Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
  collapse section
   
   
   
   
   
  collapse section
   
   
   
   
  collapse section
   
སེམས་ཀྱི་གནས་པ་བདུན་སོགས་བཤད་པ།
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   


 
previousསེམས་ཀྱི་གནས་པ་བདུན་སོགས་བཤད་པ།next

སེམས་ཀྱི་གནས་པ་བདུན་སོགས་བཤད་པ།


GLG014_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། སེམས་ཀྱི་གནས་པ་བདུན་བཤད། སེམས་ཅན་གྱི་གནས་དགུ་བཤད། སེམས་ཀྱི་གནས་པ་བཞི་བཤད་པའོ། །དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། རྣམ་པར་ཤེས་པའི་གནས་པ་ཆོས་ཅན། ཁྱོད་ལ་བདུན་ཡོད་དེ། ལུས་དང་འདུ་ཤེས་གཉིས་ཀ་ཐ་དད་པ་དང་། ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་དང་། དེ་ལས་བཟློག་པ་ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་དང་། གཉིས་ཀ་གཅིག་པ་དང་། གཟུགས་ཅན་མ་ཡིན་པའི་གནས་དང་པོ་གསུམ་སྟེ་བདུན་ཡོད་པའི་ཕྱིར། འདོད་པའི་ལྷ་མི་གཉིས་དང་། བསམ་གཏན་དང་པོ་བ་དང་པོར་བྱུང་བ་མ་གཏོགས་པ་རྣམས་ཆོས་ཅན། ལུས་དང་འདུ་ཤེས་གཉིས་ཀ་ཐ་དད་ཏེ། ལུས་ཀྱི་ཆེ་ཆུང་ཁ་དོག་དང་། འདུ་ཤེས་བདེ་སྡུག་བཏང་སྙོམས་གསུམ་ཅི་རིགས་པར་ཐ་དད་པའི་ཕྱིར་བསམ་གཏན་དང་པོ་ན་དང་པོར་སྐྱེས་མ་ཐག་པ་རྣམས་ཆོས་ཅན། ལུས་ཐ་དད་ཅིང་འདུ་ཤེས་གཅིག་པ་ཡིན་ཏེ། ལུས་སྔ་མ་དང་འདྲ་བ་གང་ཞིག །འདུ་ཤེས་ཚངས་ཆེན་གྱིས་བྱས་སོ་སྙམ་པ་གཅིག་པའི་ཕྱིར། བསམ་གཏན་གཉིས་པ་བ་རྣམས་ཆོས་ཅན། སྔ་མ་ལས་བཟློག་པ་ལུས་གཅིག་ཅིང་འདུ་ཤེས་ཐ་དད་པ་ཡིན་ཏེ། ལུས་འོད་ལུས་སུ་གཅིག་


GLG014_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཞིག །འདུ་ཤེས་བདེ་བ་དང་བཏང་སྙོམས་གཉིས་རེ་མོས་སུ་དོན་དུ་གཉེར་བའི་ཕྱིར། བསམ་གཏན་གསུམ་པ་ཆོས་ཅན། གཉིས་ཀ་གཅིག་སྟེ། ལུས་སྔ་མ་གང་ཞིག །འདུ་ཤེས་ཚོར་བ་བདེ་བ་གཅིག་པུ་དོན་དུ་གཉེར་བའི་ཕྱིར། ལྷག་མ་ངན་སོང་གསུམ་པོ་ནི་ཆོས་ཅན། སེམས་ཀྱི་གནས་པ་མ་ཡིན་ཏེ། སྡུག་བསྔལ་གྱིས་མནར་བའི་སྒོ་ནས་སེམས་འཇོམས་པར་བྱེད་པ་དང་ལྡན་པའི་ཕྱིར། བསམ་གཏན་བཞི་པ་དང་། སྲིད་རྩེ་བ་གཉིས་དེ་མ་ཡིན་ཏེ། སྔ་མ་འདུ་ཤེས་མེད་པའི་སྙོམས་འཇུག་དང་། ཕྱི་མ་འགོག་སྙོམས་ཀྱིས་འཇོམས་པར་བྱེད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །མིའི་འགྲོ་བ་དང་། འདོད་ལྷ་དང་། བསམ་གཏན་དང་པོར་ཕྱིས་སྐྱེས་པའི་ལྷ་གསུམ་པོ་གང་རུང་ཡིན་ན། རྣམ་ཤེས་ཀྱི་གནས་པ་དང་པོ་ཡིན་པས་ཁྱབ་ཟེར་ན། འདོད་ལྷའི་རྟེན་ཅན་གྱི་འགོག་སྙོམས་རྒྱུད་ལ་ལྡན་པའི་ཕྱིར་མི་འོང་ལུས་མངོན་བྱེད་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། འདོད་ལྷ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྣམ་ཤེས་ཀྱི་གནས་པ་བདུན་པོ་གང་རུང་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྣམ་ཤེས་ཀྱི་གནས་པ་འཇོམས་བྱེད་དང་ལྡན་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། འགོག་སྙོམས་རྒྱུད་ལ་ལྡན་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་སྟེ། དེ་འཇོམས་བྱེད་ལྡན། ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་རྣམ་ཤེས་ཀྱི་གནས་པ་འཇོམས་བྱེད་དང་ལྡན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །རྣམ་ཤེས་ཀྱི་གནས་པ་བདུན་གྱིས་བསྡུས་ན་གང་ཟག་ཡིན་པས་ཁྱབ་ཟེར་ན། འདོད་པའི་ལྷ་མིའི་རྒྱུད་ཀྱི་ཟག་བཅས་ཀྱི་ཕུང་པོ་དང་པོ་བཞི་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། རྣམ་ཤེས་ཀྱི་གནས་པ་བཞི་བདུན་གཉིས་ཀྱིས་བསྡུས་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། གསུམ་པ་ནི་བདུན་ནོ། །དེ་དག་ཏུ་ཕུང་པོ་བཞི་རྣམས་སོ། །ཞེས་གསུངས་པའི་
ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། སེམས་ཅན་གྱི་ནི་གནས་དགུ་ཡོད་པར་བཤད་དེ། གོང་གི་བདུན། སྲིད་རྩེ་དང་། འདུ་ཤེས་མེད་པའི་སེམས་ཅན་རྣམས་ཏེ་དགུར་བཤད་པའི་ཕྱིར། དེ་ལས་གཞན་ངན་སོང་གསུམ་ན་སེམས་ཅན་གྱི་གནས་སུ་བཤད་པ་མིན་པའི་རྒྱུ་མཚན་ཡོད་དེ་སེམས་ཅན་རྣམས་དེར་མི་འདོད་བཞིན་དུ་གནས་པའི་ཕྱིར། གསུམ་པ་ནི། ཡང་རྣམ་ཤེས་ཀྱི་གནས་པ་དག་ནི་ཆོས་ཅན། ཁྱོད་ལ་བཞི་ཡོད་དེ། ཁྱོད་ལ་ཟག་པ་དང་བཅས་པའི་ཕུང་པོ་བཞི་ཡོད་པའི་ཕྱིར། དེ་དག་ན་རང་གི་ས་པ་ཉིད་དགོས་ཏེ། འདོད་པའི་ཕུང་པོ་བཞི་པོ་འདོད་པའི་རྣམ་ཤེས་ཁོ་ནའི་གནས་ཡིན་གྱི། ཁམས་གོང་མའི་མ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། རྣམ་པར་ཤེས་པ་འབའ་ཞིག་འདིར་གནས་པར་མ་བཤད་དེ། འདིའི་གནས་པ་ནི་རྟེན་བྱེད་པའི་དབང་དུ་བྱས་ལ། རྣམ་ཤེས་རང་ཉིད་ཀྱི་རྟེན་རང་ལ་བྱེད་པ་འགལ་བའི་ཕྱིར། སེམས་ཀྱི་གནས་པ་ཆོས་ཅན། ཁྱོད་ལ་མུ་བཞི་ཡོད་དེ། མདོར་བསྡུ་ན་དེ་ལྟར་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་བདུན་གྱིས་བསྡུས་ལ་བཞིས་མ་བསྡུས་པ་ཡོད་དེ། བདུན་པའི་གནས་སྐབས་ཀྱི་རྣམ་ཤེས་ཀྱི་ཕུང་པོ་དེ་ཡིན་པའི་ཕྱིར། དེ་ལས་གོ་བཟློག་པ་ཡོད་དེ། ངན་སོང་དང་། བསམ་གཏན་བཞི་པ་དང་། སྲིད་པའི་རྩེ་མོའི་རྣམ་ཤེས་མ་གཏོགས་པའི་ཕུང་པོ་བཞི་ལྟ་བུ་ཡིན་པའི་ཕྱིར། གཉིས་ཀས་བསྡུས་པ་ཡོད་དེ། བདུན་གྱི་གནས་སྐབས་ཀྱི་ཟག་བཅས་ཀྱི་ཕུང་པོ་དང་པོ་བཞི་ལྟ་བུ་ཡིན་པའི་ཕྱིར། གཉིས་ཀས་མ་བསྡུས་པ་ཡོད་དེ། ངན་སོང་དང་། བསམ་གཏན་བཞི་པ་དང་། སྲིད་རྩེའི་རྣམ་ཤེས་ལྟ་བུ་ཡིན་པའི་ཕྱིར།


previousསེམས་ཀྱི་གནས་པ་བདུན་སོགས་བཤད་པ།next