Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སུན་ཟློག་བྱོན་ཞུས་མ་ཐ་ནས་ཡར་ཞུས།
   
   
   
   
   
   
   
   
   


 
previousསུན་ཟློག་བྱོན་ཞུས་མ་ཐ་ནས་ཡར་ཞུས།next

སུན་ཟློག་བྱོན་ཞུས་མ་ཐ་ནས་ཡར་ཞུས།


CMR044_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

སུན་ཟློག་བྱོན་ཞུས་མ་ཐ་ནས་ཡར་ཞུས་སོ།། ཀྱཻ། སངས་རྒྱས་མཁའ་འགྲོའི་ཞལ་ན་རེ། །སྔགས་འཆང་རྒྱལ་པོ་སྙན་གསོན་དང་། །ངེད་འོང་བ་དབུས་ཀྱི་ཕྱོགས་ནས་འོང་། །འདུག་ས་དབུས་ཀྱི་དུར་ཁྲོད་ཡིན། །མིང་ནི་སངས་རྒྱས་མཁའ་འགྲོ་བྱ། །རྐྱེན་ངན་སུན་མ་བསྒྱུར་དུ་འོང་། །བཞེས་ནི་འདོད་ཡོན་ལྔ་ལ་བཞེས། །དཔའ་བོས་དེ་ཟླ་ལྟར་དགོངས་པར་མཛོད།། ༼ཀ༽ ཀྱཻ། རྡོ་རྗེ་མཁའ་འགྲོའི་ཞལ་ན་རེ། །སྔགས་འཆང་རྒྱལ་པོ་སྙན་གསོན་དང་། །ངེད་འོང་བ་ཤར་གྱི་ཕྱོགས་ནས་འོང་། །འདུག་ས་དུར་ཁྲོད་ཤར་ན་འདུག །མིང་ནི་རྡོ་རྗེ་མཁའ་འགྲོ་བྱ། །རྐྱེན་ཟློག་སུན་མ་བསྒྱུར་དུ་འོང་། །བཞེས་ནི་འདོད་ཡོན་ལྔ་ལ་བཞེས། །དཔའ་བོས་དེ་ལྟར་དགོངས་པར་མཛོད། ཁ༽ ཀྱཻ། རིན་ཆེན་མཁའ་འགྲོའི་ཞལ་ན་རེ། །སྔགས་འཆང་རྒྱལ་པོ་སྙན་གསོན་དང་། །ངེད་འོང་བ་ལྷོ་ཡི་ཕྱོགས་ནས་འོང་། །འདུག་ས་ལྷོ་ཡི་དུར་ཁྲོད་ཡིན། །མིང་ནི་རིན་ཆེན་མཁའ་འགྲོ་བྱ། །རྐྱེན་ངན་སུན་མ་བསྒྱུར་དུ་འོང་། །བཞེས་ནི་འདོད་ཡོན་ལྔ་ལ་བཞེས། །དཔའ་བོས་དེ་ལྟར་དགོངས་པར་མཛོད། །༼ག༽ ཀྱཻ། པདྨ་མཁའ་


CMR044_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་ཞལ་ན་རེ། །སྔགས་འཆང་རྒྱལ་པོ་སྙན་གསོན་དང་། །ངེད་འོང་བ་ནུབ་ཀྱི་ཕྱོགས་ནས་འོང་། །བཞུགས་ས་ནུབ་ཀྱི་དུར་ཁྲོད་ཡིན། །མིང་ནི་པདྨ་མཁའ་འགྲོ་བྱ། །རྐྱེན་ངན་སུན་མ་བསྒྱུར་དུ་འོང་། །བཞེས་ནི་འདོད་ཡོན་ལྔ་ལ་བཞེས། །དཔའ་བོས་དེ་ལྟར་དགོངས་པར་མཛོད།། ང༽ ཀྱཻ། ལས་ཀྱི་མཁའ་འགྲོའི་ཞལ་ན་རེ། །སྔགས་འཆང་རྒྱལ་པོ་སྙན་གསོན་དང་། །ངེད་འོང་བ་བྱང་གི་ཕྱོགས་ནས་འོང་། །འདུག་ས་བྱང་གི་དུར་ཁྲོད་ཡིན། །མིང་ནི་ལས་ཀྱི་མཁའ་འགྲོ་བྱ། །རྐྱེན་ངན་སུན་མ་བསྒྱུར་དུ་འོང་། །བཞེས་ནི་འདོད་ཡོན་ལྔ་ལ་བཞེས། །དཔའ་བོས་དེ་ལྟར་དགོངས་པར་མཛོད། ༼ཅ༽ ཀྱཻ། སྔགས་འཆང་རྒྱལ་པོ་སྙན་གསོན་དང་། །ངེད་འོང་ནི་ཨོ་རྒྱན་ཡུལ་ནས་འོང་། །བཞུགས་ས་དུར་ཁྲོད་གནས་བརྒྱུད་ཡིན། །མིང་ནི་སྣ་ཚོགས་མཁའ་འགྲོ་ཡིན། །ཕྲིན་ལས་སུན་མ་བསྒྱུར་དུ་འོང་། །དགྱེས་ནི་འདོད་ཡོན་ལྔ་ལ་དགྱེས། །དཔའ་བོས་དེ་ལྟར་དགོངས་པར་མཛོད། ༼ཆ༽ ཀྱཻ། སྔགས་འཆང་རྒྱལ་པོ་སྙན་གསོན་དང་། །རིགས་ནི་གསང་སྔགས་ཐེག་ཆེན་རིགས། །གནས་ནི་ཡེ་ཤེས་དབྱིངས་ལ་


CMR044_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །ལྟ་ནི་སྟོང་ཉིད་དོན་ལ་ལྟ། །འདུག་ནི་བདེ་གསལ་ངང་ལ་འདུག །ཟས་སུ་བདུད་རྩི་ལྔ་ལ་མྱོང་། །ལས་སུ་འགྲོ་དྲུག་ཐུགས་རྗེས་འདྲེན། །ངེད་མཁའ་འགྲོའི་མཚན་ཉིད་དེ་ལྟར་ལགས། །ཨོ་རྒྱན་ཡུལ་གྱི་མཚན་ཉིད་ནི། །རང་བཞིན་ལྷུན་གྱིས་གྲུབ་པའི་གནས། །སྒྱུ་མ་ལུས་ཀྱི་ཞིང་ཁམས་ན། །དེ་ལ་སྐྲག་འཇིགས་ཡེ་ནས་མེད། །ཡེ་ཤེས་འོད་ཀྱི་གཞལ་ཡས་ལ། །མ་རིག་འཁྲུལ་པའི་རྒྱུས་མ་གོས། །སྣང་སྟོང་སྒྱུ་མའི་དཀྱིལ་འཁོར་ལ། །ཆགས་འཛིན་བྱུང་དོར་རྒྱུས་མ་གོས། །ཆོས་སྐུ་མཁའ་ལྟར་དག་པ་ལ། །ཁ་དོག་འཛིན་པའི་མཐའ་དང་བྲལ། །ལོངས་སྐུ་འགགས་པ་མེད་པ་ལ། །སྐྱེ་འཆི་གཉིས་མེད་ལྷུན་གྱིས་གྲུབ། །སྤྲུལ་པ་ཉི་ལྟར་གསལ་བ་ལ། །ལོང་ལ་མུན་པའི་སྐྱོ་མི་འཇིགས། །རྒྱུ་དང་རྐྱེན་གྱིས་མ་གོས་པའི། །ལྷ་ཆེན་སྐར་ཆེན་ཤར་འདྲ་ཡོད། །ལྷ་བྲན་སྐར་བྲན་ཤར་འདྲ་ཡོད། །སྒྲོན་མེ་ཉི་མ་ཤར་འདྲ་ཡོད། །མེ་ཏོག་རྩི་ལྟར་རྒྱས་འདྲ་ཡོད། །བདུག་སྤོས་སྤྲིན་ལྟར་གཏིབས་འདྲ་ཡོད། །སྣང་གསལ་ལྷ་མོ་འོད་འཕྲོ་ཡོད། །རོ་མཆོག་བརྒྱད་ལྡན་ཞལ་ཟས་ཡོད། །རྐང་གླིང་ཐོད་རྔའི་སྒྲ་


CMR044_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཡོད། །མ་རྨོས་པ་ཡི་ལོ་ཏོག་ཡོད། །རི་བོ་ཐམས་ཅད་རིན་ཆེན་རི། །རྩི་ཤིང་ཐམས་ཅད་དཔག་བསམ་ཤིང་། །འབྲས་བུ་ཐམས་ཅད་ནོར་བུ་སྨིན། །ལོ་འདབ་ཐམས་ཅད་དར་ཟབ་ཡིན། །ཆུ་ཀླུང་ཐམས་ཅད་ཟག་མེད་ཆུ། །སྒྲ་སྐད་ཐམས་ཅད་མཁའ་འགྲོའི་སྒྲ། །དབྱར་དགུན་ཟེར་བའི་དྲོ་གྲང་མེད། །ཉིན་མཚན་ཟེར་བའི་གསལ་འགྲིབ་མེད། །ལྷ་ཕམ་ལྟུང་ཟེར་བའི་སྡུག་བསྔལ་མེད། །ལྷ་མིན་འཐབ་རྩོད་ཟེར་བ་མེད། །མི་ལུས་དབུལ་ཕོངས་ཟེར་བ་མེད། །དམྱལ་བ་ཚ་གྲང་ཟེར་བ་མེད། །བྱོལ་སོང་གླེན་ལྐུགས་ཟེར་བ་མེད། །ཡི་དྭགས་བཀྲེས་སྐོམ་ཟེར་བ་མེད། །ཉོན་མོངས་དུག་ལྔ་ཟེར་བ་མེད། །ཅི་ཡང་མ་གྲུབ་སྟོང་པའི་ངང་། །སྟོང་པའི་ངང་ལ་གསལ་བར་གསལ། །དེ་ཨོ་རྒྱན་ཡུལ་གྱི་མཚན་ཉིད་ཡིན། །དུར་ཁྲོད་བརྒྱད་ཀྱི་གནས་ལུགས་ནི། །ཨོ་རྒྱན་ཡུལ་གྱི་ཤར་ཕྱོགས་ན། །གཏུམ་དྲག་འབར་བའི་དུར་ཁྲོད་ཡོད། །དེ་ན་རྡོ་རྗེ་མཁའ་འགྲོ་བཞུགས། །ཨོ་རྒྱན་ཡུལ་གྱི་ལྷོ་ཕྱོགས་ན། །གད་རྒྱངས་སྒྲོགས་པའི་དུར་ཁྲོད་ཡིན། །དོན་གྲུབ་རིན་ཆེན་མཁའ་འགྲོ་བཞུགས། ཨོ་རྒྱན་ཡུལ་གྱི་ནུབ་ཕྱོགས་


CMR044_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ན། །པདྨ་འཁྱིལ་པའི་དུར་ཁྲོད་ཡོད། །དྲི་མེད་པདྨ་མཁའ་འགྲོ་བཞུགས། །ཨོ་རྒྱན་ཡུལ་གྱི་བྱང་ཕྱོགས་ན། །ཀཱི་ལ་སྒྲོགས་པའི་དུར་ཁྲོད་ཡོད། །བདེ་ཆེན་ལས་ཀྱི་མཁའ་འགྲོ་བཞུགས། །ཤར་ལྷོ་རབ་འཇིགས་དུར་ཁྲོད་ཡོད། །དམ་ཚིག་ལྡན་པའི་མཁའ་འགྲོ་བཞུགས། །ལྷོ་ནུབ་གཏུམ་པོའི་དུར་ཁྲོད་ཡོད། །མི་མཐུན་སྣ་ཚོགས་མཁའ་འགྲོ་བཞུགས། །ནུབ་བྱང་རབ་རྒྱུའི་དུར་ཁྲོད་ཡོད། །ཀུན་རྒྱུག་ཐམས་ཅད་མཁའ་འགྲོ་བཞུགས། །བྱང་ཤར་དྲག་ཤུལ་དུར་ཁྲོད་ཡོད། །རྒྱུད་འཛིན་འཇིག་རྟེན་མཁའ་འགྲོ་བཞུགས། །དུར་ཁྲོད་བརྒྱད་ཀྱི་གནས་ལུགས་ཡིན། །དཔའ་བོས་དེ་ལྟར་དགོངས་པར་མཛོད། །ཅེས་བྱོན་ཞུས་དྲི་མེད་མཁའ་འགྲོ་ལས་ཁོལ་དུ་ཕྱུང་བའོ། །མངྒ་ལཾ།།


previousསུན་ཟློག་བྱོན་ཞུས་མ་ཐ་ནས་ཡར་ཞུས།next