Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་བཞི་པ།

17 occurrences of གཏེར་སྲུང་
[Clear Hits]


 
  
16  collapse section
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
 
  
  
 
  
 
  
  
ལྷ་མོའི་བསྙེན་སྒྲུབ་ལས་སྦྱོར་གསལ་བར་བྱེད་པའི་ཡི་གེ
 
  
  
  
  
 
 
 
  
 
  
  
  
  
 
  
  
  
 
  
  
  
  
 
  
  
  
  
  
  


17 occurrences of གཏེར་སྲུང་
[Clear Hits]

 
previousལྷ་མོའི་བསྙེན་སྒྲུབ་ལས་སྦྱོར་གསལ་བར་བྱེད་པའི་ཡི་གེnext

ལྷ་མོའི་བསྙེན་སྒྲུབ་ལས་སྦྱོར་གསལ་བར་བྱེད་པའི་ཡི་གེ

ལྷ་མོའི་བསྙེན་སྒྲུབ་ལས་སྦྱོར་གསལ་བར་བྱེད་པའི་ཡི་གེ་བཞུགས། བླ་མ་ཧེ་རུ་ཀཿདཔལ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ལྷ་མོ་སྔགས་བདག་འབར་མའི་བསྙེན་བསྒྲུབ་ལས་སྦྱོར་བྱ་བ་ལ་མཁའ་འགྲོ་སྤྱིའི་བསྙེན་བསྒྲུབ་བསྲུང་བཟློག་བསད་པ་སོགས་བྱ་བ་དང་། སྤྲོས་མེད་དྲག་སྒྲུབ་གཉིས་ལས། །དང་པོའི་བརྟེན་གཏོར་བླ་རྡོའི་ཤོག་དྲིལ་ནང་ལྟར་བྱ་ཞིང་། དེ་ལ་བླ་རྡོ་ནི། ལྷ་མོ་ཞོན་པ་མེད་པའི་ལྟོ་བར་འཁོར་ལོ་བྲི་སྟེ། འཁོར་ལོའི་ལྟེ་བར་གྲུ་གསུམ་ནང་དུ་བྷྱོ་ཡིག་གི་མཐར་ཧེ་རུ་ཀ་དང་ལྷ་མོའི་སྔགས་ལས་བྱང་ལྟར་བྲིས་མཐར། དཔལ་ལྡན་ལྷ་མོ་འཁོར་བཅས་རྟེན་འདི་ལ་བརྟན་པར་བཞུགས་ནས་བདག་སྒྲུབ་པ་པོའི་བར་ཆད་སེལ་བ་དང་མཆོག་ཐུན་གྱི་དངོས་གྲུབ་སྩོལ་བར་མཛོད་ཅིག །དེ་ཡི་ཕྱི་རིམ་མུ་ཁྱུད་ལ་བསྙེན་པ་འབྲུ་བཅུ་པ་དང་། དེ་ཡི་སྒྲུབ་སྔགས། དྲག་སྒྲུབ་འབོད་པ་བཅོ་བརྒྱད་པ། དེ་ཡི་སྒྲུབ་སྔགས། དེ་ནས། བྷྱོ་རེ་མ་ཏི་མཱ་ར་ཡ་ཛཿཧཱུྃ་བྷྱོ་ཕཊ༔ ཅེས་ཆ་ཤས་དང་། བྷྱོ་རེ་མ་ཏི་དགྲ་བགེགས་མཱ་ར་ཡ་ཛཿཧཱུྃ་བྷྱོ་ཕཊ༔ ཅེས་ཆ་ཤས་ཤོང་ཚོད་བསྟུན། དེ་ཕྱིར་རྩིབས་བདུན་ལ་བྷྱོའི་མདུན་ནས་གཡས་སྐོར་གྱིས་རྩིབས་རེ་ལ་རིམ་པར། རེ་མ་ཏི་མཱ་ར་ཡ་ཛ་ཞེས་འབྲུ་རེ་བྲིས། རྩིབས་མཆན་ལ་བྷྱོ་རེ་བྲི། དེ་རྒྱབ་མུ་ཁྱུད་ལ། ན་མོ་མཆོག་གསུམ་སྐུ་གསུམ་རྩ་གསུམ་སྲུང་མའི་ཚོགས་ཀྱིས་བདག་རིག་འཛིན་སྒྲུབ་པ་པོ་ལ་དཔལ་ལྡན་སྔགས་སྲུང་ལྷ་མོ་རེ་མ་ཏི་འཁོར་བཅས་མྱུར་དུ་འགྲུབ་པའི་དངོས་གྲུབ་སྩོལ་ཅིག་འགྱུར་བ་མེད་པའི་ཆོས་ཉིད་ལ་དབང་འབྱོར་ཞིང་འཆི་མེད་ཀྱི་ཚེ་མཛད་མེད་ཀྱི་ནོར་རྒྱུན་འཛིན་གྱི་བུ་སློབ་དམ་གཙང་བསོད་ནམས་བསགས་ལྡན་རྒྱུན་མི་ཆད་པ་སོགས་མཆོག་ཐུན་དངོས་གྲུབ་མ་ལུས་མྱུར་དུ་འགྲུབ་ཅིང་སྲུང་མ་དམ་ཅན་རྒྱ་མཚོའི་སྲོག་ལ་དབང་ཐོབ་པའི་དངོས་གྲུབ་སྩོལ་ཅིག །བདག་ནི་སྐྱེ་བ་འདི་དང་སྐྱེ་བ་ཚེ་རབས་ཐམས་ཅད་དུ་དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱིས་ཕ་མས་བུ་ཚ་ལྟར་བརྩེ་ཞིང་ལུས་དང་གྲིབ་ལྟར་མི་འབྲལ་བར་འགྲོགས་ནས་འགོ་ཞིང་དཔུང་གཉེན་སྡོང་གྲོགས་རྒྱ་ཆེན་མཛད་དུ་གསོལ༔ བཤད་སྒྲུབ་སྨིན་གྲོལ་གྱི་བསྟན་པ་ནུབ་མེད་དུ་འཕེལ་ཞིང་རྒྱས་པ་དང་བསྟན་པ་བསྲུང་བའི་ནུས་མཐུ་དང་ལྡན་པར་མཛད་དུ་གསོལ། འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་བསྲུང་ཞིང་བཟློག་པ་དང་དགྲ་བགེགས་ལོག་འདྲེན་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ། མཐུན་རྐྱེན་ཕུན་སུམ་ཚོགས་པའི་བསམ་སྦྱོར་ཐམས་ཅད་ཡིད་བཞིན་དུ་འགྲུབ་ཅིང་རྣམ་བཞིའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་མཛད་དུ་གསོལ། ཞེས་བྲིས་ན་རུང་ཙམ་འདྲའོ། །དེའི་ཕྱི་རིམ་མུ་ཁྱུད་ལ་ཨཱ་ལི་ཀཱ་ལི་རྟེན་སྙིང་བྲི་བར་བྱའོ། །གོ་དཀའ་བ་ཟླ་བར་མཚལ་གྱི་ནོར་བུ་རིན་པོ་ཆེའི་དབུས་སུ་མ་བྲིས་པ་ནི་གསང་མཚན་ནོ། །གཞན་ཡང་དངོས་གྲུབ་ཀྱི་རྫས་ཐོད་ཆང་། བསྐང་བའི་གཏོར་མ་ཧོཾ་ལིང་སོགས་མཁོ་བའི་ཡོ་བྱད་རྣམས་འདུ་བར་བྱས་ནས། རྒྱུད་འདེབས་སྐྱབས་སེམས་མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བའི་ལས་བྱང་ལྟར་བདག་བསྐྱེད་ཧེ་རུ་ཀའི་བསྙེན་པ་བྱེ་བ་འབུམ་སོགས་རྟགས་ཐོན་བཟླ། མདུན་སྐྱེད་མཆོད་གཏོར་བྱིན་རླབས་འོས་མཐུན་བྱ་བ་ནས་ལས་བྱང་བསྙེན་མཚམས་ལ་ཐུག་གི་བར་གཏོང་ཞིང་། དེ་ནས་བདག་བསྐྱེད་ཧེ་རུ་ཀཿདང་། མདུན་གྱི་གཙོ་མོའི་ཐུགས་ཀར་ཉི་དཀྱིལ་གྱི་སྟེང་དུ་མ་དམར་ནག་གི་མིག་ཏུ་བྷྱོ་ནག་མོ་བདག་བསྐྱེད་ཀྱི་བྷྱོ་མིག་རུ་ཧཱུྃ་མཐིང་ག་བདག་བསྐྱེད་ཀྱིི་མ་མཐར་རེ་མ་ཏི་དེ་རྒྱབ་མཱ་ར་ཡ་ཛཿདེ་རྒྱབ་ཏུ་མ་མ་ཏྲག་རགྴ་སྙིང་ཁ་རག་ཙིཏྟ་སྲོག་དུང་དུང་ཛཿཛཿ ཧཱུྃ༔ ཞེས་གསལ་བ་བསྒོམ། དེ་ནས་བདག་གི་ཧཱུྃ་བྷྱོ་ལས་འོད་ཟེར་དམར་པོ་འཕྲོས་ནང་ནས་རིམ་བཞིན་ཡིག་འབྲུ་རྣམས་བརྒྱུད་ནས་མདུན་གྱི་ལྷ་མོ་ཐུགས་ཀའི་འབྲུ་རྣམས་ཀྱི་ཕྱི་ནས་རིམ་བཞིན་བརྒྱུད་དེ་མ་དང་བྷྱོ་ལ་ཕོག་པ་འོད་ཟེར་འཕྲོས་པས་བྱང་ཤར་དུར་ཁྲོད་སོགས་ནས་ལྷ་མོ་འཁོར་བཅས་སྤྱན་དྲངས་མདུན་བསྐྱེད་ཀྱི་སྐུ་ལ་བསྟིམ་པ་དང་། ཕྱག་མཆོད་བསྟོད་རྣམས་གཞུང་ལྟར་བྱ། འཛབ་ནི། གཞུང་རྣམས་སུ་རྗེ་ལྟར་བསྙེན་པ་འཛབ་ལྟར་སྒྲུབ་པ་བྲན་ལྟར་བསྐུལ་བ་རྣམས་གསུངས་པ་ལྟར། འདིར་ཡང་དེ་བཞིན་བྱས་ན་འོས་པས། དེ་ལ། མ་སྲིང་རྗེ་གསུམ་ཕྱོགས་གཅིག་ཀྱང་དེ་ཡི་དམིགས་པ་ནི། བདག་མདུན་གྱི་སྔགས་ཕྲེང་ཕྱི་ནང་འོད་ཟེར་འཕྲོ་ཚུལ་རྣམས་སྤྱན་འདྲེན་དུས་དང་ཕྱོགས་འདྲ་ལ་དམིགས་པ་ནི། བདག་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་མཆོད་པའི་སྤྲིན་ཕུང་ཅན་མཆོད་པའི་ཚུལ་དུ་འཕྲོས་ལྷ་མོའི་ཐུགས་ཀའི་སྔགས་ཕྲེང་ས་བོན་ལ་ཐིམ་པས་ཐུགས་རྒྱུད་བསྐུལ་དེ་ལས་འཕྲོས་པས་འོད་ཀྱིས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས། དགྲ་བགེགས་གདུག་པ་ཅན་རྣམས་ཚར་བཅད་འཁོར་འདས་ཀྱི་བྱིན་བཅུད་མཐུ་སྟོབས་སྲོག་སྙིང་བསོད་ནམས་ཐམས་ཅད་ལྷ་མོའི་ཐུགས་ཀར་ཐིམ་མཐུ་རྩལ་གཟི་འོད་རབ་ཏུ་འབར་ལྷ་མོའི་ཐུགས་ཀ་ནས་བསོད་ནམས་བྱིན་བཅུད་མཐུ་སྟོབས་སྲོག་སྙིང་གཟི་བརྗིད་ནུས་རྩལ་ཐམས་ཅད་འོད་དམར་པོའི་རྣམ་པར་ཞལ་ནས་ཐོན་རང་གི་ཞལ་དུ་ཞུགས་ཤིང་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་མ་མོའི་མཐུ་སྲོག་མ་ལུས་རང་གིས་ཐོབ་པར་བསམ་ཞིང་གུས་པའི་ཚུལ་གྱིས་ལས་བྱང་ནང་གི་རྩ་སྔགས་དང་སྙིང་ཞུན་སྔགས་སྡེབ་མཇུག་གི་བསྙེན་པ་འབོད་སྔགས་རྟགས་འབྱིན་པར་བཟླ། བསྙེན་པ་སོང་ནས། བསྒྲུབ་པ་ནི། ཆུང་མ་དང་འཛའ་ལྟར་བརྟེན་པ་ཕྱོགས་མཐུན་པའི་དམིགས་པ་རང་གི་ཐུགས་ཀ་ནས་སྔགས་ཕྲེང་འོད་ཟེར་བྱང་སེམས་དཀར་པོའི་རང་བཞིན་ཅན་རྡོ་རྗེའི་ལམ་ནས་མདུན་གྱི་ལྷ་མོའི་བྷ་གར་ཞུགས་ཤིང་ཐུགས་ཀར་ཐིམ་པས་འདོད་ཆགས་ཆེན་པོའི་བརྩེ་དུང་གིས་གང་འདོད་ཕྲིན་ལས་སྒྲུབ་པར་རྒྱུད་བསྐུལ། འོད་ཟེར་སྤྲོ་བསྡུ་གོང་ལྟར་ལ་མ་མོའི་སྲོག་སྙིང་དངོས་གྲུབ་ཐམས་ཅད་འོད་དམར་པོའི་རྣམ་པར་ཐུགས་ཀ་ནས་ཞལ་དུ་ཐོན། རང་ཉིད་ལྷ་ཡི་ཞལ་དུ་ཞུགས་ཤིང་སྙིང་གའི་ཐུགས་སྲོག་ས་བོན་ལ་ཐིམ་པར་བསམ་ཞིང་ཆགས་པའི་ཡིད་ཀྱིས་སྙིང་ཞུན་ལྟར་རྟགས་ཐོན་དུ་བཟླའོ། །བྲན་ལྟར་བསྐུལ་བའི་དམིགས་པ་ནི། རང་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་ལས་འོད་ཟེར་འཕྲོས་མ་མོའི་ཐུགས་ཀའི་སྔགས་ཕྲེང་ས་བོན་ལ་ཕོག་པས་མ་མོ་ཡེད་ཀྱིས་དངངས་ཏེ་བྲན་ལྟར་བཀའ་ཉན་ཅིང་འདུ་བའི་ལས་ཀུན་བསྒྲུབ་ནས་སྲོག་སྙིང་དངོས་གྲུབ་མདངས་གཤོམ་ཀྱི་ཚུལ་ཏུ་འབུལ་བར་བསམ་ཞིང་བཟླ་བ་ནི་བྲན་ལྟར་རོ། །ཐུན་མཚམས་རྣམས་སུ་གཏོར་འབུལ་མཆོད་སྟོད་དངོས་གྲུབ་ཡིད་ལེན་ཙམ་བྱེད། བསྙེན་བསྒྲུབ་ཚར་དུས་དང་། གསང་གནས་ནས་ཁྲག་བྱང་སེམས་སོགས་འབབས་པ་ནམ་བྱུང་སྐབས་དེར་རང་རྫས་གང་བྱུང་དེ་ཐོད་པར་བཏབ་ན་དངོས་གྲུབ་ལེན་ཐབས་ནང་ལྟར་བྱ་ཞིང་བསྙེན་པ་རྣམས་དང་ཁྱད་པར་བསྒྲུབ་སྔགས་སརྦ་སིདྡྷི་ཅན་བཟླ་ཞིང་དངོས་གྲུབ་དངོས་སུ་ལེན་པས་ནོད། དེ་ལྟར་བསྙེན་སྒྲུབ་རྟགས་ཐོན་སོང་ནས་ལས་སྦྱོར་ལས་བཞི་ཚེ་ནོར་བསྲུང་བཟློག་རྦད་བསད་ཁྲག་ཟོར་བསྒྲུབ་པ་རྣམས་སོ། །ཞི་རྒྱས་དབང་དྲག་བཞི་ལ་ལྷ་མོ་གཙོ་འཁོར་རང་གཞུང་ལྟར་ལ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམས་དཀར་སེར་དམར་ལྗང་འོས་འཐད་དུ་དམིགས་པ་བསྒྱུར་ཞིང་ཞི་བར་རྩ་སྔགས་མཐར། བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པའི་ནད་གདོན་བར་ཆད་ཐམས་ཅད་ཤནྟཾ་ཀུ་རུ་ཡེ་སྭཱ་ཧཱ། རྒྱས་པ་ལ། བདག་གི་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དབང་ལ་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག་པཱ་ཤཾ་ཀུ་རུ་ཧོ། དྲག་པོ་ལ། གནོད་བྱེད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ༔ ཅེས་སོ། །ཚེ་སྒྲུབ་ལ་གཙོ་འཁོར་ཐམས་ཅད་ཞི་བར་དཀར་གསལ་ཚེ་བུམ་མདའ་དར་ཅན་བསྒོམ་ཞིང་སྔགས་མཐར། ཨཱ་ཡུ་ཥེ་ཧཱུྃ་བྷྲུྃ་ནྲི་ཛཿསིདྡྷི་སྭཱ་ཧཱ། ཐུན་མཚམས་སུ་མདའ་དར་གཡབ་ཅིང་ཚེ་འགུགས། ནོར་བསྒྲུབ་ལ་གཙོ་འཁོར་ཐམས་ཅད་ཞི་མཐིང་ནོར་བུ་ནེའུ་ལེ་ཞབས་ཕྱེད་དཀྱིལ་ཅན་དུ་བསྐྱེད་ལ་རྩ་སྔགས་མཐར། པུནྱཻ་བྷ་སུ་ན་དྷེ་སརྦ་སིདྡྷི་ཕ་ལ་པུཥྟིཾ་ཀུ་རུ་ཧཱུྃ་སྭཱ་ཧཱ། ཞེས་བཟླ་ཞིང་ཐུན་མཐར་གཏོར་འབུལ་མཆོད་སྟོད་སོགས་བསྙེན་བསྒྲུབ་དུས་དང་འདྲའོ། །བསྲུང་བ་བདག་མདུན་གཉིས་ལྷ་མོ་བསྒོམ་ཞིང་བཟློག་པ་སོགས་ཀུན་ལ་བདག་བསྐྱེད་ཧེ་རུ་ཀཿདང་མདུན་བསྐྱེད་ལྷ་མོར་བསྒོམས་བསད་པའི་དུས་མིན་པ་ཀུན་ལ་ཁྱད་མེད་ལ་གལ་ཆེན་སྐབས་བབ་བྱུང་ན་བདག་བསྐྱེད་གཙོ་མོ་བསྒོམ་པ་མན་ངག་སྤྱི་འགྲོས་ལུགས་ལྟ་བུའི། ཐུགས་ཀའི་སྔགས་ཕྲེང་བསྒོམས་ལུགས་ནི་ཀུན་ལ་སྙིང་ཞུན་ལྟར་ཁོ་ན་ལ་འོད་ཟེར་འཕྲོ་འདུ་ལས་གང་ཡིན་དང་མཐུན་པར་བསྒྱུར་ན་རུང་བར་སྣང་སྙམ་པ་དཔྱོད་འཚལ། གཏོར་མ་ལ་བརྟེན་གཏོར་དུ་བྱ། ཡང་ན་བྱང་རིའི་སྟེང་ངམ་སྒྲུབ་ཁང་གི་བྱང་ཕྱོགས་སུ་གཏེར་དུ་སྦས་རྗེས་ལ་བསྐང་བ་འདོན། གཏང་རག་གི་མཆོད་པ་ཡང་བྱའོ། །སྨད་ལས་འགབ་འདྲེ་འདུལ་བ་དང་བསད་པ་དྲག་ཟོར་སྒྲུབ་པ་རྣམས་དང་འབྲེལ་དུས་གཞུང་གི་འཛབ་རྗེས་སུ་བསྲུང་བཟློག་བསྒོམ་བཟླས་ཚོགས་བསྐང་གསོལ་ཚོགས་བསྒྲལ་མཆོད་པ་རྣམས་བཏང་ཞིང་། དེ་ནས་གསེར་སྐྱེམས་དྲེགས་པ་ཟིལ་གནོན་སོགས་གང་རུང་ནས་ལེན་ཏེ་གཏོང་། དེ་རྗེས་ཧཱུྃ་ཧཱུྃ་བྷྱོ༔ ང་ནི་ཞེས་སོགས་ནས་ཧོམ་བསྐྱེད་བདེན་བརྡར་རྣམས་དཀྱུས་ལྟར་བྱ་ཞིང་དམར་གཏོར་ལ་འགུགས་བརླབས་བྱས་ནས་རྦད་ཅིང་བསྐུལ་བ་དང་བཀའ་སྲུང་མའི་བསྐུལ་དང་ཕོ་ཉ་སྤྲོ་བ་བཏང་། དེ་ནས་འགུགས་སྔགས་དགྲ་འདྲེ་གང་ཡིན་ཡང་འདྲ་བར་རྦད་པ་ལྕགས་ཀྱུ་དམར་པོའི་དམིགས་པ་དང་ལྡན་པར་བཟླ་ཞིང་རྟགས་འབྱིན་པར་རེམས། དེ་ནས་ཉེས་བསྒྲགས་ལྷ་དབྱེ་བསྒྲལ་ལས་དང་ཤིན་ཏུ་ཟབ་པའི་ལས་སྦྱོར་གོང་ལྟར་བྱེད། དེ་ནས་འགབ་འདྲེ་འདུལ་བསད་སྔགས་སམ་ཁྲག་ཟོར་བསྒྲུབ་སྔགས་སྐབས་བབ་གང་འོས་ལྟར་བཟླ་ཞིང་ཐུན་བརྡེག་ལིང་ཆུང་བསྒྲལ་སྟབ་དང་ཐུན་གཏོར་བསྐུལ་ཞིང་རྦད་པ་གཏོང་ནས་ལྷག་མ་སོགས་བཏང་བའམ་ཐུན་རྡེག་རྗེས་སུ་བསྒྲལ་ལས་རྒྱས་པ་ཞལ་བསྟབ་ཁྲག་ཟོར་གྱེར་ནས་ཐུན་གཏོར་བསྐུལ་བཏོང་བ་སོགས་བྱ་ཞིང་། རྗེས་བསྲེག་འཕང་མནན་པ་རྣམས་ཀྱི་རྗེས་བསྡུ་བ་ཡང་སྐབས་མཐུན་ལྟར་སྤྱད་པར་བྱའོ། ༈སྤྲོས་མེད་དྲག་སྒྲུབ་ནི། སྔོན་དུ་བདག་མདུན་གྱི་བསྙེན་སྒྲུབ་གཞུང་ལྟར་སོང་བ་བཅས་སྒྲུབ་ཐབས་མ་མོའི་སྙིང་ཞུན་ནང་ལྟར་དམར་གཏོར་ཙམ་ལས་གཞན་ལིངྒ་སོགས་མི་དགོས་པ་དངོས་བསྟན་ལྟར་ལས་བསྐང་གསོལ་བསྐུལ་བ་སྤྲོས་མེད་ཡིན་ཀྱང་བྱ་བར་འོས་པས་དེ་ལུགས་ཀྱིས་བཅའ་བཤམས་རྣམས་ཡོད་པར་བྱེད། ཆོ་ག་གཏོང་ལུགས་སྤྲོས་བཅས་དང་ཁྱད་མེད་ཅིང་འབོད་པའི་དམིགས་པ་དང་ལྡན་པའི་སྙིང་སྤེལ་སྔགས་བྱང་ལྟར། བྷྱོ་རེ་མ་ཏི་མཱ་ར་ཡ་ཛ་ཧཱུྃ་བྷྱོ་ཕཊ༔ ཅེས་བཟླ་ཞིང་འབོད་རྟགས་བརྟན་པོར་བྱུང་བ་དང་། རྦད་པ་ནི། བདག་བསྐྱེད་ལྷས་མདུན་བསྐྱེད་ལྷ་བསྐུལ་ལྷ་མོའི་སྐུ་ལས་རང་འདྲའི་སྤྲུལ་པ་ནི་བྱེ་བ་འབུམ་འབུམ་གྲངས་མེད་དགྲ་ཡུལ་སྤྲོས། ཉམས་པའི་དགྲ་བོ་ལས་ངན་དེ༔ ཡུལ་ཕྱོགས་རི་ཁྱིམ་གར་ཡོད་ཀྱང་༔ ནད་མཚོན་ཆར་བབ་བརླག་པར་བསམ༔ རྦད་བསད་གཉིས་ཀར་སྔགས་ནི་འདི་ལྟར་རོ། །བྷྱོ་རེ་མ་ཏི་དགྲ་བགེགས་ཆེ་གེ་མོ་མཱ་ར་ཡ་ཛཿཧཱུྃ་བྷྱོ་ཕཊ༔ ཅེས་བཟླ་བ་ནི། སྒྲུབ་དང་བསད་པ་དག་ལ་ནི༔ མ་ཡི་གླད་དུ་དགྲ་ལིང་བཅུག༔ ཅེས་གསུངས་པ་བཞིན་ནོ། །རྦད་རྟགས་བྱུང་བ་བསད་དམིགས་ནི། རང་ཉིད་དཔལ་གྱི་ལྷ་མོར་བསྐྱེད་ཅིང་གསལ་བ་སོགས་བསད་དམིགས་ངང་ནས་གོང་གི་སྔགས་བཟླའོ། །འབོད་རྟགས་བརྟན་པར་མ་གྱུར་བར་དུ་མཆོད་བསྟོད་བསྐང་བ་མངའ་གསོལ་ལས་བསྐུལ་གཉིས་མི་གཏོང་བ་གནད་ཡིན། རྦད་བསད་དུས་མཆོད་བསྟོད་བསྐང་གསོལ་དང་བསྐུལ་གཉིས་གཏོང་བ་དང་དམོད་བཅོལ་རྣམས་བྱ་བ་གནད་ཆེ་བ་ཡིན་ཞིང་། རྟགས་རྣམས་ལེགས་རྫོགས་བྱུང་དུས་གཏོར་མ་དགྲ་ཕྱོགས་སུ་ཟོར་དུ་འཕངས། རྗེས་སུ་ཡང་གསོལ་མཆོད་བསྐུལ་བ་ཟོར་འཕེན་དགྲ་མ་ཤི་བར་རྒྱུན་མི་བཅད་ཅིང་། དགྲ་ཤི་ནས་གཏང་རག་སོགས་སྤྱི་དང་འདྲའོ། །ཞེས་པ་འདི་ནི་རང་གི་བརྗེད་ཐོ་དང་སྔགས་གསར་བསྟན་པ་བསྲུང་འདོད་ཅན་ལ་མཁོའོ་སྙམས་ནས། ཁམས་སྟོད་ཀྱི་བན་འཁྱམས་ཀྱིས་བྲིས། ལས་བྱང་གི་བསྙེན་མཚམས་སུ་ཁྲག་གཏོར་ལ་གནོད་བྱེད་དགྲ་བགེགས་ནད་གདོན་བར་ཆད་ཐམས་ཅད་འགུགས་བསྒྲལ་བརླབས་ཏེ་རྩ་སྔགས་བརྒྱ་རྩའི་མཐར་གཏོར་སྔགས་བཏགས་པ་གསུམ་གསུམ་དང་བཛྲ་པུཥྤེ་སོགས་དང་བསྟོད་གསོལ་བྱ། དེ་ལྟ་བུའི་ཚུལ་གྱིས་སྔགས་གྲངས་འབུམ་འགྲོ་བར་བྱས་ན་དོན་གནས་ཡོང་བ་མྱོང་གྲུབ་མའོ།། །།སརྦ་མངྒ་ལམ། །


previousལྷ་མོའི་བསྙེན་སྒྲུབ་ལས་སྦྱོར་གསལ་བར་བྱེད་པའི་ཡི་གེnext