Nitartha Digital Library
Tibetan
གསུང་འབུམ་པོད་བདུན་པ། དྲང་ངེས་སོགས།

1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]


 collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གསུམ་པ་ཤེར་མདོར་ངོ་བོ་ཉིད་མེད་པར་གསུངས་པ་སྒྲ་ཇི་བཞིན་དུ་བཟུང་ན་མེད་ལྟ་ལ་ལྟུང་བར་བཤད་པ།
  
  
  
  
  
  
  
  
  
  
  
  
 expand section
  
  
expand section


1 occurrence of ཆོས་རྒྱལ་ཟླ་བ་བཟང་པོ་
[Clear Hits]

 
previousགསུམ་པ་ཤེར་མདོར་ངོ་བོ་ཉིད་མེད་པར་གསུངས་པ་སྒྲ་ཇི་བཞིན་དུ་བཟུང་ན་མེད་ལྟ་ལ་ལྟུང་བར་བཤད་པ།next

གསུམ་པ་ཤེར་མདོར་ངོ་བོ་ཉིད་མེད་པར་གསུངས་པ་སྒྲ་ཇི་བཞིན་དུ་བཟུང་ན་མེད་ལྟ་ལ་ལྟུང་བར་བཤད་པ།

གསུམ་པ་ཤེར་མདོར་ངོ་བོ་ཉིད་མེད་པར་གསུངས་པ་སྒྲ་ཇི་བཞིན་དུ་བཟུང་ན་མེད་ལྟ་ལ་ལྟུང་བར་བཤད་པ་ལ།

མདོ་སྡེ་དགོངས་འགྲེལ་ལས། ཅི་སྟེ་སེམས་ཅན་དེ་དག་ལས་སེམས་ཅན་གང་དག་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོའི་བར་དུ་ཡང་དག་པར་གྲུབ་པ་མ་ཡིན་ཡང་དྲང་པོ་དང་དྲང་པོའི་རང་བཞིན་ཅན་མ་ཡིན་ལ། རྟོག་པ་དང་སེལ་ནུས་ལ། རང་གི་ལྟ་བ་མཆོག་ཏུ་འཛིན་པར་གནས་པ་དེ་དག་གིས་ནི་ཆོས་དེ་ཐོས་ན་ངའི་དགོངས་ཏེ་བཤད་པ་ཟབ་མོ་ཡང་དག་པ་ཇི་ལྟ་བ་བཞིན་མི་ཤེས་ཏེ། ཆོས་དེ་ལ་མོས་ཀྱང་ཆོས་འདི་དག་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཁོ་ན་ཡིན་ནོ། །ཆོས་འདི་དག་ཐམས་ཅད་ནི་མ་སྐྱེས་པ་ཁོ་ནའོ། །མ་འགགས་པ་ཁོ་ནའོ། །གཟོད་མ་ནས་ཞི་བ་ཁོ་ནའོ། །རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཁོ་ནའོ་ཞེས་ཆོས་ཀྱི་དོན་ལ་སྒྲ་ཇི་བཞིན་ཁོ་ནར་མངོན་པར་ཞེན་པར་བྱེད་དེ། དེ་དག་གཞི་དེས་ན་ཆོས་ཐམས་ཅད་ལ་མེད་པར་ལྟ་བ་དང༌། མཚན་ཉིད་མེད་པར་ལྟ་བ་འཐོབ་པར་འགྱུར་ཏེ། མེད་པར་ལྟ་བ་དང༌། མཚན་ཉིད་མེད་པར་ལྟ་བ་ཐོབ་ནས་ཀྱང་ཐམས་ཅད་ལ་མཚན་ཉིད་ཐམས་ཅད་ཀྱིས་སྐུར་པ་འདེབས་ཏེ། ཆོས་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་ལ་སྐུར་པ་འདེབས། ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་ཡང་སྐུར་པ་འདེབས་སོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་ཡང་དག་འཕགས་འདི་ལྟར་གཞན་གྱི་དབང་ཉིད་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་ཡོད་ན་ནི། ཀུན་བརྟགས་པའི་མཚན་ཉིད་ཀྱང་རབ་ཏུ་ཤེས་པར་གྱུར་ན། དེ་ལ་གང་དག་གཞན་གྱི་དབང་གི་མཚན་ཉིད་དང༌། ཡོངས་སུ་གྲུབ་པའི་མཚན་ཉིད་ལ་མཚན་ཉིད་མེད་པར་མཐོང་བ་དེ་དག་གིས་ནི་ཀུན་བརྟགས་པའི་མཚན་ཉིད་ལ་ཡང་སྐུར་པ་བཏབ་པ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་དེ་དག་ནི་མཚན་ཉིད་རྣམ་པ་གསུམ་ཆར་ལ་ཡང་སྐུར་པ་འདེབས་པ་ཞེས་བྱའོ། །དེ་དག་ནི་ངའི་ཆོས་ལ་ཆོས་སུ་འདུ་ཤེས་པ་དང་དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་པ་ཡིན་ཏེ། ངའི་ཆོས་ལ་ཆོས་སུ་འདུ་ཤེས་པ་དང༌། དོན་མ་ཡིན་པ་ལ་དོན་དུ་འདུ་ཤེས་པ་དེ་དག་ཆོས་ལ་ཡང་ཆོས་སུ་འཛིན།དོན་མ་ཡིན་པ་ལ་ཡང་དོན་དུ་འཛིན་ཏོ། །དེ་དག་ཆོས་ལ་མོས་པས་དགེ་བའི་ཆོས་རྣམས་ཀྱིས་འཕེལ་མོད་ཀྱི། འོན་ཀྱང་དོན་མ་ཡིན་པ་ལ་མངོན་པར་ཞེན་པས་ཤེས་རབ་ལས་ཡོངས་སུ་ཉམས་པར་འགྱུར་ཏེ། ཤེས་རབ་ལས་ཡོངས་སུ་ཉམས་ན་དགེ་བའི་ཆོས་ཤིན་ཏུ་རྒྱ་ཆེ་བ་དང༌། ཤིན་ཏུ་དཔག་ཏུ་མེད་པ་རྣམས་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་རོ། །ཞེས་པ་ནས། མཚན་ཉིད་ཐམས་ཅད་མེད་པར་ལྟ་ཞིང་དོན་མ་ཡིན་པ་དོན་དུ་སྟོན་པར་བྱེད་པ་དེ་དག་ནི་ལས་ཀྱི་སྒྲིབ་པ་ཆེན་པོ་དང་ལྡན་པར་ང་སྨྲའོ། །ཞེས་པ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཆོས་རྣམས་ངོ་བོ་ཉིད་མེད་ཆོས་རྣམས་མ་སྐྱེས་དང༌། །ཆོས་རྣམས་མ་འགགས་ཆོས་རྣམས་གཟོད་ནས་ཞི་བ་དང༌། །ཆོས་རྣམས་ཐམས་ཅད་རང་བཞིན་མྱ་ངན་འདས་པར་ནི། །དགོངས་པ་མེད་པར་མཁས་པ་སུ་ཞིག་སྨྲ་བར་བྱེད། །མཚན་ཉིད་ངོ་བོ་ཉིད་མེད་སྐྱེ་བ་ངོ་བོ་མེད། །དོན་དམ་ངོ་བོ་ཉིད་མེད་དོ་ཞེས་ངས་བཤད་དེ། །འདི་ལ་མཁས་པ་གང་ཞིག་དགོངས་པ་ཤེས་པ་ནི། །རབ་ཏུ་ཉམས་པར་འགྱུར་བའི་ལམ་དུ་དེ་མི་འགྲོ། །ཀུན་གྱི་རྣམ་དག་ལམ་ནི་གཅིག་པུ་འདི་ཡིན་ཏེ། །རྣམ་པར་དག་པའང་གཅིག་སྟེ་གཉིས་པ་གང་ཡང་མེད། །དེ་ཕྱིར་ཐེག་པ་གཅིག་པ་འདི་ནི་འདོགས་བྱེད་ཀྱང༌། །སེམས་ཅན་རིགས་ནི་རྣམ་པ་སྣ་ཚོགས་མེད་མ་ཡིན། །སེམས་ཅན་ཁམས་འདི་ན་ནི་གང་བདག་གཅིག་པུ་པ། །མྱ་ངན་འདའ་བར་བྱེད་པའི་སེམས་ཅན་དཔག་ཏུ་མེད། །གང་དག་མྱ་ངན་འདས་ཀྱང་སེམས་ཅན་མི་གཏོང་བའི། །བརྟན་པ་སྙིང་རྗེ་ལྡན་པ་དེ་དག་ཤིན་ཏུ་དཀོན། །གང་གྲོལ་དེ་དག་རྣམས་ཀྱི་ཟག་པ་མེད་པའི་དབྱིངས། །ཕྲ་ཞིང་བསམ་གྱིས་མི་ཁྱབ་མཉམ་ཞིང་བྱེ་བྲག་མེད། །ཐམས་ཅད་དོན་གྲུབ་སྡུག་བསྔལ་ཉོན་མོངས་སྤངས་པ་སྟེ། །གཉིས་སུ་བརྗོད་པ་མ་ཡིན་བདེ་ཞིང་བརྟན་པ་ཡིན། །ཞེས་དང༌། དེའི་ཐད་ཀྱི་རྒྱ་ནག་གི་མཁན་པོ་ཝེན་ཚེག་གི་འགྲེལ་ཆེན་ལས། འདི་མན་ཆད་ནི་གསུམ་པ་མངོན་པར་ཡིད་ཆེས་པ་སྐྱེས་ཀྱང་སྒྲའི་རྗེས་སུ་མངོན་པར་ཞེན་པའི་གང་ཟག་བསྟན་པའོ། །ཞེས་གསུངས་སོ། །འདི་འདྲའི་ཆད་ལྟར་གནས་པ་དེང་དུས་བོད་ན་ཧ་ཅང་མང་བའོ། །འདི་དང་ཕྱོགས་འདྲ་བར་རྟག་ཆད་དམ་སྒྲོ་སྐུར་གྱི་མཐའ་ལ་ལྟུང་ཚུལ་བྱང་ས་དང་བསྡུ་བར་གསུངས་ཏེ། བྱང་ས་ལས། དེ་བས་ན་གང་ཟག་ཁ་ཅིག་ཤེས་པར་དཀའ་བའི་མདོ་སྡེ་ཐེག་པ་ཆེན་པོ་དང་ལྡན་པ་ཟབ་མོ་སྟོང་པ་ཉིད་དང་ལྡན་པ་དགོངས་པའི་དོན་བསྟན་པ་དག་ཐོས་ན་བཤད་པའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་ནས་ཚུལ་མ་ཡིན་པར་རྣམ་པར་བརྟགས་ཏེ་རིགས་པ་མ་ཡིན་པས་བསྐྱེད་པའི་རྟོག་པ་ཙམ་གྱིས་འདི་ཐམས་ཅད་ནི་བཏགས་པ་ཙམ་དུ་ཟད་དེ། འདི་ནི་དེ་ཁོ་ན་ཉིད་ཡིན་ནོ། །སུ་ཞིག་འདི་ལྟར་ལྟ་བ་དེ་ནི་ཡང་དག་པར་ལྟ་བ་ཡིན་ནོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ། །དེ་དག་གི་ལྟར་ན་འདོགས་པའི་གཞིའི་དངོས་པོ་ཙམ་ཡང་མེད་པས་འདོགས་པ་དེ་ཉིད་ཀྱང་ཐམས་ཅད་ཀྱི་ཐམས་ཅད་མེད་པར་འགྱུར་ན་བཏགས་པ་ཙམ་གྱི་དེ་ཁོ་ན་ལྟ་ཡོད་པར་ག་ལ་འགྱུར་ཏེ། དེ་བས་ན་རྣམ་གྲངས་དེས་ན་དེ་དག་གིས་ནི་དེ་ཁོ་ན་ཉིད་བཏགས་པ་དེ་གཉིས་ཀ་ལ་ཡང་སྐུར་པ་འདེབས་པར་འགྱུར་ཏེ། བཏགས་པ་དེ་ཁོ་ན་ལ་སྐུར་པ་བཏབ་པས་ན་མེད་པར་ལྟ་བའི་གཙོ་བོ་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་མེད་པ་དེ་ནི་ཚངས་པ་མཚུངས་པར་སྤྱོད་པ་མཛངས་པ་རྣམས་ཀྱིས་སྨོན་པའི་འོས་པ་མ་ཡིན་པ་དང་འགྲོགས་པར་མི་བྱ་བ་ཡིན་ཏེ། དེ་ནི་བདག་ཉིད་ཀྱང་ཕུང་བར་བྱེད་ལ་འཇིག་རྟེན་གང་དེའི་ལྟ་བ་ལ་སོགས་པ་ཡང་ཕུང་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་འདི་ལ་དགོངས་ནས་འདི་ན་ལ་ལ་གང་ཟག་ཏུ་ལྟ་བ་ནི་བླའི། ལ་ལ་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་བཀའ་སྩལ་ཏོ། ། དེ་ཅིའི་ཕྱིར་ཞེ་ན། གང་ཟག་ཏུ་ལྟ་བ་ཅན་གྱི་སྐྱེ་བོ་ནི་ཤེས་བྱ་ལ་རྨོངས་པ་འབའ་ཞིག་ཏུ་ཟད་ཀྱི། ཤེས་བྱ་ཐམས་ཅད་ལ་སྐུར་པ་འདེབས་པ་མ་ཡིན་ཏེ་གཞི་དེས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་མི་འགྱུར་ལ་གཞན་ཆོས་འདོད་པ་དང་སྡུག་བསྔལ་ལས་རྣམ་པར་ཐར་པར་འདོད་པ་དག་ཀྱང་ཕུང་བར་མི་བྱེད་ཅིང་སླུ་བར་མི་བྱེད་ལ་ཆོས་དང་བདེན་པ་ལ་ཡང་འགོད་པར་བྱེད་དོ། །བསླབ་པའི་གཞི་དག་ལ་ཡང་གཡེལ་བར་མི་འགྱུར་རོ། །སྟོང་པ་ཉིད་ལ་ལོག་པར་ཟིན་པ་ནི་ཤེས་བྱའི་དངོས་པོ་ལ་ཡང་རྨོངས་ལ་ཤེས་བྱ་ཐམས་ཅད་ལ་ཡང་སྐུར་པ་འདེབས་ཏེ། གཞི་དེས་སེམས་ཅན་དམྱལ་བ་རྣམས་སུ་ཡང་སྐྱེ་བར་འགྱུར་ལ་གཞན་ཆོས་འདོད་པ་དང༌། སྡུག་བསྔལ་ལས་ཐར་འདོད་པ་རྣམས་ཀྱང་ཕུང་བར་བྱེད་དོ། །བསླབ་པའི་གཞི་དག་ལ་ཡང་གཡེལ་བར་འགྱུར་ཏེ། དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་གྱི་དངོས་པོ་ལ་སྐུར་པ་འདེབས་པ་ནི་ཆོས་འདུལ་བ་འདི་ལས་རབ་ཏུ་ཉམས་པ་ཡིན་ནོ། །ཞེས་དང༌། བསྡུ་བ་ལས། དེ་ལ་གཞན་གྱི་དབང་གི་ངོ་བོ་ཉིད་དང་ཡོངས་སུ་གྲུབ་པ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་སྒྲོ་འདོགས་པའི་མཐའ་ཡིན་པར་རིག་པར་བྱའོ། །ཞེས་དང༌། སྐུར་པ་འདེབས་པའི་མཐའ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡོད་པ་ལ་མེད་དོ་ཞེས་རང་གི་མཚན་ཉིད་ལ་སྐུར་པ་འདེབས་པ་གང་ཡིན་པ་སྟེ་དེ་ལྟར་མཐའ་གཉིས་རྣམ་པར་སྤངས་པའི་ཚུལ་གྱིས་དེ་ཁོ་ནའི་དོན་གྱི་ཚུལ་ཁོང་དུ་ཆུད་པར་བྱའོ། ། ཞེས་གསུངས་པའི་ལེགས་བཤད་འདི་ནི་ལེགས་པར་ཤེས་པར་བྱའོ། །བཞི་བ་ངོ་བོ་ཉིད་གསུམ་ངོས་བཟུང་བ་ལ། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་ལ། གཟུགས་ཀྱི་ཕུང་པོ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་གཞག་པ་དང༌། གཟུགས་ཀྱི་ཕུང་པོ་སྐྱེའོ་ཞེ་འམ། འགག་གོ་ཞེ་འམ། གཟུགས་ཀྱི་ཕུང་པོ་སྤང་བ་དང༌། ཡོངས་སུ་ཤེས་པ་ཞེས་ངོ་བོ་ཉིད་ཀྱི་མཚན་ཉིད་དམ། བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་བཞག་པ་གང་ལགས་པ་དེ་ནི་ཀུན་བརྟགས་པའི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མ་མཆིས་པ་ཉིད་འདོགས་པར་མཛད་ལགས་སོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་གང་ལགས་པ་དེ་ནི་གཞན་གྱི་དབང་གི་མཚན་ཉིད་ལགས་ཏེ། དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མ་མཆིས་པ་ཉིད་དང༌། དོན་དམ་པ་ངོ་བོ་ཉིད་མ་མཆིས་པ་དེ་ཉིད་ལས་གཅིག་ཀྱང་འདོགས་པར་མཛད་ལགས་སོ། །བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་འདི་ལྟར་འཚལ་ཏེ། རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བརྟགས་པའི་མཚན་ཉིད་ཀྱི་གནས་འདུ་བྱེད་ཀྱི་མཚན་མ་དེ་ཉིད་ཀུན་བརྟགས་པའི་མཚན་ཉིད་དེར་ཡོངས་སུ་མ་གྲུབ་ཅིང་ངོ་བོ་ཉིད་མེད། དེ་ཁོ་ནས་ངོ་བོ་ཉིད་མ་མཆིས་པ་ཉིད་ཆོས་བདག་མ་མཆིས་པ་དེ་བཞིན་ཉིད་རྣམ་པར་དག་པའི་དམིགས་པ་གང་ལགས་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ལགས་ཏེ།དེ་ལ་བརྟེན་ནས་བཅོམ་ལྡན་འདས་ཆོས་རྣམས་ཀྱི་དོན་དམ་པའི་ངོ་བོ་ཉིད་མ་མཆིས་པ་དེ་ཉིད་ལས་གཅིག་འདོགས་པར་མཛད་ལགས་སོ། །གཟུགས་ཀྱི་ཕུང་པོ་ལ་ཇི་ལྟ་བ་བཞིན་དུ་ཕུང་པོ་ལྷག་མ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་བར་བགྱི་ལགས་སོ། །ཞེས་སོགས་འགྲེས་རྐང་མང་པོའི་སྟེང་གི་མཚན་ཉིད་གསུམ་གསུངས་སོ། ། མཚན་ཉིད་གསུམ་གསལ་བར་ས་བཟང་གི་མདོ་སྡེ་རྒྱན་གྱི་རྣམ་བཤད་ལས་འདི་ལྟར་གསུངས་ཏེ། དེའི་རྒྱན་འགྲེལ་ལས། མཚན་ཉིད་ལ་སྤྱི་དོན་དང་གཞུང་དོན་གཉིས་ལས།དང་པོ་ལ་ངོ་བོ་ཐ་དད་གྲངས་ངེས་དགོས་པའོ། །ངོ་བོ་ལ་ཀུན་བཏགས་ནི་དོན་ལ་མེད་བཞིན་དུ་རྟག་གཅིག་རང་དབང་ཅན་ལ་སོགས་པ་གང་ཟག་གི་བདག་དང༌། གཟུང་བ་དང་འཛིན་པ་ཆོས་ཀྱི་བདག་ཏུ་བཏགས་པ་རྟོག་བྱེད་ཀྱི་གཟུང་ཆར་སྣང་བ་བཏགས་པའི་ཆ་ཅི་ཡང་མེད་པ་རི་བོང་གི་རྭ་ལྟ་བུ་སྟེ། སུམ་ཅུ་པར། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བཏགས་པ། །དེ་ཉིད་ཀུན་ཏུ་བཏགས་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དོ། །ཞེས་པ་དང༌། གཞན་དབང་ནི་ཁམས་གསུམ་པའི་ཤེས་རིག་ཀུན་བཏགས་ཀྱི་གདགས་གཞིར་གྱུར་པ། རྟོག་བྱེད་རྒྱུ་རྐྱེན་ལ་རག་ལས་པ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང༌། །ཞེས་པ་དང་ཡོངས་གྲུབ་ནི་སྟོང་པ་ཉིད་ཡིན་ལ་དེ་ལའང་གནས་སྐབས་ཀུན་རྫོབ་ལ་སྦྱར་བ་ནི། གཞན་དབང་རྣམ་རིག་ཙམ་དེ་ཉིད་ཀུན་བཏགས་བདག་གཉིས་ཀྱིས་སྟོང་པ་སྟེ། གྲུབ་ནི་དེ་ལ་སྔ་མའོ། །རྟག་ཏུ་མེད་པར་གྱུར་བ་གང༌། །ཞེས་པ་དང༌། དབུས་མཐར་ཡང༌།ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་རོ། །མཐར་ཐུག་དོན་དམ་ལ་སྦྱར་བའི་ཡོངས་གྲུབ་ནི་ཆོས་ཀྱི་དབྱིངས་ནམ་མཁའ་ལྟར་འགྱུར་བ་མེད་པ་དེ་ཉིད། ཀུན་བཏགས་དང་གཞན་དབང་གིས་བསྡུས་པའི་གློ་བུར་དྲི་མ་མཐའ་དག་གིས་སྟོང་པ་སྟེ། འབུམ་གྱི་འགྲེལ་པར། ཀུན་བཏགས་པ་དང་རྣམ་པར་བཏགས་པའི་གཟུགས་ཀྱིས་སྟོང་བ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་ཀྱི་གཟུགས་ཞེས་པ་ལ་སོགས་པ་དང༌། བསམ་གྱིས་མི་ཁྱབ་པར་བསྟོད་པར་ཡང༌། དམ་པའི་དོན་ནི་བཅོས་མ་ཡིན། །ངོ་བོ་ཉིད་དང་རང་བཞིན་དང༌། །ཡང་དག་རྫས་དངོས་ཡོད་པ་ལགས། །བཏགས་པའི་དངོས་པོ་མེད་པ་ཉིད། །གཞན་གྱི་དབང་ཡང་ཡོད་མ་ལགས། །ཞེས་གསུངས་པ་ལྟར་རོ། །ཐ་དད་བསམ་པ་ནི། ཀུན་བཏགས་ལ་ངོ་བོ་མེད་ཅིང་ཡོངས་གྲུབ་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པས། དེ་རྣམས་ཕན་ཚུན་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཞེས་བྱ་སྟེ་སུམ་ཅུ་པར་དེ་ཕྱིར་དེ་ཉིད་གཞན་དབང་ལས། །གཞན་མིན་གཞན་པ་མིན་པའང་མིན། །ཞེས་པ་དང༌། ཐེག་བསྡུས་སུ། དེ་དག་ཐ་དད་པ་ཡང་མ་ཡིན་ལ་ཐ་དད་པ་མ་ཡིན་པ་ཡང་མ་ཡིན་པར་བརྗོད་པར་བྱའོ། །ཞེས་པ་དང༌། དབུས་མཐར་ཡང༌། ཐ་དད་གཅིག་པའི་མཚན་ཉིད་མིན། །ཞེས་གསུངས་པ་ལྟར་རོ། །གྲངས་ངེས་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་བརྟགས་པ་བཞིན་དོན་ལ་མེད་པའི་ཆ་ནི་ཀུན་བཏགས་དང༌། རྐྱེན་ལ་ལྟོས་ནས་སྣང་ཙམ་དུ་ཡོད་ཀྱང་དཔྱད་ན་རང་དབང་ཅན་དུ་མེད་པའི་ཆ་ནི་གཞན་དབང་དང༌། ཆོས་ཉིད་མི་འགྱུར་བར་ཡོད་ཅིང་གློ་བུར་གྱི་དྲི་མ་མེད་པའི་ཆ་ནི་ཡོངས་གྲུབ་ཅེས་བྱ་བ་གསུམ་དུ་ངེས་པ་སྟེ་ཡུམ་བར་མར། བྱམས་པ་ཡོངས་སུ་བཏགས་པའི་གཟུགས་གང་ཡིན་པ་དེ་ནི་རྫས་སུ་མེད་པར་བལྟ་བར་བྱའོ། །རྣམ་པར་བཏགས་པའི་གཟུགས་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་རྫས་སུ་ཡོད་པའི་ཕྱིར་རྫས་སུ་ཡོད་པར་བལྟའི་རང་དབང་དུ་འཇུག་པ་ནི་མ་ཡིན་ནོ། །ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ནི་རྫས་མེད་པར་ཡང་མ་ཡིན་རྫས་ཡོད་པ་ཡང་མ་ཡིན་ཏེ། དོན་དམ་པས་རབ་ཏུ་རྣམ་པར་ཕྱེ་བར་བལྟའོ། །ཞེས་པ་ལ་སོགས་པ་རྣམ་མཁྱེན་གྱི་བར་ལ་སྦྱར་ནས་གསུངས་ཤིང༌།དེ་དག་གི་དགོངས་པ་བསྡུས་ནས་དབུས་མཐར་ཡང༌། ངོ་བོ་ཉིད་གསུམ༼ཀུན་བརྟགས༽བརྟགས་མེད་དང༌། །ཡོད་ཀྱང་༼གཞན་དབང་༽ཁོ་ན་མ་ཡིན་དང༌། །༼ཡོངས་གྲུབ༽ཡོད་དང་མེད་༼གཉི་ག༽དེའི་ཁོ་ན་སྟེ། །ངོ་བོ་ཉིད་ནི་གསུམ་དུ་འདོད། །ཅེས་གསུངས་པ་ལྟར་རོ། །ཡང་གཟུགས་སོགས་རང་མཚན་དོན་ལ་མེད་ཀྱང་ཀུན་རྟོག་ཙམ་དུ་དམིགས་པ་དང༌། རྟོགས་བྱེད་ཀྱི་ཤེས་པ་སྣང་ཙམ་དུ་ཡོད་པ་དང་དེ་དག་གི་ཆོས་ཉིད་དོན་དམ་དུ་གྲུབ་པའི་ཕྱིར་ཡང་སྟེ། ཀུན་ཏུ་རྟོག་དོན་རྣམ་རྟོག་དོན། །ཆོས་ཉིད་དོན་གྱིས་དེ་དག་དེར། །ཞེས་གསུངས་པ་ལྟར་རོ། །ཡང་དོན་ལ་མེད་བཞིན་དུ་བརྟགས་པའི་ཕྱིར་དང༌། རྟོག་བྱེད་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པར་རེ་ཤིག་དམིགས་པའི་ཕྱིར་དང༌། དཔྱད་ན་གཟུང་འཛིན་གཉིས་པོ་མེད་པའི་ཆོས་ཉིད་གྲུབ་པའི་ཕྱིར་ཡང་རྣམ་པ་གསུམ་སྟེ། བཏགས་པ་དང་ནི་གཞན་དབང་དང༌། །ཡོངས་སུ་གྲུབ་པ་ཉིད་ཀྱང་སྟེ། །དོན་ཕྱིར་ཡང་དག་མིན་རྟོག་ཕྱིར། །གཉིས་པོ་མེད་པའི་ཕྱིར་བཤད་དོ། །ཞེས་གསུངས་པ་ལྟར་རོ། །དགོས་པ་ནི། ལམ་ཟབ་མོ་སྒོམ་པར་འདོད་པས་ཀུན་བཏགས་ཡོངས་སུ་ཤེས་ནས་གཞན་དབང་སྤངས་པ་ལས་ཡོངས་གྲུབ་མངོན་སུམ་དུ་ཐོབ་པར་བྱེད་པ་སྟེ། ཡོངས་སུ་ཤེས་ནས་སྤོང་བ་དང༌། །ཐོབ་པ་མངོན་སུམ་བྱས་ནས་ནི། །ལམ་གྱི་བདེན་པ་ཡང་དག་བཤད། །ཅེས་གསུངས་པ་ལྟར་རོ། །འབྲས་བུ་{་གསུམ་ཐོབ་པར་འདོད་པས་ཀྱང་ཀུན་བཏགས་ཤེས་ནས་གཞན་དབང་སྤངས་པས་ཡོངས་གྲུབ་དག་པ་གཉིས་ལྡན་མངོན་སུམ་དུ་འགྱུར་བ་སྟེ། ༼ཀླུའི་བཤེས་གཉེན་གྱིས༽{་གསུམ་ལ་འཇུག་པའི་སྒོར། ངོ་བོ་ཉིད་ནི་རྣམ་གསུམ་པོ། །ཡོངས་སུ་ཤེས་དང་སྤངས་དག་པས། །{་གསུམ་པོ་དག་ཐོབ་འགྱུར་ཏེ། །དེ་ཕྱིར་དེ་དག་དེ་ཡིས་བསྡུས། །ཞེས་གསུངས་པ་ལྟར་རོ། ། གཞུང་དོན་ལ་ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་ལས། དང་པོ་ལའང་གཉིས་ཀྱི་རྒྱུ་དང་བཅས་ཏེ་བསྟན་པ་ནི། ཇི་ལྟར་བརྗོད་དོན་འདུ་ཤེས་ཀྱི། །རྒྱུ་མཚན་དང་དེའི་བག་ཆགས་དང༌། །དེ་ལས་ཀྱང་དོན་སྣང་བ་ནི། །ཀུན་ཏུ་བཏགས་པའི་མཚན་ཉིད་དོ། །ཞེས་མིང་གིས་ཇི་ལྟར་བརྗོད་པ་བཞིན་དོན་དུ་འདུ་ཤེས་ཤིང་མཚན་མར་འཛིན་པའི་སེམས་བྱུང་གི་རྒྱུ་མཚན་ནམ་དམིགས་ཡུལ་སྔོ་སེར་ལ་སོགས་པར་སྣང་བ་ཀུན་ཏུ་བཏགས་པར་བྱ་བ་གང་ཡིན་པ་དང༌། བརྗོད་པ་མིང་དེའི་བག་ཆགས་ཀུན་གཞི་ལ་ཡོད་པའང་ཀུན་བཏགས་ཀྱི་རྒྱུ་ཡིན་པས་ཀུན་བཏགས་སུ་བཞག་པ་དང༌། བག་ཆགས་དེ་ལས་ཀྱང་མིང་དོན་སྦྱར་ནས་འཛིན་མི་ཤེས་པ་རྣམས་ལ་དོན་རྐྱང་པར་སྣང་བ་དང་བརྡ་དོན་ཤེས་པ་རྣམས་ལ་མིང་དང་བཅས་པའི་མཚན་མར་སྣང་བ་ནི་དངོས་དང་བཏགས་པའི་སྒོ་ནས་གཟུང་བ་དང་འཛིན་པར་ཀུན་ཏུ་བཏགས་པའི་མཚན་ཉིད་ཅན་ཉིད་དོ། །ངོ་བོ་གསལ་བར་བཤད་པ་ནི། མིང་དང་དོན་ནི་ཇི་ལྟ་བར། །དོན་དང་མིང་དུ་སྣང་བ་གང༌། །ཡང་དག་མིན་རྟོག་རྒྱུ་མཚན་ནི། །ཀུན་དུ་བཏགས་པའི་མཚན་ཉིད་དོ། །ཞེས་མིང་དང་དོན་དག་ཕན་ཚུན་གློ་བུར་བ་ཉིད་དུ་བཏགས་པ་ཙམ་ཡིན་གྱི་མིང་དོན་གྱི་འབྲེལ་པ་དོན་ལ་མེད་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པར་ནི་མིང་དོན་གྱི་རང་བཞིན་ཡིན་པ་དང༌། དོན་མིང་གི་རང་བཞིན་ཡིན་པར་རྟོག་པ་ནི་ཀུན་ཏུ་བཏགས་པ་སྟེ། བུམ་པ་ལ་སོགས་པའི་མིང་དང་ལྟོ་ལྡིར་ལ་སོགས་པའི་དོན་ནི་བུམ་པ་ཞེས་པ་ལ་སོགས་པའི་མིང་བཏགས་པ་ཇི་ལྟ་བར་དེ་དང་ལྟོ་ལྡིར་བ་ལ་སོགས་པའི་དོན་དུ་སྣང་བ་གང་ཡིན་པ་དེ་དག་ངོ་བོ་དབྱེར་མེད་ཀྱི་གཅིག་ཏུ་བདེན་པར་རྟོག་པའི་འཁྲུལ་པ་དང༌། ལྟོ་ལྡིར་ལ་སོགས་པའི་དོན་མཐོང་བ་ཇི་ལྟ་བར་དེ་དང་བུམ་པ་ཞེས་པ་ལ་སོགས་པའི་མིང་དུ་སྣང་བ་གང་ཡིན་པ་དེ་དག་ངོ་བོ་དབྱེར་མེད་ཀྱི་གཅིག་ཏུ་བདེན་པར་རྟོག་པའི་འཁྲུལ་པ། འཁྲུལ་གཞི་ཡང་དག་པ་མིན་པའི་ཀུན་ཏུ་རྟོག་པའི་རྒྱུ་མཚན་ལས་བྱུང་ཞིང༌། རྟོག་བྱེད་དེའི་དམིགས་པར་སྣང་བ་ལ་སོགས་པ་མིང་དང་དོན་གྱིས་བསྡུས་པའི་ཆོས་ཐམས་ཅད་ལ་མེད་བཞིན་དུ་བདག་གཉིས་དང་གཟུང་འཛིན་ལ་སོགས་པར་བརྟགས་པའི་ཆ་གང་ཡིན་པ་དེ་ཐམས་ཅད་ནི་ཀུན་ཏུ་བཏགས་པའི་མཚན་ཉིད་ཅན་ཉིད་དོ། །གཞན་དབང་ནི། རྣམ་གསུམ་རྣམ་གསུམ་སྣང་བ་ཅན། །བཟུང་དང་འཛིན་པའི་མཚན་ཉིད་དེ། །ཡང་དག་མ་ཡིན་ཀུན་རྟོག་ནི། །གཞན་གྱི་དབང་གི་མཚན་ཉིད་དོ། །ཞེས་གནས་སྣོད་ཀྱི་འཇིག་རྟེན་དུ་སྣང་བ་དང༌། དོན་གཟུགས་ལ་སོགས་པའི་ཡུལ་དུ་སྣང་བ་དང༌། ལུས་མིག་ལ་སོགས་པའི་དབང་པོར་སྣང་བ་སྟེ་རྣམ་པ་གསུམ་དུ་སྣང་བ་ཅན་ནི་གཟུང་བའི་མཚན་ཉིད་ཅན་ཡིན་ལ། ཀུན་གཞི་ལ་ངར་འཛིན་པ་ཉོན་མོངས་པ་ཅན་གྱི་ཡིད་དུ་སྣང་བ་དང༌། སྒོ་ལྔའི་རྣམ་པར་ཤེས་པ་ཡུལ་འཛིན་པར་སྣང་བ་དང༌། ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་རྟོག་པར་སྣང་བ་སྟེ། རྣམ་པ་གསུམ་དུ་སྣང་བ་ཅན་ནི་འཛིན་པའི་མཚན་ཉིད་ཅན་ཡིན་པས། གཟུང་བ་དང་འཛིན་པར་སྣང་བའི་མཚན་ཉིད་ཅན་ཏེ། དེ་ལྟར་གཟུང་འཛིན་གཉིས་སུ་སྣང་བ་ཅན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་རྒྱུ་རྐྱེན་གཞན་ལ་རག་ལས་པ་རྣམས་ནི་གཞན་གྱི་དབང་གི་མཚན་ཉིད་ཅན་ཉིད་དོ། །ཡོངས་གྲུབ་ནི། མེད་དང་ཡོད་ཉིད་གང་ཡིན་དང༌། །ཡོད་དང་མེད་པ་མཉམ་ཉིད་དང༌། །མ་ཞི་ཞི་དང་རྣམ་མི་རྟོག །ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལ་ཡོངས་སུ་གྲུབ་པ་ཞེས་བྱ་སྟེ། དེ་ཉིད་བདག་གཉིས་དང་གཟུང་འཛིན་ལ་སོགས་པར་ཀུན་ཏུ་བཏགས་པ་དེའི་ངོ་བོར་མེད་པ་ཉིད་དང༌། ཀུན་བཏགས་ཀྱིས་སྟོང་པའི་ཆོས་ཉིད་དེ་བཞིན་ཉིད་ནམ་ཡང་མི་འགྱུར་བར་ཡོད་པ་ཉིད་གང་ཡིན་པ་དང༌། མེད་པ་གང་ཡིན་དེ་ཉིད་ནི། །ཡོད་པ་ཡི་ནི་མཆོག་ཏུ་འདོད། ། ཅེས་སྔར་བསྟན་པ་ལྟར་ཀུན་བཏགས་སུ་མེད་པ་དེ་ཉིད་ཡོངས་གྲུབ་ཏུ་ཡོད་པ་དང༌། ཐ་མི་དད་པས་ཡོད་པ་དང་མེད་པ་མཉམ་པ་ཉིད་ནི་རང་གི་མཚན་ཉིད་དང༌། འཁོར་བའི་གནས་སྐབས་ན་གློ་བུར་གྱི་དྲི་མ་དང་བཅས་པས་མ་ཞི་བར་ཡང་ཡིན་ལ། རང་བཞིན་གྱིས་རྣམ་པར་དག་ཅིང་འོད་གསལ་བས་ཞི་བ་ཉིད་ཀྱང་ཡིན་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་མཚན་ཉིད་དང༌། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་ཞིང་རྣམ་བར་རྟོག་པའི་སྤྱོད་ཡུལ་མ་ཡིན་པས་རྣམ་པར་མི་རྟོག་པའི་མཚན་ཉིད་དོ། །མཚན་ཉིད་གསུམ་དང་ལྡན་པ་དེ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཅན་ཉིད་དོ། །ཡང་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་འགྱུར་བ་མེད་པའི་ཡོངས་གྲུབ་དང༌། རྣམ་པར་མི་རྟོག་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཅེས་ཀྱང་གསུངས་ཏེ། དབུས་མཐའ་ལས། འགྱུར་མེད་ཕྱིན་ཅི་མ་ལོག་པའི། །ཡོངས་སུ་གྲུབ་པ་རྣམ་པ་གཉིས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ངོ་བོ་ཉིད་གསུམ་གྱི་རྣམ་བཞག་ཤེས་པ་ལ་བརྟེན་ནས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་ཡང་རྟོགས་པར་བྱ་སྟེ། ཀུན་ལས་བཏུས་པར། སྟོང་པ་ཉིད་རྣམ་པ་གསུམ་སྟེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་དང༌། དེ་བཞིན་དུ་ཡོད་པ་མ་ཡིན་པའི་སྟོང་པ་ཉིད་དང༌། རང་བཞིན་གྱིས་སྟོང་པ་ཉིད་དོ། །དང་པོས་ནི་ཀུན་ཏུ་བཏགས་པའི་ངོ་བོ་ཉིད་ཉེ་བར་བཟུང་བར་བལྟའོ། །གཉིས་པས་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཉེ་བར་བཟུང་བར་བལྟའོ། །གསུམ་པས་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཉེ་བར་བཟུང་བར་བལྟའོ་ཞེས་པ་དང༌། ཆོས་ཐམས་ཅད་རང་བཞིན་མེད་པར་གྲུབ་པའི་མདོ་ལས་ཀྱང༌། ངས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་དགོངས་ནས་ངོ་བོ་ཉིད་གསུམ་དུ་གསུངས་སོ། །ཞེས་པ་དང༌། དབུས་མཐར་ཡང༌། དངོས་མེད་དེ་ཡི་དངོས་མིན་དང༌། །རང་བཞིན་གྱིས་ནི་སྟོང་བར་འདོད། ། ཅེས་པ་དང༌། དབུ་མ་སྣང་བར་ཡང༌། ངོ་བོ་ཉིད་མེད་པ་རྣམ་པ་གསུམ་གྱི་དགོངས་པ་བསྟན་པས་དབུ་མའི་ལམ་མཐའ་གཉིས་དང་བྲལ་བ་རབ་ཏུ་བསྟན་པའི་ཕྱིར་ངེས་པའི་དོན་ཁོ་ན་གཞུང་འཛུགས་པར་མཛད་པ་ཡིན་ནོ། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །ཞེས་གསུངས་ལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས།


previousགསུམ་པ་ཤེར་མདོར་ངོ་བོ་ཉིད་མེད་པར་གསུངས་པ་སྒྲ་ཇི་བཞིན་དུ་བཟུང་ན་མེད་ལྟ་ལ་ལྟུང་བར་བཤད་པ།next