Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཝ༽


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པ།
   
   
   
   


 
previousལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པ།next

ལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པ།

༈ སྤྱི་དོན་གསུམ་པ་དེར་མཆོད་པ་ཇི་ལྟར་བྱ་བའི་ཚུལ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །

དང་པོ་ནི། དཀྱིལ་འཁོར་བསྟན་པ་དེ༵་ན༵ས་བཅོ༵མ་ལྡན༵་འད༵ས་མཆོད་སྤྲིན་གྱི་རོལ་པ་ལ་དགྱེས༵་པ༵་ཆེན༵་པོ༵ས་ཕྱི་ནང་གསང་བའི་རང་བཞིན་གྱིས་མཉེས༵་པའི༵་མཆོ༵ད་པ༵་ཆེ༵ན་པོ༵་འདི༵་དག་ཆེ༵ད་དུ༵་བརྗོད༵་དོ༵། །

གཉིས་པ་ལ་གསུམ་སྟེ། སྦྱོར་སྒྲོལ་གྱི་མཆོད་པ་(༢༩༧)སྤྱིར་བསྟན། དམ་རྫས་འདོད་ཡོན་གྱི་མཆོད་པ་བྱེ་བྲག་ཏུ་བཤད། དེའི་ཕན་ཡོན་དངོས་གྲུབ་འགྲུབ་པའི་ཚུལ་བརྗོད་པའོ། །

དང་པོ་ལ་གཉིས་ལས། སྒྲོལ་བའི་མཆོད་པ་ནི། དེ༵་ལ༵་རྒྱལ་བ་མཆོ༵ད་པ་དང་སེམས་ཅན་ལ་སྦྱིན༵་པ་བྱ་བའི་ཚུལ་ནི་བསོད་ནམས་ཀྱི་ཚོགས་ཡིན་ལ། དེ་དག་གི་ནང་ནས་མཆོག་དམ༵་པ༵་ནི༵་སེམས་ཉིད་ཡེ་ནས་དག་པ་མཆོད་བྱ་མཆོད་བྱེད་མེད་པ་དོན་གྱི་མཆོད་པ་སྟེ་མཆོད་པའི་ཕྱག་རྒྱ་ཆེན་པོ་ཡིན་པས་ན། ཐོ༵ག་མ༵ར་བད༵ག་ཉིད༵་ཀྱིས་འཁོར་བའི་གནས་འདིར་མ་རིག་པའི་ལོག་པར་རྟོག༵་པས་དངོས་པོ་དང་མཚན་མར་གོམ༵ས་པའི་ཕྱིན་ཅི་ལོག་སྤྲོས་པའི་མཐའ་བརྒྱད་དང་གཟུང་འཛིན་དུ་ཞེན་པའི་བློ་ངན་ཐམས་ཅད་གདོད་ནས་སྐྱེ་བ་མེད་པའི་ངང་དུ་བསྒྲལ༵་ཏེ། ཕྱི་ནང་གི་ཆོས་ཐམས་ཅད་ནམ་མཁའི་རང་བཞིན་ཅན་དུ་བསྒོམ་པར་བྱའོ། །དེ་སྐད་དུའང་རྒྱ་མཚོ་ལས། མཆོད་པའི་ཕྱག་རྒྱ་ཆེ་མཆོག་ནི། །སེམས་ཀྱི་རྟོག་ཚོགས་ཀུན་བསྒྲལ་ཏེ། །མཆོད་དང་མཆོད་བྱ་མི་དམིགས་པའི། །རང་བཞིན་ནམ་མཁའི་ངང་དུ་བསྒོམ། །ཞེས་སོ། །ཁ་ཅིག་ལྟ་བ་རྟོགས་པ་གོམས་པའི་སྒོམ་པར་སྦྱོར་བ་ནི་མ་རྟོགས་པའི་རྣམ་འགྱུར་དུ་སྣང་ངོ་། །མཆོད་པ་སྤྱིའི་སྔོན་འགྲོའམ་རྫོགས་རིམ་དུ་སྦྱར་ཡང་འགལ་བ་མེད་མོད། འོན་ཀྱང་སྒྲོལ་མཆོད་ལ་སྒྲ་ཉེ་བའི་ཕྱིར་བཤད་དེ། ཐོག་མ་མེད་པ་ནས་བདག་གཞན་དུ་རྟོག་པ་གོམས་པ་དེ་ཡོད་པས་ཞེ་སྡང་རང་ག་མ་འབྱུང་བའི་ཕྱིར། སྒྲོལ་བའི་ཚེ་གཉིས་སུ་མེད་པའི་དོན་དང་དམིགས་པ་མེད་པའི་སྙིང་རྗེའི་ངང་ནས་རང་གི་གཟུང་འཛིན་གྱི་ཞེན་པ་དང་བསྒྲུབ་བྱ་ཐབས་ཤེས་ཀྱི་ངང་ནས་བསྒྲལ་ཅེས་བྱ་བ་ཡིན་ནོ། །ཇི་ལྟར་བསྒྲལ་བ་དངོས་ནི། རང་གི་གཉིས་འཛིན་གྱི་རྟོག་པ་ཆོས་དབྱིངས་སུ་བསྒྲལ་བ་དེ༵་ན༵ས་བསྒྲལ་བའི་ཡུལ་དང་སྒྲོལ་བྱེད་བདག་ཉིད་གཉིས༵་སུ་མེ༵ད་པའི་བློ༵་ཡིས༵་ནི༵་ཤེས་རབ་མཐའ་གཉིས་ལ་མི་གནས་པའི་ངང་ལས། ཐབས་སྙིང་རྗེ་ཆེན་པོས་བསྒྲལ་བར་བྱ་སྟེ། ཞིང་བཅུ་ལྟ་བའི་སེམས་ཅན་བློ༵་ང༵ན་སྲིད་པའི་འཇི༵ག་རྟེན༵་འོག་མར་བརྒྱུད་པ་འདི་དག་སྙིང༵་རེ༵་རྗེ༵་སྙམ་དུ་བྱམས་པ་དང་སྙིང་རྗེ་ཚད་མེད་པ་བསྒོམས་ནས། བདག་ཉིད་སྒྱུ་མ་དང་ཡུལ་མིག་ཡོར་གྱི་ཚུལ་ཙམ་དུ་ཤེས་པར་བྱ་སྟེ། ཀུན་རྫོབ་ཏུ་སྣང་ཡང་དོན་དམ་པར་གཉིས༵་སུ༵་མེད༵་པ༵ར་རྟོགས་པས་བསྒྲལ༵་བ༵ར་བྱ༵འོ༵། །དེའང་སྐབས་དང་སྦྱར་ཏེ་བྱ་ཞིང་རྒྱས་པར་ལེའུ་བཅུ་གཅིག་པ་དང་། ཉི་ཤུ་པའི་སྐབས་དྲག་པོའི་ཕྲིན་ལས་ལྟར་བྱའོ། །

གཉིས་པ་སྦྱོར་བའི་མཆོད་པ་ནི་གོང་དུ་བཤད་པ་ལྟར་བདག་དང་ཡུམ་ལྷར་བསྐྱེད་པའི་གསང་བར་དཀྱིལ་འཁོར་སྤྱན་དྲངས་ལ་ཡབ་ཡུམ་གཉིས་སུ་མེད་པར་འཁྲིལ༵་བ༵འི་བདེ་བ་བྱང་ཆུབ་ཀྱི་སེམས་ཀྱི་མཆོ༵ད་རྫས་ཆེ༵ན་པོ་རྡོ་རྗེ་དང་པདྨ་མཉམ༵་པར་སྦྱོར༵་བ༵་ལ༵ས་སྐྱེས་(༢༩༨)པའི་ངོ་བོས་བད༵ག་ཉིད༵་མཉེས༵་པ༵་དེ་ཡིས༷་དེ་བཞིན་གཤེགས་པ་ཀུན་མཉེས༵་པ༵ར་བྱ༵འོ༵། །

གཉིས་པ་དམ་རྫས་འདོད་ཡོན་གྱི་མཆོད་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ལས། དང་པོ་དམ་རྫས་བདུད་རྩིའི་མཆོད་པ་ནི་བདག་གཞན་འཁོར་འདས་མཉམ༵་པ༵འི་དངོས་གྲུབ་སྒྲུབ༵་པའི་རྫས༵་ཆེ༵ན་པོ༵་བདུད་རྩི་ལྔ་ལ་སོགས་པ་ད༵ག་བད༵ག་གི་ཕུང་པོ་ཁམས་ད༵ང་སྐྱེ་མཆེད་ཡེ་ནས་དཀྱིལ་འཁོར་དུ་གནས་པ་ལ་ཏིང་ངེ་འཛིན་ཟབ་མོས་གསལ་བཏབ་པ་དང་བདག་དང་མཉམ༵་པ༵་ཡེ་ཤེས་ལྷའི༷་ཚོ༵གས་ལ༵་དབུལ༵་ལོ། །དེའང་དྲི་ཆེན། དྲི་ཆུ། ཤ་ཆེན་གྱི་དྭངས་མ། རཀྟ། བྱང་ཆུབ་ཀྱི་སེམས་ལྔ་ནི་ངོ་བོ་ཡེ་ནས་དག་པ་ཆོས་ཀྱི་དབྱིངས། རང་བཞིན་དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་རིགས་ལྔ་དང་། ཡེ་ཤེས་ལྷའི་ངོ་བོར་གནས་ཤིང་བྱིན་གྱིས་བརླབས་ཏེ་ལོངས་སྤྱད་པས་དུག་ལྔ་དང་། འབྱུང་བའི་ནད་རྣམས་སེལ་བའི་ཕྱིར་སྨན་གྱི་མཆོག་སྟེ། ཐལ་བ་ལས། སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་མཆོག །ཅེས་སོ། །རྩ་བརྒྱད་སྟོང་ལས་སྦྱར་བ་ནི་དེ་དག་གི་ཡེ་ཤེས་ལྔ་ལྔ་ལ་སོགས་པར་ཕྱེ་ན་དེ་ཙམ་དུ་གནས་པའོ། །

གཉིས་པ་འདོད་ཡོན་གྱི་མཆོད་པ་ལ་གཉིས་ལས། མཆོད་རྫས་ནི་ཤ་དང་མར་ལ་སོགས་པའི་བཟ༵འ་བ་ད༵ང་ཤིང་ཏོག་ལ་སོགས་པའི་བཅ༵འ་བ་ད༵ང་ཇ་དང་རྒུན་ཆང་ལ་སོགས་པའི་བཏུང༵་བ་ད༵ང་ལི་ཆུ་དང་ཟ་བེར་ལ་སོགས་པའི་བགོ༵་བ་དང་། གཞན་ཡང་ལྷ་དང་མིའི་ལོང༵ས་སྤྱོད༵་འདོད་ཡོན་ལྔ༵་དང་ལྡ༵ན་པ་ཐམ༵ས་ཅ༵ད་ཀུན་ཇི་ལྟར་འབུལ་ཚུལ་ནི༵། མཆོད་ཡུལ་ཡེ་ཤེས་ཀྱི་ལྷའི་དཀྱི༵ལ་འཁོ༵ར་དུ་གས༵ལ་བ་ལ༵་ནི༵་མཆོད་རྫས་འདོད་ཡོན་གྱི་ལྷའི་དཀྱི༵ལ་འཁོ༵ར་ཐི༵མ་པའི་ཚུལ་གྱིས་དབུལ་ཞིང་བདག་ཡབ་ཏུ་ཤེས་པ་ལ་རྫས་ཡུམ་དུ་རོལ་པས་ལོངས་སྤྱོད་པར་བྱའོ། །དེ་སྐད་དུའང་མཉམ་སྦྱོར་ལས། ཤ་དང་ཆང་དུ་ལྡན་པ་ཡི། །བཟའ་བ་སྣ་ཚོགས་གྲུབ་པ་ནི། །དགའ་བའི་ལོངས་སྤྱོད་སྐལ་མཆོག་སྟེ། །ཆེ་བའི་དམ་པ་རབ་ཏུ་འགྲུབ། །ཅེས་སོ། །

གསུམ་པ་དེའི་ཕན་ཡོན་ལ་གཉིས་ལས། ཐུན་མོང་གི་དངོས་གྲུབ་ལའང་འཐད་པའི་ཚུལ་དགོད་པ་ནི་ཕྱོག༵ས་བཅུ༵་དུས༵་བཞི༵ར་སེམས་ཅན་གྱི་དོན་ལ་གཤེ༵གས་པ༵་ཡི༵། བདེ༵་བར་གཤེ༵གས་པ་རྣམས་ཀྱི་ཡོ༵ན་ཏན༵་རྨ༵ད་པོ༵་ཆེ༵་ཐམས་ཅད་ཀྱང་སེམས་གོམས་པ་ལས་གཞ༵ན་ན༵་ཡོ༵ད་པ༵་མ༵་ཡི༵ན་ན༵། ཐུན་མོང་གི་དངོས་གྲུབ་ལྷ༵་སྲིན༵་བྲན་དུ་འཁོལ་བ་དང་ལས་ཕྲན་ཚེགས་ཞི་རྒྱས་དབང་དྲག་ལ༵་སོ༵གས་འགྲུབ་པ་ལྟ་སྨོས༵་ཀྱང་ཅི༵་དགོ༵ས་ཞེས་པ་ནི་འཐད་པ་གྲུབ་པའི་དོན་དངོས་སོ། །

གཉིས་པ་མཆོག་གི་དངོས་(༢༩༩)གྲུབ་ནི་རྣལ༵་འབྱོ༵ར་པ་རྟོགས་པ་དང་ཏིང་ངེ་འཛིན་ལ༵ས་སུ༵་རུང༵་བ་རྣམ༵ས་ཀྱིས༵་མཚན་བཅས་ལྷའི་སྐུ་ཕྱ༵ག་རྒྱ༵་ཆེ༵ན་པོ༵་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུའི་བསྐྱེད་རིམ་རྫོག༵ས་པར་གྱུར༵་ཅི༵ང་མཚན་མེད་རྫོགས་པ་ཆེན་པོ་བྱ་རྩོལ་མེད་པའི་ངང་ལ་འདིའོ་ཞེས་སྤྲོས་པའི་མཐའ་དང་འཛིན་ཞེན་དུ་གསལ༵་བའི༵་ཡི༵ད་གཉིས༵་གང་ཡང་མེད༵་པ༵ས་ན༵་དེ་བཞིན་ཉིད་ཀུན་ཏུ་བཟང་པོའི་དགོངས་པར་ཕྱིན་ཏེ། སྐུ་གསུམ་འདུ་འབྲལ་མེད་པའི་དཀྱིལ༵་འཁོ༵ར་ཆེ༵ན་པོ༵་ཕྲིན་ལས་དང་བཅས་པ་འབ༵ར་ཞིང་འཐོབ་པ༵ར་འགྱུར༵་རོ། །དེའང་ཆོས་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན་ཞིང་། སེམས་ཀྱང་ཡེ་ཤེས་ལྔའི་རང་བཞིན་ཐབས་ཀྱི་གྲུབ་རྫས་ཀྱིས་མཚོན་ནས་ལམ་དུ་བྱས་པ་ལས་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་རྫོགས་པར་གྱུར་ཏེ། སྒྱུ་འཕྲུལ་ཐལ་བ་ལས། དངོས་པོ་མ་ལུས་སེམས་ཉིད་ཕྱིར། །མཚན་ཉིད་བྲལ་བ་ཆོས་ཀྱི་དབྱིངས། །རང་བཞིན་མེད་པ་ཡེ་ཤེས་ལྔ། །བྱེད་པ་མེད་པར་རང་སྣང་བའོ། །ཤེས་རབ་ཏིང་འཛིན་ཐབས་དག་གིས། །ནུས་མཐུ་ངེས་པར་འབྱུང་བརའགྱུར། །འདི་ལྟའི་ལམ་ལ་གང་གནས་པ། །སངས་རྒྱས་མ་ལུས་ཐམས་ཅད་ཀྱིས། །ཕྱོགས་བཅུ་ཀུན་ནས་བྱིན་གྱིས་རློབས། །དཀྱིལ་འཁོར་འབར་བ་ཐོབ་པར་འགྱུར། །ཞེས་སོ། །

གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། དེ་སྐད་ཅེ༵ས་བརྗོད༵་པས༵་ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོའི་མཉེས༵་པ༵འི་མཆོ༵ད་པ༵་ཆེ༵ན་པོ༵ས་ཕྱི་ནང་གི་འཇི༵ག་རྟེན༵་དྲུག༵་གི༵་ཕྱོག༵ས་བཅུ༵་ཐམ༵ས་ཅ༵ད་དུ་ཁྱབ༵་པ༵ར་གྱུར༵་ཏོ༵། །ཡེ་ཤེས་གས༵ང་བ༵འི་སྙིང༵་པོ༵་ཀུན་ལ་ཁྱབ་པའི་དེ༵་ཁོ༵་ན༵་ཉིད༵་ངེ༵ས་པ༵་ལ༵ས། བླ་ན་མེད་པའི་ཡོ་བྱད་ཀྱིས་རྒྱལ་བ་མཆོ༵ད་ཅིང་སེམས་ཅན་ལ་སྦྱིན༵་པ་དམ་པ༵་བསྟན༵་པ༵འི་ལེ༵འུ༵་སྟེ༵་བཅོ༵་བརྒྱད༵་པའི་རྣམ་པར་བཤད་པ༵འོ༵།། །།


previousལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པ།next