ཟངས་རིའི་བསྐུལ་བ།
ན་མོ་གུ་རུ་དེ་ཝ་ཌཱཀི་ཡེ། འདིར་རྣལ་འབྱོར་པ་ལ་བསྟན་དགྲ་གློ་བུར་དུ་བྱུང་ན། གཅོད་ཚོགས་ཞག་གཅིག་གཉིས་བྱས་ནས་ཚོགས་ཀྱི་ལྷག་མའི་སྐབས་སུ། ལྷག་མ་དེ་དང་དགྲ་བོ་དབྱེར་མེད་དུ་བསམས་ལ། ལྷག་མའི་ནང་དུ་ཟངས་རི་བཙན་རྒོད་འབར་བ་སྤུན་བདུན་ལ་བཙན་དམག་དུང་ཕྱུར་གྱིས་བསྐོར་བ། དེ་རྣམས་མངའ་གསོལ་དུས་གཏོར་མ་གཅིག །ལྷག་མ་དང་བཅས་ཟངས་ཐེབ་ནང་དུ་བཞག །གཏོར་མ་དེའི་སྟེང་དུ་བཙན་བྱ་དམར་པོ། མདུན་དུ་བཙན་མི་དམར་ཅན་ཁ་ཤོ །རྒྱབ་ཏུ་ཁྱི་དམར། བཟང་དྲུག་དང་མཚལ་ལམ་གྲི་ཁྲག་གིས་ངར་བླུད་ལ། ར་ཤ་ར་ཁྲག་ར་ཚིལ་གྱིས་དུད་པ་བཅས་བཏང་ལ། རང་བསྲུང་། བདག་བསྐྱེད་ནི། ཨ་མྲྀ་ཏས་བསང་། །སྲ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་བསྒོམ་པའི་སྤྱི་བོར། མ་གཅིག་མ་བསྐྱེད་པའི་ཐུགས་ཀའི་རྩ་དམར་པོ་ལས་འོད་ཟེར་ལྕགས་ཀྱུ་ལྟར་ཏུ་འཕྲོས་པས། ཟངས་རི་བཙན་རྒོད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། ཟངས་ཀྱི་མདུང་ཐུང་བསྣམས་པ། ཆིབས་སུ་ཟངས་རྟ་དམར་པོ་ལ་ཆིབས་པ། སྐུ་ལ་བསེ་ཁྲབ་དང་། དབུ་ལ་བསྲེ་རྨོག་བྱ་རུའི་འཕྲུ་བཙུགས་པ། མི་དམར་སྔོན་དུ་འབྲང་བ། བྱ་དམར་ཀླད་ན་ལྡིང་བ། ཁྱི་དམར་རོལ་དུ་ཁྲིད་པ། དེ་འདྲ་བའི་འཁོར་ཚོགས་དཔག་ཏུ་
མེད་པ་དགྲ་བོའི་སྟེང་དུ་རྒྱུག་པར་བསམས་ལ། དེ་ལ་འབོད་རྦད་བསད་གསུམ་གྱི་སྔགས་འདི་ཉེར་གཅིག །བདུན་གཉིས་བདུན་ནམ་གང་རུང་བཟླས་མཚམས་བཙན་མངོན་སུམ་དུ་རང་མདུན་དུ་འབྱུང་བར་བསམ་ཞིང་། བླ་འགུགས་པ་ནི། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། མ་གཅིག་ལབ་ཀྱི་སྒྲོལ་མའི་བཀའ་བདེན་པ་དང་། གྲུབ་ཐོབ་གཅོད་ཡུལ་བརྒྱུད་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། རྣལ་འབྱོར་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་དང་། ཆོས་ཉིད་འགྱུར་བ་མེད་ཅིང་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། དམ་ཉམས་དགྲ་བོ་འདི་གར་གནས་གར་ཡོད་ཀྱང་དྲག་པོ་ལས་ཀྱི་གཏོར་མ་འདི་དང་གཉིས་སུ་མེད་པར། བླ་སྲོག་རྣམ་པར་ཤེས་པ་འདིར་ཁུག་ཅིག ཛཿཧཱུྃ་བཾ་ཧོཿ ལན་གསུམ་གྱིས་བཀུག་གཞུག་བྱ། དེ་ནས་དགྲ་བོ་དེའི་བླ་སྲོག་རྣམ་པར་ཤེས་པ་དེ། བཙན་རྒོད་འབར་བས་མངོན་སུམ་དུ་ཟ་བར་བསམས་ལ། སྔགས་འདི་ལན་བདུན་བཟླ། ཨོ་ཙ་ཏྲི་ཧུར་ཐུམ་ཕཊཿ དེ་ནས་འབོད་སྔགས་ནི་འདིའོ།། ཏྲིག་ཧུར་ཐུམ་ཕཊཿ ཟད་སྔགས་སོ།། ཏྲིག་ཧུར་ཐུམ་མཱ་ར་ཡ་ཕཊཿ བསད་
སོ། །ཨོཾ་ཙ་ཏྲི་ཧུར་ཐུམ་ན་ན་ཏྲི་ནན། མཱ་ར་ཡ་ནན་ཕཊཿ ཨེ་ཧུར་ཐོ་ཧྲིལ་རྦད་རྦད་སྭཱ་ཧཱ། ཞུགས་སྔགས་སོ།། ཨོ་ཙ་ཏྲ་ཧུར་ཐུམ་ཨི་དཾ་བ་ལི་ཏ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི། །ཟས་སྔགས་འདི་བཟླ་ཚེ། དགྲ་བོ་དེའི་སྙིང་ཁྲག་ཟངས་ཀྱི་སྤུ་གུས་འཐུང་ཞིང་། དོན་སྙིང་ཙིཏྟ་ཁྱེར་བ་དང་། ལྤགས་གཞི་དམར་པོ་ས་ལ་བརྡབ་པ་སོགས་དམིགས་པ་གལ་ཆེ། དེ་ནས་འདི་སྐད་དོ། ཧཱུྃ། གནས་ཟངས་རི་མཁར་དམར་གྱི་དགོན་པ་ནས། །སྲོག་གཟན་ཤན་པ་མཆེད་གཉིས་ལ། །བཙན་རྒོད་དམར་པོ་མདུང་ཐུང་ཅན། །ཆིབས་སུ་བཙན་རྟ་དམར་པོ་ཆིབས། །སྐུ་ལ་བསྲེ་ཁྲབ་དམར་པོ་གསོལ། །དབུ་ལ་བསྲེ་རྨོག་དམར་པོ་གསོལ། །རྨོག་ཕོར་བྱ་རྒོད་དང་རུ་བཙུགས། །ཀླད་ན་བྱ་དམར་ལིངས་སེ་ལིང་། །མདུན་ན་མི་དམར་འབྲངས་སེ་འབྲང་། །རྒྱབ་ན་ཁྱི་དམར་ཁངས་སེ་ཁང་། །བཙན་ཆས་འཁོར་གསུམ་དགྲ་ལ་ཡ། །བཙན་ཞགས་དམར་པོ་རྒྱངས་སེ་ང་། །བཙན་མདུང་དམར་པོ་ལྷབས་སེ་ལྷབ། །བཙན་རྟ་དམར་པོ་རྒྱངས་སེ་རྒྱང་། །བཙན་བྱ་དམར་པོ་ཟངས་སེ་ཟང་། །བཙན་ཁྱི་དམར་པོ་ཁངས་སེ་ཁང་། །བཙན་དམག་བྱེ་བ་དུང་ཕྱུར་བཅོས། །དམར་གྱི་གཏོར་མ་འདི་བཞེས་ལ།
སྔོན་ཚེ་ཡུམ་གྱི་བཀའ་ལུང་བཞིན། །སྡང་བྱེད་དགྲ་ལ་རྟགས་ཕྱུངས་ཤིག །གནོད་བྱེད་བགེགས་ལ་ལས་མཛོད་ཅིག །ཡིད་ལ་བརྣག་པའི་དགྲ་བོ་ལ། །གློ་ཚད་དྲག་པོ་ཐུང་ལ་ཤོག །སྙིང་ཁྲག་དྲོན་མོ་ཞལ་དུ་གསོལ། །དོན་སྙིང་དམར་ཙར་ཁྱེར་ལ་ཤོག །པགས་གཞི་དམར་པོ་ས་ལ་རྡོབ། །ཀླད་ཁྲག་འདྲེས་མ་ཞལ་དུ་གསོལ། །ཞག་གསུམ་ཕན་ལ་མི་འགྱང་བར། །ཞག་གསུམ་ཚུན་ལ་འགྱང་གྱུར་ན། །མ་དང་ང་ཡི་བཀའ་ལས་འདས། །བཀའ་ལ་མ་འདའ་ས་མ་ཡ། །རི་ཁྲོད་འགྲིམ་པའི་གྲོགས་དན་མཛོད། །མོས་གུས་ཅན་གྱི་བུ་སློབ་སྐྱོང་། །སྟོང་ཉིད་བསྒོམ་པའི་ཡོན་བདག་མཛོད། །གནོད་ཅིང་འཚེ་བའི་དགྲ་བོ་སྒྲོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་འབོད་རྦད་བསད་གསུམ་གྱི་སྔགས་བཟླའོ། །དེ་ལྟར་བྱས་པས་དགྲ་བོ་དེ་ལོ་ཟླ་མ་འགྱང་བར་བཙན་གྱིས་གློ་ཚད་དྲག་པོ་བཏང་ནས་མྱུར་དུ་འཆི་བར་འགྱུར་རོ། །སྡུག་ཐུག་མ་གཏོགས་མི་བྱའོ། །ཤིན་ཏུ་བཀའ་གཉེན་པོ་གཅོད་ཀྱི་ལྷག་མའི་སྐབས་སུ་དམིགས་པ་མཚོན་ཆ་ལྟ་བུ་ཤིན་ཏུ་སྡིག་ཆེ་བས་གནས་སུ་སྦས་ཡོད། རྗེ་དྲུང་སྐྱིད་ཀུན་དགའ་རྣམ་རྒྱལ་གྱིས་གསུངས་ཀྱང་བདག་སྔགས་འཆང་རཱ་ག་ཨ་སྱས་མིང་གིས་བསྟན་དགྲ་འདུལ་བའི་སླད་དུ་ཁོལ་དུ་ཕྱུང་བ་ཡིན། གསེར་སྲང་གང་གི་བཀའ་རྒྱ་ཡོད། མངྒ་ལཾ། །