་འགྲིབ་སྣང་། །ཁོང་སེམས་ཅན་ལ་ལའི་སྣང་བ་ལ། །འདི་བསྐལ་པ་ཞིག་ནས་སྟོང་པར་མཐོང་། །ཁོང་ལ་ལས་བསྐལ་པ་ཆགས་པར་མཐོང་། །ས་ནམ་མཁའ་མཐོང་བའི་སེམས་ཅན་མང་། །ཁོང་ལ་ལས་ནམ་མཁའ་ས་རུ་མཐོང་། །ཁོང་ལ་ལས་འོག་ཕྱོགས་སྟེང་དུ་མཐོང་། །ཁོང་
ལ་ལས་སྟེང་ཕྱོགས་འོག་ཏུ་མཐོང་། །དེ་ལ་སོགས་སྣང་བ་བསམ་མི་ཁྱབ། །རང་སོ་སོའི་ངོ་བོར་བདེན་པར་གྲུབ། །དེ་རྒྱས་པར་དཀོན་བརྩེགས་མདོ་ལས་གསལ། །དེ་སེམས་ཅན་སྣང་བ་ཐ་དད་ཡིན། །དེ་སྟོང་གསུམ་མི་མཇེད་འཇིག་རྟེན་ཁམས། །མི་ཐམས་ཅད་ལས་མཐུན་མཐོང་ཚུལ་མཐུན། །དེ་འཁོར་འདས་གཉིས་ཀྱི་ཞིང་ཁམས་སོ། །ཨེ་མ་ཧོ། གནས་འདི་ནས་ཤར་གྱི་ཕྱོགས་རོལ་ན། །ཤར་མངོན་པར་དགའ་བའི་ཞིང་ཁམས་ཡོད། །གནས་དེ་ན་མི་འཁྲུགས་རྒྱལ་བ་བཞུགས། །ལྷ་རྡོར་སེམས་མི་འཁྲུགས་མི་བསྐྱོད་གཅིག །ཤར་བེཌཱུརྱ་སྣང་ཞིང་ཁམས་ན། །ལྷ་བཅོམ་ལྡན་སྨན་པའི་རྒྱལ་པོ་བཞུགས། །དེ་བཞིན་དུ་སྨན་བླ་མཆེད་བདུན་ནི། །ཞིང་སོ་སོར་བདེ་གཤེགས་སོ་སོར་བཞུགས། །གནས་འདི་ནས་ལྷོ་ཡི་ཕྱོགས་རོལ་ན། །དཔལ་ལོངས་སྤྱོད་ལྡན་པའི་ཞིང་ཁམས་ཡོད། །ཞིང་དེ་ན་རིན་ཆེན་འབྱུང་ལྡན་བཞུགས། །མཚན་རིན་ཆེན་ཏོག་ཅེས་གྲགས་པ་ཡིན། །ས་འདི་ནས་བྱང་གི་ཕྱོགས་རོལ་ན། །དཔལ་ལས་རབ་རྫོགས་པའི་ཞིང་ཁམས་ཡོད། །ཞིང་དེ་ན་དོན་ཡོད་གྲུབ་པ་བཞུགས། །མཚན་མེ་ཏོག་ཆེར་རྒྱས་ཞེས་
སུ་གྲགས། །ཞིང་དེ་དག་དག་པའི་ཞིང་ཁམས་ཏེ། །དེ་ལོངས་སྐུ་ཆུང་ངུའི་ཞིང་དུ་འདོད། །དོན་སྤྲུལ་སྐུའི་ཞིང་ཁམས་ཆེན་པོར་རྩི། །ས་དང་པོ་ཡན་ཆད་མ་ཐོབ་པའི། །ཞིང་དེ་དག་རྣམས་སུ་སྐྱེ་མི་སྲིད། །དེ་མ་གཅིག་ལབ་ཀྱི་སྒྲོན་མས་གསུངས། །དོན་མི་འཁྲུགས་བཀོད་པའི་མདོ་དང་མཐུན། །གནས་འོག་མིན་འཐུག་པོ་བཀོད་པ་དེ། །རྒྱ་ཆེ་ཆུང་བསམ་ལས་འདས་པ་ཡིན། །རྒྱན་བཀོད་པ་ལོངས་སྤྱོད་འཐུག་དྲག་པས། །དེར་འཐུག་པོ་བཀོད་ཅེས་མིང་དུ་གྲགས། །ཞིང་དེ་དབུས་རིན་ཆེན་གཞལ་ཡས་ཁང་། །ཚད་བསམ་ལས་འདས་པ་གཅིག་གི་དབུས། །གདན་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །སྤྱིར་སངས་རྒྱས་ཀུན་གྱི་སྐུ་འདུས་ཤིང་། །ལྷ་སྤྱན་རས་གཟིགས་དབང་ལོངས་སྐུའི་ཆ། །དེ་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས། །གནས་ངེས་པ་འོག་མིན་འཐུག་པོ་བཀོད། །སྐུ་ངེས་པ་མཚན་དང་དཔེ་བྱད་ལྡན། །དུས་ངེས་པ་འཁོར་བ་ཇི་སྲིད་བཞུགས། །འཁོར་ངེས་པ་ས་བཅུའི་བྱང་ཆུབ་སེམས། །ཆོས་ངེས་པ་ཐེག་ཆེན་བླ་མེད་དེ། །དེ་ཞལ་ནས་མི་གསུང་བརྡའ་ཡིས་སྟོན། །ལྷ་དེ་ཡི་བ་སྤུ་རེ་རེའི་ནང་། །དེར་སྤྲུལ་སྐུའི་ཞིང་
ཁམས་དཔག་མེད་ཆགས། །དེར་གང་འདུལ་སྤྲུལ་པས་འགྲོ་དོན་མཛད། །དེ་ལོངས་སྐུའི་ཞིང་ཁམས་ཆེན་པོ་ཡིན། །དེ་རྣམ་སྣང་མངོན་བྱང་རྒྱུད་ལས་གསུངས། །ལྷ་དེ་ཡི་ཕྱག་མཐིལ་ལྷུང་བཟེད་ནང་། །དེར་མེ་ཏོག་པད་སྡོང་དཔག་མེད་སྐྱེས། །དེ་རེ་རེའི་སྟེང་དུ་ཞིང་ཁམས་མང་། །དེའི་དབུས་མར་མེ་ཏོག་པད་སྡོང་གཅིག །དེ་མེ་ཏོག་ཉེར་ལྔ་བརྩེགས་མར་སྐྱེས། །དེ་རེ་རེའི་སྟེང་དུ་ཞིང་ཁམས་མང་། །དེར་མེ་ཏོག་བཅུ་གསུམ་པ་ཡི་སྟེང་། །དེ་ཟེའུ་འབྲུ་ཕྲུམ་ཕྲུམ་རེ་རེའི་ནང་། །དེར་འཇིག་རྟེན་ཁམས་ནི་དཔག་མེད་ཡོད། །དེའི་ཟེའུ་འབྲུ་དབུས་མ་གཅིག་གི་ནང་། །ཞིང་འདི་ཡི་སྟོང་གསུམ་འཇིག་རྟེན་ཆགས། །འདིར་རི་རབ་བྱེ་བ་ཕྲག་བརྒྱ་དང་། །གླིང་བཞི་པོ་བྱེ་བ་ཕྲག་བརྒྱ་ཡོད།། དེ་སྤྲུལ་སྐུ་གཅིག་གི་གདུལ་ཞིང་སྟེ། །ལྷ་ཤཱཀ་ཐུབ་བྱེ་བ་ཕྲག་བརྒྱ་དང་། །རྗེ་པད་འབྱུང་བྱེ་བ་ཕྲག་བརྒྱ་ཡིས། །ཆོས་མདོ་དང་སྔགས་ཀྱི་འཁོར་ལོ་བསྐོར། །ཞིང་འདི་རུ་མཆོག་དམན་སུ་ཡང་སྐྱེ། །དོན་དེ་ཚོ་སྡོང་པོ་བཀོད་པའི་མདོ། །རྗེ་སྲོང་བཙན་ཨོ་རྒྱན་སོགས་ཀྱིས་གསུངས། །གནས་འཐུག་པོ་བཀོད་པའི་ཞིང་ཁམས་དེར། །ས་བརྒྱད་པ་
མན་ཆད་སྐྱེ་མི་སྲིད། །དེ་ཡེ་ཤེས་ཌཱཀྐི་ལབ་སྒྲོན་གསུངས། །དོན་ས་ལམ་བཤད་པ་ཀུན་དང་མཐུན། །བཀའ་རྫོགས་པ་ཆེན་པོའི་རྒྱུད་སྡེ་ནས། །གནས་དུར་ཁྲོད་མེ་རི་འབར་བ་ཟེར། །རྒྱུད་མགོན་པོ་ཁྲག་མཚོ་ཁོལ་ཆེན་ནས། །དཔལ་རྣམ་པར་སྣང་མཛད་དུར་ཁྲོད་ཟེར། །ལྷ་རྣམ་པར་སྣང་མཛད་ཆེན་པོ་དེའི། །མདུན་བར་སྣང་ཁམས་སུ་ཞིང་ཁམས་ཡོད། །ས་ཐམས་ཅད་དུག་ཚེར་གདུག་པ་སྐྱེས། །ཉིན་རླུང་འཚུབ་མཚན་མོ་མེ་རུ་འབར། །རི་ཐམས་ཅད་ཀེང་རུས་རུས་པའི་རི། །དེ་རྩི་ཤིང་ནགས་ཚལ་མཚོན་ཆར་སྐྱེས། །ཆུ་ཐམས་ཅད་ཁྲག་རྣག་རྦ་ཀློང་འཁྲུགས། །དེར་གཅན་གཟན་གདུག་པ་ལང་ལང་འཁྲུགས། །ཞིང་དེ་དབུས་ཐོད་པའི་གཞལ་ཡས་ཁང་། །དེ་ཁྲོ་བོའི་དཀྱིལ་འཁོར་མངོན་རྟོགས་བཞིན། །ལྷ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས། །དོན་ཆེ་མཆོག་ཁྲག་འཐུང་རིགས་དྲུག་ལས། །ལྷ་ཡི་དམ་ཁྲོ་བོ་ཌཱཀྐིའི་ཚོགས། །དེར་བླ་མེད་སྒྱུ་གསང་སྔགས་ཆོས་འཁོར་བསྐོར། །ཞིང་དེ་ཡང་འགྱུར་མེད་རྟག་ཏུ་གནས། །དེ་རིག་འཛིན་ས་ཐོབ་མ་གཏོགས་པ། །ཞིང་དེ་རུ་སྐྱེ་བར་མི་སྲིད་ཅིང་། །གཞན་སེམས་ཅན་
ཕལ་པ་ལྟ་ཅི་སྨོས། །སྔགས་འཆང་བའི་རྣལ་འབྱོར་ཕྱིན་ན་ཡང་། །དེར་སྐྲག་ཅིང་བསྔངས་ནས་བརྒྱལ་ནས་འབྲོས། །དུས་དེང་སང་རིག་འཛིན་ས་ཐོབ་ཅིང་། །ལས་དྲག་པོའི་ཕྲིན་ལས་ཁོ་ན་ཡིས། །མ་སེམས་ཅན་འདྲེན་པར་བྱེད་པ་རྣམས། །ཞིང་དེ་རུ་སྐྱེས་ནས་གསང་སྔགས་སྤྱོད། །དེ་རིག་འཛིན་ཆེན་པོའི་ཞིང་ཁམས་ལགས། །དེར་ཡེ་ཤེས་།དང་ནི་ལས་གྲུབ་པའི། །ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་བཞུགས། །ཞིང་དེ་ཡི་འོད་ཟེར་ཕོག་པ་ཙམ། །གནས་བསིལ་བའི་ཚལ་དང་དུར་ཁྲོད་བརྒྱད། །རྒྱན་བཀོད་པ་བརྡའ་ཙམ་ཡོད་པར་གསུངས། །དེར་སྤྲུལ་པའི་ཆོས་སྐྱོང་ཐམས་ཅད་བཞུགས། །དུས་དེང་སང་གསང་སྔགས་ཚུལ་བཞིན་སྤྱོད། །ད་འོན་ཀྱང་དམ་ཚིག་ཆེར་ཆག་ན། །གནས་དུར་ཁྲོད་བརྒྱད་དང་བསིལ་ཚལ་གྱི། །ལྷ་མ་མགོན་ཆོས་སྐྱོང་འཁོར་དུ་སྐྱེ། །དུས་དེང་སང་ཆོས་སྐྱོང་ཕྲིན་ལས་ཀྱིས། །མི་སྡིག་ཅན་བསྒྲལ་བ་ཐམས་ཅད་ཀྱང་། །དེས་དག་པའི་ཞིང་ཁམས་མི་འཐོབ་ཀྱང་། །མར་ངན་སོང་གནས་སུ་མི་གཏོང་བར། །ལྷ་ཆོས་སྐྱོང་སོ་སོའི་འཁོར་དུ་སྐྱེ། །དེ་ལུང་བསྟན་བཀའ་རྒྱ་མ་སོགས་གསལ། །ད་སྟོང་གསུམ་
འདི་ཡི་དབང་བྱས་ན། །སྟེང་དགའ་ལྡན་ལྷ་ཡི་ཕོ་བྲང་ན། །རྗེ་རྒྱལ་ཚབ་བྱམས་པ་མགོན་པོ་བཞུགས། །དུས་དེང་སང་སྡོམ་པའི་ཚུལ་ཁྲིམས་གཙང་། །ཆོས་ཐོས་བསམ་ཁོ་ནར་འབད་པའི་མི། །ཞིང་དེ་རུ་སྨོན་ལམ་བཏབ་པ་ན། །དུས་ནམ་ཞིག་ཕྱི་དབུགས་ཆད་མ་ཐག །ལྷ་བྱམས་པའི་དཔྲལ་བའི་མཛོད་སྤུ་ནས། །འོད་དཀར་པོ་ཕུ་དུང་འདྲ་བ་བརྐྱང་། །མི་དེ་ཡི་སྤྱི་བོར་འཇའ་ལྟར་ཟུག །སེམས་རིག་པ་འོད་དེས་བཏུམས་ནས་དྲངས། །གནས་དགའ་ལྡན་ལྷ་ཡི་ཕོ་བྲང་ན། །གདན་མེ་ཏོག་པད་མའི་སྟེང་དུ་སྐྱེ། །འཁོར་ལྷ་མོ་བདུན་རེས་རྟག་ཏུ་མཆོད། །རྗེ་བྱམས་པ་མགོན་པོའི་ཆོས་གསུངས་ཀྱང་། །དེར་སྐྱིད་དགའ་གླུ་གར་རྩེད་མོར་འབྱམས། །དུས་མ་འོངས་བྱམས་པ་འདིར་བྱོན་ཚེ། །དེ་ཐམས་ཅད་ཚེ་འཕོས་མིར་སྐྱེས་ནས། །སླར་རབ་ཏུ་བྱུང་ཞིང་དམ་ཆོས་ཉན། །རྗེ་བྱམས་པའི་བསྟན་པ་མ་རྫོགས་པར། །དེ་མི་ནས་མིར་སྐྱེ་བསྟན་པ་འཛིན། །དེ་བཞིན་དུ་བསྐལ་བཟང་སངས་རྒྱས་སྟོང་། །དེ་ཐམས་ཅད་མཇལ་ཞིང་དམ་ཆོས་ཉན། །དེས་སངས་རྒྱས་སྟོང་གི་བསྟན་པའི་ཡུན། །དུས་རྟག་ཏུ་མིར་སྐྱེ་བསྟན་པ་འཛིན། །
དེ་བསྐལ་བཟང་སངས་རྒྱས་སྟོང་རྫོགས་ནས། །དུས་མ་འོངས་སྐར་མ་བཀྲམ་པ་ཡི། །མིང་ཡོད་པའི་བསྐལ་པ་ཡོངས་སུ་ཆགས། །ཞིང་དེ་རུ་སངས་རྒྱས་བརྒྱད་ཁྲི་འབྱོན། དེ་ཐམས་ཅད་ཞལ་མཐོང་ཆོས་ཐོས་ཤིང་། །དེ་ཀུན་གྱི་བསྟན་པ་འཛིན་བྱས་ནས། །དུས་དེ་ནས་རིམ་གྱིས་སངས་རྒྱས་ཐོབ། །དེ་བྱམས་པ་ལུང་བསྟན་མདོ་ནས་བཤད། །དུས་དེང་སང་དགའ་ལྡན་སྐྱེ་བ་ཡི། །གནད་བསྔོ་བ་སྨོན་ལམ་མཛད་མཁན་མང་། །དོན་འགྲོ་དོན་དཔག་མེད་འགྲུབ་པ་དང་། །རྗེ་རྒྱལ་བའི་བསྟན་པ་འཛིན་སྐྱོང་ཕྱིར། །ལུས་སྐྱེ་འཆི་དུང་ཕྱུར་མི་འཚེར་ན། །གནས་དགའ་ལྡན་གནས་སུ་སྨོན་ལམ་ཐོབ། །ཆོས་བྱམས་སྨོན་ཐུགས་དམ་ཆག་མེད་མཛོད། །མི་བདག་ཀྱང་ལོ་བདུན་དེ་ལྟར་བྱས། ངས་འཁོར་བའི་སྡུག་བསྔལ་འདི་མཐོང་བས། །ང་སྐྱེ་འཆིའི་སྡུག་བསྔལ་རབ་ཏུ་འཚེར། །ཆོས་བྱམས་སྨོན་བཞག་ནས་བདེ་སྨོན་བཏོན། །གནས་དགའ་ལྡན་ལྷ་ཡི་ཕོ་བྲང་ནི་། །དེ་སྤྲུལ་སྐུའི་ཞིང་ཁམས་ཆུང་ངུ་ཡིན། །གནས་འདི་ནས་ཉི་མ་ལྷོ་ནུབ་མཚམས། །ལྷོ་འཛམ་བུ་གླིང་ཕྲན་སྲིན་པོའི་ཡུལ། །གནས་ཟངས་མདོག་གྱི་རི་བོའི་རྩེ། །
དཔལ་པདྨ་འོད་ཀྱི་གཞལ་ཡས་ན། །རྗེ་ཨོ་རྒྱན་པདྨ་འབྱུང་གནས་བཞུགས། །འཁོར་རིག་འཛིན་ཌཱཀྐི་འབུམ་གྱིས་བསྐོར། །ཆོས་རྙིང་མ་བྱས་པའི་གང་ཟག་ཀུན། །ཞིང་དེ་རུ་སྨོན་ལམ་འདེབས་མཁན་མང་། །དཔལ་ཨོ་རྒྱན་རྗེ་ལ་མོས་དྲགས་པས། །མི་བདག་གི་སློབ་དཔོན་གནས་དེར་བཞུགས། །མི་བདག་ཀྱང་གཞོན་ཚེ་དེ་རུ་སྨོན་། །སྐྱེ་སླ་བས་མི་སྐྱེ་དོགས་པ་མེད། །ད་འོན་ཀྱང་ལེགས་པར་བསམ་བྱས་པས། །ཞིང་དེ་རུ་སྐྱེ་ལུགས་བཟང་ངན་གཉིས། །རབ་རིག་འཛིན་དཔའ་བོ་ཌཱཀིའི་རིགས། །སྐུ་རུས་པའི་རྒྱན་དྲུག་དུར་ཁྲོད་ཆས། །ལུས་འདོད་དགུར་བསྒྱུར་བའི་རྫུ་འཕྲུལ་ཅན། །དཔལ་ཨོ་རྒྱན་ཆེན་པོའི་འཁོར་དང་གཡོག །མི་ཕལ་གྱིས་མི་མཐོང་གདོས་བཅས་མིན། །དེར་སྐྱེས་ན་གསང་སྔགས་ཉམས་སུ་ལེན། །འཕྲལ་སྐྱིད་ཅིང་ཕུག་ཏུ་མངོན་སངས་རྒྱས། །དོན་དེ་འདྲ་གྱུར་ན་ལེགས་མོད་དེ། །ལུས་མི་སྡུག་ཤ་ཟ་སྲིན་པོའི་ལྟ་བུ། །དེ་སྲིན་པོ་ཡིན་ཕྱིར་དུག་ལྔ་ཆེ། །རྗེ་ཨོ་རྒྱན་ཞལ་མཐོང་གསུང་ཐོས་ཀྱང་། །དེ་རྒྱལ་པོ་ཡིན་སྙམ་དད་གུས་ཆུང་། །དེ་གསུངས་བཞིན་མི་བསྒྲུབ་ལོག་སྤྱོད་ན། །
ཁྲིམས་གཅོད་པས་དད་པ་ལོག་ཀྱང་སྲིད། །ལར་སྐྱིད་སྡུག་ཚེ་ཡི་རིང་ཐུང་སོགས། །དེ་གླིང་གཡོག་ཡིན་ཕྱིར་འདི་དང་འདྲ། །ལས་སྐལ་པ་ཅུང་ཞིག་ལྡན་སྲིད་ན། །རྗེ་ཨོ་རྒྱན་བྱིན་བརླབས་དབང་བསྐུར་ནས། །ཁྱོད་འདི་རུ་མ་འདུག་བོད་དུ་སོང་། །ཆོས་སྤྱོད་ཅིང་འགྲོ་དོན་འབྱུང་ངོ་ཞེས། །འདུག་འདོད་ཀྱང་འདུག་དབང་མེད་པ་སྲིད། །མི་ང་ནི་སྐྱེ་འཆི་འདི་ལ་འཚེར། །ཁྱེད་སྐྱེ་འཆིའི་སྡུག་བསྔལ་མི་འཚེར་ཞིང་། །དཔལ་པད་འབྱུང་རྗེ་ལ་དད་དྲགས་པས། །དོན་ཅི་གསུངས་བཀའ་བཞིན་བསྒྲུབ་ནུས་ན། །གནས་རྔ་ཡབ་གླིང་དེར་སྨོན་ལམ་ཐོབ། །དེ་སྤྲུལ་སྐུའི་ཞིང་ཁམས་ཆུང་ངུ་ཡིན། །དེར་སྐྱེས་པའི་སེམས་ཅན་ཐམས་ཅད་ཀུན། །དུས་བསྐལ་པ་བཟང་པོའི་ཡུན་ཙམ་ལ། །གནས་མ་ངེས་གར་ཡང་སྐྱེ་སྲིད་དེ། །མཐར་བདེ་བ་ཅན་དུ་སྐྱེ་རྒྱུ་ཡིན། །དོན་དེ་ཚོ་གསང་བའི་རྣམ་ཐར་དང་། །རྗེ་ལང་གྲོ་ལོ་ཙཱའི་ཞུས་ལན་གསལ། །དུས་དེང་སང་ཡིག་དྲུག་འདོན་མཁན་ཀུན། །གནས་པོ་ཊ་ལ་རུ་སྨོན་ལམ་འདེབས། །ལྷ་སྒྲུབ་ཐབས་འགའ་ནས་དེ་ལྟར་བཤད། །རྒྱ་དཀར་པོའི་སྐད་དུ་པོ་ཊ་ལ། །བོད་སྐད་དུ་རི་བོ་གྲུ་འཛིན་ཡིན། །དེ་
ཞིང་ཁམས་མ་ཡིན་གནས་རི་ཡིན། །ལས་དག་པ་རྣམས་ཀྱི་སྣང་ངོ་ལ། །རི་རྩེ་མོར་རིན་ཆེན་གཞལ་ཡས་ཁང་། །གདན་པདྨ་ཉི་ཟླ་བརྩེགས་པའི་སྟེང་། །ལྷ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །འཁོར་རིག་འཛིན་ཌཱ་ཀི་ལྷ་ཀླུས་བསྐོར། །རི་སྐེད་པར་རིན་ཆེན་གཞལ་ཡས་སུ། །ལྷ་ཁྲོ་གཉེར་ཅན་དང་རྟ་མགྲིན་སོགས། །རི་རྩ་བར་རིན་ཆེན་གཞལ་ཡས་སུ། །ལྷ་སྒྲོལ་མ་དཀར་སྔོན་ལ་སོགས་བཞུགས། །དེ་མ་དག་འཁྲུལ་པའི་སྣང་ངོ་ལ། །རི་བྱེ་རི་ཆེན་པོའི་ཙནྡན་ནགས། །རྩེར་རང་བྱུང་རྡོ་ཡི་ལྷ་ཁང་ནང་། །ལྷ་ཁ་སར་པ་ཎི་རང་བྱོན་གྱི། །སྐུ་ལོ་བརྒྱད་བུ་ཆུང་ན་ཚོད་ཅན། །རྒྱབ་བཻཌཱུརླ་ཡི་བྲག་རི་ལ། །དངུལ་ཞུན་མའི་རང་བྱོན་ཡིག་དྲུག་ཡོད། །དེ་དངོས་སུ་ཕྱིན་ཡང་མཇལ་བས་ཆོག །དེ་དགེ་བསྙེན་ལྕགས་ཀྱི་རྐང་པ་ཅན། །རྗེ་རིན་ཆེན་གླིང་པའི་རྣམ་ཐར་གསལ། །ལྷ་བདེ་མཆོག་ཕག་མོ་ཡི་དམ་མཁན། །ནུབ་ཨོ་རྒྱན་ཡུལ་དུ་སྐྱེ་བར་སྨོན་། །དེ་ཞིང་ཁམས་མ་ཡིན་གནས་རི་སྟེ། །ལས་དག་པས་དུར་ཁྲོད་གཞལ་ཡས་དབུས། །ལྷ་བདེ་མཆོག་ཡབ་ཡུམ་དངོས་སུ་བཞུགས། །འཁོར་དཔའ་བོ་ཌཱཀི་བྱེ་བ་
འབུམ། །ལས་མ་དག་འཁྲུལ་བའི་སྣང་ངོ་ལ། །གནས་རང་བྱུང་རྡོ་ཡི་ལྷ་ཁང་ནང་། །བཀའ་རྒྱུད་སྡེ་ཐམས་ཅད་གཏེར་དུ་བཞུགས། །མི་གཅིག་ཀྱང་མེད་པའི་བུད་མེད་གླིང་། །དེ་ཐམས་ཅད་མཁའ་འགྲོའི་རིགས་ཡིན་སྐད། །དེར་སྐྱེ་ལུགས་རྔ་ཡབ་གླིང་དང་འདྲ། །ཤར་རྒྱ་ནག་རི་བོ་རྩེ་ལྔ་དང་། །ལྷོ་གནས་མཆོག་དཔལ་གྱི་ཙཱ་རི་ཏྲ། །ནུབ་གངས་དཀར་གྱི་རྒྱལ་པོ་ཏི་སེ་རྣམས། །ལས་དག་པའི་སྣང་ངོར་གཞལ་ཡས་ཁང་། །ལྷ་དཔའ་བོ་མཁའ་འགྲོ་དཔག་མེད་བཞུགས། །རང་དཔའ་བོ་མཁའ་འགྲོའི་ལུས་བླངས་ནས། །ཡུན་རིང་ན་བསྐལ་པ་རྫོགས་པའི་བར། །ཡུན་ཐུང་ན་སངས་རྒྱས་རེ་རེའི་རིང་། །རང་འཇའ་ལུས་དཔའ་བོ་མཁའ་འགྲོར་སྐྱེས། །དེ་མཁའ་སྤྱོད་ཆུང་ངུའི་ཞིང་ཁམས་ཡིན། །ལམ་གསང་སྔགས་ཉམས་སུ་ལེན་པ་ཡི། །ཁོང་གྲུབ་ཐོབ་ཕལ་ཆེར་དེ་ལྟར་བཞུགས། །ལས་མ་དག་སེམས་ཅན་དེར་ཕྱིན་ཡང་། །ལྷ་མི་མཐོང་ནགས་ཚལ་གངས་ཀྱི་རི། །རང་ཕྱིན་ཡང་ཕལ་ཆེར་མི་མཐོང་དོགས། །དོན་དེ་ཕྱིར་བདག་ཀྱང་འདོད་པ་མེད། །ཁྱོད་བརྩོན་འགྲུས་རྒྱ་མཚོས་ཅི་འདྲར་དགོངས། །བྱང་ཤམ་བྷ་ལ་ཞེས་བྱ་བ་
དེ། །དོན་རྒྱ་གར་དང་འདྲ་མི་ཡི་ཡུལ། །དེར་སྤྲུལ་པའི་རྒྱལ་པོ་རྒྱུན་མི་ཆད། །ཆོས་དུས་ཀྱི་འཁོར་ལོ་དར་མོད་ཀྱང་། །ཚེ་རིང་ཐུང་སྐྱིད་སྡུག་འདི་དང་འདྲ་། །བོན་རྣམས་ཀྱིས་སྨོན་ལམ་འདེབས་ཚུལ་ནི། །གནས་ཞང་ཞུང་ཡུལ་དུ་སྐྱེ་བར་སྨོན། །དེ་ཏི་སེའི་རྒྱབ་ཕྱོགས་བོད་ཡུལ་ཡིན། །བོན་དར་ཀྱང་སྐྱིད་འདུག་འདི་དང་༔ འདྲ་། །དོན་དེ་ཕྱིར་ཞིང་ཁམས་འདམ་མ་ནོར། །ས་འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །གྲངས་གང་གཱའི་ཀླུང་གི་བྱེ་མ་སྙེད། །དེ་འདས་པའི་འཇིག་རྟེན་ཕ་མཐའ་ཡས། །ཞིང་འདི་ནས་སྟེང་དུ་འཕགས་པའི་སར། །ནུབ་བདེ་བ་ཅན་གྱི་ཞིང་ཁམས་ཡོད། །དེར་བདེ་སྐྱིད་ངོ་མཚར་ཕུན་སུམ་ཚོགས། །ལས་མི་དགེ་སྡུག་བསྔལ་མིང་ཡང་མེད། །སྔོན་འོད་དཔག་མེད་ཀྱི་སྨོན་ལམ་མཐུས། །ཞིང་དེ་རུ་སྨོན་ལམ་བཏབ་པ་ན། །སྡིག་མཚམས་མེད་ལྔ་དང་ཆོས་སྤངས་བ། །དེ་མ་གཏོགས་སུ་ཡང་སྐྱེ་བར་གསུངས། །རྒྱུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །ལམ་དགེ་བཅུ་བསོད་ནམས་རྒྱ་ཆེན་བསགས། །དེ་ཐམས་ཅད་ཞིང་དེར་སྐྱེ་ཕྱིར་བསྔོ། །སེམས་མ་ཡེངས་རྩེ་གཅིག་དད་གུས་གྱིས། །ཞིང་དེ་
རུ་སྐྱེ་བའི་བསྔོ་སྨོན་ནི། །ལན་བཅུ་ཙམ་བྱས་པས་སྐྱེ་བར་གསུངས། །དེ་མི་བདེན་སྙམ་དུ་ཐེ་ཚོམ་ན། །ཞིང་དེ་རུ་སྐྱེ་བར་གྱུར་ཀྱང་ནི། །ལོ་ལྔ་བརྒྱར་མེ་ཏོག་ཁ་མི་བྱེ། །དེར་བདེ་སྐྱིད་ལོངས་སྤྱོད་ལྡན་པ་དང་། །རྗེ་འོད་དཔག་མེད་ཀྱི་གསུང་ཐོས་ཀྱང་། །ལོ་ལྔ་བརྒྱར་ཞལ་མཐོང་འཕྱིས་སྐྱོན་འགྱུར། །དོན་དེ་ཕྱིར་ཐེ་ཚོམ་སྤང་མཛོད་ལ། །ཁྱེད་ཞིང་ཁམས་དེ་རུ་སྨོན་ལམ་ཐོབ། །ཁྱོད་འཆི་དུས་རིག་པ་དེ་རུ་གཏོད། །ཁྱེད་དེ་ལ་ཐེ་ཚོམ་སྐྱེས་པ་ན། །ཆོས་དཀོན་མཆོག་བརྩེགས་པའི་ལེའུ་སྟེ། །ཆོས་འོད་མདོ་བདེ་ཆེན་ཞིང་བཀོད་མདོ། །ཆོས་པདྨ་དཀར་པོའི་མདོ་སྡེ་དང་། །ཆོས་ད་ལྟའི་སངས་རྒྱས་བཞུགས་མདོ་དང་། །དཔལ་འཆི་མེད་རྔ་སྒྲའི་གཟུངས་ལ་སོགས། །དཔེ་དེ་རྣམས་གླེགས་བམ་ལེགས་པར་གཟིགས། །དུས་ད་ལྟ་རང་དབང་ཆེ་སྐབས་འདིར། །དུས་ད་ལྟ་ཞིང་ཁམས་ལེགས་པར་གདམ། །དེར་འགྲོ་བའི་རྒྱགས་ཕྱེ་གྲབས་སུ་ཚུད། །དེར་འགྲོ་ལ་ཐོགས་པ་མེད་པར་མཛོད། །ཨེ་མ་ཧོ། ཧེ་ཧེ། བུ་དགེ་སློང་བརྩོན་འགྲུས་རྒྱ་མཚོ་བས། །ཞིང་དེ་ཡི་ཡོན་ཏན་གང་ཡིན་ཟེར། །དཔལ་སངས་རྒྱས་བྱེ་བ་ཁྲག་ཁྲིག་
ནི། །ཕྲག་བརྒྱད་ཅུ་རྩ་གཅིག་ཞིང་ཁམས་ཀྱི། །རྒྱུན་བཀོད་པ་ཡོན་ཏན་གཅིག་ཏུ་བསྡོམས། །མ་འགྲོ་དྲུག་སེམས་ཅན་མ་ལུས་པ། །དེ་ཐམས་ཅད་རྫོགས་སངས་རྒྱས་གྱུར་ནས། །ཡུན་བསྐལ་པ་ལས་ཀྱང་ལྷག་གི་བར། །ཞིང་དེ་ཡི་ཡོན་ཏན་གསུངས་གྱུར་ཀྱང་། །དེ་ཡོངས་རྫོགས་བརྗོད་པར་མི་ནུས་གསུངས། །དེ་བདག་གིས་བརྗོད་པར་ག་ལ་ནུས། །ནུབ་བདེ་བ་ཅན་གྱི་འཇིག་རྟེན་ཁམས། །དེ་ཆགས་པ་ཡོད་དེ་འཇིག་པ་མེད། །སྔོན་འདས་པའི་སངས་རྒྱས་གྲངས་མེད་བྱོན། །དུས་ད་ལྟ་འོད་དཔག་མེད་པ་བཞུགས། །དུས་ནམ་ཡང་འཕོ་འགྱུར་དར་གུད་མེད། །རྒྱ་བསམ་གྱིས་མི་ཁྱབ་རྩིས་ལས་འདས། །དེར་མི་ཁོམས་གནས་བརྒྱད་ཐོས་མ་མྱོང་། །དེར་སྡུག་བསྔལ་ཞེས་བྱ་མི་སྲིད་ཅིང་། །དུས་རྟག་ཏུ་བདེ་སྐྱིད་ཕུན་སུམ་ཚོགས། །དོན་དེ་ཕྱིར་བདེ་བ་ཅན་ཞེས་བྱ། །གདན་མེ་ཏོག་པདྨའི་ཟེའུ་འབྲུ་ལ། །ཡུན་སྐད་ཅིག་ཙམ་གྱིས་ལུས་ཀླུ་གྲུབ་སྟེ། །དེ་བྱིས་པ་མ་ཡིན་དར་མའི་ལུས། །དབུ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས། །མཚན་སོ་གཉིས་དཔེ་བྱད་བརྒྱད་ཅུ་ལྡན། །དེར་སྐྱེས་ཚད་ཐམས་ཅད་མཚུངས་
པ་སྟེ། །སྐུ་གསེར་མདོག་དགེ་སློང་ཆ་ལུགས་ཚུལ། །སེམས་མངོན་པར་ཤེས་པ་ལྔ་དང་ལྡན། །སེམས་ཉོན་མོངས་དུག་ལྔ་གཅིག་ཀྱང་མེད། །དེར་རྒས་དང་ན་བའི་སྡུག་བསྔལ་མེད། །ཚེ་གྲངས་མེད་བསྐལ་པ་མཐའ་ཡས་ཏེ། །དེར་དུས་མིན་འཆི་བ་སྲིད་པ་མིན། །དུས་ནམ་ཞིག་དེ་ནས་ཚེ་འཕོས་ནས། །དེར་སྐྱེ་བ་གཞན་གྱིས་བར་མི་ཆོད། །དེར་རྫོགས་སངས་མི་རྒྱ་སྲིད་མ་ཡིན། །དེ་ད་ལྟར་སྨོན་ལམ་ལས་འབྲས་ཀྱིས། །རང་བསམ་ཞིང་འགྲོ་བའི་དོན་གྱི་ཕྱིར། །དེ་བྱོན་ན་མ་གཏོགས་འཁོར་བ་རུ། །ཕྱིར་མི་ལྟུང་སྐྱེ་བ་ལེན་མི་སྲིད། །གནས་གཞལ་ཡས་ཁང་དང་བཟའ་བཏུང་སོགས། །དེ་ཡིད་ལ་བསམ་ཙམ་ལྷུན་གྱིས་གྲུབ། །དེར་རྩོལ་སྒྲུབ་སོ་ནམ་དགོས་པ་མིན། །དེ་ཟོས་པས་ཚིམ་ཞིང་བཀྲག་མདངས་རྒྱས། །སྙིགས་མི་གཙང་བཤང་ལྕི་ཡོད་པ་མིན། །དེར་ཐ་མལ་བུད་མེད་མེད་ན་ཡང་། །རང་མཆོད་པའི་ལྷ་མོ་དཔག་མེད་ཀྱིས། །དུས་རྟག་ཏུ་རང་ལ་བསྙེན་བཀུར་བྱེད། །དུས་རྟག་ཏུ་སངས་རྒྱས་མི་འབྲལ་ཞིང་། །དེས་བསྙེན་བཀུར་མཆོད་སྤྲིན་དཔག་མེད་པ། །རང་ལག་པའི་མཐིལ་ནས་གང་འདོད་འབྱུང་། །ཞིང་དེ་ཡི་
གཙོ་བོ་འོད་དཔག་མེད། །དེས་རྟག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར། །གནས་རྔ་ཡབ་བྱེ་བ་ཕྲག་བརྒྱ་ན། །རྗེ་ཨོ་རྒྱན་བྱེ་བ་ཕྲག་བརྒྱ་དང་། །ཁོང་འོད་མཚན་ཅོད་པན་ཉི་ཤུ་གཅིག །དེ་བྱེ་བ་ཕྲག་བརྒྱ་འབྱོན་པ་རྣམས། །དེ་འོད་དཔག་སྤྲུལ་པའི་ཆ་ཤས་རེ། །དོན་ཨོ་རྒྱན་དངོས་ནི་འོད་དཔག་མེད། །གནས་པོ་ཊ་ལ་ན་སྤྱན་རས་གཟིགས། །བོད་སྲོང་བཙན་སྒམ་དང་ཀརྨ་ཀ །དོན་དེ་བཞིན་བསྐལ་བཟང་སངས་རྒྱས་སྟོང་། །དེ་ཐམས་ཅད་སྤྱན་རས་གཟིགས་ཀྱིས་སྤྲུལ། །དེ་སྤྲུལ་གཞི་སྤྱན་རས་གཟིགས་དབང་དངོས། །དེ་འོད་དཔག་མེད་ཀྱི་ཉེ་གནས་ཚུལ། །དུས་རྟག་ཏུ་སྐུ་གཞོགས་གཡས་སུ་བཞུགས། །གནས་ལྕང་ལོ་ཅན་དུ་གསང་བའི་བདག །དེས་ཡང་སྤྲུལ་གྲགས་པའི་མཚན་ཅན་སོགས། །དེ་བྱེ་བ་ཕྲག་བརྒྱ་སྤྲུལ་ན་ཡང་། །དེ་སྤྲུལ་གཞི་སེམས་དཔའ་མཐུ་ཆེན་ཐོབ། །དེ་སྐུ་གཞོགས་གཡོན་དུ་རྟག་ཏུ་བཞུགས། །གནས་འཛམ་གླིང་འདི་ནས་དེར་བྱོན་པའི། །དཔལ་འཕགས་པ་ཀླུ་སྒྲུབ་དྭགས་པོ་རྗེ། །རྗེ་ཁྱུང་པོ་རྣལ་འབྱོར་བསོད་ནམས་རྩེ། །གདོང་མཁའ་སྤྱོད་ནམ་མཁའ་རྒྱལ་མཚན་དང་། །རྗེ་ངོར་
པ་རྡོ་རྗེ་འཆང་ལ་སོགས། །སྤྱིར་བྱང་ཆུབ་སེམས་དཔའ་བྱེ་བ་ནི། །ཕྲག་ཁྲག་ཁྲིག་བདུན་ཅུ་རྩ་གཉིས་ནི། །ཞིང་འདི་ནས་དེར་སྐྱེ་ཐུབ་པས་གསུངས། །རྗེ་མཐོང་བ་དོན་ལྡན་སྐུ་རྒྱབ་མའི། །སྐུ་བཀོད་པ་གཅིག་ཀྱང་དེར་བཞུགས་གསུངས། །འཁོར་དགེ་སློང་འབུམ་ཕྲག་ཡོད་པར་བཤད། །བུ་བརྩོན་འགྲུས་ནམ་ཞིག་ཚེ་འཕོས་ཚེ། །ཞིང་དེ་རུ་འབྱོན་པའི་ཐུགས་ཐག་ཆོད། །ད་བསམ་བློ་ལེགས་པར་ཐོངས་མཛོད་དང་། །མར་ངན་སོང་སྡུག་བསྔལ་བསམ་མི་ཚུགས། །ཡར་ལྷ་མིའི་བདེ་སྐྱིད་རྨི་ལམ་ཙམ། །དུས་སྙིགས་མ་བསྟན་པ་མར་འགྲིབ་སྐབས། །རང་མི་ནས་མི་རུ་སྐྱེ་ཆོག་ཀྱང་། །རྐྱེན་དུས་མིན་འཆི་སོགས་བར་ཆད་མང་། །ཆུང་ལོ་བཅུ་ཕན་ཆད་བསམ་པ་མེད། །དུས་རྟག་ཏུ་ལྟོ་གོས་གཡེངས་བས་ཁྱེར། །ཚེ་ཕྱེད་ཀྱི་མཚན་མོ་གཉིད་ཀྱིས་གཅོད། །ད་ཚེ་ཚད་བཞི་བཅུ་ཁ་རལ་སྐབས། །ཆོས་བྱེད་ལོངས་མེད་པ་མ་མཐོང་ངམ། །མི་ཐམས་ཅད་ཉོན་མོངས་དུག་ལྔ་ཧྲག །ཕན་བཏགས་པའི་ལན་ལ་གནོད་པ་སྐྱེལ། །རྗེ་མཁས་གྲུབ་ཀུན་ལ་སྐུར་པ་འདེབས། །ལས་མི་དགེ་བཅུ་ལ་ཧབ་ཐོབ་བྱེད། །རྗེ་སངས་རྒྱས་དངོས་སུ་བྱོན་
རྣམས་ཀྱང་། །དུས་དེང་སང་འགྲོ་དོན་དཀའ་འདུག་ན། །རང་འགྲོ་དོན་མི་འགྲུབ་སྡུག་བསྔལ་རྒྱུ། །གཉེན་ཉེ་དུ་གྲྭ་སློབ་མཐུན་གྲོགས་ཀུན། །རང་ཤི་བའི་རྒྱབ་ནས་ཡུན་མི་རིང་། །རང་སྐྱེས་ཀྱང་མི་འཕྲད་ཡིད་ལ་ཞོག །རྗེ་འོད་དཔག་མེད་ཀྱི་སྐུ་ཚེའི་ཚད། །དེ་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ། །དེ་སུས་ཀྱང་གྲངས་ལ་མི་ཐེབས་ཏེ། །དུས་ནམ་ཞིག་མྱ་ངན་འདས་ཚུལ་སྟོན། །དེའི་བསྟན་པ་བསྐལ་པ་གང་གཱའི་ཀླུང་། །གྲངས་བྱེ་མ་སྙེད་ནི་གཉིས་བར་གནས། །དུས་དེ་ཚེ་སྤྱན་རས་གཟིགས་དབང་ནི། །དེས་རྒྱལ་ཚབ་མཛད་ཅིང་བསྟན་པ་སྐྱོང་། །ཡུན་དེ་ཚེ་རང་ཡང་དམ་ཆོས་སྤྱོད། །དེར་སྐྱེས་ཚད་རྫུ་འཕྲུལ་ཐོགས་མེད་པས། །ཤར་མངོན་པར་དགའ་དང་སྨན་བླའི་ཞིང་། །ལྷོ་དཔལ་ལྡན་བྱང་ཕྱོགས་ལས་རབ་རྫོགས། །ལྷོ་པོ་ཊ་ལ་དང་རྔ་ཡབ་གླིང་། །ནུབ་ཨོ་རྒྱན་ཡུལ་སོགས་ཞིང་ཀུན་དུ། །རང་རྫུ་འཕྲུལ་སྟོབས་ཀྱིས་ཐོགས་མེད་བགྲོད། །དེར་མཆོད་འབུལ་དབང་དང་གདམས་ངག་ཞུ། །ཡུན་མི་འགོར་མྱུར་དུ་བདེ་ཆེན་སླེབ། །དོན་དེ་ཕྱིར་ཞིང་དེར་སྐྱེས་པ་ན། །ཞིང་ཀུན་ཏུ་སྐྱེས་དང་ཁྱད་པར་
མེད། །འདིར་ལྟད་མོ་ལྟ་འདོད་འོང་ཡང་ཆོག །ཞིང་འདི་རུ་བྱམས་པ་སེང་གེ་སོགས། །རྗེ་སངས་རྒྱས་སྟོང་རྣམས་ནམ་འབྱོན་ཚེ། །རང་འོང་ཞིང་མཆོད་དེ་དམ་ཆོས་ཞུ། །ཞག་མི་འགོར་བདེ་བ་ཅན་དུ་སླེབས། །དུས་བསྐལ་པ་བྱེ་སྙེད་གཉིས་འདས་སྐབས། །རྗེ་འོད་དཔག་དམ་ཆོས་སྲོད་ལ་ནུབ། །དུས་ཐོ་རངས་སྤྱན་རས་གཟིགས་དབང་དེ། །ཁོང་མངོན་པར་རྫོགས་པར་སངས་རྒྱས་ནས། །མཚན་འོད་ཟེར་དཔལ་བརྩེགས་རྒྱལ་པོར་གྱུར། །དེ་སྐུ་ཚེ་བསྐལ་པ་བྱེ་བ་ནི། །ཕྲག་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་དྲུག །ཡུན་དེ་ཚེ་དེ་ཡི་ཞབས་འབྲིང་བྱེད། །དེ་འདས་ནས་དེ་ཡི་དམ་པའི་ཆོས། །ཡུན་བསྐལ་པ་དུང་ཕྱུར་ཕྲག་དྲུག་དང་། །ཕྲག་བྱེ་བ་འབུམ་ཕྲག་གསུམ་དུ་གནས། །དུས་དེ་སྲིད་སེམས་དཔའ་མཐུ་ཆེན་ཐོབ། །རྗེ་རྒྱལ་བའི་རྒྱལ་ཚབ་བསྟན་པ་འཛིན། །དུས་དེ་ཚེ་རང་ཡང་ཏིང་འཛིན་བསྒོམ། །ལས་སྒྲིབ་གཉིས་བག་ཆགས་དེ་ནས་བྱང་། །ནམ་དེ་ཡི་བསྟན་པ་རྫོགས་མ་ཐག །རྗེ་མཐུ་ཆེན་ཐོབ་པ་སངས་རྒྱས་ཏེ། །མཚན་ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ། །དེའི་སྐུ་ཚེའི་ཚད་དང་བསྟན་པའི་ཚད། །རྗེ་སྤྱན་རས་གཟིགས་
དང་མཉམ་པར་གསུངས། །དུས་དེ་སྲིད་རང་ཡང་དམ་ཆོས་སྤྱོད། །རང་ཚོགས་གཉིས་བྲེ་ཁ་དེ་ནས་གང་། །ཞིང་དེའམ་ཞིང་ཁམས་གང་འདོད་དུ། །ཚེ་འཕོས་མ་ཐག་ཏུ་རྫོགས་སངས་རྒྱས། །དོན་དེ་ཕྱིར་ཞིང་དེར་སྐྱེས་ཚད་རྣམས། །ལུས་སྐྱེ་བ་གཅིག་དེས་ཆོག་པ་ཡི། །དེ་སེམས་དཔའ་ཤ་སྟག་ཡིན་ནོ་གསུངས། །བུ་ཕན་ཡོན་དེ་རྣམས་ཡིད་ལ་ཟུངས། །ཆོས་བདེ་སྨོན་ཁོ་ན་ཐུགས་དམ་མཛོད། །ལྷ་འོད་དཔག་མེད་དང་སྤྱན་རས་གཟིགས། །དེ་ཁོ་ན་སྒྲུབ་པ་དང་དུ་ལོངས། །དོན་དེ་སྐད་རྟ་ལོ་ཁྲུམས་ཀྱི་ཟླ། །དུས་དམར་པོའི་ཚེས་བརྒྱད་ཚེས་དགུ་ཡི། །དུས་དགོང་ཐུན་སྔ་དྲོའི་ཐུན་སྐབས་ལ། །བདག་དགེ་སློང་རཱ་ག་ཨ་སྱས་སྨྲས། །དེ་བརྩོན་འགྲུས་རྒྱ་མཚོས་ཡི་གེར་བཀོད། །ལེའུ་ཞེ་གཉིས་པའོ་མངྒ་ལཾ།། །།