Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
collapse section
 expand section
collapse section
 expand section
 expand section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རྣམ་སྲས་ཀུན་གྱི་རྩ་བར་གྱུར་པ་ཞི་བ་བདེ་བྱེད་སེར་པོ་ལྷ་དགུའི་རྗེས་སུ་གནང་བའི་ལུང་བརྒྱུད་སོགས།
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
 
  
  
  
  
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousརྣམ་སྲས་ཀུན་གྱི་རྩ་བར་གྱུར་པ་ཞི་བ་བདེ་བྱེད་སེར་པོ་ལྷ་དགུའི་རྗེས་སུ་གནང་བའི་ལུང་བརྒྱུད་སོགས།next

རྣམ་སྲས་ཀུན་གྱི་རྩ་བར་གྱུར་པ་ཞི་བ་བདེ་བྱེད་སེར་པོ་ལྷ་དགུའི་རྗེས་སུ་གནང་བའི་ལུང་བརྒྱུད་སོགས།


GLG001_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་ལུང་ལས། རྒྱལ་ཆེན་སྡེ་བཞི་པོ་མཁའ་ལྡིང་སྒྲ་སྙན་དང་སྒྲ་ཆུང་། ཀླུ་དབུགས་དང་དབུག་ཆེན་དུ་གྱུར་པ་ན་བཞི་གས་སངས་རྒྱས་འོད་སྲུངས་ལ་ཡོན་ཏན་ཤེས་ནས་དད་དེ་བསླབ་པའི་གཞི་བཟུང་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ་འཇིག་རྟེན་སྐྱོང་བར་སྨོན་ལམ་བཏབ་པའི་མཐུ་བཙན་པོས་བསྟན་པ་རིན་པོ་ཆེ་སྐྱོང་བ་ལ་འཕགས་པའི་ཡུལ་དང་གངས་རིའི་ལྗོངས་འདིར་ཡོངས་སུ་གྲགས་ཤིང་མཁས་གྲུབ་མང་པོས་ཆོས་སྐྱོང་གི་གཙོ་བོར་མཛད་པའི་རྒྱལ་པོ་ཆེན་པོ་རྣམ་མང་ཐོས་པའི་སྲས་འདི་ཉིད་ཀྱི་གཟི་བརྗིད་མ་བཟོད་པར་ལྷ་མིན་གྱི་དཔུང་ཕྱིར་ལོག་པར་བརྟེན་ལྷ་རྣམས་ངལ་བསོས་པས་ངལ་བསོས་པོ་དང་། ལྷ་མིན་གྱིས་གཡུལ་བཤམས་པའི་ཚེ་སེང་གེ་ཁྲོས་པ་ལ་ཞོན་ནས་བསྲུངས་པས་གནས་སྲུང་པོ་དང་། དུག་སྦྲུལ་ཆེན་པོར་སྤྲུལ་ནས་ལྷ་མིན་དབང་པོ་ར་རྒོད་ཀྱི་དམག་རྣམས་མྱོས་པར་བྱས་པས་ལུས་ངན་པོ་ཞེས་སོགས་མཚན་གྱི་རྣམ་གྲངས་མང་པོར་གྲགས་ཤིང་། མུ་སྟེགས་ཀྱི་སྤྲང་པོ་ཉི་མའི་དངོས་གྲུབ་སོགས་བསྒྲལ་བར་དཀའ་བ་མང་པོ་ཚར་བཅད་པས་མཐུ་རྩལ་ཆེ་བ། ཚེ་དང་དཔལ་འབྱོར་སོགས་འདོད་དགུའི་ཆར་ཆེན་པོ་འབད་མེད་དུ་སྩོལ་བའི་ལྷ་མཆོག་འདི་ཉིད་ཀྱི་ཆོས་སྐོར་བསྟན་པ་སྔ་དར་དང་ཕྱི་དར་གྱི་ལོ་པཎ་རྣམས་ལས་བརྒྱུད་པ་མཐའ་ཀླས་ནའང་དུས་དབང་གིས་ཆོས་པར་རློམ་པ་ཕལ་ཆེར་མི་ཆོས་ཀྱི་ཞར་ལ་ལྷ་ཆོས་འགྲུབ་ཏུ་རེ་བའི་ལེ་ལོ་དང་རྣམ་པར་གཡེང་བའི་དབང་གིས་ནུབ་ཏུ་ཉེ་བ་ན་རྡོ་རྗེ་འཆང་ཚར་ཆེན་ཆོས་ཀྱི་རྒྱལ་


GLG001_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྣམ་པར་ཐར་པ་བཞིན་རྣམ་ཐོས་སྲས་བཀའ་མི་འདྲ་བ་བཅོ་ལྔ་ཙམ་གྱི་ཆོས་སྐོར་གསན་ཞིང་ཕྱོགས་གཅིག་ཏུ་བསྒྲིགས་པའི་རྒྱུན་མ་ཉམས་པ་ལེགས་པར་ཐོབ་པ་ལ། འདི་ཉིད་ཀྱི་གོང་གནོན་དུ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྗེས་གནང་མཛད་པའི་སྲོལ་ལྟར་མནོས་པ་ནི་གོང་དུ་སྨོས་ཟིན་ཅིང་། སློབ་དཔོན་འགྲོ་བཟང་སྙིང་པོས་རྒྱུད་དང་མན་ངག་ལ་བརྟེན་ནས་རྒྱལ་པོ་ངལ་བསོས་པོ་ཞི་བ་ནོར་དུ་བསྒྲུབ་པ་དང་དྲག་བྱེད་མཐུ་རུ་བསྒྲུབ་པའི་ཆོ་ག་སོགས་མཛད་པ་ལས་ཐོག་མར་ཞི་བ་བདེ་བྱེད་སེར་པོ་ལྷ་དགུ་ཟངས་དཀར་ནས་བརྒྱུད་པ་སྟོད་ལུགས་སྨད་ལུགས་ཀྱི་བརྒྱུད་པ་ཆུ་བོ་གཉིས་འདྲེས་ལས། ཕྱག་ལེན་གྱི་རིམ་པ་སྨད་ལུགས་ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེའི་བཞེད་སྲོལ་གཙོ་ཆེ་བར་མཛད་ལ། དེར་མ་ཟད་རྗེས་གནང་ལྔ་ཕྲག་གསུམ་གྱི་ཆོ་ག་སོ་སོའི་ལུགས་སྲོལ་ཉམས་པ་མེད་པ་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་ཕྱག་ལེན་བཞིན་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་ཆོག་ཁྲིགས་སུ་མཛད་པའི་ནོར་འཛིན་དཔལ་མོའི་རྒྱན་འཕྲེང་གི་སྟེང་ནས་ཐོས་པ་ཡིན་ཞིང་། བསྒྲིག་རིམ་མཁན་ཆེན་པའི་འདིར་རྟེན་འབྲེལ་གྱི་དབང་གིས་རྣམ་སྲས་དཀར་པོ་ཐོག་མར་མཛད་ལ། ཁོ་བོས་རྡོ་རྗེ་འཆང་བཀའ་འགྱུར་བ་ཆེན་པོ་ལ་གསོལ་བ་བཏབ་པར་བརྟེན་ཕྱག་ལེན་ཕྲ་མོ་རྣམས་ཀྱང་གབ་སྦས་མེད་པའི་ཆོག་སྒྲིགས་དངོས་གྲུབ་འདོད་འཇོ་ཕྱོགས་སྡེབས་སྐབས་སུ་གང་བབས་ལ་རྣམ་སྲས་དཀར་པོ་རྟེན་འབྲེལ་གྱིས་རྗེས་སུ་གནང་བ་སོགས་གོ་རིམ་མི་མཐུན་ཙམ་སྣང་བའི་ལུགས་གཉིས་གང་བྱས་ཀྱང་འགལ་བ་ཆེར་མི་འདུག་


GLG001_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། རྗེས་གནང་སོགས་ཀྱི་དུས་གང་བདེ་བྱས་ཆོག་ནའང་། འདིར་དབང་ལུང་གཉིས་པོ་ངོ་འཕྲོད་སླ་བའི་ཁྱད་དང་བཅས་ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག་གི་གསན་ཡིག་གི་གོ་རིམ་ལྟར་བཀོད་པ་ལ། རྣམ་སྲས་ཀུན་གྱི་རྩ་བར་གྱུར་པ་ཞི་བ་བདེ་བྱེད་སེར་པོ་ལྷ་དགུའི་རྗེས་སུ་གནང་བ། ༡ འདི་དང་འབྲེལ་བར་ཤིན་ཏུ་གཉན་པ་སློབ་མ་དམ་ལྡན་བསྙེན་སོང་རེ་རེ་ཙམ་ལས་མང་པོར་མི་གནང་བའི་དྲག་པོའི་རྗེས་གནང་ཤིན་ཏུ་གཉན་ཅིང་བཀའ་རྒྱ་དམ་པ། ཟངས་དཀར་བའི་གོང་ཁུག་སྲོ་མ་ཅན་ལས་བྱུང་བའི་གསང་སྒྲུབ་ལྗང་སེར་བེ་ཅོན་ཅན་ཡུམ་པདྨ་གཙུག་ཕུད་མ་སྟེ་ཡབ་ཡུམ་གཉིས་ཀྱི་རྗེས་གནང་སྟོད་ལུགས་ལས་འོངས་པ། ༢ སློབ་དཔོན་ཀླུ་སྒྲུབ་ཀྱིས་སྤྲང་པོ་ཉི་མའི་དངོས་གྲུབ་བསྒྲལ་བའི་དྲག་བྱེད་རྟ་སྔོན་བདུད་མོ་བཞི་སྐོར་ལྷ་ལྔའི་རྗེས་གནང་། རྣམ་སྲས་དམར་པོའི་སྐོར་དང་རྙིང་མ་བཀའ་གཏེར་ནས་བཤད་པ་རྣམས་བླ་མེད་དུ་གཏོགས་ཀྱང་འདིར་སྡེ་ཚན་གྱི་དབང་གིས་ཕྱོགས་གཅིག་ཏུ་བཀོད་དོ། ། ༣ དེ་ཉིད་ལ་ཅུང་ཟད་ཁ་བསྒྱུར་ཞིང་རྒྱལ་ཆེན་བཞི་བསྣན་པའི་ནང་མ་མོ་ལྷར་བསྒྲུབ་པ་ལྷ་དགུའི་རྗེས་གནང་གནུབས་ཀྱིས་བསྒྱུར་བའི་བཻ་ཤྲ་ཝ་ཎ་ཁ་རག་ཁྲམ་ཐོགས་ནག་པོའི་རྒྱུད་ལས་གསུངས་པའི་དྲག་པོ་མཐུ་རུ་བསྒྲུབ་པའི་ནང་ནས་དྲག་བྱེད་སེང་ཞོན་ཀླུ་བརྒྱད་ཀྱིས་བསྐོར་བའི་རྗེས་གནང་། ༥ དེ་ཉིད་ལ་ཅུང་ཟད་ཁ་བསྒྱུར་བ་བཞོན་པ་མེད་པའི་དྲག་བྱེད་རྐང་ཐང་ལྷ་བརྒྱད་ཀྱི་རྗེས་གནང་། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་མི་གསལ་ཡང་། ཆོག་སྒྲིགས་གཉིས་ག་ན་འདུག་ཅིང་ཕྱག་ལེན་ལའང་མཛད། ༦ གསང་བ་གཤིན་རྗེ་ལྟར་བསྒྲུབ་པ་མདུང་དམར་ཅན་ལྷ་བཅུ་གསུམ་གྱི་རྗེས་གནང་། ཁ་རག་ཁྲམ་ཐོགས་ཀྱི་རྒྱུད་ན་མུ་སྟེགས་ཉི་མ་སྒྲུབ་


GLG001_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བྷ་རི་ཧའི་གྲོང་ཁྱེར་གཞོམ་པའི་ཆེད་དུ་སློབ་དཔོན་ནཱ་གཱ་རྫུ་ནའི་ཐུགས་ནས་རྒྱུད་བཏོན་པར་བཤད་པས་སྤྲང་པོ་ཉི་མའི་དངོས་གྲུབ་བསྒྲལ་བའི་ཆོས་སྐྱོང་ཡང་འདི་ཡིན་ནམ་སྙམ། ༧ བྲམ་ཟེ་སུ་པ་ཏོས་ཞག་གསུམ་ལ་མུ་སྟེགས་པ་བཅོ་ལྔ་བསྒྲལ་བའི་ཡང་གསང་དྲག་པོ་སྲིན་པོ་བཞི་སྐོར་གཙོ་འཁོར་ལྔའི་རྗེས་གནང་། ༨ ཤུ་རཾ་ཀ་ཝརྨའི་ལུགས་ཀྱི་རྣམ་སྲས་མཐིང་ཁ་ཞལ་གསུམ་ཕྱག་དྲུག་པ་ཡུམ་གྱིས་འཁྲིལ་བ་གཙོ་འཁོར་བཅོ་ལྔ་པའི་རྗེས་གནང་། ༩ རྣམ་སྲས་དམར་སེར་ལས་མཁན་མདུང་དམར་ཅན་དང་བཅས་པའི་གཙོ་འཁོར་གཉིས་ཀྱི་རྗེས་གནང་། ༡༠ གར་མཁན་མཆོག་གི་རྒྱུད་ནས་སྲས་གར་མཁན་མཆོག་གུར་ཀུམ་གཞོན་ནུའི་མདངས་ཅན་ཞལ་བཞི་ཕྱག་བཅུ་དྲུག་པ་བསྟན་པའི་ཤུགས་ལ་སློབ་དཔོན་འགྲོ་བཟང་སྙིང་པོ་དང་ཁ་ཆེ་རིན་ཅེན་རྡོ་རྗེ་སོགས་ཀྱིས་བཀྲལ་བའི་གར་མཁན་མཆོག་ལྗང་གུ་ཞལ་གསུམ་ཕྱག་བཅོ་བརྒྱད་ལྷ་བརྒྱད་ཀྱི་རྗེས་གནང་། ༡༡ འདི་ལ་རྗེས་གནང་མེད། དེ་ལ་ཅུང་ཟད་ཁ་བསྒྱུར་བ་གར་མཁན་མཆོག་དམར་སྨུག་ཞལ་གསུམ་ཕྱག་བཅོ་བརྒྱད་པ་ཡུམ་བཅས་ཀྱི་རྗེས་གནང་། ༡༢ རྣམ་སྲས་དཀར་པོ་ཚེ་འཕེལ་ལྷ་དགུའི་རྗེས་གནང་། ༡༣ ལྷ་སྲས་མུ་ཏིག་བཙན་པོ་དང་བློན་པོ་ཞང་ལྷ་བཟང་ཀླུ་དཔལ་གཉིས་བྷ་ད་ཧོར་གྱི་སྒོམ་གྲ་བཅོམ་པའི་དམག་ལ་འབྱོན་སྐབས་དཔལ་ཨོ་རྒྱན་ཆེན་པོས་གནང་བའི་རྣམ་སྲས་ཞི་དྲག་གཉིས་ལས་ཞི་བ་ལྗང་ཡུམ་མའམ་སྤྲིན་གསེབ་མར་གྲགས་པ་སེར་ཆེན་ལྷ་དགུའི་རྗེས་གནང་། ༡༤ དྲག་པོ་ཡང་གསང་མདུང་དམར་ཅན་ཕྱག་མཚན་བཞི་པ་ལས་མཁན་དང་བཅས་པའི་གཙོ་འཁོར་གཉིས་ཀྱི་རྗེས་གནང་། ༡༥ རྣམས་


GLG001_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ནོས་ནས་རྒྱབ་རྟེན་ལུང་གི་སྐོར་ལ། མཁན་ཆེན་ངག་ཆོས་པའི་ཆོག་སྒྲིགས་ན་ལས་མཁན་མ་བྱུང་ཡང་མཁན་ཆེན་བསླབ་གསུམ་རྒྱལ་མཚན་དང་ཁྱབ་བདག་བཀའ་འགྱུར་བའི་ཡིག་ཆ་མཐུན་པར་བྱུང་ངོ་། །གནོད་སྦྱིན་སྡེ་དཔོན་ཆེན་པོ་གར་མཁན་མཆོག་གི་རྟོག་པ་༼དབང༽བརྟག་པ་གཉིས་པ་ལེའུ་བཅུ་དྲུག་པ་ཁ་ཆེའི་མཁས་པ་ཆེན་པོ་དྷ་ན་གུཔྟ་དང་རབ་ཞི་ལོ་ཙཱ་བས་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་མཐོ་གླིང་འཛམ་གླིང་རྒྱན་དུ་བསྒྱུར་བ། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་འདིའི་གོང་དུ་གར་མཁན་མཆོག་གི་བརྟག་པ་ཕྱི་མ་ལས་བྱུང་བའི་གཏམ་རྒྱུད། སྐྱ་རྒྱུད་བླ་མ་གཏུམ་གྱི་གསུང་སྒྲོས། བརྒྱུད་པའི་རྣམ་ཐར་ཨོ་པོ་ཞ་ནང་པ་ནས་བརྒྱུད་པ་གསུམ་འདུག་ཀྱང་དཔེ་མ་འབྱོར་བས་ལུང་མ་བྱུང་། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་སྣ་ཚོགས་སྒྲུབ་པ་ལེའུ་ཉི་ཤུ་རྩ་བདུན་པ། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས་ཀྱི་རྒྱུད་རིན་ཆེན་འབྱུང་བ་ལེའུ་བཅུ་དགུ་པ་རྒྱ་གར་གྱི་པཎྜི་ཏ་ཁ་ཆེ་དགོན་པ་བ་དང་ལོ་ཙཱ་བ་མངའ་རིས་པ་ཡེ་ཤེས་སྡེས་བསྒྱུར་བ། སྣ་ཚོགས་དག་པའི་རྒྱུད་ལེའུ་སུམ་ཅུ་པ་སློབ་དཔོན་འགྲོ་བཟང་སྙིང་པོས་མཛད་པ་ཟངས་དཀར་ལོ་ཙཱ་བས་བསྒྱུར་བ་། འདི་གླེང་གཞིའི་སྐབས་སློབ་དཔོན་གང་གིས་མཛད་ན་འགྲོ་བཟང་སྙིང་པོས་མཛད་ཅེས་དང་རྒྱུད་ཀྱི་རྫོགས་མཚམས་སུ་མཛད་པ་པོ་བཤད་པ་མཐུན་པར་བྱུང་ཡང་སྐྱེ་རྒྱུད་ཀྱི་ལེའུའི་སྐབས་སློབ་དཔོནའགྲོ་བཟང་སྙིང་པོས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཞུས་པར་བཤད་པ་ཅུང་ཟད་འགལ་བ་ལྟར་སྣང་ཡང་གསུང་པ་པོ་ཕྱག་ན་རྡོ་རྗེ་དང་འགྲོ་བཟང་སྙིང་པོས་དེའི་བཀའ་བསྡུས་པར་མཛད་པའི་སྒྲ་བཤད་པ་འདྲའོ། །རྗེ་མཁྱེན་བརྩེའི་གསན་ཡིག་ན་འདི་གཉིས་ཀྱི་བར་དུ་སྣ་ཚོགས་དག་པའི་རྒྱུད་ལེའུ་ཉེར་དགུ་པ་དང་འགྲོ་བཟང་གིས་མཛད་པའི་སྒྲུབ་ཐབས་གསེར་འོད་འབར་


GLG001_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་འདུག་ཀྱང་དཔེ་མ་འབྱོར་བས་མ་ཐོབ། འགྲོ་བཟང་སྙིང་པོས་མཛད་པའི་ཞི་བ་བདེ་བྱེད་ལྷ་དགུའི་སྒྲུབ་ཐབས་གསེར་འོད་འབར་བའི་ཊིཀྐ་སེམས་ཅན་དབུལ་བ་རྣམས་ཀྱི་དོན་དུ་ཞི་བ་ནོར་སྒྲུབ་ལས་སྦྱོར་དང་བཅས་པ་བཤད་ཟིན་ཏོའི་མཐའ་ཅན། དེས་མཛད་པའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དྲག་བྱེད་སེང་ཞོན་ཁྲོས་པའི་འཕྲིན་ལས་སྒྲུབ་ཚུལ་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་བྱུང་བར་གྱུར་ཅིག་གི་མཐའ་ཅན། འཁོར་ཀླུ་བརྒྱད་ཀྱིས་མ་བསྐོར་བར་སྒྲོལ་བྱེད་ནག་པོ། ཁྱབ་འཇུག །ལྷ་མོ་དཔལ་ཚུལ་གནོད་སྦྱིན་གྱི་དམག་དཔུང་དང་བཅས་པ་སྣང་ངོ་། །དེས་མཛད་པའི་རྣམ་ཐོས་སྲས་བདེ་བྱེད་ཀྱི་རྟོག་པ་རྫོགས་བྱང་གི་མཐའ་ཅན་པཎྜི་ཏ་ཏེ་ཙ་དེ་ཝ་དང་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་ཞུས་ཤིང་བསྒྱུར་བ། རྣམ་སྲས་སེར་ཆེན་ཕྱག་མཚན་རིན་པོ་ཆེའི་བེ་ཅོན་དང་ནེའུ་ལེ་འཛིན་པ་ཞིག་སྣང་། འགོར་བཅོམ་ལྡན་འདས་དཔལ་ཕྱག་རྡོ་རྗེ་ལ་ཕྱག་འཚལ་ལོ་དངོས་གྲུབ་ཀྱི་འབྱུང་གནས་ཞེས་ཡོད་པ་ཤུ་རཾ་ཀ་ཝརྨས་མཛད་པའི་ཞི་བ་བདེ་བྱེད་སེར་པོ་ལྷ་དགུའི་མན་ངག་ཡིད་བཞིན་༼དབང༽ནོར་བུའི་སྒྲུབ་ཐབས་ཞེས་པ་རྫོགས་བྱང་གི་མཐའ་ཅན། དེའི་ཊཱིཀྐ་སློབ་དཔོན་ཤུ་རཾ་ཀ་ཝརྨས་མཛད་པའི་སྒྲུབ་ཡིག་འདི་ལ་གཉིས་ཏེ་ཞེས་པ་འགོར་ཡོད་པ་ལ་ཟབ་མོ་ཡིན་པས་གསང་བར་ཞུའི་མཐའ་ཅན། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་འདི་གཉིས་ཀྱི་བར་དུ་བདེ་བྱེད་ཀྱི་ཆོ་ག་སྣ་ཚོགས་པའི་མཛོད་དང་དཔའ་བོ་རྡོ་རྗེས་མཛད་པའི་ལུས་ངན་པོའི་སྒྲུབ་ཐབས་ཐར་ལོའི་འགྱུར་གཉིས་འདུག་པ་དཔེ་མ་འབྱོར་བས་མ་ཐོབ། ཤོག་དྲིལ་དྲུག་པ་ཞེས་པ་ནམ་མཁའ་མཛོད་ཀྱི་སྒྲུབ་ཐབས་ལ་ནང་གསེས་ཀྱི་སྐུ་གདུང་༼ཀོང༽རྒྱལ་མཚན་གྱི་སྒྲུབ་ཐབས་ཏེ་བསྙེན་པའི་ཆོ་ག །གསུང་ཆོས་


GLG001_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དུང་སྒྲུབ་༼ཀོང༽པའི་ཆོ་ག །ཙིཏྟ་རིན་པོ་ཆེ་ཐུགས་༼ཀོང༽སྒྲུབ་པའི་ཆོ་ག །འཆི་མེད་ཡོན་ཏན་༼ཀོང༽སྒྲུབ་པའི་ཆོ་ག །སྤུ་གྲི་གསང་༼ཀོང༽པ་འཕྲིན་ལས་སྒྲུབ་པའི་ཆོ་ག །བུམ་པ་བཟང་པོའི་དངོས་གྲུབ་མཐར་ཐུག་བང་མཛོད་སྒྲུབ་༼ཀོང༽པའི་ཆོ་ག་རྣམས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཏེ་ཙ་དེ་ཝས་མཛད་པ་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་བ། དེའི་གསལ་བྱེད་ཟངས་དཀར་ལོ་ཙཱ་བས་མཛད་པ་ལ་སྐུ་གཟུགས་ཀྱི་རྒྱལ་མཚན་༼ཀོང༽ལ་བརྟེན་ནས་རྒྱལ་པོ་ཞལ་དངོས་སུ་བལྟ་བའི་ཤོག་དྲིལ། གསུང་དབྱངས་ཆོས་ཀྱི་དུང་ལ་བརྟེན་༼ཀོང་༽ནས་སྙན་གྲགས་ཀྱི་རྒྱུན་སྒྲུབ་པའི་ཤོག་དྲིལ། ཙིཏྟ་རིན་པོ་ཆེ་ཐུགས་ཀྱི་སྒྲུབ་པ་ལ་བརྟེན་ནས་༼ཀོང༽རྒྱལ་པོ་དང་ཚངས་པའི་བུ་མོའང་འགུགས་པའི་ཤོག་དྲིལ། ཡོན་ཏན་ཤེལ་གྱི་བུམ་པར་བརྟེན་ནས་འཆི་མེད་༼ཀོང༽ཀྱི་ཚེ་སྒྲུབ་པའི་ཤོག་དྲིལ། འཕྲིན་ལས་དྲག་པོ་གནམ་ལྕགས་ཀྱི་སྤུ་གྲི་ལ་བརྟེན་ནས་༼ཀོང༽དགྲ་སྲོག་མྱུར་དུ་གཅོད་པའི་ཤོག་དྲིལ། ཏེ་ཙ་དེ་ཝའི་མན་ངག་མུ་འཐུད་དུ་སྣང་བས་གསན་ཡིག་ན་ཆད་པ་འདྲ། མཐར་ཐུག་གཏེར་གྱི་བུམ་པ་ལ་བརྟེན་ནས་དགོས་༼ཀོང༽འདོད་ཀུན་འབྱུང་ནམ་མཁའ་མཛོད་སྒྲུབ་པའི་ཤོག་དྲིལ། མཇུག་ཏུ་གང་ལས་བརྒྱུད་༼ཀོང༽ཀྱི་ལོ་རྒྱུས་ཉུང་ངུ་དང་འཁོར་ལོ་བྲི་ཚུལ་གྱི་ཡིག་ཆུང་དང་བཅས་པ། འདི་གཉིས་ཀྱི་བར་དུ་ཁྲོ་བོས་ཀོང་བུ་རི་བ་ལ་ཞུས་པའི་ཤོག་དྲིལ་དྲུག་གི་ཡི་གེ་ཟུར་བ་ཞིག་རྗེ་མཁྱེན་བརྩེའི་གསན་ཡིག་ཏུ་ཐབས་ཀྱང་དཔེ་མ་འབྱོར་བས་མ་ཐོབ། བསྙེན་པའི་གནད་སྙིང་དུ་དྲིལ་བ། སྒྲུབ་པའི་གནད་སྙིང་དུ་དྲིལ་བ། སྲོག་གནད་ལ་དབབ་པ་སྟེ་དོན་གསུམ་གྱི་མན་ངག་རྣམ་སྲས་སྙིང་དྲིལ་ལམ་སྙིང་དང་འདྲ་བའི་གནད་ཀྱི་ཡི་གེ་ཁྲ་རྒྱ་གར་དུ་གཙིགས་པོ་ཆེར་


GLG001_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ་རིན་པོ་ཆེ་སྣ་ལྔའི་ཁུ་བས་བྲིས་པས་ཁྲ་བོ་ཞེས་པའི་མིང་ཐོགས་སྐད། བོ། །འདི་གཉིས་ཀྱི་བར་ན་རྗེ་མཁྱེན་བརྩེའི་གསན་ཡིག་ན་གནོད་སྦྱིན་བྲེལ་ཕོངས་ཀྱིས་མནན་ཐབས་གུར་ག་དེ་ཝས་མཛད་པ་འདུག་ཀྱང་དཔེ་མ་འབྱོར་པས་མ་ཐོབ། ཟངས་དཀར་ལོ་ཙཱ་བའི་མགུལ་མགུལ་ཁུག་སྲོ་མོ་ཅན་གྱི་ཁ་གསལ་མ་བྱུང་ཡང་དཔེ་དང་གསན་ཡིག་ཞུས་དག་ཕེར་བས་ཡིད་ཆེས་སུ་བྱས་སོ། །ཁུག་སྲོ་མ་ཅན་ལ་རྣམ་སྲས་གསེར་ཆེན་གྱི་གསང་སྒྲུབ་རིན་པོ་ཆེའི་ཁང་པ་བརྩེགས་པ་ཞེས་བྱ་བ་རྫོགས་བྱང་གི་མཐའ་ཅན། རྣམ་སྲས་ལྗང་སེར་བེ་ཅོན་མའི་ཐུགས་༼དབང༽སྒྲུབ་གསང་སྒྲུབ་རྫོགས་སོའི་མཐའ་ཅན་རྒྱལ་པོ་རྣམ་ཐོས་སྲས་ཀྱི་གསང་བའི་མན་ངག་ཅེས་པར་ནང་གསེས་ཀྱི་དངོས་གྲུབ་ཀྱི་གཞི་བཟུང་བ། རྟེན་གཟུག་པ། གཤམ་བུ་བདུན་གྱིས་དངོས་གྲུབ་བསྡུ་བ། ཚེ་སྒྲུབ་པ། བསེ་རག་ཁ་འཆིང་བ་དང་། བཅས་པ་འགྲོ་བཟང་སྙིང་པོས་མཛད་པ་ཡིན་གྱི་མཐའ་ཅན། སྣ་ཚོགས་དག་པའི་རྒྱུད་ལས་གང་ལ་དམིགས་པའི་ལིངྒ་ཡི་ཞེས་སོགས་མནན་པ། རྨི་ལྟས། འཁོར་ལོའི་ཁ་ཆིངས། སྔགས་ཀྱི་ཁ་ཆིངས་དང་བཅས་པའི་བསེ་རག་འཆིང་བ་ཤིན་ཏུ་རྒྱས་པ་འགྲོ་བཟང་སྙིང་པོ་དེ་སྐད་གསུང་ངོའི་མཐའ་ཅན། རྒྱུན་དུ་འགྲོགས་པར་འདོད་ན་རྟེན་གསུམ་གཟུག་པའི་མན་ངག་ཐམས་ཅད་འགྲུབ་པར་ཐེ་ཚོམ་མེད་དོའི་མཐའ་ཅན། རྟེན་གསུམ་གཟུག་པའི་མན་ངག་འཁོར་ལོ་འདྲི་ཚུལ་ཁྱི་དམར་པོའི་སྙིང་ལ་བརྟེན་པའི་མན་ངག་གཤམ་བུའི་ཚུལ་དུ་བཟླས་སོའི་མཐའ་ཅན། མཁྱེན་བརྩེའི་གསན་ཡིག་ན་ཚར་གཉིས་མ་བྱུང་ཡང་ཕྱི་མ་འདི་གསལ་བྱེད་དུ་འདུག་པས་ཁ་ཕྲལ་ནས་བྲིས་པ་ཡིན། བསྙེན་སྒྲུབ་ལས་གསུམ་གྱི་རྟགས་མ་བྱུང་ན་སྤོགས་པའི་ཆོ་ག་སྐུ་གསུང་ཐུགས་ཀྱི་བྱིན་


GLG001_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབ་པའི་མཐའ་ཅན། སྤྱིར་གཅེས་པའི་མན་ངག་གསུམ། བྱེ་བྲག་ཏུ་གཅེས་པའི་མན་ངག་དགུ །སྒོས་སུ་གཅེས་པའི་མན་ངག་གཅིག་རྣམས་སྟོན་པ་ཞལ་གདམས་རིན་པོ་ཆེའི་འཕྲེང་བ། འགོར་བསམ་པ་བཞིན་དུ་སྒྲུབ་པ་སྲིད་པས་ཉེར་བླངས་ན་ཞེས་ཡོད་པའི་རྣམ་སྲས་སེར་ཆེན་གསང་སྒྲུབ་ཅེས་པ་རྟེན་བཅའ་བ། སྒྲུབ་ཐབས་བསྙེན་པ་རྟགས་དང་བཅས་སྟོན་པ་ཁ་ཆེ་དགོན་པ་བའི་ཐུན་མོང་མ་ཡིན་པའི་གདམས་པ་ཟབ་མོ་ཡིན་ནོའི་མཐའ་ཅན། འགོར་གནོད་སྦྱིན་དབང་པོའི་ཚེ་སྒྲུབ་ནི་ཞེས་ཡོད་པའི་རྣམ་སྲས་དཀར་པོའི་ཚེ་སྒྲུབ་ཤིན་ཏུ་ཟབ་པ་འི་མཐའ་ཅན། རྣམ་ཐོས་སྲས་ཀྱི་སྲོག་འཁོར་དགོས་འདོད་ཀུན་འབྱུང་ངམ་མན་ངག་དགོས་འདོད་ཀུན་འབྱུང་དུ་གྲགས་པ་ལ་གཞི་སྒྲུབ། རྗེ་མཁྱེན་བརྩེའི་གསན་ཡིག་ན་ནང་གསེས་རྣམས་གསལ་ཁ་མི་འདུག་ཀྱང་ཆོས་སྡེའི་མིང་དང་གསན་ཡིག་མཐུན་པས་ཐེ་ཚོམ་མ་དགོས་པས་ཞིབ་པར་བཀོད་དོ། །རྟེན། གཤམ་བུ་བདུན་པ། ཚེ་སྒྲུབ། བསེ་རག་ཁ་འཆིང་རྣམས་གོང་མ་དང་ཞུས་དག་ཅུང་ཟད་མི་ཕེར་བའི་འདྲ་མིན་གཅིག་རྣམ་ཐོས་སྲས་ཀྱི་གསད་གསོ་གཉིས་ལས་གནད་ཀྱི་མན་ངག་ཤིན་ཏུ་གབ་པ་མ་གྲུབ་ན་གནད་ལ་དབབ་པ་དངོས་གྲུབ་ཅི་འདོད་སྟེར་རོ་རྫོགས་སོའི་མཐའ་ཅན། བསྙེན་སྒྲུབ་ལས་གསུམ་གྱི་རྟགས་མེད་ན་སྤོགས་ཆོག་གོང་དང་འདྲ་མིན་ཅུང་ཟད་རྒྱས་པ་གསང་བ་རྒྱ་རུ། ལྕགས་མཁྱུད་གང་པ་གྱིམ་ཤང་འཕྲུལ་གྱི་རྒྱལ་པོ། བྱི་བ་ལོ་པ། ཟངས་མཁྱུད་གང་པ། གསེར་གྱི་བྱི་བ། ཤ་ཕོ་རྭ་བཅུ། རྒྱ་རུ་སྟོད་སྔོན་སྨད་དམར། རྐུན་མའི་ལག་པ། རྒྱའི་པགས་པ་རྣམས་ལ་བརྟེན་ནས་ནོར་སྒྲུབ་པ། ཕྱི་གྲི་རྒོད་ཀྱི་ལག་པ། ནང་གསེར་གྱི་བྱི་བ་གསང་བ་རྒྱ་རུ། ཡང་གསང་


GLG001_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བསེའི་གའུ་ལ་བརྟེན་ནས་ནོར་སྒྲུབ་པ། སྐུ་འཁར་བ། གསུང་གཏོར་མ། ཐུགས་ཙིཏྟ། ཡོན་ཏན་རིན་ཅེན། འཕྲིན་ལས་ཕུར་པ་ལ་བརྟེན་ནས་ནོར་སྒྲུབ་པ། རྣམ་སྲས་སྲེ་ཐོད་མ་ཞར་བྱུང་སྤོགས་ཆོག་དང་བཅས་པ། རི་དྭགས་རྒྱའི་པགས་པ། རྐུན་མ་བྱི་བ་འདྲ་བའི་ལག་པ། རྒྱ་ལྕགས་ལ་བརྟེན་ནས་སྒྲུབ་པ། གཞན་གྱི་ནོར་འགུགས་པའི་མན་ངག་རྣམས་ལྷ་ས་ནས་ཟངས་དཀར་ལོ་ཙཱ་བས་སྤྱན་དྲངས་པ། མ་ཧཱ་རཱ་ཛའི་ཕྱག་མཚན་གཉིས་ཀྱི་འཕྲིན་ལས་སྒྲུབ་པའི་དང་པོ་རྒྱལ་མཚན་ལ་༼དབང༽བརྟེན་ནས་རྒྱལ་པོའི་འཁོར་གྱི་མ་རུངས་པ་རྣམས་ཀྱི་བར་གཅོད་དང་འཁུ་ལྡོག་སེལ་བ། སྙིགས་དུས་སྐྱེ་བོ་དབུལ་ཞིང་ཕོངས་པའི་དོན་དུ་ནེའུ་ལེ་ལ་བརྟེན་ནས་༼དབང༽ནོར་ཚུལ་བཞིན་དུ་སྒྲུབ་པ་གཉིས་ཁ་ཆེ་པཎ་ཆེན་གྱི་མན་ངག །རྒྱལ་པོའི་རྗེས་སུ་འབྲང་བའི་གཏོར་མའི་མན་ངག །འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་འདི་ལྟར་སྣང་བ་དཔེ་ཟུར་པ་མ་རྙེད་གོང་གི་མཇུག་ན་གནོད་སྦྱིན་ཀུ་བེ་རའི་ལས་མཁན་སྤྲེའུ་སྡིག་ཞོན་ལ་གཏོར་མ་འབུལ་བ་ཞིག་འདུག་པ་ཡིན་ནམ་སྙམ་པ་དཔྱད། སྒྲུབ་པའི་ཆ་རྐྱེན་བསོད་ནམས་བསྐྱེད་པའི་ཐབས་ཇོ་བོ་རྗེས་ཟངས་དཀར་ལོ་ཙཱ་བར་གནང་བ་ཐེ་ཚོམ་མེད་དོའི་མཐའ་ཅན། འགོར་ལོ་རྒྱུས་དང་བཅས་པའི་ཤེས་པ་དཀར་པོའི་སྲོག་འཁོར་མནན་ཐབས་བར་གཅོད་མེད་པར་མྱུར་དུ་འགྲུབ་བོའི་མཐའ་ཅན། གནོད་སྦྱིན་སེང་གདོང་ཅན་མནན་ཐབས་སྲོག་དང་འདྲ་བས་ཤིན་ཏུ་ཟབ་ཀྱི་མཐའ་ཅན། འགོར་རྒྱབ་འདྲེ་བ་དཀར་བའི་ཐབས་བསྟན་པ་ཞེས་ཡོད་པའི་གནོད་སྦྱིན་ཤེས་པ་དཀར་པོ་གནོན་ཐབས་གལ་ཆེ་གསུང་ངོའི་མཐའ་ཅན། རྗེ་མཁྱེན་བརྩེའི་གསན་ཡིག་ན་དམ་སྲི་ཁ་ཆིངས་


GLG001_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲེལ་ཕོངས་མནན་པ་གཉིས་འདུག་སྔར་སོང་ཟིན་པ་དེ་ལས་ཟུར་མ་རྙེད་པས་ལུང་མ་ཐོབ། གསང་རྟེན་བཅའ་ཞིང་དཀྱིལ་འཁོར་འདྲི་བ། རྫས་གསག་པ། ལྷ་བསྒོམ་སྔགས་བཟླ། དངོས་གྲུབ་བླངས་པ། གནད་ལ་བོར་བ་སྟེ་དོན་ལྔའི་སྒོ་ནས་བསྟན་པའི་གསང་སྒྲུབ་ལྗང་གུ་བེ་ཅོན་མའི་ཡི་གེ་ཟངས་དཀར་ལོ་ཙཱ་བས་མཛད་པ་མགུལ་ཁུག་སྲོ་ཚུད་མ། འདི་རྣམ་སྲས་རང་གིས་ཚུར་གསུངས་པའི་གདམས་པ་ཐུགས་ཟིན་སྙིང་གི་བུ་ལའང་གསེར་སྲང་ཕྱེད་ཀྱི་འབུལ་བ་མེད་པར་མི་སྦྱིན་པ། རྣམ་སྲས་ལྗང་ནག་སྤུ་གྲི་དང་ཙིཏྟ་འཛིན་པ་སེང་གེ་ལ་ཆིབས་པ་རྒྱལ་པོ་འདིའི་ལས་མཁན་དམར་པོ་ཞུབ་ཅན་བསེ་མདུང་དང་སྤུ་གྲི་འཛིན་པ་བྱ་ཁྲ་ལ་ཆིབས་པ་ཞིག་སྣང་ངོ་། །ཆེན་པོ་ནང་ལུགས་སུ་སྒྲུབ་པ་ཞེས་བྱ་བ་ཟངས་དཀར་གྱི་ཐུགས་དམ་མ། རྗེ་མཁྱེན་བརྩེའི་གསན་ཡིག་ན་དེའི་ཡིག་ཆུང་ཟངས་དཀར་ལུགས། བསྟོད་པ་འཇིག་རྟེན་དབང་ཕྱུག་མ། དངོས་གྲུབ་གྱི་རྫས་ཉི་ཤུ་རྩ་བདུན་འབུལ་བ་ཚིགས་བཅད་མ་ཁྲོ་ལོས་མཛད་པ། བྲམ་ཟེ་ནག་པོས་མཛད་པའི་བསྟོད་པ་ཐུགས་རྗེའི་བ་འཇོ་མ་བཞི་དཔེ་མ་འབྱོར་བས་ལུང་མ་བྱུང་། འགོར་སངས་རྒྱས་སྟོང་གི་གསང་བའི་མཛོད་ཅེས་ཡོད་པའི་གོས་སྔོན་ཅན་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཀུན་མཁྱེན་བུའི་གསུང་རྒྱུན། དེས་བློ་གྲོས་སེང་གེའི་དོན་དུ་མཛད་༼དབང༽པའི་སྒྲུབ་ཐབས་དགོས་འདོད་འབྱུང་བ། དེས་མཛད་པའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་བསྟོད་པ་རྒྱལ་པོ་ཐུགས་མཉེས་པར་བྱེད་པ་ཞེས་བྱ་བ། དགོས་འདོད་འབྱུང་བའི་ཞལ་ཤེས་བཤེས་གཉེན་༼དབང༽འབྲོམ་སྟོན་བཀྲ་ཤིས་སེང་གེའི་ངོར་ཐུགས་སྲས་ལོ་ཙཱ་བ་རིན་ཅེན་རྣམ་རྒྱལ་གྱིས་མཛད་པ། དགོས་འདོད་འབྱུང་བའི་སྲོག་འཁོར་གྱི་ཞལ་ཤེས་ཚར་ལུགས་ཀྱི་ཁྱད་ཆོས་འཇམ་


GLG001_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་མཁྱེན་བརྩེའི་ཕྱག་བྲིས་ལས་བཤུས་པ། འདི་ལ་ཕྱག་ལེན་དམར་ཁྲིད་ཀྱི་བརྒྱུད་པ་ལས་ལུང་རྒྱུན་མེད་དོ། །ཐུགས་སྲས་ལོ་ཙཱ་བས་མཛད་པའི་ཞི་བ་བདེ་བྱེད་སེར་པོའི་བསྟོད་པ་༼དབང༽ཡི་གེ་མ་མོ་ལ་སྤེལ་བ་རྣམ་དག་ཆོས་དབྱིངས་མ། དེས་མཛད་པའི་དྲག་བྱེད་ནག་པོ་ལ་བསྟོད་པ་༼དབང༽ཡི་གེ་མ་མོ་ལ་སྤེལ་བ་གང་ཐུགས་གཉིས་མེད་མ། སྤོས་ཁང་པ་རིན་ཅེན་རྒྱལ་མཚན་གྱིས་མཛད་པའི་ཆོས་༼ར༽སྐྱོང་རྣམ་ཐོས་སྲས་ཀྱི་སྔོན་བྱུང་ལོ་རྒྱུས། དེས་མཛད་པའི་གཏོར་མའི་ཆོ་ག་ཆེན་༼ར༽མོ། འགོར་སྐད་ཤན་སྦྱར་དང་གཤམ་དུ་མཚན་མ་སྨོས་པར་རྒྱལ་པོ་ཆེན་པོའི་གཏོར་ཆེན་འདིས། བདག་གིས་ལེགས་པར་སྦྱར་བ་ཡི། །དགེ་བས་སེམས་ཅན་ཐམས་ཅད་ལ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག་ཅེས་ཡོད་པ། རྗེ་མཁྱེན་བརྩེའི་གསན་ཡིག་ཏུ་འདི་གཉིས་ཀྱི་བར་ན་ཕྱག་རྡོར་གསང་བའི་མཚན་བརྒྱད་ཀྱི་བསྟོད་པ་ཞེས་པ་འདུག་པ་དཔེ་མ་འབྱོར་བས་མ་ཐོབ། དེས་མཛད་པའི་མན་ངག་གི་སྐོར་ལ་གསང་༼ར༽རྟེན་གའུ་ལ་བརྟེན་ནས་ཆོས་སྐྱོང་ཁྱི་ལྟར་འཁྲིད་པའི་མན་ངག །ཁང་བཟང་དང་སྐུ་ལ་བརྟེན་ནས་༼ར༽ཞི་བ་ནོར་དུ་སྒྲུབ་པ། སྲོག་གི་༼ར༽འཁོར་ལོའི་བྲི་ཡིག །ཕྱག་མཚན་ནེའུ་ལེའི་ལས་སྦྱོར་༼ར༽ཐུན་མོང་མ་ཡིན་པ། བཙུན་མོ་མེ་ཏོག་གཙུག་ཕུད་༼ར༽ཀྱི་ལས་སྦྱོར། སྐྱེས་དར་མའི་རུས་པ། བུད་མེད་ཀྱི་ཕང་ལོ། སྐྱེར་ཕུར། ཁམ་ཕོར་རྣམས་ལ་༼ར༽བརྟེན་ནས་དབང་དུ་བསྡུ་བ། ལྟས་ངན་སྣ་ཚོགས་༼ར༽གཏོང་བ། གདན་སེང་གེའི་ལས་༼ར༽ཚོགས་ཟབ་མོ། ཆོས་སྐྱོང་གི་ཕྱིར་༼ར༽འབྲང་ཤེས་པ་དཀར་པོ་བཀར་བ་རྣམས། དེས་མཛད་པའི་རང་ངམ་འཁོར་ལ་མི་༼ར༽མ་ཡིན་གྱི་གནོད་


GLG001_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྲུང་བའི་མན་ངག །འབྲོམ་སྡེ་ཉི་མའི་ལུགས་ཀྱི་རྣམ་སྲས་སྐོར་གྱི་ནོར་སྒྲུབ་ལ། རྒྱལ་པོ་ཆེན་པོ་སེར་ཆེན་ལྷ་དགུའི་སྒྲུབ་ཐབས་རྒྱས་པ། འབྲིང་། བསྡུས་པ། ཤིན་ཏུ་བསྡུས་པ་རྣམས་གཅིག་ཏུ་བསྡོམས་པ་གནོད་སྦྱིན་༼འབྲོམ༽ནོར་གནས་ཀྱི་སྒྲུབ་ཐབས་རིན་པོ་ཆེའི་ཁྲིམས་ཞེས་བྱ་བ། རྫའི་གའུ་ལ་བརྟེན་ནས་རྣམ་སྲས་ཆིག་སྒྲུབ་མན་༼འབྲོམ༽ངག་ནོར་གནས་ཀྱི་སྒྲུབ་པར་གྲགས་པ། རྫའི་གའུ་ལ་བརྟེན་ནས་རྒྱལ་པོ་ཆེན་༼འབྲོམ༽པོ་རྣམ་སྲས་གསེར་ཆེན་གནོད་སྦྱིན་བརྒྱད་ཀྱིས་བསྐོར་བའི་སྒྲུབ་ཐབས། གཡོན་ནེའུ་ལེའི་རྐྱལ་བ་དང་མཆན་ཁུང་ན་བེ་ཅོན་བསྣམས་པ་ཞིག་འདུག །ལག་པ་ལ་བརྟེན་ནས་སྒྲུབ་པ་༼འབྲོམ༽ལག་སྒྲུབ་སྲིན་པོའི་ནོར་ལེན། རྐྱལ་པ་ལ་བརྟེན་ནས་སྒྲུབ་༼འབྲོམ༽པ་ནེའུ་ལེ་རྫས་ཀྱི་ནོར་བུ། སྙིང་ལ་བརྟེན་ནས་བསྒྲུབ་པ་སྙིང་སྒྲུབ་༼འབྲོམ༽རིག་པའི་ནོར་ལེན་རྣམས། སྲིའུ་གསོ་བའི་སྐོར་ལ། དང་པོ་མ་ཆགས་པར་བྱེད་༼འབྲོམ༽པའི་སྲིད་པ་སྐྱེས་གནས་ཀྱི་སྲོག་ཤིང་། ལྟེ་བ་བུར་བསྒྱུར་ཅིང་དགོས་པ་༼འབྲོམ༽སྲིད་བསྒྱུར་གྱི་མན་ངག །མོ་འདྲེ་འདུལ་བ་བསེན་མོ་༼འབྲོམ༽འདྲེ་འདུལ་གྱི་གདམས་པ་ལོག་འདྲེན་འདུལ་བ་རྒྱལ་འགོང་༼འབྲོམ༽འདུལ་བྱེད་ཀྱི་གདམས་པ་རྣམས། དབང་དུ་བསྡུ་བ་ལ། ཕོ་མོ་གཉིས་ཀ་དབང་དུ་༼འབྲོམ༽བྱ་བ་ནོར་སྒྲུབ་གསང་བའི་མན་ངག །ཕོ་ཆིངས་དང་གསན་ཡིག་ལ་འདི་ལྟར་སྣང་ཡང་མན་ངག་ལ་ཕོ་དབང་དུ་བྱ་བ་ཟུར་དུ་མི་འདུག །རིགས་མོ་རིགས་སོ་སོར་དབང་༼འབྲོམ༽དུ་བྱ་བ། སྐྱེས་པ་དང་འབྲལ་༼འབྲོམ༽མི་ཕོད་པར་བྱེད་པ། མོ་གཤམ་ལ་བུ་སྐྱེ་བ། བུ་༼འབྲོམ༽དང་ཤ་མ་འབྱིན་པ་རྣམས། ཞི་བྱེད་ཀྱི་སྐོར་ལ། མ་བཞུ་བ། འགོ་ནད། མིག་ནད། རྒྱུ་ནད། ལྷོག་པའི་ནད་༼འབྲོམ༽རྣམས་ཞི་འདི་གསུམ་གསན་ཡིག་ན་ཟུར་དུ་མི་གསལ་ཡང་མན་ངག་གི་དཀྱུས་སུ་སྣང་


GLG001_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པ། ཡན་ལག་བཅུ་དྲུག་པ། ཡན་ལག་དྲུག་པ། ཡན་ལག་བཞི་པ། ཡན་ལག་བརྒྱད་པ། ཡན་ལག་སུམ་ཅུ་རྩ་བཞི་པ་རྣམས་ཀྱི་དུད་པ་ལ་༼འབྲོམ༽བརྟེན་ནས་བགེགས་ཐམས་ཅད་བསྲུང་ཞིང་བགེགས་ལས་རྒྱལ་བར་བྱེད་པ་རྣམས། དྲག་པོ་མཐུའི་སྐོར་ལ། ཆོས་སྡེ་གཅིག་ལ་དོན་རྣམ་པ་ལྔར་༼འབྲོམ༽བསྟན་པའི་ཁྱི་དཀར་ཐོད་པ་ལ་བརྟེན་པའི་སྲོག་མཐུ་གནོད་སྦྱིན་ལག་རིང་། བྱ་ཕ་ཝཾ་མགོ་ལ་བརྟེན་༼འབྲོམ༽པའི་ལྟས་ངན་ཕོ་ཉ་བྱ་མགོ །ཤ་གཡག་གཙོད་ཀྱི་རྭ་ལ་བརྟེན་པའི་༼འབྲོམ༽ཟློག་པ་ལྷ་འདྲེའི་ཁ་ཆིངས། མཛོའི་རྭ་ཅོ་དང་མཛོའི་ལག་པ་སོགས་ལ་བརྟེན་༼འབྲོམ༽པའི་ཁང་སེལ་རྭ་བཞི་ལག་བཞི། ཕག་ཐོད་ལ་བརྟེན་༼འབྲོམ༽པའི་གཏད་འཕུང་བྱེད་ཀྱི་སྐོར་དང་བཅས་པ། དེ་དག་སྤྱི་ལ་འཇུག་པའི་ལས་བྱང་དོན་བརྒྱད་མ་རྣམས་སློབ་དཔོན་སངས་རྒྱས་གསང་༼འབྲོམ༽བས་མཛད་པ། ཡིད་ཆེས་པ་བརྒྱུད་པའི་ལོ་རྒྱུས་མན་༼འབྲོམ༽ངག་གི་ཆིངས་དང་བཅས་པ། འདི་སྐོར་གྱི་མན་ངག་མང་པོར་བུདྡྷ་གུཔྟས་མཛད་ཟེར་བ་འདུག་པ་སངས་རྒྱས་གསང་བའི་མཚན་གྱི་རྣམ་གྲངས་ལས་སློབ་དཔོན་གཞན་དུ་ཡིད་འཁྲུལ་བར་མི་བྱའོ། །གསང་སྒྲུབ་ཀྱི་མན་ངག་གོང་ཁུག་སྲོ་མ་ཅན་དུ་གཏོགས་པ་གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས་ཀྱི་གསང་༼བེ༽སྒྲུབ་དོན་དྲུག་གིས་བསྟན་པ་ལེའུ་གསུམ་པ་ཞར་བྱུང་རྒྱལ་པོའི་མན་ངག་དང་བཅས་པ་ཐུགས་སྒྲུབ་གསང་བ་མ་ནོར་བ་རྫོགས་སོའི་མཐའ་ཅན། རྣམ་ཐོས་སྲས་སྲོག་གི་སྒྲུབ་པ་ཞེས་པ་དཀྱིལ་འཁོར་༼བེ༽དང་རྫས་བཤམ་པ་སྒྲུབ་པ་དངོས་དང་བཅས་པ་རིན་ཅེན་གསེར་འདྲའི་ནོར་སྒྲུབ་ཏུ་གྲགས་པ་ཟངས་དཀར་ལོ་ཙཱ་བའི་གསེར་ཆོས་


GLG001_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་ན་ལན་ཚྭ་ཆུ་ཤོར་འདྲའི་མཐའ་ཅན། གསང་སྒྲུབ་ཀྱི་ལག་ལེན་བུམ་༼བེ༽པ་ལོངས་སྤྱོད་ཀྱིས་གང་བའི་སྟེང་དུ་ལྷ་སྒོམ་པའི་མཐའ་ཅན། རྗེ་མཁྱེན་བརྩེའི་གསན་ཡིག་ན་མགུལ་ཁུག་སྲོ་མ་ཅན་ཞེས་པ་ལས་ཆོས་ཚན་གྱི་མིང་དང་གསལ་ཁ་མི་འདུག་ཀྱང་གསུམ་པོ་འདི་གོང་ཁུག་མ་ཡིན་ངེས་དང་གཞན་མ་མ་རྙེད་ཅིང་ཁ་ཆེ་དགོན་པ་བའི་བེ་བུམ་བསེ་ཁབ་མ་ཟེར་བ་དཔེ་མ་འབྱོར་པས་ལུང་མ་ཐོབ། བཻ་ཤྲ་མ་ཎ་ཁ་རག་ཁྲམ་ཐོགས་ནག་པོའི་རྒྱུད་ལེའུ་༼ཀླུ༽སུམ་ཅུ་སོ་ལྔ་པ་འཕུང་བྱེད་ཤནྟིཾ་གརྦྷ་དང་བོད་ཀྱི་ལོ་ཙཱ་བ་གནུབས་སངས་རྒྱས་རིན་པོ་ཆེས་བསྒྱུར་བ། རྒྱལ་པོ་ལུས་ངན་པོ་སྲོག་གི་གཤེད་མ་འདི་ལ་སྤྱི་དོན་དྲུག་གིས་བསྟེན་པ་༼ཀླུ༽སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་བདུད་མོ་བཞི་སྐོར་གྱི་གདམས་པ། མགོན་པོ་གར་མཁན་མཆོག་དམར་སྨུག་ཞལ་གསུམ་ཕྱག་བཅོ་བརྒྱད་པའི་སྒྲུབ་༼ཁ༽ཐབས་སློབ་དཔོན་ཆེན་པོ་ཁ་ཆེན་རིན་ཅེན་རྡོ་རྗེས་མཛད་པ་ཟངས་དཀར་གྱི་འགྱུར། རྗེ་མཁྱེན་བརྩེའི་གསན་ཡིག་ན་བར་འདིར་འགྲེལ་པ་འདུག་པ་དཔེ་མ་བྱུང་བས་ལུང་མ་ཐོབ། དེའི་ངག་འདོན་འགོར་སྐད་ཤན་སྦྱར་གྱི་གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོའི་སྒྲུབ་༼ཁ༽ཐབས་ཞེས་པ་ཡོད་པའི་རིན་ཅེན་ཆར་པ་རྒྱུན་ཆད་མེད་འབབ་ཤོག་གི་མཐའ་ཅན། སྤྱན་འདྲེན་དད་པ་དམ་ཚིག་༼ཁ༽མ། སྒྲུབ་ཐབས་དང་མཐུན་པར་རྟགས་༼ཁ༽ཀྱི་བསྟོད་པ། སྒྲུབ་ཐབས་དང་མཐུན་པའི་བསྐུལ་སྔོན་གྱི་བསྐལ་པ་མ་དང་བཅས་པ། རྣམ་སྲས་དཀར་པོ་ལྷ་དགུའི་སྒྲུབ་ཐབས་རྗེས་གནང་གི་ཆོ་ག་༼ཤཱ༽དང་བཅས་པ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པ། ཨོ་རྒྱན་ཆེན་པོས་ལྷ་སྲས་དང་ཞང་གཉིས་ལ་གནང་བའི་རྣམ་སྲས་སྤྲིན་གསེབ་མར་གྲགས་པའི་སྐོར་ལ། ལོ་རྒྱུས་འདན་མ་རྩེ་མང་༼ལྗང༽གིས་ཡི་གེར་


GLG001_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པ་རྫོགས་སོའི་མཐའ་ཅན། རྗེས་གནང་གི་ཆོ་ག་དམ་ཚིག་རྣམས་སྲུང་བ་༼ལྗང༽ལ་བརྩོན་པར་གྱིས་ཤིག་གི་མཐའ་ཅན། ཀློང་ཡངས་རིན་ཅེན་གཏེར་གྱི་རྒྱུད་ལས་བསྟན་པའི་སྒྲུབ་༼ལྗང༽ཐབས་ལས་ཀྱི་དངོས་གྲུབ་སྩལ་ཏུ་གསོལ་གྱི་མཐའ་ཅན། རྡོ་རྗེ་སྲིད་རྒྱལ་གྱི་སྒོ་ནས་༼ལྗང༽ཉམས་གྲིབ་ནད་དང་བར་ཆད་ཐམས་ཅད་སེལ་བའི་ཆོ་ག །འཇོམས་བྱེད་ཁྱི་མགོ་ཅན་གྱི་སྒོ་ནས་སྲིད་༼ལྗང༽པ་གསུམ་གྱི་མཚོན་ཁ་འཆིང་བའི་མཚོན་སྲུང་། ཀླུ་མོ་པདྨ་འཛིན་གྱི་༼ལྗང༽སྒོ་ནས་ནོར་སྒྲུབ་པ། ཀུན་ཏུ་རྒྱུ་ནོར་༼ལྗང༽འཛིན་གྱི་སྒོ་ནས་ཟས་ནོར་ལོངས་སྤྱོད་སྒྲུབ་པ། རྡོ་རྗེ་དྲག་པོ་རྩལ་༼ལྗང༽གྱི་སྒོ་ནས་དགྲ་གསད་པ། མཆེ་ཆུག་དྲེད་མགོ་ཅན་གྱི་སྒོ་༼ལྗང༽ནས་མནན་པ་བྱ་བ། འཕྲོག་བྱེད་སྤྲེལ་མགོ་ཅན་༼ལྗང༽གྱི་སྒོ་ནས་དབྱེ་བ། གར་དབང་ཁྱུང་མགོ་ཅན་༼ལྗང༽གྱི་སྒོ་ནས་གནོད་སྦྱིན་འདུལ་བ། ཐེག་ཆེན་སྤང་དྲེད་༼ལྗང༽མགོའི་སྒོ་ནས་སེར་བ་དབབ་པ། དཔའ་བོ་རྒྱལ་འུག་པའི་༼ལྗང༽མགོ་ཅན་གྱི་སྒོ་ནས་བསྐྲད་པ། དེ་དག་གི་དམ་ཚིག་བསྟན་༼ལྗང༽པ་དང་བཅས་པ། འདིའི་མཇུག་ན་རྣམ་སྲས་སྤྲིན་གསེབ་མ་གཏེར་མ་རྫོགས་སོ་ཟེར་བ་འདུག་ཀྱང་དེང་སང་འདི་རྙིང་མ་བཀའ་མར་ངོས་འཛིན་མཛད་པ་ཡིན། མདུང་དམར་ཅན་ཕྱག་མཚན་བཞི་པའི་སྐོར་ལ་གནོད་སྦྱིན་༼བཞི༽དབྱུག་ཏོ་ཅན་གྱི་རྒྱུད་ལེའུ་བདུན་པ། འདི་ལ་སློབ་དཔོན་པདྨའི་རྒྱ་དཔེ་ལས་གཉཊ་ཛྙཱ་ན་ཀུ་མཱ་རས་བསྒྱུར་བ། ལི་ཡུལ་དུ་སློབ་དཔོན་བི་མ་ལ་མི་ཏྲ་དང་ལོ་ཙཱ་བ་བཻ་རོ་ཙ་ནས་བསྒྱུར་བ་དང་། རྒྱ་ནག་ཚེ་སྤོང་ཀླུ་བཟང་དང་རྒྱལ་མོ་གཡུ་སྒྲས་བསྒྱུར་བ་སོགས་འགྱུར་མང་། དེའི་ལེའུ་མཐའ་མའི་ཚེ་


GLG001_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་༼བཞི༽ཀྱི་གསལ་བྱེད་སློབ་དཔོན་བི་མཱ་ལ་མི་ཏྲས་མཛད་པ། འདི་གཉིས་ཁྲོ་ཕུ་ལོ་ཙཱ་བས་བྱ་རྒོད་གཤོངས་ནས་གཏེར་ནས་སྤྱན་དྲངས་པ་ཡིན། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་དམར་པོའི་སྒྲུབ་ཐབས་དགོས་འདོད་ཀུན་འབྱུང་༼བཞི༽མཐར་ཐུག་མཛད་མེད་མཛོད་ལ་སྤྱོད་པར་ཤོག་གི་མཐའ་ཅན། གསང་ཡུམ་མ་ཏྲག་བཞིའི་ཞལ་གདམས་ལ་ནང་གསེས་ཀྱི་འགོར་དོན་གྲུབ་༼བཞི༽ཐུགས་སྲས་རྒྱལ་པོ་རྣམ་ཐོས་སྲས་ཞེས་ཡོད་པའི་ཡི་གེ །རྣམ་སྲས་སྲོག་ལེན་གྱི་ཡིག་སྣ་ལས་སྦྱོར་དམར་པོའི་ཞལ་༼བཞི༽གདམས་སུ་གྲགས་པ། ཡང་རྣམ་ཐོས་སྲས་དམར་པོ་སྲོག་ལེན་གྱི་ཡིག་སྣ་༼བཞི༽སྙིང་ལ་སྤོས་ཤིག་གི་མཐའ་ཅན། གསང་ཡུམ་བཞིའི་ཞལ་༼བཞི༽གདམས་སྙིང་གར་ཟངས་ཀྱི་རྩིབས་བཞི་ཞེས་ཡོད་པ། མཁྱེན་བརྩེའི་གསན་ཡིག་ན་གསང་ཡུམ་གྱི་ཞལ་གདམས་ཞེས་པ་ལས་སོ་སོའི་གསལ་ཁ་མི་འདུག །མདུང་དམར་ཅན་གྱི་སྒྲུབ་ཐབས་༼བཞི༽མཁན་ཆེན་ཆོས་འཕགས་བཟང་པོས་རོལ་འབུམ་གྱི་གཙུག་ལག་ཁང་དུ་སྦྱར་བ། འགོར་རྣམ་ཐོས་སྲས་དམར་པོ་སྣང་བ་མཐའ་ཡས་༼བཞི༽གསུང་གི་སྤྲུལ་པ་ཞེས་ཡོད་པའི་ཚེ་སྒྲུབ། རྣམ་ཐོས་སྲས་སྲོག་རྩ་ཡིད་བཞིན་ནོར་བུའི་༼བཞི༽སྒྲུབ་ཐབས་ཡིག་ཆུང་། གནད་ལ་དབབ་པ་འགོར་མ་ཏྲག་བཞིའི་ཡིག་སྣ་ལས་ཞེས་ཡོད་པའི་༼བཞི༽ཞལ་ཤེས་བསྟོད་ཅིང་གསོལ་བ་གདབས་པོའི་མཐའ་ཅན། མཁྱེན་བརྩེའི་གསན་ཡིག་ཏུ་འདི་གཉིས་ཀྱི་བར་ན་སྔགས་ཀྱི་ཐེམས་ཡིག་འདུག་པ་དཔེ་མ་འབྱོར་པས་མ་ཐོབ། བསྒྲུབ་བྱའི་རྩ་གསུམ་འདུས་༼བཞི༽པ་ཞེས་ཡོད་པའི་གནད་ཡིག་གསང་བ། འགོར་རྣམ་སྲས་དམར་པོའི་སྲོག་སྒྲུབ་ཅེས་ཡོད་པའི་རྟེན་༼བཞི༽གཏོར་རི་རབ་མ་བཅའ་བའི་ཞལ་


GLG001_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་དངོས་གྲུབ་བླང་བ་དང་བཅས་པ། བར་འདིར་གསན་ཡིག་ན་ཟས་ནོར་སྒྲུབ་པ་ཞིག་འདུག་པ་དཔེ་མ་རྙེད་པས་ལུང་མ་བྱུང་། སྒབ་འདྲེ་ཤེས་པ་དཀར་པོ་བསེ་བྱང་༼བཞི༽ལ་བརྟེན་ནས་གནོན་ཐབས། གསན་ཡིག་ན་སྟག་མདའི་སྒྲུབ་ཐབས་དང་ནོར་རྟེན་འཛུགས་པ་འདུག་པ་དཔེ་མ་འབྱོར་བས་མ་ཐོབ། མ་འགྲུབ་ན་ཧ་ཡ་གྲཱི་ཝའི་སྒོ་ནས་༼བཞི༽དབང་དུ་བསྡུས་ཏེ་གནད་ལ་དབབ་པ། མ་འཆུན་ན་འཇུན་༼བཞི༽པའི་མན་ངག །གུད་ན་གསོ་༼བཞི༽བར་བྱེད་པ། གསན་ཡིག་ན་འདི་གསུམ་སོ་སོར་མི་གསལ་འདུག་ཀྱང་དོན་དུ་སྡེ་ཚན་གཅིག །འགོར་རྣམ་ཐོས་སྲས་སྙིང་གི་ཟེའུ་འབྲུ་ཞེས་ཡོད་པའི་བསྙེན་པ་༼བཞི༽དང་ལས་སྦྱོར་གྱི་ཞལ་གདམས་ནམ་གྲགས་པས་མཛད་པ། དཔེར་ན་ར་བས་མཛད་ཟེར་བ་ཡིག་ནོར་བྱུང་བ་འདྲ། མཁན་ཆེན་བསླབ་གསུམ་རྒྱལ་མཚན་གྱིས་མཛད་༼བོ༽པའི་གཏོར་ཆོག་དགོས་འདོད་བྱུང་བ། དེས་མཛད་༼བོ༽པའི་རྗེས་གནང་གི་ཡི་གེ །རྒྱལ་ཆེན་མདུང་དམར་ཅན་གྱི་ལས་ཚོགས་འཁོར་ལོའི་བྲི་ཡིག་ལ། གྲི་སྙིང་༼བཞི༽འཁོར་ལོ། སྣང་བ་དབང་སྡུད་ཀྱི་༼བཞི༽ཙཀྲ་མུ་ཁྱུད་དྲུག་པ། གཏོར་མ་རིན་ཅེན་སྤུངས་༼བཞི༽པའི་འཁོར་ལོ། བླ་རྡོའི་༼བཞི༽འཁོར་ལོ། གའུའི་༼བཞི༽འཁོར་ལོ། བསེ་རག་འགོང་པོ་༼བཞི༽མནན་འཁོར། བསེ་རག་གི་ལྟས་དང་༼བཞི༽གནོན་ཐབས། སྔར་སོང་བ་དེ་དང་འདྲ་མིན་ཞིག་སྣང་ཡང་ཆོས་སྡེ་འདི་ཁའི་དཀྱུས་སུ་འདུག །ཁ་༼བཞི༽ཆིངས། བསེ་རག་ཁ་ཆིངས་༼བཞི༽ཀྱི་མན་ངག་ལྷན་ཐབས། སྲོག་འཁོར་དང་དབང་སྡུད་༼བཞི༽འཁོར་ལོ་འདྲི་ཚུལ་བསྡུས་པ། སྣང་བ་དབང་སྡུད་༼བཞི༽ཀྱི་ཙཀྲ་མུ་ཁྱུད་ལྔ་པ་དང་བཅས་པ། མདུང་དམར་ཅན་གྱི་སྒྲུབ་ཡིག ། ༼བཞི༽ནག་པོ་འགྲོ་ཤེས་འཕགས་དབོན་གཞུང་ལུགས་རབ་འབྱམས་


GLG001_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཛད་པ་རྣམས་ཡོན་ཏན་རིན་ཅེན་འབྱུང་བའི་རྒྱུད་༼གནུབས༽ལེའུ་བཅུ་གཉིས་པ་རྒྱ་གར་གྱི་མཁན་པོ་ཀུན་སྐྱོང་གིས་གནུབས་སངས་རྒྱས་ཡེ་ཤེས་ལ་གཏད་པ། རྒྱུད་དེ་ལ་བརྟེན་ནས་ཕྱི་དཀར་༼གནུབས༽པོ་གིང་དུ་སྒྲུབ་པ། ནང་ནག་པོ་བདུད་༼གནུབས༽དུ་སྒྲུབ་པ། གསང་བ་ཡིད་བཞིན་ནོར་བུར་སྒྲུབ་༼གནུབས༽པ་རྣམས་མཁན་པོ་ཀུན་སྐྱོང་གིས་མཛད་པ། དེས་མཛད་པའི་སྒྲུབ་༼གནུབས༽ཐབས་གསུམ་གྱི་རྟགས་ཡིག །དེས་མཛད་པའི་ལས་བྱང་༼གནུབས༽རི་རྒྱལ་ལྷུན་པོ་མ་རྫོགས་སོའི་མཐའ་ཅན། རྣམ་ཐོས་སྲས་སེང་གེ་བུ་བདུན་དུ་གྲགས་པའི་སྐོར་ལ། འགོར་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་མན་ངག་འདི་ལ་དོན་རྣམ་པ་བདུན་ལས་ཞེས་ཡོད་པའི་དྲག་པོ་སྤྱི་སྒྲུབ་དྲག་སྔགས་ཀྱི་སྒྲུབ་རྒྱུད། སེང་གེ་བུ་བདུན་དྲེགས་པའི་སྤྱི་སྒྲུབ་ཀྱི་བསྐུལ་རི་རྒྱལ་ལྷུན་པོ་མ། རྣམ་སྲས་སེང་གེ་བུ་བདུན་གྱི་ལས་བྱང་གཅིག་ཏུ་དྲིལ་བ་སྒོས་བསྐུལ་ཤེས་པར་བྱའོའི་མཐའ་ཅན། དྲེགས་པ་ཡོངས་དྲིལ་གྱི་མན་ངག་དོན་རྣམ་པ་གསུམ་གྱིས་བསྟན་པ་རྫོགས་བྱང་གི་མཐའ་ཅན། ངན་སྔགས་དྲག་པོ་ཡོངས་དྲིལ་གྱི་ངན་སྔགས་ལ་བརྟེན་ནས་དགྲ་གསད་པ། དེའི་བསྐུལ་མི་མངོན་དབྱིངས་བཞུགས་མ་རྣམས་གནོད་སྦྱིན་ཤིང་རྟའི་རྒྱུད་ལ་བརྟེན་ནས་སློབ་དཔོན་སྤྱོད་མཛད་ཆོས་ཀྱི་རྡོ་རྗེས་མཛད་པ། འཁོར་གྱི་ལས་ཚོགས་ལ་ཡང་དག་ཤེས་ལ་བརྟེན་ནས་༼དབང༽མངོན་ཤེས་དང་དབང་ཕྱུག་སྒྲུབ་པ། གང་བ་བཟང་པོ་ལ་བརྟེན་ནས་༼དབང༽དམག་བཟློག་པ། ནོར་བུ་བཟང་པོ་ལ་བརྟེན་ནས་༼དབང༽ཟས་ནོར་སྒྲུབ་པ། ཀུ་བེ་ར་ལ་བརྟེན་ནས་༼དབང༽ཆོས་རྐུན་འཆིང་བ། ལྔ་རྩེན་ལ་བརྟེན་ནས་༼དབང༽ཚེ་


GLG001_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ། ཛམྦྷ་ལའི་ཛམ་བི་ར་ལ་བརྟེན་ནས་༼དབང༽སྐྱེ་བོ་དབང་དུ་བྱེད་པ། ནེའུ་ལེ་ལ་བརྟེན་ནས་༼དབང༽ཟས་ནོར་བསྒྲུབ་པ། བ་དན་ལ་བརྟེན་ནས་༼དབང༽དམག་དྲང་བ་དང་བཟློག་པ། འབྲོག་གནས་ལ་བརྟེན་ནས་༼དབང༽དགྲ་གསད་པ། འཇམ་པོ་འཁྱིལ་བ་ལ་བརྟེན་ནས་༼དབང༽སེར་བ་བསྲུང་བ་རྣམས་ཁྲོ་ཕུ་ལོ་ཙ་བའི་ཞལ་གྱི་གདམས་པ། ཀུ་བེ་རའི་བྱིན་རླབས་ལ་བརྟེན་ནས་རྟའི་གོད་ཁ་བསྲུང་བ། གནོད་སྦྱིན་སྟག་མདའ་གདོང་དང་དེའི་ཁོལ་མོ་ལྷ་མོ་ནོར་དཔལ་མ་མིང་སྲིང་གི་སྒྲུབ་ཐབས་པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པ་བསོད་ནམས་ལ་རྐུ་བས་འདི་གལ་ཆེའོའི་མཐའ་ཅན། འགོར་གནོད་སྦྱིན་སྟག་མདའི་སྒྲུབ་ཐབས་ཞེས་ཡོད་པའི་སྔགས་དང་ཏིང་ངེ་འཛིན་ལ་བརྟེན་པའི་གདམས་པ། གནོད་སྦྱིན་སྟག་མདའ་གདོང་གི་སྒྲུབ་ཐབས་ཞེས་པ་བླ་རྡོ་དམིགས་པ་སྔགས་གསུམ་གྱི་སྒོ་ནས་བསྟན་པ་ཤཱཀྱ་ཤྲཱི་མ་མི་བསྐྱོད་རྡོ་རྗེས་ཞུས་པ། ཡང་དེ་དང་སྟོད་འདྲ་བ་ལ་སྨད་ཅུང་ཟད་ཉུང་བ་འགྲོ་བཟང་སྙིང་པོས་མཛད་པ་འི་མཐའ་ཅན། ཡང་དེ་དང་ཅུང་ཟད་འདྲ་མིན་རྒྱས་པ་འགྲོ་བཟང་སྙིང་པོས་མཛད་པ་རྫོགས་སོའི་མཐའ་ཅན། རྗེ་མཁྱེན་བརྩེའི་གསན་ཡིག་ན་སྟག་མདའི་སྒྲུབ་ཐབས་མི་འདྲ་བ་བཞི་ཟེར་བ་ལས་ཁ་མ་ཕྲལ་བ་འདུག །འགོར་དེ་བཞིན་གཤེགས་པ་རིན་ཅེན་མང་ལ་ཕྱག་འཚལ་ལོ་ཞེས་ཡོད་པའི་གནོད་སྦྱིན་ཀིང་ཀ་ར་ལ་བརྟེན་ནས་མི་ནོར་ཟས་གསུམ་བསྒྲུབ་པ་ཟང་ཟང་གཡུར་རྩེའི་གཏེར་མ་ཟངས་དཀར་གྱི་ཁྱད་ཆོས། བྱང་ཕྱོགས་རྒྱལ་པོའི་བཀའ་ཉན་ཨ་པ་ར་ཙིཏྟ་རིན་ཅེན་བཟང་པོའམ་ནོར་བུ་བཟང་པོ་དྲེད་ཞོན་གྱི་སྒྲུབ་ཐབས་ཨིནྡྲ་བྷཱུ་ཏིས་མཛད་པ་རྫོགས་


GLG001_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་མཐའ་ཅན། དེས་མཛད་པའི་སྒྲུབ་ཐབས་ཆུང་བ་ལག་ལེན་གྱི་རིམ་པ་རིན་ཅེན་བཟང་པོའི་ནང་དུ་སྒྲུབ་པ་ཡིན་གྱི་མཐའ་ཅན། འགོར་ཕྱག་ན་རྡོ་རྗེའི་སྐུ་ལ་འདུད་ཅེས་ཡོད་པའི་ནོར་བུ་བཟང་པོ་ཨ་པ་ར་དཀར་པོ་དྲེད་ཞོན་གྱི་སྒྲུབ་ཐབས་ཚིགས་བཅད་མ་གསང་སྒྲུབ་གནད་ཀྱི་ཞལ་གདམས་རྫོགས་སོའི་མཐའ་ཅན། ལས་ཚོགས་བཅུ་གསུམ་ཞེས་པ་རང་དོན་དུ་གཞན་ལས་རྒྱལ་བ། བསམ་པ་འགྲུབ་པ་སྟོབས་རྒྱས་པ། མནན་གཏད་བཅིངས་པ་དགྲོལ་བ། དབང་དུ་བྱ་བ། བཟླུམས་པ། གཞན་དོན་དུ་ཕམ་པ། འཕུང་བ། མནན་པ། བཅིངས་པ། བསྐྲད་པ། དབྱེ་བ། གསད་པ་རྣམས། ཨ་པ་ར་ཙིཏྟའི་དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་པའི་གནོད་སྦྱིན་ལག་སྤུན་མནན་པ། མཁྱེན་བརྩེའི་གསན་ཡིག་ན་འདིའི་རྗེས་སུ་འཁོར་ལོ་སོགས་ཀྱི་ཞལ་གདམས་ཨ་པ་ར་གསུམ་གྱི་དབྱེ་བ། སྒྲུབ་ཐབས་མཚལ་མིན་ངག་དབང་དགྱེས་པའི་རྡོ་རྗེས་མཛད་པ་གསུམ་འདུག་པ་དཔེ་མ་འབྱོར་བས་ལུང་མ་ཐོབ། ཆོ་ག་ཕྱག་ལེན་གྱི་སྐོར་ལ། འགོར་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ཞེས་ཡོད་པའི་ཞི་དྲག་སྤེལ་བའི་སྒྲུབ་ཐབས་མཁས་པ་ཙནྡྲ་ཤྲཱིས་མཛད་པ་མཇུག་ཏུ་ཐུགས་སྲས་ལོ་ཙཱ་བའི་ཀ་བསྟོད་ལེ་ཚན་གཉིས་བཏགས་པ། འདི་རྗེ་མཁྱེན་བརྩེའི་གསན་ཡིག་གཤམ་གྱི་བསྟོད་པའི་མཛད་བྱང་ལ་བརྟེན་ནས་ཐུགས་སྲས་ལོ་ཙཱ་བས་མཛད་གསུངས་པ་འདུག་ཀྱང་འདི་ཙནྡྲ་ཤྲཱིས་མཛད་ངེས་ཡིན་པ་ཁྱབ་བདག་ཞ་ལུ་པ་གསུང་། རྣམ་སྲས་ཞི་དྲག་སྦྲེལ་བའི་ཆོ་ག་བཀླགས་ཆོག་༼དབང༽མཁྱེན་རབ་རྗེའི་ཕྱག་ལེན་ལྟར་ཆོས་རྗེ་བཅོ་བརྒྱད་པ་འཇམ་དབྱངས་ཀྱིས་མཛད་པ། རྣམ་སྲས་རིགས་མི་གཅིག་པ་ལྔའི་སྒྲུབ་ཐབས་༼དབང༽གསལ་བར་བསྟན་པའི་དོགས་པ་ཀུན་ཚང་གཉགས་དབོན་རིན་


GLG001_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེས་མཛད་པ། དེས་མཛད་པའི་རྣམ་སྲས་ཞི་དྲག་རྣམས་མཆོད་༼དབང༽པའི་ཆོ་ག་རིན་པོའི་གཏེར་ཞེས་བྱ་བ། རྣམ་སྲས་ཞི་དྲག་རྣམས་ཀྱི་མཆོད་ཆོག་རྗེས་གནང་དང་བཅས་པ་སྐྱོར་མོ་ལུང་པ་མཁན་ཆེན་ཆོས་རྒྱལ་དཔལ་བཟང་གི་མཆོད་གཡོག་ནམ་མཁའ་སེང་གེས་མཛད་པ། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་ནམ་མཁའ་གྲཊ་ཞེས་སྣང་བ་ཡིག་སྐྱོན་ཤོར་རམ་སྙམ། རྣམ་སྲས་གསེར་ཆེན་གྱི་གཏོར་ཆོག་མཆོད་འཕྲེང་བསྟོད་པ་དང་བཅས་པ་སྟག་ཚང་ལོ་ཆེན་ཤེས་རབ་རིན་ཅེན་གྱིས་མཛད་པ། འགོར་དངོས་གྲུབ་ཆེན་པོ་སྒྲུབ་པའི་དུས་ཞེས་ཡོད་པའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་གསང་མདོས་ཁ་ཆེ་དགོན་པ་བས་མཛད་པ། རྣམ་ཐོས་སྲས་ཀྱི་གསང་མདོས་རྒྱས་པ་ཁ་ཆེའི་རིགས་ཀྱི་མཁན་པོ་གཟི་བརྗིད་ལྷ་དང་པཎྜི་ཏ་ཏེ་ཙ་དེ་ཝ་དང་བོད་ཀྱི་ལོ་ཙཱ་བ་ཟངས་དཀར་འཕགས་པ་ཤེས་རབ་ཀྱིས་ཁ་ཆེ་ཁྲི་བརྟན་དུ་བསྒྱུར་བ། རྗེ་མཁྱེན་བརྩེའི་གསན་ཡིག་ན་བར་འདིར་གསང་མདོས་ཆུང་བ་ཞིག་འདུག་པ་དཔེ་མ་འབྱོར་བས་མ་ཐོབ། ཨོ་རྒྱན་ཆེན་པོ་པདྨས་ཁྲམ་ཐོགས་ནག་པོའི་རྒྱུད་དང་ཡོན་ཏན་འབྱུང་བའི་རྒྱུད་ལ་བརྟེན་ནས་མཛད་པའི་གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས་ཀྱི་གསང་མདོས་སམ་སྟོང་མདོས་རྒྱལ་པོའི་དཔུང་བཟློག་ཆེན་མོ་བལ་པོ་བ་སུ་དྷ་ར་ལ་གནང་། དེས་གནུབས་སངས་རྒྱས་ཡེ་ཤེས་ལ་གནང་བ་ཉུག་གི་རྡོ་རྗེ་སྒྲོམ་བུ་ལ་གཏེར་དུ་སྦས་པ། ཕྱོགས་བཞིར་དྲག་པོའི་གཡུལ་བཟློག་དམག་དཔོན་གྱི་མདོས་རྣམས། རྗེ་མཁྱེན་བརྩེའི་གསན་ཡིག་ན་འདིར་རྗེས་སུ་ལུས་ངན་པོའི་ཟློག་མདོས་ཨོ་རྒྱན་ཆེན་པོས་མཛད་པ་དང་དགེ་སློང་དཀོན་ཅོག་ཡེ་ཤེས་ཀྱིས་མཛད་པའི་མདོས་རྒྱས་པ་ཟེར་བ་འདུག་པ།


GLG001_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་མ་འབྱོར་བས་མ་ཐོབ། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་བཀྲ་ཤིས་ཁྱབ་བདག་རྡོར་འཛིན་མ། ས་སྐྱ་ཁྲི་ཆེན་ཀུན་དགའ་བསོད་ནམས་ཀྱིས་མཛད་པའི་ཞི་བའི་སྒྲུབ་ཐབས་གཙོ་བོར་སྟོན་པའི་བེ་བུམ་དཀར་ཆག་ཟབ་དོན་ནོར་བུའི་མེ་ལོང་། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ཕྱག་ཏུ་མ་འབྱོར་བའི་སྟབས་ཞི་དྲག་གི་དབྱེ་བ་ཙམ་ལས་སོ་སོའི་བརྒྱུད་ཚུལ་དང་མཐུན་པའི་སྡེ་ཚན་མེད་ཅིང་དཔེ་སྣ་ཚོགས་འགྲེས་ཉམས་ཀྱི་འགའ་ཞིག་འདེབས་པ་དང་རྒྱུན་མེད་པ་འགའ་རེའང་ཆུད་པ་བཅས་བྱུང་འདུག་ཀྱང་མགོ་མཇུག་གི་ཚིགས་བཅད་སོགས་མཁས་པ་དགྱེས་པའི་ལེགས་བཤད་དུ་སྣང་ངོ་། །དེས་མཛད་པའི་རྣམ་སྲས་དབང་དྲག་གི་ཡི་གེའི་སྐོར་གཙོ་བོར་སྟོན་པའི་དཀར་ཆག་སྙན་བརྒྱུད་གསེར་གྱི་ཟ་མ་ཏོག །མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་དཔལ་ཆོས་སྐྱོང་བའི་སྲུང་མ་རྣམ་ཐོས་རིགས་མི་འདྲ་བ་ལྔ་ཕྲག་གསུམ་གྱི་རྗེས་གནང་གི་ཆོ་ག་ནོར་འཛིན་དཔལ་མོའི་རྒྱན་འཕྲེང་། རིགས་ཀུན་ཁྱབ་བདག་བཀའ་འགྱུར་བ་མགོན་པོ་བསོད་ནམས་མཆོག་ལྡན་གྱིས་མཛད་པའི་རྣམ་སྲས་ལྔ་ཕྲག་གསུམ་གྱི་རྗེས་གནང་གི་ཆོག་ཁྲིགས་དངོས་གྲུབ་འདོད་འཇོ་དང་བཅས་པ་རྣམས་ལེགས་པར་ནོས་པ་ལས་ཟངས་དཀར་ལོ་ཙཱ་བས་སྟོད་ཀྱི་ཕྱོགས་སུ་ཐོག་མར་གནང་ཞིང་གཏུམ་སྟོན་བློ་གྲོས་གྲགས་ནས་བརྒྱུད་པའི་རྣམ་སྲས་སྟོད་ལུགས་སམ་བྱ་སྡེར་ལུགས་སུ་གྲགས་པའི་ཞི་བ་བདེ་བྱེད་སེར་ཆེན་ལྷ་དགུའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། ཀུན་ཏུ་བཟང་པོ། སློབ་དཔོན་འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཅེན་རྡོ་རྗེ། ཁ་ཆེ་དགོན་པ་བ། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། གཏུམ་སྟོན་བློ་གྲོས་གྲགས། གཏུམ་མགོན་པོ་ཡོན་ཏན། ལུང་ཁུ་དགོན་


GLG001_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པ། མཁན་པོ་ལུང་སྟོན། སློབ་དཔོན་ལེགས་པའི་ཤེས་རབ། བྱ་སྡེར་བ་བྱང་ཆུབ་རིན་ཅེན། བྱ་སྡེར་བ་བྱང་ཆུབ་གཞོན་ནུ། མང་མཁར་བ་བློ་བཟང་དཀར་པོ། མང་མཁར་བ་བློ་བཟང་གྲགས་པ། བཟང་ལྡན་མཁན་ཆེན་ཤཱཀྱ་བློ་གྲོས། འབུལ་དཔོན་རྡོ་རྗེ་རྒྱལ་པོ། རྡོ་རྗེ་འཆང་སྒོ་རུམ་པ་ཀུན་དགའ་ལེགས་པ། ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ། འཇམ་དཔལ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་མགོན་པོ་བསོད་ནམས་མཆོག་ལྡན། རིགས་ཀུན་ཁྱབ་བདག་ཟུར་ཆེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་བསྩལ་ཏོ། །ཡང་ན་ཚར་ཆེན་ཆོས་ཀྱི་རྒྱལ་པོ་ནས། རིན་པོ་ཆེ་བོད་མཁར་བ་མེ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་རིན་པོ་ཆེ་མི་ཕམ་ཆོས་ཀྱི་རྒྱ་མཚོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་མན་འདྲ། ཡང་ན་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ནས། ཁྱབ་བདག་མཁན་ཆེན་ཞ་ལུ་པ་ཆེན་པོ། རྗེ་བཙུན་བཀའ་འགྱུར་བ་མན་འདྲ། ཟངས་དཀར་ལོ་ཙཱ་བས་སྨད་ཀྱི་ཆར་གཡོར་པོ་ཇོ་སྟོན་ལ་གནང་བས་སྨད་ལུགས་སུ་གྲགས་པའི་རྒྱལ་པོ་ཆེན་པོ་ངལ་བསོས་པོ་ཞི་བ་བདེ་བྱེད་སེར་ཆེན་ལྷ་དགུ་དང་དྲག་བྱེད་བཞོན་པ་མེད་པ་ཀླུ་བརྒྱད་ཀྱིས་བསྐོར་བའི་རྗེས་གནང་བུ་སྟོན་ཐམས་ཅད་མཁྱེན་པའི་ཕྱག་ལེན་ལྟར་ཐོབ་པའི་བརྒྱུད་པ་ནི། ཟངས་དཀར་ལོ་ཙཱ་བ་ཡན་གོང་ལྟར་ལ། དེ་ནས་གཡོར་པོ་ཇོ་སྟོན། བཅུར་བསོད་ནམས་རིན་ཅེན། རྗེ་བཙུན་བཙོང་ཁ་པའི་གསན་ཡིག་ན་མི་འདུག་པ་ཆད་པ་འདྲ། འབྱེད་ཕུ་བ་པདྨ་བཀྲ་ཤིས། རྟག་པ་ལྷ་རྗེ་ཇོ་བཟང་། ཁྲོ་ཕུ་ལོ་ཙཱ་བ་གནུབས་བྱམས་པའི་དཔལ། བླ་ཆེན་བསོད་ནམས་དབང་ཕྱུག །ཁྲོ་ཕུ་


GLG001_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ། ཡང་རྩེ་པ་རིན་ཅེན་སེང་གེ །ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཅེན་གྲུབ། ཐུགས་སྲས་སེམས་དཔའ་ཆེན་པོ། སྐུ་ཞང་ནམ་མཁའ་མཆོག་གྲུབ་དཔལ་བཟང་། ཆོས་རྗེ་རིན་ཅེན་དཔལ་གྲུབ། སྐུ་ཞང་རིན་པོ་ཆེ་མཁྱེན་རབ་རིན་ཅེན་མཆོག་གྲུབ་དཔལ་བཟང་། དེ་ལ་རྗེ་བཙུན་རྡོ་རིང་པ་ཆེན་པོ་དང་ཆོས་རྗེ་བཀྲ་ཤིས་དཔལ་འབྱོར་གཉིས་ཀྱིས་གསན། གཉིས་ཀ་ལ་ཚར་ཆེན་ཆོས་ཀྱི་རྒྱལ་པོ། དེ་ནས་བརྒྱུད་ཚུལ་ལེ་ཚན་རྣམས་གོང་དང་འདྲ། ཡང་ན་མཁྱེན་རབ་རིན་པོ་ཆེ་ནས། སྐུ་ཞང་རིན་ཆེན་བསོད་ནམས་མཆོག་གྲུབ། འཇམ་དབྱངས་བྱང་གླིང་ཆོས་རྗེ་བཀྲ་ཤིས་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་བྱང་གླིང་རྗེ་ནས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་མན་འདྲ། ཡང་ན་སྐུ་ཞང་མཁྱེན་རབ་ཆོས་རྗེ་ནས། བཅོ་བརྒྱད་པ་འཇམ་དབྱངས་ཆོས་རྗེ། གནས་བརྟན་བསྟན་པ་བཟང་པོ། འཇམ་དབྱངས་བྱང་གླིང་རྗེ་མན་འདྲ། ཡང་ན་ཐུགས་སྲས་རིན་ཅེན་རྣམ་རྒྱལ་ནས། མཁས་གྲུབ་རིན་ཅེན་བསོད་ནམས་འཕེལ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཅེན། རྗེ་བཙུན་ཡབ་ཆོས་རྒྱལ་རིན་ཅེན་དཔལ་བཟང་པོ། ཚར་ཆེན་རྡོ་རྗེ་འཆང་མན་འདྲ། ཡང་ན་ཁྲོ་ཕུ་ལོ་ཙཱ་བ་ནས། མཁན་ཆེན་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། མཁན་ཆེན་དཀའ་བཞི་པ། མཁན་ཆེན་བསོད་ནམས་གྲགས་པ། མཁན་ཆེན་གྲགས་པ་རྒྱལ་མཚན། མཁན་ཆེན་རིན་ཅེན་རྒྱལ་མཚན། མཁན་ཆེན་རྒྱལ་བ་ཕྱག་ན། མཁན་ཆེན་ཀུན་དགའ་བློ་གྲོས། རྗེ་བཙུན་རྡོ་རིང་པ་ཆེན་པོ་མན་འདྲ། ཡང་ན་རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། སློབ་དཔོན་ཀ་མ་རུ་པ། སློབ་དཔོན་ཀཧྣ་པ། རྗེ་མཁྱེན་བརྩེའི་གསན་ཡིག་ན་འདི་


GLG001_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྣང་ལ་རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་བཀྲ་ཤིས་ཀྱི་གསན་ཡིག་དང་ཆོག་ཁྲིགས་དངོས་གྲུབ་འདོད་འཇོ་ན་ཀརྣ་ཞེས་པ་འདུག །སློབ་དཔོན་འགྲོ་བཟང་སྙིང་པོ། ཁ་ཆེ་རིན་ཅེན་རྡོ་རྗེ། ཁ་ཆེ་ས་ཛྫ་ན། ཁ་ཆེ་ཏེ་ཛ་དེ་ཝ། ཟངས་དཀར་ལོ་ཙཱ་བ། ཞུ་ས་སྐྱ་པ། ཇོ་བཙུན་གྲགས་པ་སེང་གེ །རྒྱ་སྟོན་གྲུབ་པ་པོ། སྔགས་རམ་པའི་གསན་ཡིག་ན་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ཞེས་སྣང་། རྒྱ་སྟོན་གྲུབ་མཆོག །བླ་མ་རྡོ་རྗེ་དཔལ། ཁྲོ་ཕུ་སེམས་དཔའ་ཆེན་པོ་མན་འདྲ། ཡང་སྐྱོར་མོ་ལུང་པའི་ཕྱག་ལེན་ལྟར་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་འགྲོ་བཟང་སྙིང་པོ་ནས། གྲུབ་ཆེན་བྲིཾ་ཀ་ར་ཝ་ཏི། ཁ་ཆེ་དགོན་པ་བ། ཟངས་དཀར་ལོ་ཙཱ་བ། གཡོར་པོ་ཇོ་སྟོན་རྡོ་རྗེ་རྩེ་མོ། སྦས་ཏི་དགྲ་བཅོམ་པ་སེམས་དཔའ་རྒྱལ་མཚན། མཁན་ཆེན་ཤེས་རབ་སེང་གེ །བསམ་ཡས་པ་ཚུལ་ཁྲིམས་དབང་ཕྱུག །སེ་བ་ཅན་པ་ཡོན་ཏན་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། མཁན་ཆེན་དཀའ་བཞི་པ། དགའ་ལྡན་ཕུག་པ་བློ་བཟང་གྲགས་པ། དེ་གཉིས་ཀ་ལ་མཁན་ཆེན་ཆོས་ཀྱི་རྒྱལ་མཚན། དེ་ནས་པཎ་ཆེན་ཤཱཀྱ་མཆོག་ལྡན། བྲག་དམར་བ་ཀུན་དགའ་ཚེ་འཕེལ། སྤྱན་སྔ་ཤཱཀྱ་རྒྱལ་མཚན། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་མན་འདྲ། རྣམ་སྲས་ཀྱི་རྗེས་གནང་ལྔ་ཕྲག་གསུམ་པ་དངོས་གྲུབ་འདོད་འཇོ་མ་གཏོགས་པའི་རྟགས་མེད་པའི་ལུང་ཡོངས་རྫོགས་དང་དབང་གི་རྟགས་ཡོད་པ་རྣམས་ཀྱི་བརྒྱུད་པ་ནི། ཚར་ཆེན་ཆོས་ཀྱི་རྒྱལ་པོ་ཡན་གོང་དུ་སྨོས་པའི་སྨད་ལུགས་ཀྱི་བརྒྱུད་པའི་རྣམ་གྲངས་ལྟར་ལ། དེ་ནས་མཁན་བཙུན་གྲུབ་པའི་དབང་ཕྱུག་མཻ་ཏྲི་དོན་གྲུབ་རྒྱལ་མཚན། བསྟན་པའི་སྲོག་ཤིང་སྤྱན་སྔ་མི་ཕམ་ཆོས་ཀྱི་རྒྱ་མཚོ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་


GLG001_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་བསོད་ནམས། འཇམ་དཔལ་རྡོ་རྗེ་ཀུན་དགའ་བསོད་ནམས་དབང་ཕྱུག །རྩ་བའི་བླ་མ་རྡོ་རྗེ་འཆང་རིན་ཅེན་བསོད་ནམས་མཆོག་གྲུབ། དེས་བདག་ཟ་ཧོར་བནྡེ་ལའོ། །དབང་གི་རྟགས་ཡོད་པའི་བརྒྱུད་ལུགས་གཅིག་ནི། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་ནས། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། །ཆོག་སྒྲིགས་དངོས་གྲུབ་འདོད་འཇོའི་བརྒྱུད་པ་ནི། ཁྱབ་བདག་བཀའ་འགྱུར་བ་ནས། མཁན་ཆེན་ཞ་ལུ་པ། དེས་བདག་ལའོ། །ཀོང་གི་རྟགས་ཡོད་པའི་ལུང་བརྒྱུད་ནི། ཁ་ཆེ་ཏེ་ཛ་དེ་ཝ་ནས། ཀཾ་པོ་ཛི། སུ་མ་ཏི་ཀཱིརྟི། ཀོང་བུ་རི་པ། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་མན་འདྲ། །རའི་རྟགས་ཡོད་པའི་བརྒྱུད་པ་ནི། མཁན་ཆེན་ཀུན་དགའ་བློ་གྲོས་ཡན་གོང་ལྟར་ལ། དེ་ནས་པཎ་ཆེན་བསོད་ནམས་བློ་གྲོས། ཤམྦྷར་རིན་པོ་ཆེ་ཀུན་དགའ་སངས་རྒྱས། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་མན་འདྲ། འབྲོམ་གྱི་རྟགས་ཡོད་པའི་བརྒྱུད་པ་ནི། གསང་བའི་བདག་པོ། སློབ་དཔོན་སངས་རྒྱས་གསང་བ། ལོ་ཙཱ་བ་དབས་མཉྫུ་ཤྲཱི། ལ་གསུམ་རྒྱལ་བ་བྱང་ཆུབ། དེ་ལ་པཎྜི་ཏ་ཁ་ཆེ་དཀར་པོས་བོད་དུ་ཞུས། དེ་ནས་ཟངས་དཀར་ལོ་ཙཱ་བ། མཆིམས་ཡུལ་སྨད་ཀྱི་འབྲོམ་སྡེ་ཉི་མ། དགེ་བཤེས་ལོ་ཙཱ་བ། སླེའུ་མཚུར་སྟོན། སླེའུ་སྟོན་པ། དགེ་བཤེས་དབུ་གྲུ་སྟོན་སྨོན་ལམ། འཕྲིན་ལས་ཇོ་སྲས་ནས་རིམ་པར་བརྒྱུད་དེ། ཤམྦྷར་རིན་པོ་ཆེ་ཀུན་དགའ་སངས་རྒྱས། རྡོ་རྗེ་འཆང་ཚར་པ་ཆོས་རྗེ་མན་འདྲ། ཞི་བ་བདེ་བྱེད་སེར་པོ་འདི་དང་འབྲེལ་བའི་དྲག་པོའི་རྗེས་གནང་ཤིན་ཏུ་བཀའ་གཉན་པའི་བརྒྱུད་པ་ནི། མཁྱེན་རབ་ཆོས་རྗེ་ནས། སྐུ་ཞང་རིན་ཅེན་


GLG001_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གྲུབ། འཇམ་དབྱངས་བྱང་གླིང་རྗེ། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་མན་འདྲ། འདི་ཐོབ་པའི་གང་ཟག་དེ་རྣམ་སྲས་ལ་མཆོད་གཏོར་མི་གཅིག་ཅིང་རྗེས་གནང་ཞུ་དུས་ཏིང་ངེ་འཛིན་གསལ་བ་དང་མཇུག་ཏུ་རྣམ་སྲས་ཀྱི་ཚེ་སྒྲུབ་ཉམས་སུ་ལེན་དགོས་ཚུལ་སྣང་ངོ་། །ཡང་དྲག་པོ་དང་མ་འབྲེལ་བའི་རྣམ་སྲས་སེར་ཆེན་སྨད་ལུགས་ཀྱི་རྗེས་གནང་གི་བརྒྱུད་པ་ལུགས་གཅིག་ནི། མཁན་ཆེན་ཀུན་དགའ་བློ་གྲོས་ཡན་གོང་ལྟར་ལ། དེ་ནས་མཁན་ཆེན་ངག་དབང་ལྷུན་གྲུབ་བཀྲ་ཤིས། མཁན་ཆེན་ཀུན་དགའ་དཔལ་འབྱོར། ཆོས་ལུང་མཁན་ཆེན་ནམ་མཁའ་ལྷུན་གྲུབ་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ཡང་ན་ཐུགས་སྲས་རིན་ཅེན་རྣམ་རྒྱལ་ཡན་གོང་ལྟར་ལ། དེ་ནས་རྒྱལ་བ་བཙོང་ཁ་པ་ཆེན་པོ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། པཎ་ཆེན་ཡེ་ཤེས་རྩེ་མོ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། ཕ་བོང་ཁ་པ་བདེ་ལེགས་ཉི་མ། ཤར་ཆེན་ནམ་མཁའ་རྒྱལ་མཚན། རྡོ་རྗེ་འཆང་ཕ་བོང་ཁ་པ། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་ཐུགས་སྲས་ལོ་ཙཱ་བ་ནས། རྗེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ཡེ་ཤེས་རྒྱ་མཚོ། བླ་མ་གྲགས་པ་བསམ་གྲུབ། མར་སྟོན་ཚུལ་ཁྲིམས་རིན་ཅེན། རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་བཀྲ་ཤིས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ། སྔགས་རམ་པ་བཟང་པོ་རྣམ་རྒྱལ། རྡོ་རྗེ་འཆང་ཕ་བོང་ཁ་པ་མན་འདྲ། ཟངས་དཀར་ལོ་ཙཱ་བའི་གོང་ཁུག་སྲོ་མ་ཅན་གྱི་ཟབ་ཆོས་གསང་སྒྲུབ་ལྗང་སེར་བེ་ཅོན་གྱི་རྗེས་གནང་གི་བརྒྱུད་པ་ནི། ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་ཡན་རྣམ་སྲས་


GLG001_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སེར་ཆེན་ལྟར་ལ། དེ་ནས་མཁན་ཆེན་གཙང་པ་དབང་ཕྱུག་གྲགས། མཁས་པ་བྱང་ཆུབ་གྲགས། མཁན་ཆེན་དང་མ་བ་བརྩོན་འགྲུས་བྱང་ཆུབ། ཐོག་སྟོན་ཤེས་རབ་རྡོ་རྗེ། བླ་མ་རིན་ཅེན་རྒྱ་མཚོ། བླ་མ་རིན་ཅེན་དཔལ། བླ་མ་རིན་པོ་ཆེ་ཆོས་གྲགས་པ། བླ་མ་ཤཱཀྱ་ཡེ་ཤེས། མཁན་ཆེན་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་ཤཱཀྱ་མཆོག་ལྡན། ཆོས་རྗེ་ཀུན་དགའ་ཚེ་འཕེལ། གླང་ཐང་སྤྱན་སྔ་ཤཱཀྱ་རྒྱལ་མཚན། ཚར་ཆེན་ཆོས་ཀྱི་རྒྱལ་པོ། དེ་ལ་རྗེ་མཁྱེན་བརྩེ་དང་རིན་པོ་ཆེ་བོད་མཁར་བས་གསན་པའི་ལུགས་གཉིས་ཀ་སེར་ཆེན་ལྟར་ལ་རྗེ་དབང་རབ་ཁུ་དབོན་གྱི་བར་དུ་མཁན་ཆེན་ཞ་ལུ་པ་ངེས་པར་དགོས་སོ། །བེའི་རྟགས་ཡོད་པའི་ལུང་བརྒྱུད་ནི། སྤྱན་སྔ་ཆོས་ཀྱི་རྒྱ་མཚོ་ནས། རྗེ་དབང་རབ། མཁན་ངག་ཆོས་པ་མན་གོང་གི་ལུང་བརྒྱུད་བཞིན་ནོ། །ཀླུ་སྒྲུབ་ཀྱི་རྒྱལ་ཆེན་རྟ་སྔོན་བདུད་མོ་བཞི་སྐོར་དང་ནང་མ་མོ་ལྟར་སྒྲུབ་པ་ལྷ་དགུ་དྲག་བྱེད་སེང་ཞོན་ཀླུ་བརྒྱད་ཀྱིས་བསྐོར་བ། གསང་བ་གཤིན་རྗེ་ལྟར་སྒྲུབ་པ་མདུང་དམར་ཅན་ལྷ་བཅུ་གསུམ། ཡང་གསང་སྲིན་པོ་བཞི་སྐོར། ཤུ་རཾ་ག་ཝརྨ་ལུགས་ཀྱི་རྣམ་སྲས་མཐིང་ཁ་ལྷ་བཅོ་ལྔ། རྣམ་སྲས་དམར་སེར་ལས་མཁན་མདུང་དམར་ཅན་དང་བཅས་པ། གར་མཁན་མཆོག་ལྗང་གུ་ཞལ་གསུམ་ཕྱག་བཅོ་བརྒྱད་པ། དམར་སྨུག་ཞལ་གསུམ་ཕྱག་བཅོ་བརྒྱད་པ། རྣམ་སྲས་དཀར་པོ་ལྷ་དགུའི་ཚེ་དབང་དང་བཅས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ། དཔལ་ཀུན་ཏུ་བཟང་པོ། སློབ་དཔོན་གྲོ་བཟང་སྙིང་པོ། གྲུབ་ཆེན་བྲིམ་ཀ་ར་ཝ་ཏི། ཁ་ཆེ་དགོན་པ་བ། ཟངས་དཀར་ལོ་ཙཱ་བ་འཕགས་པ་ཤེས་རབ། གཡོར་པོ་ཇོ་སྟོན་རྡོ་རྗེ་རྩེ་མོ། འདི་གསན་ཡིག་ན་མི་གསལ་


GLG001_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཆོག་ཁྲིགས་གཉིས་ཀ་ན་བྱུང་ཞིང་སྦས་ཏིས་ཟངས་དཀར་པ་ལ་ཅུང་མ་ཐུག་པ་འདྲའོ། །སྦས་ཏི་དགྲ་བཅོམ་པ་སེམས་དཔའ་རྒྱལ་མཚན། མཁན་ཆེན་དང་མ་བ་བརྩོན་འགྲུས་དབང་ཕྱུག །མཁན་ངག་དབང་ཆོས་གྲགས་དང་རྗེ་བཀའ་འགྱུར་བ་གཉིས་ཀྱི་ཡིག་ཆར་མི་འདུག་ཀྱང་རྗེ་མཁྱེན་བརྩེའི་གསན་ཡིག་ན་འདུག་པས་ཆད་པ་འདྲའོ། །མཁན་ཆེན་ཞིག་པོ་ཤེས་རབ་སེང་གེ །བསམ་ཡས་པ་ཚུལ་ཁྲིམས་དབང་ཕྱུག །སེ་བ་ཅན་པ་ཡོན་ཏན་ཚུལ་ཁྲིམས། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོག་ཁྲིགས་གཉིས་ཀ་ན་འདི་ལ་མཁན་ཆེན་དཀའ་བཞི་པ་དང་དགའ་ལྡན་ཕུག་པ་བློ་བཟང་གཉིས་ཀྱིས་གསན་དེ་གཉིས་ཀ་ལ་ཆོས་ཀྱི་རྒྱལ་མཚན་གྱིས་གསན་ཟེར་བ་འདུག་ཀྱང་རྗེ་མཁྱེན་བརྩེའི་གསན་ཡིག་སོར་གནས་བྱས་པ་ཡིན་སླར་ཡང་བརྟག་གོ །བླ་མ་བློ་གྲོས་བཟང་པོ། བླ་མ་ཆོས་སྐྱོང་བཟང་པོ། དགའ་ལྡན་ཕུག་པ་བློ་བཟང་གྲགས་པ། མཁན་ཆེན་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་ཤཱཀྱ་མཆོག་ལྡན། བྲག་དམར་བ་ཀུན་དགའ་ཚེ་འཕེལ། སྤྱན་སྔ་ཤཱཀྱ་རྒྱལ་མཚན། ཚར་ཆེན་རྡོ་རྗེ་འཆང་། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མཁན་ཆེན་ཞ་ལུ་པ། གནས་གསར་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། རྩ་བའི་བླ་མ་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཡང་ན་ཚར་ཆེན་ནས། རིན་པོ་ཆེ་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོ། རྡོ་རྗེ་འཆང་དབང་རབ་མན་འདྲ། རྣམ་སྲས་དམར་སེར་ལས་མཁན་མདུང་དམར་ཅན་དང་བཅས་པ། རྣམ་སྲས་དཀར་པོ་གཉིས་ཀྱི་རྗེས་གནང་གི་བརྒྱུད་ལུགས་གཅིག་ནི་རྡོ་རྗེ་འཆང་དབང་རབ་ལ་འཇམ་མགོན་བསོད་


GLG001_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་མཆོག་ལྡན་གྱིས་གསན་པ་མན་འདྲ། །ཀླུ་ཁ་ཤཱ་གསུམ་གྱི་རྟགས་ཡོད་པའི་ལུང་བརྒྱུད་ནི། སྤྱན་སྔ་ཆོས་ཀྱི་རྒྱལ་མཚོ་ཡན་བཤད་མ་ཐག་པའི་རྗེས་གནང་རྣམས་ཀྱི་བརྒྱུད་པ་ལྟར་ལ། དེ་ནས་རྗེ་དབང་རབ། མཁན་ངག་ཆོས་པ་མན་ལུང་བརྒྱུད་སྤྱི་འགྲོ་བཞིན་ནོ། །ཡང་ཤཱའི་རྟགས་ཡོད་པའི་བརྒྱུད་ལུགས་གཅིག་ནི། རྡོ་རྗེ་འཆང་དབང་རབ་ནས། མཁན་ཆེན་ཞ་ལུ་པ། དེས་བདག་ལའོ། །རྣམ་སྲས་སྤྲིན་གསེབ་མ་སེར་ཆེན་ལྷ་དགུར་གྲགས་པའི་རྗེས་གནང་གི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ་དཔལ་ཨོ་རྒྱན་ཆེན་པོ། མངའ་བདག་ཁྲི་སྲོང་ལྡེ་བཙན། ལྷ་སྲས་མུ་ཏིག་བཙན་པོ། ཞང་ལྷ་བཟང་ཀླུ་དཔལ་ནས་རིམ་པར། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། མུས་ཆེན་རྣམ་རྒྱལ་བཟང་པོ། ཤམྦྷར་རིན་པོ་ཆེ་ཀུན་དགའ་སངས་རྒྱས། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། ཀུན་མཁྱེན་མཁྱེན་བརྩེའི་ཞབས། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་རིན་ཅེན་མཆོག་གྲུབ། རྗེ་བཙུན་བཀའ་འགྱུར་བ། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །ཡང་ན་ཚར་ཆེན་ནས། རིན་པོ་ཆེ་མཻ་ཏྲི། སྤྱན་སྔ་ཆོས་རྒྱལ། རྗེ་དབང་རབ་མན་འདྲ། ལྗང་གི་རྟགས་ཡོད་པའི་ལུང་བརྒྱུད་ནི། སྤྱན་སྔ་རིན་པོ་ཆེ་ཡན་སྤྲིན་གསེབ་མའི་རྗེས་གནང་ལྟར་ལ། དེ་ནས་རྗེ་དབང་རབ། མཁན་ངག་ཆོས་པ་མན་ལུང་བརྒྱུད་སྤྱི་ལྟར་རོ། །ཡང་ན་རྗེ་དབང་རབ་ནས། མཁན་ཆེན་ཞ་ལུ་པ། དེས་བདག་ལའོ། །ཡང་གསང་མདུང་དམར་ཅན་ཕྱག་མཚན་བཞི་པའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། གསང་བའི་བདག་པོ། སློབ་དཔོན་དགའ་རབ་རྡོ་རྗེ། མཁས་པ་བཻ་རོ་ཙ་ན། རྒྱལ་པོ་གཡུ་སྒྲ་སྙིང་པོ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན།


GLG001_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཞང་ལྷ་བཟང་ཀླུ་དཔལ། གཏེར་སྟོན་གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ། དབུས་པ་དམར་སྟོན། སློབ་དཔོན་བཅུར་སྟོན། འོད་ཟེར་བླ་མ། ཛྙཱ་ན་ལཀྵ། སློབ་དཔོན་ཐབས་ཀྱི་བློ་གྲོས། མཁན་པོ་དགེ་འདུན་རྒྱལ་མཚན། སློབ་དཔོན་ནམ་མཁའ་གྲགས་པ། བླ་མ་བསོད་ནམས་རིན་ཅེན། བླ་མ་དཔལ་ལྡན་པ། གཉག་ཕུ་བ་མཁས་གྲུབ་བསོད་ནམས་བཟང་པོ། མཁན་ཆེན་པདྨ་བཟང་པོ། མཁན་ཆེན་ཆོས་ཀྱི་དབང་ཕྱུག །མཁན་ཆེན་ཆོས་གྲུབ་སེང་གེ །ཐུགས་སྲས་ཀུན་དགའ་རྒྱལ་པོ། རིག་འཛིན་ཚེ་དབང་བཀྲ་ཤིས། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །ཁྱབ་བདག་དབང་ཕྱུག་རབ་བརྟན། མཁན་ཆེན་ཞ་ལུ་པ་རིན་ཅེན་བསོད་ནམས་མཆོག་གྲུབ། རྗེ་བཙུན་བཀའ་འགྱུར་བ་ཆེན་པོ། ཟུར་ཐམས་ཅད་མཁྱེན་པ། དེས་བདག་ལའོ། །ཡང་ན་ཚར་ཆེན་ནས། རིན་པོ་ཆེ་བོད་མཁར་བ། སྤྱན་སྔ་ཆོས་རྒྱལ་མ། ཁྱབ་བདག་དབང་རབ་མན་འདྲ། ཡང་ན་གཉན་ཕུ་བ་ནས། མཁས་ཆེན་སེང་གེ་དཔལ། མཁས་ཆེན་རབ་འབྱོར་སེང་གེ །མཁན་ཆེན་ཆོས་ཀྱི་དབང་ཕྱུག་མན་འདྲ། ཡང་བཀའ་མའི་བརྒྱུད་པ་ནི། ཕྱག་ན་རྡོ་རྗེ། མི་ཕམ་སྐྲའི་ལ་བ་ཅན། སློབ་དཔོན་ཨ་བྷ་ཡཱ་ཀ་ར། ཟངས་དཀར་ལོ་ཙཱ་བ། ཐུགས་སྲས་མང་སྟོན། སོགས་བྱང་ཆུབ་ཡོན་ཏན། དཔལ་རྒྭ་ལོ། བླ་མ་དཔལ་ལྡན་སེང་གེ །ཀུན་མཁྱེན་བུ་སྟོན་རིན་པོ་ཆེ། སྒྲ་ཚད་པ་རིན་ཅེན་རྣམ་རྒྱལ། གཉག་ཕུ་བ་བསོད་ནམས་བཟང་པོ་མན་གོང་བཞིན་ནོ། །སྤྲིན་གསེབ་མ་དང་ཕྱག་མཚན་བཞི་པ་གཉིས་སྔ་གྱུར་བཀའ་གཏེར་གྱི་ཐོབ་ཡིག་ཏུ་ལམ་ཙམ་ཡོད་ཀྱང་འདིར་ཚར་ལུགས་རྗེས་གནང་བཀའ་བཅོ་ལྔ་ཞེས་གྲགས་
པའི་རྗེས་སུ་འབྲངས་ཏེ་བྲིས་པ་ཡིན་ནོ། །བཞིའི་རྟགས་ཡོད་པའི་ལུང་བརྒྱུད་ནི། སྤྱན་སྔ་ཆོས་ཀྱི་རྒྱ་མཚོ་ཡན་ཕྱག་མཚན་བཞི་པའི་རྗེས་གནང་གི་བརྒྱུད་པ་ལྟར་ལ། དེ་ནས་རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས་མན་སྔར་བཞིན་ནོ། །བོའི་རྟགས་ཡོད་པའི་ལུང་བརྒྱུད་ནི། མཁན་ཆེན་བསླབ་གསུམ་པ། རྡོ་རྗེ་འཆང་དབང་རབ། མཁན་ཆེན་ཞ་ལུ་པ། དེས་བདག་ལའོ། །གནུབས་ཀྱི་རྟགས་ཡོད་པའི་ལུང་བརྒྱུད་ནི། འཇམ་དཔལ་གཤིན་རྗེ་གཤེད། རྒྱལ་པོ་ཀུན་སྐྱོང་། བལ་པོ་བ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་རྡོ་རྗེ་འབར། གནུབས་བྱང་ཆུབ་སྙིང་པོ། གནུབས་སྤྱི་བོ་དོང་རིང་། གནུབས་གཙུག་ཏོར་འགྱིང་བ། གནུབས་བྱ་ཕོ་བརྩེགས་པ། གནུབས་འཇོལ་པོ་དབང་ཕྱུག །གནུབས་སེར་པོ་དཔའ་སྲས། གནུབས་ཀླུས་འབྱིན། གནུབས་ར་ཐུང་། གནུབས་གཙོ་བོ་ལྷ་པ། གནུབས་དཀོན་ཅོག་གྲགས། གནུབས་ནག་པོ་ཇོ་ཕན། གནུབས་ལོ་ཙཱ་བ་བྱམས་པའི་དཔལ་ནས་རིམ་པར་བརྒྱུད་དེ། རྡོ་རྗེ་འཆང་ཚར་པ་ཆོས་རྗེ། མཻ་ཏྲི་དོན་གྲུབ་རྒྱལ་མཚན། སྤྱན་སྔ་ཆོས་ཀྱི་རྒྱ་མཚོ། རྗེ་བཙུན་དབང་ཕྱུག་རབ་བརྟན། པཎ་ཆེན་ངག་དབང་ཆོས་གྲགས་མན་ལུང་བརྒྱུད་སྤྱི་འགྲོ་བཞིན་ནོ། །


previousརྣམ་སྲས་ཀུན་གྱི་རྩ་བར་གྱུར་པ་ཞི་བ་བདེ་བྱེད་སེར་པོ་ལྷ་དགུའི་རྗེས་སུ་གནང་བའི་ལུང་བརྒྱུད་སོགས།next