Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཨ༽

6 occurrences of དགོངས་པ་ཟང་ཐལ་
[Clear Hits]


  
collapse section
  
  
  
  
  
  
  
 
  
  
  
 collapse section
  
  
  
  
  
  
  
  
collapse section
  
  
  
  
 
  
  
 
  
  
  
  
  
  
  
  
  
  
 collapse section
ཚིགས་སུ་བཅད་པའི་བསྟན་བཅོས་མེ་ཏོག་གི་རྒྱན་ཞེས་བྱ་བ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


6 occurrences of དགོངས་པ་ཟང་ཐལ་
[Clear Hits]

 
previousཚིགས་སུ་བཅད་པའི་བསྟན་བཅོས་མེ་ཏོག་གི་རྒྱན་ཞེས་བྱ་བ།next

ཚིགས་སུ་བཅད་པའི་བསྟན་བཅོས་མེ་ཏོག་གི་རྒྱན་ཞེས་བྱ་བ།

ཚོམས་དང་པོ། རྒྱན་རྣམས་ཀྱི་རྣམ་གྲངས་བརྗོད་པ།

༄༅། །ཚིགས་སུ་བཅད་པའི་བསྟན་བཅོས་མེ་ཏོག་གི་རྒྱན་ཞེས་བྱ་བ་བཞུགས་སོ། །

༄༅། །རྒྱ་གར་སྐད་དུ། ཡ་ག་ཐ་ཤ་ར་མ་ལི་ཀ་ཨ་ལང་ཀ་ར་ན་མ། བོད་སྐད་དུ། ཚིགས་སུ་བཅད་པའི་བསྟན་བཅོས་མེ་ཏོག་གི་རྒྱན་ཞེས་བྱ་བ། ངག་གི་ལྷ་མོ་ལ་ཕྱག་འཚལ་ལོ། །གང་གི་ཞབས་ཀྱི་པདྨོ་དེ་ལ་ལྷ་བརྒྱའི་ཅོད་པཎ་གྱིས་གཏུགས་ཤིང་། །ཀནྡཱའི་གཉེན་གྱི་དཔལ་ལ་འཁྲུལ་སྐྱེད་ཆེས་དཀར་འོད་ཀྱི་ཕྲེང་བ་ཅན། །ཆ་ཤས་མཚོན་མིན་འཇིག་རྟེན་མཛེས་བྱེད་ཀུན་གྱི་དཔལ་རྣམས་སྤུངས་འདྲ་བའི། །ལྷ་མོ་སྔོན་མེད་སྙན་ངག་མཁན་དེས་བདག་བློའི་པད་མཚོ་སྐྱོང་བར་མཛོད། །གང་ལ་བརྟེན་ནས་གྲགས་པ་ཆེར་འཕེལ་ཞིང་། །ལྷག་པའི་ལྷས་ཀྱང་རྗེས་སུ་འཛིན་འགྱུར་ལ། །མཁས་པའི་འདུན་སར་དབང་བྱེད་སྙན་ངག་སྟེ། །དེ་ཡི་རྣམ་པར་དབྱེ་བ་མདོར་བསྡུས་(༢)བྱ། །

རང་བཞིན་བརྗོད་དང་དཔེ་དང་ནི། །གཟུགས་ཅན་གསལ་བྱེད་བསྐོར་བ་དང་། །འགོག་དང་དོན་གཞན་བཀོད་པ་དང་། །ལྡོག་པ་ཅན་དང་སྲིད་པ་ཅན། །བསྡུས་དང་ཕུལ་བྱུང་རབ་བརྟགས་དང་། །རྒྱུ་དང་ཕྲ་མོ་ཆ་དང་རིམ། །དགའ་དང་ཉམས་ལྡན་གཟི་བརྗིད་ཅན། །རྣམ་གྲངས་བརྗོད་པ་ཀུན་ཏུ་ཕན། །རྒྱ་ཆེ་བསྙོན་དོར་སྦྱར་བ་དང་། །ཁྱད་པར་མཚུངས་པ་སྦྱོར་བ་དང་། །འགལ་དང་སྐབས་མིན་བསྟོད་པ་དང་། །ཟོལ་བསྟོད་ངེས་པར་བསྟན་པ་དང་། །ལྷག་ཅིག་བརྗོད་དང་ཡོངས་བརྗེས་ཤིས། །རབ་སྤེལ་དེ་ནས་དགོངས་པ་ཅན། །འདི་དག་ཚིག་རྣམས་དག་གི་ནི། །རྒྱན་དུ་སྔོན་གྱི་མཁས་རྣམས་བཞེད། །ཚིགས་སུ་བཅད་པའི་བསྟན་བཅོས་མེ་ཏོག་གི་རྒྱན་ལས། རྒྱན་རྣམས་ཀྱི་རྣམ་གྲངས་བརྗོད་པ་སྟེ་ཚོམས་དང་པོའོ།། །།

ཚོམས་གཉིས་པ། རྒྱན་རྣམས་ཀྱི་མཚན་ཉིད་དང་རྣམ་གྲངས་བསྟན་པ།

ད་ནི་རྒྱན་རྣམས་སོ་སོ་ཡི། །མཚན་ཉིད་དཔེ་དང་བཅས་པ་བརྗོད། །ཚིག་གང་དངོས་པོའི་རང་བཞིན་དང་། །གནས་སྐབས་གསལ་བ་རང་བཞིན་རྒྱན། །པདྨོ་ཟེ་བ་གསལ་བའི་འདབ་གཡོ་བས། །ངང་མོའི་ཚོགས་ཀུན་མཆོག་ཏུ་དགའ་བསྐྱེད་པ། །འདབ་ལྡན་པདྨོའི་ཚལ་ན་ངད་ཞིམ་པའི། །དྲི་བསུང་ཕྱོགས་རྣམས་ཀུན་ཏུ་འགྱེད་པ་མཚར། །ཆོས་གང་གང་དང་གང་གི་ནི། །མཚུངས་པར་སྟོན་པ་དཔེ་ཡིན་ནོ། །ཇི་ལྟར་པདྨོ་རྒོད་པ་བཞིན། །ཁྱོད་ཞལ་འཛུམ་པའི་དཔལ་འདི་མཚར། །པད་མོ་མིག་གིས་མི་མཚོན་སླད། །པད་མོའི་ཚལ་ལ་རྒྱལ་འདོད་བཞིན། །གཟུགས་ཅན་དཔེ་ཉིད་མི་མངོན་པར། །ཕན་ཚུན་མཚུངས་པར་སྦྱོར་བའོ། །མཛེས་མའི་ལུས་ཕྲ་རྫིང་བུ་ལ། །ཆགས་ལྡན་སྐྱེ་བོའི་ངང་པ་རྣམས། །འཁྲིགས་པའི་སྙན་ཚིག་སྒྲོག་བཞིན་འཇུག །དེ་ལུས་རྫིང་བུའང་དེ་ལ་སྤྱོད། །ཚིག་གི་དེ་ཉིད་ངག་དོན་ཀུན། །སྟོན་པ་གསལ་བྱེད་རྒྱན་ཡིན་ནོ། །རྣམ་པར་མཛེས་པའི་ཁྱོད་ལུས་ནི། །ནུ་འབུར་རྒྱས་པའི་ཕྲེང་བ་ཅན། །སྐྱེ་བོའི་མིག་གི་དགའ་སྟོན་བྱེད། །ཁྱོད་ཉིད་མཐོང་བས་མི་ངོམས་སོ། །ཚིག་གང་ཐོག་མཐའ་གཉིས་ཀ་ནས། །བརྗོད་དུ་ཡོད་པ་བསྐོར་བ་སྟེ། །སྒོམ་མེད་བསམ་འདས་མཐའ་བྲལ་དོན། །དོན་བྲལ་(༣)མཐའ་འདས་བསམ་མེད་བསྒོམ། །དགག་པ་བརྗོད་པའི་སྙན་ངག་དག །འགོག་པའི་རྒྱན་དུ་མཁས་རྣམས་བཞེད། །ཁྱོད་ངག་སྙན་པའི་གླུ་ཡི་དབྱངས། །སིལ་སྙན་འཁྲོལ་བ་མ་ལགས་ཤིང་། །ཁྱོད་སྐུ་དཀར་བའི་དཔལ་འདི་ནི། །སྟོན་ཟླ་རྒྱས་ལའང་ཡོད་མ་ལགས། །བསྒྲུབ་བྱ་དང་ནི་སྒྲུབ་བྱེད་དག །སྟོན་པ་དོན་གཞན་བཀོད་པ་སྟེ། །ཁྱོད་ཀྱིས་འདོད་ལྷ་ཕམ་མཛད་ཀྱང་། །འདོད་ལྷའི་ཕན་བདེ་མ་ལུས་བསྒྲུབས། །ཀུན་ལ་བུ་གཅིག་ལྟར་བརྩེ་བའི། །སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །མཚུངས་པར་བསྟན་ཀྱང་མི་མཚུངས་པའི། །ཁྱད་པར་བརྗོད་པ་ལྡོག་པ་ཅན། །རབ་མཛེས་ན་ཆུང་བཞིན་ཟེར་གྱིས། །གང་ལ་ཕོག་པ་འཛུམ་བྱེད་སླད། །ཟླ་བའི་དཔལ་དང་མཚུངས་པ་ལགས། །ཟླ་བ་བསིལ་གྱི་ན་ཆུང་མིན། །རྒྱུ་ཉིད་བཀག་ནས་འབྲས་དེ་ཉིད། །སྲིད་པ་ལྟར་སྟོན་སྲིད་པ་ཅན། །འདམ་རྫབ་མེད་པར་འདམ་ལས་སྐྱེས་པ་ཡི། །ཁྱོད་གདོང་དཀྱུས་རིང་སྤྱན་གྱི་རྩ་ཡངས་ཤིང་། །དཀར་ནག་མཚམས་ཕྱེད་རྐང་དྲུག་ཉེར་འཚོ་བ། །གཉིས་པོ་ཕན་ཚུན་འགྲན་པ་མིན་ན་གོ། །གཞན་ལ་བསམ་ནས་གཞན་བརྗོད་པ། །བསྡུས་པ་བརྗོད་པའི་རྒྱན་ཡིན་དཔེར། །ལོ་འདབ་གསར་པའི་གྲིབ་ཤིང་ཅན། །ཁྱོད་ལུས་མཆོག་ལྡན་ངལ་བསོའི་གནས། །འཇིག་རྟེན་མཚམས་ལས་འདས་འདྲ་བའི། །ཁྱད་འཕགས་བརྗོད་པ་ཕུལ་བྱུང་སྟེ། །ཚད་མེད་མཛེས་པའི་དཔལ་འདི་ནི། །ཁྱོད་ཀྱི་ལུས་ལ་ཤོང་བ་མཚར། །ཀུན་གྱི་ཡིད་རབ་འཕྲོག་བྱེད་པའི། །མཛེས་མ་བདག་ལ་གཟིགས་སུ་གསོལ། །རང་བཞིན་གཞན་དུ་གནས་པའི་ཚུལ། །གཞན་དུ་རྟོག་པ་རབ་རྟོག་རྒྱན། །ན་ཆུང་འཛུམ་ཟེར་མ་བཟོད་དེ། །པདྨོའི་བཞིན་རས་མཚན་མོ་ཟུམ། །འཇིག་རྟེན་མཛེས་སྒེག་སྤུངས་འདྲ་བའི། །བུ་མོ་མིག་གི་བདུད་རྩིར་ཤོག །དཔེ་དོན་ཆོས་མཚུངས་མེད་པའི་ཕྱིར། །དེ་འདྲ་དཔེ་རྒྱན་མ་ཡིན་ནོ། །སྒྲུབ་པར་བྱེད་པ་རྟོགས་བྱེད་པ། །དེ་ནི་རྒྱུ་ཡི་རྒྱན་སྟེ་དཔེར། །ཁྱོད་བཞིན་འཛུམ་པའི་འོད་འཕྲོ་བས། །ཆགས་ལྡན་པད་མོ་རྒྱས་པར་བྱེད། །གླུ་སྙན་སྙན་སྤྲིན་སྒྲོག་ལྡན་གྱིས། །ཆགས་མེད་གོ་སྐབས་འཕྲོག་པར་འགྱུར། །བརྡ་ལས་སེམས་ཀྱི་རྣམ་འགྱུར་གང་། །སྟོན་པ་ཕྲ་མོའི་རྒྱན་ཏེ་དཔེར། །གང་གིས་ཅི་ཡང་མ་གསུངས་པར། །བརྗོད་དུ་མེད་ཅེས་རྟོགས་པར་འཚལ། །རང་བཞིན་གསལ་བ་ཆ་འགའ་ཡིས། །སྒྲིབ་པ་ཆ་ཡི་རྒྱན་དུ་བཞེད། །ཆོས་ཀུན་ཅི་ཡང་མི་གནས་པར། །མགོན་པོ་ཁྱོད་ཉིད་ལེགས་པར་གསུངས། །དེ་ལྟ་མོད་ཀྱི་གང་ཟག་བདག །གང་དུའང་མ་གྲུབ་པ་ལ་དགོངས། །ཆེན་པོ་དག་དང་ཆོས་རྣམས་ནི། །གྲངས་བཞིན་སྟོན་པ་(༤)རིམ་པའི་རྒྱན། །ན་ཆུང་འཛུམ་ཟེར་རྒྱས་པ་ཡིས། །ཆུ་སྐྱེས་འཛུམ་ཟེར་སྐྱོང་བར་བྱེད། །མཆོག་དགའ་བརྗོད་པ་དགའ་བ་སྟེ། །གཞན་དག་བདེ་བ་ཁྱོད་བསྙེན་པ། །དེ་འདྲ་གཞན་ལ་མཆིས་མ་ལགས། །རྨད་བྱུང་ལ་སོགས་ཉམས་ལྡན་ཚིག །ཉམས་ལྡན་རྒྱན་དུ་བཤད་སྟེ་དཔེར། །པད་མོའི་འདབ་ལྟར་དཀྱུས་རིང་སྤྱན། །པད་མོ་གང་ལ་དེ་ཡོད་ཀྱི། །ང་རྒྱལ་སྐྱེད་འདྲ་བྱིན་ཆགས་པ། །གཟི་བྱིན་རྒྱན་དུ་ཤེས་བྱ་སྟེ། །གཅིག་པུས་བདུད་སྡེ་ཕམ་མཛད་པ། །སངས་རྒྱས་དཔའ་བོ་རྟག་ཏུ་རྒྱལ། །འདོད་དོན་བསྒྲུབ་ཕྱིར་དེ་ལས་གཞན། །བརྗོད་པ་རྣམ་གྲངས་བརྗོད་པ་སྟེ། །མགོན་པོ་ཁྱོད་ནི་མགོན་མེད་པའི། །ལུས་ཅན་རྣམས་ལ་གཟིགས་པར་མཛོད། །བྱ་བའི་རྒྱུ་ནི་སྐལ་བཟང་གི། །ཕུན་ཚོགས་ཀུན་བརྗོད་ཀུན་ཕན་རྒྱན། །མཛེས་ལྡན་གཞན་གྱིས་བསྔགས་པས་ཀྱང་། །མཛེས་པའི་དཔལ་འདི་ལྷག་པར་གསལ། །བདག་གིས་ཀྱང་ནི་བསྔགས་འོས་པའི། །ན་ཆུང་བཞིན་རས་འཛུམ་པར་མཛོད། །ཆོས་གང་མཉམ་པ་མེད་པར་ནི། །བརྗོད་པ་རྒྱ་ཆེའི་རྒྱན་ཏེ་དཔེར། །ངང་ཚུལ་བཤེས་པའི་ཐུགས་མངའ་བ། །མཆོག་ཏུ་གཞན་དོན་རླབས་ཆེན་མཛད། །གཞན་ཡིད་མ་ཚིམ་ཐུགས་རྗེའི་གྲུས། །ཕྱི་མའི་མུ་མཐར་འགྲོ་སྒྲོལ་མཚར། །གཞན་ལ་བསྙོན་ནས་གཞན་སྟོན་པ། །བསྙོན་དོར་རྒྱན་དུ་བཤད་དེ་དཔེར། །མཛེས་མའི་ལུས་ཕྲ་ལུས་མིན་གྱི། །འགྲོ་བའི་ཡིད་མཁའ་རབ་འགེངས་ཤིང་། །སྙན་སྤྲིན་འབྲུག་སྒྲ་སྒྲོག་ལྡན་པ། །ཆུ་འཛིན་སྟུག་པོའི་དྲྭ་བ་ལགས། །གཟུགས་གཅིག་ལྡན་ཞིང་དུ་མ་ཡི། །དོན་གཞན་ཚིག་ནི་སྦྱར་བ་སྟེ། །ཚུ༷ལ་ཁྲིམ༷ས་གཙང་ལྡན་རྫིང་བུ་ན། །སྙན་ངག་འདབ་བརྒྱ་རབ་རྒྱས་ཤིང་། །མཁས་པའི་བུང་བ་དགའ་བསྐྱེད་པ། །བློ༷་གྲོ༷ས་མིག་ཅན་གསལ་བར་གྲགས། །ཁྱོད་ཀྱི་བཞིན་རས་གསོ་བ་ཡིས། །མཁས་རྣམས་པདྨོ་ཁ་འབྱེད་ཅིང་། །ཐུབ་པའི་གསུང་རབ་སྒྲོགས་ལྡན་དང་། །མཛེས་མའི་སྙིང་ཡང་སེང་ཞེས་བྱེད། །ཁྱད་པར་བརྗོད་པ་དེ་བསྟན་ཕྱིར། །རྫས་སོགས་མ་ཚང་སྟོན་པ་ནི། །ཁྱད་པར་བརྗོད་པའི་རྒྱན་ཡིན་དཔེར། །མགྱོགས་པ་མིན་ཡང་བརྩོན་འགྲུས་ཀྱི། །བཞོན་པས་མྱུར་དུ་ཐར་གླིང་བགྲོད། །རྣོ་བ་མིན་ཡང་བྱམས་པ་ཡི། །མཚོན་གྱིས་བདུད་ཀྱི་དཔུང་རྣམས་བཅོམ། །མཚུངས་པ་བརྗོད་པ་དཔེ་རྒྱན་ཉིད། །ཡིན་ཕྱིར་ལོགས་སུ་མ་བརྗོད་དོ། །ཁྱད་པར་བསྟན་ཕྱིར་འགལ་བ་དག །བརྗོད་པ་འགལ་བའི་རྒྱན་དེ་དཔེར། །ཉིན་བྱེད་ཟིལ་གནོན་འོད་འབར་ཡང་། །བདུད་གླིང་མུན་པའི་ཁང་པར་བྱས། །མཛེས་སྒེག་སྣ་ཚོགས་རབ་སྤངས་ཀྱང་། །རིན་ཆེན་རྒྱན་གྱིས་བཀྲ་བ་མཚར། །གཞན་ལ་སྐྱོ་བས་གཞན་ལ་ནི། །གློ་བུར་བསྔགས་(༥)པ་སྐབས་མིན་བསྟོད། །སྡུག་བསྔལ་རྒྱ་མཚོའི་རླབས་འཁྲིགས་པ། །བརྒལ་ནས་འགྲོ་བ་སྒྲོལ་མཛད་ཅིང་། །ཉོན་མོངས་ཆུ་མཚོ་དེ་ལས་ཁྱོད། །གཅིག་པུར་གཤེགས་མཛད་བདེར་གཤེགས་རྒྱལ། །སྐྱོན་ལྟར་སྣང་བ་ཡོན་ཏན་དག །བརྗོད་པ་ཟོལ་བསྟོད་ཅེས་བྱ་སྟེ། །ཟླ་བའི་ཆུང་མ་སྐར་མ་ཡང་། །མཚན་མོ་བསིལ་བའི་འོད་འགྱེད་ན། །རབ་མཛེས་འོད་དཀར་སྟོང་འཕྲོ་བའི། །རི་བོང་མཛེས་པ་མཚར་ཅི་མཆིས། །ངེས་པར་བསྟན་པའང་སྦྱར་བ་དང་། །ཆོས་མཐུན་ཕྱིར་ན་འདིར་མ་བརྗོད། །གང་གི་ཆོས་དག་ལྷན་ཅིག་ཏུ། །བསྟན་པ་ལྷན་ཅིག་བརྗོད་པའི་རྒྱན། །མཛེས་མའི་ལུས་ཕྲ་རྒྱས་པ་དང་། །མཉམ་དུ་ཆགས་ལྡན་མགོན་དང་བཅས། །ཕན་ཚུན་དོན་རྣམས་བསྣོལ་བ་ནི། །ཡོངས་བརྗེས་རྒྱན་དུ་བཤད་དེ་དཔེར། །ཁྱོད་ཀྱི་ཐུགས་རྗེ་འགྲོ་ལ་གཡོ། །འགྲོ་བའི་དཔལ་ཡང་ཁྱོད་ལ་གཡོ། །འདོད་པའི་དོན་ལ་རབ་བསྔགས་པ། །ཤིས་པ་བརྗོད་པའི་རྒྱན་དེ་དཔེར། །གནམ་སྔོན་བཞུ་འདྲའི་ཨུཏྤལ་མིག །ཟུར་མིག་དེས་ནི་བདག་ལ་སྐྱོངས། །འོ་མའི་ཆུ་གཏེར་བསྲུབས་འདྲ་བའི། །ཁྱོད་སྐུ་གསལ་བས་བདག་ལ་སྐྱོངས། །རྒྱན་རྣམས་བསྲེ་བའི་ཚིག་སྦྱོར་འདི། །རབ་སྤེལ་རྒྱན་དུ་བཤད་དེ་དཔེར། །མཚོ་སྐྱེས་མཚོ་རྣམས་མདངས་འཕྲོག་པའི། །ལྷ་མོའི་སྤྱན་གྱི་ཨུཏྤལ་ནི། །ཉིན་བྱེད་ཟེར་གྱིས་མི་འཛུམ་ཞིང་། །བདག་བློའི་རྐང་དྲུག་ཉེར་འཚོ་ལགས། །སྙན་ངག་མཁན་གྱི་བསམ་པ་ལས། །རྣམ་འགྱུར་ཆེས་བཀྲ་དགོངས་པ་ཅན། །ཁྱོད་སྐུ་ལན་གཅིག་དྲན་ན་ཡང་། །ཕྱི་ནས་སྐྱབས་གཞན་སུ་ཞིག་འཚལ། །ཁྱོད་གསུང་ཆ་ཤས་གང་དེ་ཡང་། །འདི་ཞེས་བསམ་ལས་འདས་ལ་འདུད། །དེ་ལྟར་སུམ་ཅུ་རྩ་ལྔ་ཏེ། །གཞན་ཡང་ཟློས་པ་ཟུང་ལྡན་ནོ། །ཚིག་ཉིད་ཟློས་ལ་དོན་མི་ཟློས། །ཟློས་པའི་རྒྱན་དུ་བཤད་དེ་དཔེར། །ལྷུང་ལྷུང་སྒྲོག་པའི་རྫིང་བུ་བཟང་པོ་ན། །ཁྲུང་ཁྲུང་མང་པོ་སྙན་པའི་གླུ་ལེན་ཅིང་། །ཡང་ཡང་འདུ་ཞིང་སོ་སོར་འགྱེད་ཆོས་ཅན། །ཉེར་ཉེར་ལྦུ་བའི་ཕྲེང་བ་འཁྲིགས་པ་མཚར། །ཚིག་གཅིག་ལན་གཉིས་ཟློས་པ་ན། །བར་དུ་ཚིག་གཞན་ཆོད་པ་ནི། །ཟུང་གི་རྒྱན་དུ་བཤད་དེ་དཔེར། །ནགས་ཚལ་ནགས་རླུང་ཞིམ་པོ་ཡི། །དཔག་བསམ་དཔག་མེད་བསྐྱེད་པ་ན། །གར་མཁན་གར་སྟབས་འཁྱུག་འདྲ་བའི། །ཡལ་འདབ་ཡལ་ཕྲན་གཡོ་བ་མཚར། །དེ་ལྟར་རྒྱན་རྣམས་ལེགས་སྡོམ་ཀུན། །ཚིག་གི་རྒྱན་དུ་མཁས་རྣམས་བཞེད། །ཚིགས་སུ་བཅད་པའི་བསྟན་བཅོས་མེ་ཏོག་གི་རྒྱན་ལས། རྒྱན་རྣམས་ཀྱི་མཚན་ཉིད་དང་རྣམ་གྲངས་བསྟན་པའི་ཚོམས་ཏེ་གཉིས་པའོ།། །།

ཚོམས་གསུམ་པ། མངོན་བརྗོད་བསྟན་པ།

ད་ནི་ཆོས་རྣམས་སོ་སོ་ཡི། །མིང་གི་རྣམ་གྲངས་བསྟན་པ་ནི། །མངོན་བརྗོད་ཞེས་བྱར་མཁས་རྣམས་བཞེད། །(༦)དེ་ཡང་བསྡུས་པ་བརྗོད་པར་བྱ། །ཆུ་གཏེར་ཆུ་བཞིའི་འཇུག་ངོགས་དང་། །རིན་ཆེན་འབྱུང་གནས་མཚོ་ཆེན་པོ། །རྒྱ་མཚོའི་མིང་གི་རྣམ་གྲངས་སོ། །ཆུ་སྐྱེས་གེ་སར་པདྨོ་དང་། །འདབ་བརྒྱ་འཛིན་པ་འདབ་སྐྱེས་ཚལ། །མེ་ཏོག་ཞེས་བྱ་རྣམ་གྲངས་སོ། །རྒྱ་མཚོའི་གོས་ཅན་ས་ཡི་ཚོགས། །འབྱུང་པོའི་རྟེན་མ་ཞེས་བྱ་བ། །ས་གཞི་ཆེན་པོའི་རྣམ་གྲངས་སོ། །ཉིན་བྱེད་པད་གཉེན་ཚ་ཟེར་ཅན། །རྟ་བདུན་ཉི་མའི་རྣམ་གྲངས་ཉིད། །རྒྱུ་སྐར་བདག་པོ་ཉེར་ལྔ་པ། །བསིལ་ཟེར་ཅན་དང་རི་བོང་འཛིན། །མཚན་མོ་སྣང་བྱེད་ཀུནྡའི་གཉེན། །ཟླ་བའི་མིང་གི་རྣམ་གྲངས་སོ། །མཁའ་དབྱིངས་སྒྲིབ་བྱེད་ཆུ་འཛིན་དང་། །སྤྲིན་ཚོགས་ཞེས་བྱ་རྣམ་གྲངས་སོ། །ལྷུན་པོ་ཉིད་ལ་ས་འཛིན་དང་། །རི་ཞེས་སྙན་ངག་ཉིད་ལ་གྲགས། །དཔག་བསམ་རྐང་འཐུང་གྲིབ་བསིལ་འཛིན། །ལྗོན་ཤིང་ཉིད་དུ་ཤེས་པར་བྱ། །རྐང་དྲུག་ལྡན་པ་བུང་བར་བརྗོད། །གླང་ཆེན་ཉིད་ལའང་གཉིས་འཐུངས་འདོད། །རི་དྭགས་དགྲ་བོ་སེང་གེ་ཉིད། །འཆི་མེད་དབང་པོ་མཆོད་སྦྱིན་བརྒྱ། །ཕྱུག་བདག་གཡིས་འཛིན་མིག་སྟོང་ལྡན། །བདེ་སོགས་བདག་པོ་བརྒྱ་བྱིན་ཡིན། །བསོད་ནམས་བརྒྱ་པ་དབང་པོའོ། །ཉི་ཤུའི་སྣང་བ་འཕྲོག་བྱེད་རྣམས། །ལྷ་མིན་ཉིད་དུ་བཤད་པའོ། །པདྨོའི་སྟེང་སྐྱེས་གོས་སེར་ཅན། །གདོང་བཞི་འཇིག་རྟེན་མེས་པོ་རྣམས། །ཚངས་དབང་ཉིད་དུ་ངེས་པར་བརྗོད། །མགྲིན་སྔོན་དབང་ཕྱུག་ཁྱབ་འཇུག་ནི། །ཟླ་བའི་གཙུག་རྒྱན་འཛིན་པའོ། །གཉིས་སྐྱེས་འདབ་བཟང་བྱ་ཉིད་དེ། །བདག་པོར་སྙེམས་པ་བདུད་ཉི་མ། །འདོད་ལྷའི་དབང་ཕྱུག་མདའ་ལྔ་པ། །མེ་ཏོག་ཅན་མོའི་དཔུང་ཚོགས་དང་། །དཔལ་འབྱོར་པ་ཡང་དེ་ཉིད་དོ། །དག་བྱེད་ཆུ་རྒྱུན་ཉིད་ཡིན་ཞིང་། །དགའ་མ་ཞེས་པ་བུད་མེད་དོ། །མདོར་ན་དེ་ལ་ཡོད་པ་ཡི། །ཆོས་ཀྱི་རྣམ་གྲངས་བསྟན་པ་དང་། །འདོད་རྒྱལ་པ་ཡི་མིང་དག་ནི། །མངོན་བརྗོད་ཉིད་དུ་གྲགས་པའོ། །ཚིགས་སུ་བཅད་པའི་བསྟན་བཅོས་མེ་ཏོག་གི་རྒྱན་ལས། མངོན་བརྗོད་བསྟན་པ་སྟེ་ཚོམས་གསུམ་པའོ།། །།

ཚོམས་བཞི་པ། ལྕི་ཡང་དང་ཕྱོགས་རྣམ་པར་བཤད་པ།

དེ་ལ་ལྕི་དང་ཡང་བ་དག །བརྗོད་པ་གོ་ཊ་འཕེལ་བའི་ལུགས། །རྒྱ་གར་ཤར་དང་ལྷོ་ཕྱོགས་སོ། །གོ་ཊ་ལྕི་དང་བརླིང་བ་དང་། །མི་གསལ་སྒེག་པའི་ཉམས་ལ་ཉིད། །གཙོ་བོ་འདོད་ཀྱི་ལྷོ་ཕྱོགས་པ། །གསལ་དང་ཡང་དག་སྙན་དང་བསྙེན། །གཙོ་བོ་བྱེད་ཀྱི་སྔ་མར་མིན། །གསལ་བྱེད་སུམ་ཅུ་བཞི་པོ་དང་། །དབྱངས་ཡིག་བཅུ་དྲུག་དེ་ལྟར་ན། །ལྔ་བཅུ་རྒྱ་གར་ཡུལ་དུ་གྲགས། །དེ་ཉིད་བོད་ལ་མ་ཚངས་པས། །སྡེབ་སྦྱོར་ཇི་བཞིན་སྐྱོན་མེད་པ། །གངས་རིའི་ཁྲོད་ན་མེད་པར་གྲགས། །འོན་ཀྱང་ཨ་ཨཱ་ལ་སོགས་པ། །བོད་ཡིག་རྣམས་ཀྱི་སྲོག་ལ་ཡོད། །ཨེ་ཨེ་འགྲེང་བུར་བསྒྱུར་བ་དང་། །ཨུ་ཨུ་(༧)ཞབས་ཀྱུར་བསྒྱུར་བར་འདོད། །ཨི་ཨི་གི་གུར་བསྒྱུར་བ་དང་། །ཊ་ལ་སོགས་པའི་ལོག་པ་རྣམས། །ར་ལྟར་བསྒྱུར་ཞིང་རིང་ཡིག་འདོད། །འ་ཡིག་དེ་བཞིན་ཐུང་ཡིག་ལ། །ཚེག་དྲག་ཉིད་དུ་བྱས་པའོ། །དེ་ལྟར་དོན་གྱི་ཅི་རིགས་པས། །ཚད་ཕྱིར་ལྕི་བའི་ངག་སྙན་ནི། །ར་ཏ་མང་ཞིང་བརླིང་བར་བྱ། །ཨོ་ཨོ་ན་རོར་བསྒྱུར་བས་ན། །སྡེབ་སྦྱོར་ལྕི་ཡང་འབྲིང་ལ་ནི། །འདི་ཉིད་སྤེལ་ཞིང་ཡང་བ་ལས། །དེ་ལས་གཞན་པ་ཀླགས་སླ་བས། །དཔེ་ཉིད་རིམ་བཞིན་བརྗོད་པར་བྱ། །སྤྲིན་འཁྲིགས་འབྲུག་སྒྲ་སྒྲོགས་ཚེ་ཆར། །ཉོན་མོངས་འཇོམས་འདོད་ཚོགས་ལྟར་འབབས། །བདེ་གཤེགས་བདེ་ལྡན་དེ་ལྟར་ཕན། །ཅེས་སོགས་ཞིབ་ཏུ་འབྱུང་བ་རྣམས། །རེ་ཞིག་གཞན་དུ་ལྟ་བར་བྱ། །འདིར་ནི་རྒྱན་རྣམས་དེ་དག་གི། །ཆ་ཤས་བྱེ་བ་མ་བརྗོད་ལ། །ལྕི་ཡང་སྤེལ་བའི་རིམ་པ་ཡང་། །འཐུག་པོ་ལ་སོགས་མ་བཤད་ཀྱང་། །སྙན་ངག་མཁན་ལ་ཉེར་མཁོ་བ། །འབའ་ཞིག་བསྐྱེད་སླད་སྦྱར་བར་འདོད། །ཚིགས་སུ་བཅད་པའི་བསྟན་བཅོས་མེ་ཏོག་གི་རྒྱན་ལས། ལྕི་ཡང་དང་ཕྱོགས་རྣམ་པར་བཤད་པའི་ཚོམས་ཏེ་བཞི་པའོ།། །།

དེ་ལྟར་སྙན་ངག་ཟླ་བའི་བསིལ་བས་ཁྱབ་པ་ཡིས། །འོད་ཀྱིས་རྨོངས་པའི་མུན་པ་སྟུག་པོ་རབ་བཅོམ་ནས། །བློ་གྲོས་གསལ་ལྡན་ཀུནྡའི་མེ་ཏོག་རྒྱས་བྱེད་ཅིང་། །སྐྱེ་བོའི་ཡིད་ཀྱི་ཐེ་ཚོམ་མཉམ་དུ་སེལ་བ་ཡིན། །དེ་ལས་བྱུང་བའི་དགེ་བ་གངས་རི་ལྟར་དཀར་བ། །ཀུན་ནས་དཀྲིས་པའི་ཡིད་མཁར་ཁྱབ་པ་གང་ཡིན་དེས། །འགྲོ་བའི་བླ་མ་སངས་རྒྱས་གོ་འཕང་མཐའ་ཡས་པ། །གྲགས་པའི་གཞིར་གྱུར་སྐྱེ་བོ་ཀུན་གྱིས་ཐོབ་པར་ཤོག །ཚུལ་འདི་སྙན་ངག་པད་རྫིང་བཟང་པོ་ནས། །བློ་ལྡན་ངང་པའི་ཚུལ་ཅན་བསམ་ཡས་པ། །དབང་ཐོབ་སྙན་ཚིག་དབྱངས་སྙན་ཆེར་སྒྲོགས་པ། །མཁས་པ་དགའ་བ་འཕེལ་བའི་སླད་ཀྱི་ཡིན། །བདག་ཀྱང་མ་འོངས་ཚེ་རབས་ཐམས་ཅད་དུ། །གཞོན་ནུ་རབ་བྱུང་རྩ་ལག་མཁས་པ་དང་། །སྙན་ངག་ཚུལ་ལ་བློ་གྲོས་རབ་རྒྱས་ནས། །སངས་རྒྱས་གོ་འཕང་ཆེས་མཐོར་འགྲོ་བར་ཤོག །མོས་པར་གྱུར་ན་བཟོད་པའི་མཆོག་མཛོད་ལ། །འདི་ནི་ཕྱོགས་ཀྱི་མཐའ་ཁྱབ་མ་ལུས་པར། །དར་བར་གྱུར་ན་བློ་ཡི་མུན་བསལ་ཏེ། །ད་ལྟར་སྙན་ངག་མཁན་གྱི་ས་ཐོབ་ཤོག །ཚིགས་སུ་བཅད་པའི་བསྟན་བཅོས་མེ་ཏོག་གི་རྒྱན་ཞེས་བྱ་བ་མཁས་པ་འཇུག་པའི་སྒོ་འདི་ནི། མཁས་པའི་གྲོགས་དག་གིས་བསྐུལ་བའི་དོན་དུ། མང་དུ་ཐོས་པའི་སྙན་ངག་མཁན། ཚུལ་ཁྲིམས་བློ་གྲོས་ཀྱིས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་སྙན་ངག་མེ་ལོང་དང་བསྟུན་ནས་རེ་ཞིག་སྦྱར་བའོ། །རྫོགས་སོ།། །།


previousཚིགས་སུ་བཅད་པའི་བསྟན་བཅོས་མེ་ཏོག་གི་རྒྱན་ཞེས་བྱ་བ།next