Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  collapse section
   
   
   
   
   
རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་བཤད་པ།
   
   
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section


 
previousརང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་བཤད་པ།next

རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་བཤད་པ།


GLG013_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་བཤད་པ། གཉིས་པ་རང་རྒྱལ་གྱི་ལམ་ཤེས་པའི་རང་བཞིན་ལ། སྤྱི་དོན་དང་། ཡན་ལག་གི་དོན་གཉིས། གཉིས་པ་ལ། རྟེན་གྱི་ཁྱད་པར། དེའི་ལམ་ཇི་ལྟར་ཤེས་པའི་ཚུལ། དེའི་རྒྱུ་ངེས་འབྱེད་ཆ་མཐུན་བཤད་པའོ། །དང་པོ་ལ། ཁྱད་ཆོས་དངོས་དང་། རྩོད་པ་སྤོང་བའོ། །དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ལུས་དང་བསྟུན་ན་ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་བཤད་པའི་དེ་མ་ཐག་པའི་མཇུག་ཐོགས་སུ་རང་སངས་རྒྱས་ཀྱི་ལམ་བརྗོད་པར་རིགས་མོད་ཀྱི་སྟེ་རིགས་ན་ཡང་། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་འབྱེད་ཆ་མཐུན་འཆད་པའི་རྒྱུ་མཚན་ཡོད་དེ། རེ་ཞིག་རང་རྒྱལ་གྱི་ལམ་ཉན་ཐོས་ལས་ཁྱད་ཞུགས་པ་ཉིད་དུ་བསྒྲུབ་པའི་ཆེད་ཡིན་པའི་ཕྱིར། དེ་གཉིས་ཁྱད་པར་མེད་ན་ཉན་ཐོས་ཀྱི་ལམ་ལོགས་སུ་འཆད་མི་རིགས་ལ། ཡོད་ན་ཉན་ཐོས་རྣམས་ལས་ལམ་དེ་དག་ཇི་ལྟར་ཁྱད་པར་དུ་འཕགས་ན། རྒྱུ་མཚན་གང་གིས་ན་དེ་དག་གིས་ལམ་གཞན་ཡིན་སྙམ་པའི་དོགས་པ་བསུ་བར་བྱ་བའི་ཕྱིར་དུ་ཡིན་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། རང་བྱུང་སྟེ་རང་རྒྱལ་དགྲ་བཅོམ་པ་ཆོས་ཅན། ཁྱོད་སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་གྱིས་གདམས་ངག་བསྟན་པ་ལ་ལྟོས་མི་དགོས་ཏེ། དེའི་ཚེ་གཞན་ལ་མི་ལྟོས་པར་བདག་ཉིད་ཀྱིས་བྱང་ཆུབ་རྟོགས་པའི་ཕྱིར། ཡང་སྒྲ་སྨོས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། དེའི་ཚེ་རང་གིས་གཞན་ལ་ངག་གི་སྒོ་ནས་ཆོས་མི་སྟོན་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། བསེ་རུ་ལྟ་བུའི་ཡེ་ཤེས་ནི་ཆོས་ཅན། ཉན་ཐོས་ལས་རྟོགས་པ་ཟབ་པ་ཉིད་དུ་མངོན་པར་བརྗོད་དེ། ཉན་ཐོས་ལྟར་ཆོས་སྟོན་པའི་ངག་གི་འབྲས་རྟགས་ལས་རྟོགས་མི་ནུས་ཤིང་། ལུས་ཀྱིས་ཆོས་


GLG013_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་དབང་གིས་རྟོགས་པ་ཟབ་མོ་དང་ལྡན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །ཞེས་པའི་ཤླཽ་ཀ་གཅིག་པུ་འདི། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་འཆད་བྱེད་ཀྱི་གཞུང་ཡིན་ཟེར་ན། མི་འཐད་པར་ཐལ། འདི་རང་རྒྱལ་རང་རྒྱུད་ཀྱིས་བསྡུས་པའི་ལམ་ཉན་ཐོས་ཀྱི་ལམ་ལས་ཁྱད་པར་འཕགས་པ་འཆད་བྱེད་ཀྱི་གཞུང་ཡིན་པའི་ཕྱིར། ཁ་ཅིག །ཉན་ཐོས་དགྲ་བཅོམ་རང་རྒྱལ་ལམ་དུ་འཇུག་པ་ཡོད་ཟེར་ན། ཉན་ཐོས་དགྲ་བཅོམ་པའི་རྟོགས་པ་སྔོན་དུ་སོང་བའི་རང་རྒྱལ་ཚོགས་ལམ་པ་ཆོས་ཅན། སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་གྱི་གདམས་ངག་ལ་ལྟོས་མེད་དུ་བྱང་ཆུབ་མངོན་དུ་བྱེད་པའི་གང་ཟག་ཡིན་པར་ཐལ། ཁྱོད་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱེད་ངེས་ཀྱི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། ཉན་ཐོས་དགྲ་བཅོམ་པ་རང་རྒྱལ་ལམ་དུ་འཇུག་པ་ཡོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་གྱི་གདམས་ངག་ལ་ལྟོས་ནས་བྱང་ཆུབ་མངོན་དུ་བྱས་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། དེའི་ཚེ་གཞན་གྱི་གདམས་ངག་ལ་ལྟོས་ནས་ཉན་ཐོས་དགྲ་བཅོམ་གྱི་འབྲས་བུ་མངོན་དུ་བྱས་པའི་གང་ཟག་ཡིན་པའི་ཕྱིར་ཏེ། དེ་ཡོད་པའི་ཕྱིར། གཞན་ཡང་། དེ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་ཐེག་དམན་གྱི་རིགས་ཡོད་པར་ཐལ། ཁྱོད་རང་རྒྱལ་ཚོགས་ལམ་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ཐེག་དམན་དགྲ་བཅོམ་ཡིན་པའི་ཕྱིར། ཁ་ཅིག །རྒྱུན་ཞུགས་ཀྱི་རྟོགས་པ་སྔོན་སོང་གི་རང་རྒྱལ་ཚོགས་ལམ་པ་ཆོས་ཅན། ཐེག་དམན་སོ་སྐྱེ་ཡིན་པར་ཐལ། རང་རྒྱལ་སོ་སྐྱེ་ཡིན་པའི་ཕྱིར་ན་མ་ཁྱབ། དེ་ཆོས་ཅན། ཐེག་དམན་འཕགས་པ་ཡིན་པར་ཐལ། ཐེག་དམན་དགྲ་བཅོམ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཐེག་དམན་སོ་སྐྱེ་དང་ཐེག་དམན་འཕགས་པ་གཉིས་ཀ་མ་ཡིན་པར་


GLG013_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ། གང་ཟག་གི་བདག་མེད་ཡིན་པའི་ཕྱིར། ཁ་ཅིག །རང་རྒྱལ་ཡིན་ན་དགེ་སློང་ཡིན་པས་ཁྱབ་ཟེར་ན། བར་དོའི་རྟེན་ཅན་གྱི་རང་རྒྱལ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མིའི་རྟེན་ཅན་ཡིན་པར་ཐལ་། འདོད་པའི་ཕྱིར། ཁ་ཅིག །དགེ་སློང་དུ་གྱུར་པའི་རང་རྒྱལ་ཡིན་ན་རང་རྒྱལ་དགྲ་བཅོམ་ཡིན་པས་ཁྱབ་ཟེར་ན། མི་འཐད་པར་ཐལ། དགེ་སློང་གི་རྟེན་ལ་ཡན་ལག་བཅུ་གཉིས་བསྒོམས་པས། རང་རྒྱལ་དགྲ་བཅོམ་གྱི་འབྲས་བུ་ཐོབ་པར་བྱེད་པ་ཡོད་པར་ཚད་ལྡན་གྱི་གཞུང་ལས་གསུངས་པའི་ཕྱིར། ཁ་ཅིག །རང་རྒྱལ་སྒོམ་ལམ་པ་ཆོས་ཅན། ཉན་ཐོས་ལས་ལམ་བགྲོད་ཚུལ་གྱི་སྒོ་ནས་ཁྱད་པར་འཕགས་ཏེ། ཁྱོད་ཀྱིས་སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་གྱིས་ཆོས་བསྟན་པ་ལ་མི་ལྟོས་པར་རང་གིས་བྱང་ཆུབ་མངོན་དུ་བྱེད་ནུས་པའི་ཕྱིར། ཟེར་ན། གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་ཆོས་ཅན། དེར་ཐལ། དེའི་ཕྱིར། དང་པོ་དེར་ཐལ། ལྟོས་ནས་བྱེད་པ་དང་མི་ལྟོས་པར་བྱེད་པ་གང་རུང་གང་ཞིག །ལྟོས་ནས་བྱེད་པ་མ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། གཟུགས་མེད་ཁམས་ན་སྒྲ་ཡོད་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། གཟུགས་མེད་ཁམས་ན་གཟུགས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །རང་རྒྱལ་སྒོམ་ལམ་པ་ཆོས་ཅན། ཉན་ཐོས་ལས་ལམ་བགྲོད་ཚུལ་གྱི་སྒོ་ནས་ཁྱད་པར་དུ་འཕགས་ཏེ། སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་གྱིས་གདམས་ངག་བསྟན་པ་ལ་མི་ལྟོས་པར་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱེད་པའི་གང་ཟག་ཡིན་པའི་ཕྱིར། ཟེར་ན། རང་རྒྱལ་དགྲ་བཅོམ་གྱིས་གོ་འཕང་མངོན་དུ་བྱེད་པའི་སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །ཚེ་ཕྱི་མ་དེ་ཉིད་ལ་རང་རྒྱལ་དགྲ་བཅོམ་གྱི་འབྲས་བུ་མངོན་དུ་བྱེད་པའི་རང་རྒྱལ་ཚོགས་


GLG013_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་པ་ཡོད་ཟེར་ན། མི་འཐད་པར་ཐལ། དེ་འདྲའི་ཚོགས་སྤྱོད་ཀྱི་རང་རྒྱལ་ཚོགས་ལམ་པ་མེད་པའི་ཕྱིར། དེར་ཐལ། བསེ་རུ་ལྟ་བུའི་རང་རྒྱལ་ཚོགས་ལམ་པ་རང་རྒྱལ་དགྲ་བཅོམ་གྱི་གོ་འཕང་འཐོབ་པ་ལ་བསྐལ་ཆེན་བརྒྱར་ཚོགས་གསོག་དགོས་པར་གསུངས་པའི་ཕྱིར། ཁ་ཅིག །རང་རྒྱལ་དགྲ་བཅོམ་པ་ཆོས་ཅན། ཁྱོད་ཉན་ཐོས་ལས་ཆོས་སྟོན་ཚུལ་གྱི་སྒོ་ནས་ཁྱད་པར་དུ་འཕགས་ཏེ། སྤྲུལ་སྒྱུར་སྣ་ཚོགས་བསྟན་པའི་སྒོ་ནས་གཞན་རྒྱུད་ལ་རྟོགས་པ་ཁྱད་པར་ཅན་སྐྱེད་པར་བྱེད་པའི་ཕྱིར་ཟེར་ན། རྫུ་འཕྲུལ་སྣ་ཚོགས་བསྟན་པའི་སྒོ་ནས་གཞན་རྒྱུད་ལ་དད་པ་ཁྱད་པར་ཅན་སྐྱེད་པའི་ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། རྫུ་འཕྲུལ་སྣ་ཚོགས་སྟོན་པའི་ཉན་ཐོས་དགྲ་བཅོམ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །རང་རྒྱལ་དགྲ་བཅོམ་པས་ངག་གི་སྒོ་ནས་ཆོས་སྟོན་པ་མེད་ཟེར་ན། མི་འཐད་པར་ཐལ། རང་རྒྱལ་དགྲ་བཅོམ་པས་ཆོས་དང་དོན་དང་ལྡན་པའི་གཏམ་སྨྲ་བ་ཡོད་པའི་ཕྱིར་ཏེ། དེ་ལྟར་ཡོད་པར་འདུལ་བ་ལུང་ལས་གསུངས་པའི་ཕྱིར། ཁ་ཅིག །རང་རྒྱལ་ཡིན་ན་ཟླ་མེད་གཅིག་པུར་གནས་པས་ཁྱབ་ཟེར་ན། ཚོགས་སྤྱོད་ཀྱི་རང་རྒྱལ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས་སོ། །གསུམ་པ་འགྲེལ་པ་ལ། ལམ་བགྲོད་པའི་ཁྱད་པར། ཆོས་སྟོན་པའི་ཁྱད་པར་རོ། །དང་པོ་ནི། ཤེས་བྱ་ཆོས་ཅན། རང་སངས་རྒྱས་དེ་དག་ལ་སྲིད་པ་ཐ་མའི་ཚེ་སངས་རྒྱས་ལ་སོགས་པ་གཞན་གྱིས་བྱང་ཆུབ་བསྟན་མི་དགོས་ཏེ། དེའི་ཚེ་གཞན་གྱིས་བསྟན་པ་ལ་མི་ལྟོས་པར་བདག་ཉིད་ཀྱིས་རང་གི་བྱང་ཆུབ་མངོན་པར་རྟོགས་པར་འགྱུར་བ་སྟེ་འཐོབ་པ་ཡིན་པའི་ཕྱིར། དེར་ཐལ། རང་སངས་རྒྱས་རྣམས་ནི་སྔོན་གྱི་ཐོས་པ་དང་སྨོན་ལམ་


GLG013_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ལམ་མངོན་པར་འདུས་བྱས་པའི་རྒྱུས་དེ་ལྟར་འགྱུར་བའི་ཕྱིར། ཞེས་བྱ་བ་ནི་ཉན་ཐོས་ལས་ཁྱད་ཞུགས་པ་ཉིད་དུ་སྒྲུབ་པའི་གཅིག་སྟེ་སྒྲུབ་བྱེད་དང་པོ་ཡིན་ཏེ། ལུང་ལས། ཉན་ཐོས་རྣམས་ནི་སྲིད་པ་ཐ་མའི་ཚེ་གཞན་གྱིས་བསྟན་པ་ལ་ལྟོས་ནས་རང་གི་བྱང་ཆུབ་རྟོགས་པར་འགྱུར་ལ། གདུལ་བྱ་གཞན་དག་ཀྱང་བརྗོད་པ་དང་བཅས་པའི་ཆོས་བསྟན་པས་དགེ་བ་ལ་འཇུག་པར་བྱེད་དོ། །ཞེས་འབྱུང་བ་ལྟར་གནས་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ངག་གི་འབྲས་རྟགས་ལས་རང་རྒྱལ་དེ་དག་གི་ཡེ་ཤེས་མི་རྟོགས་པ་ཉིད་ནི། ཉན་ཐོས་ལས་ཆོས་སྟོན་ཚུལ་གྱི་སྒོ་ནས་ཁྱད་ཞུགས་པ་གཉིས་པ་ཡིན་ཏེ། རང་རྒྱལ་དེ་དག་གིས་ནི་རང་གིས་ཐོབ་པའི་ཡེ་ཤེས་ཀྱི་མཐུ་དང་སྨོན་ལམ་ལ་སོགས་པའི་མཐུས་སྒྲ་མེད་པའི་ཆོས་བསྟན་པས། གཞན་དག་དགེ་བ་བཅུ་དང་བདག་མེད་རྟོགས་པ་ལ་སོགས་པ་ལ་འཇུག་པར་བྱེད་པ་དེའི་ཕྱིར། ཁྱབ་སྟེ། ཉན་ཐོས་རྣམས་ནི་སྒྲར་བརྗོད་པའི་ཆོས་བསྟན་པའི་སྒོ་ནས་ཉན་པ་པོ་རྣམས་ཀྱིས་འཆད་པ་པོའི་ཤེས་པའི་རྩལ་བློའི་ནུས་པ་རྟོགས་པར་བྱེད་པ་ལ་ལྟོས་པའི་ཕྱིར། གཉིས་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། སྔར་གྱི་རྩོད་པ་དེར་མ་ཟད། དེ་ལས་འཕྲོས་པའི་རྩོད་པ་གཞན་ཡང་ཡོད་དེ། ཇི་ལྟར་ཡོད་ན། རང་རྒྱལ་གྱིས་སྒྲ་མེད་པར་རང་གི་གདུལ་བྱ་ལ་ཆོས་སྟོན་ནུས་སམ་སྙམ་པའི་དོགས་པ་ཁོང་ནས་བསུ་བར་བྱེད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། རང་རྒྱལ་གྱིས་སྒྲ་མེད་ཀྱང་ཆོས་སྟོན་པ་མི་འགལ་ཏེ། དེས་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་གདུལ་བྱ་གང་དག་གང་རྟོགས་བྱའི་དོན་ནི་གང་དང་གང་ལ་རྣམ་པ་ཇི་ལྟ་ཇི་ལྟར་ཉན་པར་འདོད་པ་དེ་དང་དེ་ལ་དོན་དེ་དང་དེ་སྔར་བཤད་པ་དེ་ལྟར་སྣང་བར་ནུས་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། རང་རྒྱལ་


GLG013_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་པས་གདུལ་བྱ་ལ་སྒྲ་མེད་པར་ཆོས་སྟོན་པ་མི་འགལ་བ་ཞེས་བྱ་སྟེ། ཆོས་སྟོན་པའི་སྒྲའི་དགོས་པའི་དོན་ནི། འདི་ལྟར་བརྗོད་པར་བྱ་བའི་ཆོས་རྟོགས་པ་ཉན་པ་པོའི་རྣམ་པར་ཤེས་པ་ལ་ཤིན་ཏུ་སྐྲུན་ཅིང་སྐྱེད་པ་ཞེས་བྱ་བ་འདི་ཡིན་ན། དོན་དེ་ནི་རང་རྒྱལ་དགྲ་བཅོམ་པས་སྒྲ་མེད་དུ་ཆོས་བསྟན་པ་ལ་ཡང་ཡོད་པའི་ཕྱིར། ཡོད་དེ། རང་སངས་རྒྱས་ཉིད་ཀྱི་གནས་སྐབས་ན་ཡང་སྔོན་གྱི་སྨོན་ལམ་ལ་སོགས་པའི་མཐུས་ཆོས་སྟོན་པའི་སྒྲ་མེད་ཀྱང་། གདུལ་བྱ་གང་ཞིག་མངོན་མཐོ་ངེས་ལེགས་ཀྱི་དོན་གང་ལ་རྣམ་པ་ཇི་ལྟར་ཉན་པར་འདོད་པའི་གདུལ་བྱ་དེའི་རྣམ་པར་ཤེས་པ་ལ་དོན་དེ་རྣམ་པ་དེ་ཁོ་ན་ལྟར་སྣང་བར་འགྱུར་བའི་ཕྱིར། རྒྱུ་མཚན་ཡོད་དེ། བྱང་ཆུབ་སེམས་དཔས་འདི་ལྟར་སངས་རྒྱས་སུ་གྱུར་ནས་བརྗོད་པ་མེད་པར་ཡང་ཆོས་སྟོན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ལ། རང་རྒྱལ་གྱིས་ཀྱང་དེ་ལྟར་བཏབ་པ་དེ་བས་ན་སངས་རྒྱས་དང་འདྲ་བའི་ཕྱིར། ཚིག་ཏུ་བརྗོད་པ་ནི་ཏིང་འཛིན་ལས་རྣམ་པར་གཡེང་བ་ཡིན་ལ། དེ་ཡང་ཏིང་ངེ་འཛིན་གྱི་རྒྱུད་འཁྲུག་པར་བྱེད་པ་ཡིན་པའི་ཕྱིར། རྒྱུ་མཚན་ཡོད་དེ། ངོ་བོ་ལ་རྣམ་པར་མ་བརྟགས། ཁྱད་པར་ལ་རྣམ་པར་མ་དཔྱད་པའི་ཚིག་ལག་ཏུ་མི་སྨྲ་བའི་ཕྱིར། སྨྲས་པ། སྒྲ་ཡི་དབྱངས་སྤངས་ལུས་ཀྱི་རྨད་བྱུང་གར། །ལས་ལྡན་ཡང་དག་སྣང་བ་སྒྱུར་མཁས་པ། །སྤུ་སྡུག་རྣམ་བཀྲའི་མདོངས་དང་མི་ལྡན་པའི། །མྱང་འདས་འབྲུག་སྒྲ་མངལ་འཛིན་འདི་ལས་ཅི། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། རྣལ་མ་སྟེ་ལུས་རྣམ་གཞག་གི་དཀྱུས་དོན་འཆད་བྱེད་ཡིན་པས་རང་སངས་རྒྱས་ཀྱི་ལམ་འཆད་ཚུལ་ཡོད་དེ། སྔར་བཤད་པ་དེ་ལྟར་


GLG013_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྒྱལ་ཉན་ཐོས་ལས་ཁྱད་ཞུགས་པ་བརྗོད་ནས། ཁྱད་ཞུགས་པ་རྣམས་ཀྱི་རང་རྒྱལ་གྱི་ལམ་ནི་ཅིག་ཤོས་ལས་ཁྱད་པར་འཕགས་པ་ཁོ་ན་ཡིན་པས་འཆད་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། བསེ་རུ་ལྟ་བུའི་ལམ་ཆོས་ཅན། ཁྱད་ཆོས་གསུམ་དང་ལྡན་པས་ཡང་དག་པར་བསྡུས་པར་ཤེས་པར་བྱ་བ་ཡིན་ཏེ། གཟུང་བ་གཟུགས་ལ་སོགས་པ་ཕྱི་རོལ་གྱི་དོན་དུ་འཛིན་པའི་རྟོག་པ་སྤོང་བའི་ཕྱིར་དང་། གཟུགས་འཛིན་ཤེས་པ་ལ་སོགས་པ་འཛིན་པ་བདེན་པར་འཛིན་པ་མི་སྤོང་བའི་ཕྱིར་དང་ནི། རིགས་ལ་བརྟེན་པའི་རྟེན་གྱི་ཁྱད་པར་དང་ལྡན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། རོང་ཊཱིཀ་པ་ན་རེ། རང་རྒྱལ་གྱི་ལམ་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད་ཟེར་ན། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཡིན་ན་རྣལ་འབྱོར་མངོན་སུམ་ཡིན་པས་ཁྱབ་པར་ཐལ། ཁྱོད་ཀྱི་མཚན་ཉིད་འཐད་པའི་ཕྱིར། འདོད་ན། མ་ཁྱབ་པར་ཐལ། གཟུང་འཛིན་རྫས་གཞན་གྱིས་སྟོང་པར་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཐེག་ཆེན་གྱི་སྒོམ་ལམ་ཡོད་པའི་ཕྱིར། དེར་ཐལ། དེ་ལྟར་འགྲེལ་པར་བཤད་པའི་ཕྱིར། ཁ་ཅིག །རང་རྒྱལ་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད་ཟེར་ན། གཟུགས་ཕྱི་རོལ་དོན་དུ་འཛིན་པའི་རྟོག་པ་སྤངས་པའི་སྤངས་པ་དོན་གཉེར་གྱི་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། དེ་ཆོས་ཅན། རང་རྒྱལ་གྱི་ཤེས་རབ་ཀྱི་རྟོགས་རིགས་སུ་གནས་པར་ཐལ། འདོད་པའི་ཕྱིར། འདོད་ན། མི་གནས་པར་ཐལ། དེའི་


GLG013_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱི་རྟོགས་རིགས་སུ་གནས་པའི་ཕྱིར། དེར་ཐལ། གཟུགས་ཕྱི་རོལ་དོན་འཛིན་གྱི་རྟོག་པ་སྤངས་པའི་སྤངས་པ་དོན་གཉེར་གྱི་རང་རྒྱལ་གྱི་མཐོང་ལམ་དེ་དེའི་ཐབས་ཡིན་པའི་ཕྱིར། དེར་ཐལ། རང་རྒྱལ་གྱི་སེམས་བསྐྱེད་དེ་རང་རྒྱལ་གྱི་ཐབས་ཡིན་པའི་ཕྱིར། ཁ་ཅིག །རང་རྒྱལ་དང་སེམས་ཙམ་པ་ལྟ་བ་མི་མཚུངས་ཏེ། སྟོང་ཉིད་རྟོགས་པའི་རང་རྒྱལ་ཡོད་པ་གང་ཞིག །དེ་རྟོགས་པའི་ཅིག་ཤོས་མེད་པའ་ིཕྱིར་ཟེར་ན། མི་འཐད་པར་ཐལ། དེ་གཉིས་ཀྱི་ལྟ་བ་ལ་མཐོ་དམན་གྱི་ཁྱད་པར་མེད་པའི་ཕྱིར། དེར་ཐལ། གཟུང་འཛིན་རྫས་གཞན་གྱིས་སྟོང་པར་རྟོགས་པའི་ལྟ་བ་དེ་དེ་གཉིས་ཀའི་བསྒོམ་བྱའི་གཙོ་བོར་གྱུར་པའི་ལྟ་བ་ཡིན་པའི་ཕྱིར། དེར་ཐལ། དང་པོ་གང་ཞིག །ཕྱི་མ་ཡིན་པའི་ཕྱིར། དང་པོ་དེར་ཐལ། ཉན་རང་གཉིས་ཀྱི་བསྒོམ་བྱའི་ལྟ་བ་ལ་ཁྱད་པར་ཡོད་པའི་ཕྱིར། གཉིས་པ་དེར་ཐལ། སེམས་ཙམ་པའི་བསྒོམ་བྱའི་གཙོ་བོར་གྱུར་པའི་ལྟ་བ་ཡོད་པའི་ཕྱིར། གཞན་ཡང་། སྟོང་ཉིད་རྟོགས་པའི་ལྟ་བ་དེ་སྟོང་ཉིད་རྟོགས་པའི་རང་རྒྱལ་གྱི་བསྒོམ་བྱའི་གཙོ་བོ་ཡིན་པར་ཐལ། རྩ་བའི་དམ་བཅའ་འཐད་པའི་ཕྱིར། འདོད་ན། ཤེས་སྒྲིབ་ཕྲ་མོ་སྤང་བྱའི་གཙོ་བོར་བྱས་ནས་སྤོང་བའི་རང་རྒྱལ་སློབ་པ་ཡོད་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །དེ་གཉིས་ལྟ་བ་མི་མཚུངས་ཏེ། རང་སངས་རྒྱས་ཀྱིས་གཟུང་བ་བདེན་མེད་དུ་རྟོགས། འཛིན་པ་བདེན་མེད་དུ་མ་རྟོགས། སེམས་ཙམ་པས་དེ་གཉིས་ཀ་བདེན་མེད་དུ་རྟོགས་པའི་ཕྱིར། ཟེར་ན། མི་འཐད་པར་ཐལ། ཆོས་ཅན་གཅིག་བདེན་མེད་དུ་རྟོགས་ན། ཆོས་གཞན་བདེན་པར་གྲུབ་མ་གྲུབ་དཔྱོད་པ་ལ་ཞུགས་ན་སྔར་གྱི་ཕྱོགས་ཁྱབ་ཚད་མས་གྲུབ་པའི་ཚུལ་དྲན་པར་བྱས་པས་ངེས་པར་བདེན་མེད་དུ་རྟོགས་ནུས་པའི་ཕྱིར། དེར་ཐལ། འཕགས་པ་ལྷས། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་


GLG013_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ཀུན་དེ་བཞིན་ཉིད་དུ་མཐོང་། །ཞེས་གསུངས་པའི་ཕྱིར། གཞན་ཡང་། སློབ་ལམ་དུ་ཆོས་ཅན་མཐའ་དག་བདེན་མེད་དུ་རྟོགས་པ་མི་སྲིད་པར་ཐལ། ཕྱི་རོལ་གྱི་ཆོས་ཅན་གཟུགས་བརྙན་ལྟ་བུ་བདེན་མེད་དུ་རྟོགས་ཀྱང་། སླར་ཡང་དེའི་ངོར་མྱུ་གུ་བདེན་མེད་དུ་སྒྲུབ་པའི་རྟགས་འགོད་དགོས་པའི་ཕྱིར། རྟགས་ཁས། ཁ་ཅིག །གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །ཞེས་པའི་ལུང་དོན་ལ་རང་རྒྱལ་གྱི་ལམ་ཤེས་པའི་རྒྱུ་ལམ་ཤེས་དེ་གཟུགས་ཕྱི་རོལ་དོན་དུ་འཛིན་པའི་རྟོག་པ་སྤང་བྱའི་གཙོ་བོར་བྱས་ནས་སྤོང་བའི་རིགས་སུ་གནས། བདེན་འཛིན་སྤང་བྱའི་གཙོ་བོར་བྱས་ནས་མི་སྤོང་བའི་རིགས་སུ་གནས། རང་རྒྱལ་གྱི་རིགས་ལ་བརྟེན་པའི་ཁྱད་པར་གསུམ་དང་ལྡན་པ་ཡིན་ནོ་ཟེར་ན། གཞུང་འདིས་ཁྱད་པར་གསུམ་ལྡན་གྱི་ཤེས་བྱ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་དེ་བསྟན་བྱའི་གཙོ་བོར་བྱས་ནས་མ་བསྟན་པར་ཐལ། གཞུང་འདིའི་སྐབས་ནས་བསྟན་པའི་ཁྱད་པར་གསུམ་ལྡན་གྱི་ཤེས་བྱ་རང་རྒྱལ་གྱི་ལམ་མེད་པའི་ཕྱིར། དེར་ཐལ། རང་རྒྱལ་རང་རྒྱུད་ཀྱིས་བསྡུས་པའི་ལམ་དེ་མ་ཡིན། གཟུང་འཛིན་རྫས་གཞན་གྱིས་སྟོང་པར་རྟོགས་པའི་ཡེ་ཤེས་ཀྱང་དེ་མ་ཡིན། བྱང་འཕགས་ཀྱི་རྒྱུད་ཀྱི་དེ་ཡང་དེ་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། མི་འཐད་པར་ཐལ། དེ་འདྲ་རང་རྒྱལ་གྱི་ལམ་མཚན་ཉིད་པ་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། དེར་ཐལ། རྩ་བའི་དམ་བཅའ་གང་ཞོག །གཟུང་འཛིན་རྫས་གཞན་གྱིས་སྟོང་པར་རྟོགས་པའི་ཡེ་ཤེས་རང་རྒྱལ་གྱི་ལམ་ཤེས་པའ་ིརྒྱུ་ལམ་ཤེས་མ་ཡིན་པའི་ཕྱིར། དེར་ཐལ། བྱང་འཕགས་ཀྱི་རྒྱུད་ཀྱི་དེ་འདྲ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་འདིར་བསྟན་ཁྱད་པར་གསུམ་ལྡན་གྱི་ཤེས་བྱ་རང་རྒྱལ་གྱི་ལམ་མ་ཡིན་པ་གང་ཞིག །དེ་ལས་དོན་གཞན་དུ་གྱུར་པའི་འཛིན་རྒྱུ་མེད་པའི་ཕྱིར། རྟགས་ཁས། ཁ་ཅིག །བྱང་འཕགས་ཀྱིས་


GLG013_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ལམ་རྟོགས་ཚུལ་ཡོད་དེ། སེམས་བསྐྱེད་བསྔོ་བ་སྟོང་ཉིད་རྟོགས་པའི་ཤེས་རབ་གསུམ་གྱི་སྒོ་ནས་ཤེས་པར་བྱེད་པའི་ཕྱིར། བསེ་རུ་ལྟ་བུའི་རང་རྒྱལ་གྱི་སྒོམ་ལམ་ཆོས་ཅན། ཁྱོད་ཁྱད་ཆོས་གསུམ་དང་ལྡན་ཏེ། རང་ལམ་དུ་གཟུང་བ་ཕྱི་རོལ་དོན་དུ་འཛིན་པའི་རྟོག་པ་སྤོང་ནུས། རང་ལམ་དུ་ཤེས་པ་བདེན་པར་འཛིན་པའི་བདེན་འཛིན་ཟད་པར་སྤོང་མི་ནུས། རང་རྒྱལ་གྱི་རིགས་ལ་བརྟེན་པའི་ཁྱད་པར་གསུམ་དང་ལྡན་པའི་ཕྱིར། ཟེར་ན། མི་འཐད་པར་ཐལ། འདིར་བསྟན་ཤེས་བྱ་རང་རྒྱལ་གྱི་ལམ་དེ་བྱང་སེམས་ཀྱི་རྒྱུད་ལ་སྐྱེ་བ་ཞིག་ཡོད་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། དེ་རང་སངས་རྒྱས་ཀྱི་རྒྱུད་ལ་ཡོད་པ་ན། དེའི་སྐྱེ་མཆེད་དྲུག་གི་ཆོས་ཉིད་ལ་བརྟེན་ལ། བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པ་ནི་དེའི་རང་བཞིན་གནས་རིགས་ལ་བརྟེན་པའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་། བྱང་སེམས་ཀྱིས་རང་རྒྱལ་གྱི་ལམ་ཤེས་ཚུལ་མིག་གིས་གཟུགས་ལ་བལྟ་བ་ལྟར་བྱ་རིགས་པར་ཐལ། འདིར་བསྟན་ཤེས་བྱ་རང་རྒྱལ་གྱི་ལམ་དེ་རྣམ་གཞག་གི་རྟེན་རང་རྒྱལ་ལ་རྣམ་གཞག་དང་། བྱང་ཆུབ་སེམས་དཔའི་རྒྱུད་ལ་སྐྱེ་བ་གཉིས་ཚོགས་མ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། རྣམ་བཤད་ལས། རྟོགས་པ་འདིས་བསྡུས་པའི་གཞི་ཤེས་ཀྱང་རྣམ་གཞག་གི་རྟེན་རང་སངས་རྒྱས་ལ་རྣམ་པར་བཞག་ཀྱང་བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་ལ་ཡང་སྐྱེ་བས། རང་སངས་རྒྱས་ཀྱི་ལམ་ཤེས་པའི་ཚུལ་མིག་གིས་གཟུགས་ལ་བལྟ་བ་ལྟར་དུ་གོ་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །གཞུང་འདིའི་སྐབས་ནས་དངོས་སུ་བསྟན་པའི་རང་རྒྱལ་གྱི་ལམ་དེ་རང་རྒྱལ་གྱི་ལམ་མཚན་ཉིད་པ་ལ་བྱེད་རིགས་པར་ཐལ། རྣམ་བཤད་ལས། ཐེག་དམན་པའི་གང་ཟག་གི་རྒྱུད་ལ་བསྐྱེད་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་རྒྱུད་ལ་བསྐྱེད་པར་བྱ་བ་གཉིས་ཀ་བསྟན་ཅིང་། ཞེས་གསུངས་པའི་ཕྱིར་ན།


GLG013_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམ་བཤད་ཀྱི་དགོངས་པ་མ་ཡིན་པར་ཐལ། བྱང་སེམས་དང་རང་རྒྱལ་གཉིས་ཀའི་རྒྱུད་ལ་བསྐྱེད་པར་བྱ་བ་གཉིས་ཚོགས་ཤིག་འདིར་བསྟན་ཤེས་བྱ་རང་རྒྱལ་གྱི་ལམ་ལ་དགོས་པར་གསུངས་པའི་ཕྱིར། གཉིས་པ་རང་ལུགས་ནི། ཁྱད་ཆོས་གསུམ་གྱིས་ཟིན་པའི་སྒོ་ནས་གདུལ་བྱ་རང་རྒྱལ་གྱི་རིགས་ཅན་རྗེས་སུ་བཟུང་བའི་ཆེད་དུ་ཤེས་པར་བྱ་བའི་ཤེས་རབ་ཀྱི་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག །གཟུང་འཛིན་རྫས་གཞན་གྱིས་སྟོང་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ། འདིར་བསྟན་ཤེས་བྱ་རང་རྒྱལ་གྱི་ལམ་ཡིན་པར་ཐལ། རྣམ་བཤད་ལས། གཟུང་བ་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་ཉིད་ལ་རང་སངས་རྒྱས་ཀྱི་ལམ་ཞེས་བྱ་ལ་ཞེས་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་འདིར་བསྟན་ཤེས་བྱ་རང་རྒྱལ་གྱི་ལམ་ལྟ་བུ་ལ་དགོངས་པའི་ཕྱིར། ཁ་ཅིག །ལམ་མ་ཞུགས་ན་གཟུང་འཛིན་རྫས་གཞན་གྱིས་སྟོང་པར་རྟོགས་པའི་ཡེ་ཤེས་མེད་པར་ཐལ། དེ་ལམ་ཡིན་པའི་ཕྱིར། དེར་ཐལ། དེ་འདིར་བསྟན་ཤེས་བྱ་རང་རྒྱལ་གྱི་ལམ་ཡིན་པའི་ཕྱིར། འདོད་ན། ལམ་མ་ཞུགས་ན་དེ་འདྲའི་བློ་མེད་པར་ཐལ། ལམ་མ་ཞུགས་ན་དེ་འདྲའི་ཡེ་ཤེས་མེད་པའི་ཕྱིར་ན་མ་ཁྱབ། གསུམ་པ་ནི། ཤེས་བྱ་ཆོས་ཅན། བྱང་ཆུབ་སེམས་དཔས་རང་རྒྱལ་གྱི་ལམ་མངོན་སུམ་དུ་ཤེས་པར་བྱའི། མངོན་དུ་བྱ་བའི་ཚུལ་གྱིས་རྣམ་པ་ཐམས་ཅད་དུ་ཤེས་པར་བྱ་བ་ནི་མ་ཡིན་ནོ། །ཞེས་བྱ་བ་ནི་ཤེས་བྱ་རང་སངས་རྒྱས་ཀྱི་ལམ་དུ་བསྟན་པ་ཡིན་ཏེ། རང་སངས་རྒྱས་ཀྱི་ལམ་ལ་ཇི་སྐད་བཤད་པ་བདེན་པའི་རྣམ་པ་བཅུ་དྲུག་བསྒོམ་པ་ཁོ་ན་དང་། འབྱུང་ཚུལ་དང་། ལྡོག་ཚུལ་གྱི་དངོས་པོ་ཇི་ལྟ་བ་བཞིན་དུ་རྟེན་ཅིང་འབྲེལ་
པར་འབྱུང་བ་ཡན་ལག་བཅུ་གཉིས་ཀྱི་འབྱུང་ལྡོག་བསྒོམས་པས། གཟུང་བ་ཕྱི་རོལ་དོན་དུ་ཞེན་པའི་རྣམ་པར་རྟོག་པ་དག་གོ་རིམ་བཞིན་དུ་སྤངས་པ་དང་། ཤེས་པ་བདེན་པར་འཛིན་པའི་དོན་གྱི་རྣམ་པར་རྟོག་པ་དག་མ་སྤངས་པ་དང་། རང་སངས་རྒྱས་ཀྱི་ཐེག་པས་བསྡུས་པའི་བརྟེན་པའི་ཆོས་ཀྱི་ཆོས་ཉིད་རིགས་ལ་བརྟེན་པའི་རྟེན་གཞིའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པ་དང་ལྡན་པའི་ཆོས་རྟོགས་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར།


previousརང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་བཤད་པ།next