Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་དང་པོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས།next

འཕགས་པ་རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས།

༄༅། །འཕགས་པ་རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་བཛྲ་ཨ་ཛི་ཏེ་ཨ་ན་ལ་པྲ་མོ་ཧ་ནི་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས། །སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རིན་པོ་ཆེའི་ཁང་པ་བརྩེགས་པ་ཅན་གྱི་རིའི་གངས་རི་སུལ་གྱི་མཆོག །རི་རབ་ཀྱི་སྨད་དང་སྐེད་པར་གསེར་གྱི་རྡོ་སྣ་ཚོགས་ཀྱིས་གང་ཞིང་རེ་འུར་བྲེས་པ་འབར་བ། རིན་པོ་ཆེའི་རྡོ་དུ་མའི་འོད་སྣ་ཚོགས་འཇའ་ལྟ་བུ་བྱུང་བའི་རྡོ་ལེབ་ཡངས་པ། མེ་ཏོག་དྲི་ཞིམ་པོ་བཀྲམ་ཞིང་ཕྱེ་མ་དང༌། བདུག་པ་དྲི་ཞིམ་པོ་མང་པོས། ཕུག་གི་ནང་དང་ནགས་བསྒོས་པ། གདུགས་དང༌། ཨ་ཀ་རུ་དང༌། ཕྱེ་མ་དང༌། དྲིལ་བུ་དང༌། བླ་རེས་མཛེས་པར་བྱས་པའི་རི་བོ་མཆོག་ལ་བཞུགས་ཏེ། དེ་ན་བཅོམ་ལྡན་འདས་ལྷ་རྣམས་དང༌། ལྷའི་བུ་རྣམས་དང༌། ལྷ་མ་ཡིན་རྣམས་དང༌། རླུང་ལྷ་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། མིའམ་ཅི་རྣམས་དང༌། སྲིན་པོ་རྣམས་དང༌། དྲི་ཟ་རྣམས་དང༌། རིག་སྔགས་འཆང་གྲུབ་པ་རྣམས་དང༌། འབྱུང་པོ་རྣམས་དང༌། ལོག་འདྲེན་རྣམས་དང༌། ཤ་ཟ་རྣམས་དང༌། སྣང་བ་དང་མི་སྣང་བའི་མ་མོའི་ཚོགས་ཁྱབ་པར་བྱེད་པ་རྒྱ་ཆེན་པོ་དག་གིས་དཔག་ཚད་ལྔ་བརྒྱར་འཁོར་གྱི་དཀྱིལ་འཁོར་དུ་གྱུར་པར་འདུས་ཏེ། དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་བདུན་ཁྲི་ལྔ་སྟོང་དང༌། དགེ་སློང་ཁྲི་ཉིས་སྟོང་ལྔ་བརྒྱ་དང་ཐབས་གཅིག་གོ །བཅོམ་ལྡན་འདས་ནི་ཆོས་སྟོན་ཏེ། གནས་པར་བདེ་བ། མཉན་ན་བདེ་བ། འཁོར་བ་ལས་ངེས་པར་འབྱུང་བའི་ཆོས་སྟོན་ཏོ། །དེ་ན་ལྷ་རྣམས་དང༌། ལྷའི་བུ་རྣམས་དང༌། ལྷ་མ་ཡིན་རྣམས་དང༌། ལྷ་མ་ཡིན་གྱི་བུ་རྣམས་དང༌། རླུང་ལྷ་རྣམས་དང༌། རླུང་ལྷའི་བུ་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། ཀླུ་རྣམས་དང༌། གནོད་སྦྱིན་རྣམས་དང༌། མིའམ་ཅི་རྣམས་དང༌། སྲིན་པོ་རྣམས་དང༌། སྲིན་པོའི་བུ་རྣམས་དང༌། དྲི་ཟ་རྣམས་དང༌། རིག་སྔགས་འཆང་གྲུབ་པ་རྣམས་དང༌། འབྱུང་པོ་རྣམས་དང༌། ལོག་འདྲེན་རྣམས་དང༌། ཤ་ཟ་རྣམས་དང༌། སྣང་བ་དང་མི་སྣང་བའི་མ་མོའི་ཚོགས་རྣམས་དང༌། འབྱུང་པོའི་ཚོགས་རྣམས་རྣམ་པར་རྒྱུ་ཞིང་ཀུ་ཅོ་དང༌། འཇིགས་པ་དང་ཉམ་ཐག་པའི་སྒྲ་འབྱིན་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་སྒྲ་དེ་དག་གསན་ནས་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཀྱེ་བཞིན་བཟང་བ་དག་ཅིའི་ཕྱིར་ཀུ་ཅོ་དང༌། འཇིགས་པ་དང༌། ཉམ་ཐག་པ་དང༌། འཁྲུག་པའི་སྒྲ་འབྱིན། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་བདག་ཅག་ནི་དབང་དུ་བགྱིས་ཏེ། གནོད་པ་དང་དྲང་བས་བཀུག་ཅིང་དྲངས་ཏེ་མཐོ་བརྩམས་ཏེ། བཅོམ་ལྡན་འདས་བསྐྱབ་ཏུ་གསོལ། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཐམས་ཅད་ཀྱི་སྟེང་གི་དཀྱིལ་འཁོར་ཡངས་པ་སྟོན་པའི་མཆོག་གི་བློ་གྲོས་དང༌། བློ་དང༌། ལས་དང༌། ལས་ཀྱི་མཐའ་དང་ལྡན་པ། ས་ཆེན་པོ་ལས་ས་གཞན་ཐོབ་པ་རྒྱལ་ཚབ་དུ་ཉེ་སྟེ། ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྗེས་སུ་དགོངས་པར་མཛད་པ་ཙམ་གྱིས་འོངས་ཏེ། རྡོ་རྗེའི་ཟོམ་ལྟར་དཔུང་མགོ་ཡངས་པ། རྡོ་རྗེ་ལྟར་མཁྲེགས་པའི་ཅོད་པན་འོད་ཟེར་འཚེར་བ་ཅན་རྡོ་རྗེའི་དཔུང་རྒྱན་དང་ལྡན་པ། ལུས་མཁྲེགས་ཤིང་སྲ་བ། ལག་ན་རྡོ་རྗེ་དང༌། ཞགས་པ་དང༌། ལག་ཆ་བརྟན་པོ་འབར་བ་ཐོགས་པ། རྡོ་རྗེ་ཕུར་བུ་སྲ་བས་རབ་ཏུ་འཇོམས་པར་བྱེད་པ། མཐུ་ཆེན་པོ་གཡོག་བཞི་འབུམ་ལྔ་ཁྲི་དང་ལྡན་པ། འཇིག་རྟེན་གྱི་ཁམས་འདི་ཀུན་ཏུ་སྣང་བར་བྱེད་ཅིང་རྡོ་རྗེའི་རིགས་ཀྱི་གཞོན་ནུ་དང༌། རྡོ་རྗེའི་བེ་ཅོན་དང༌། རྡོ་རྗེའི་སྙིང་པོ་དང༌། རྡོ་རྗེའི་ཏོག་དང༌། རྡོ་རྗེའི་སྣང་བ་དང༌། རྡོ་རྗེའི་སྔོན་པོ་དང༌། རིན་པོ་ཆེའི་རྡོ་རྗེ་དང༌། གསང་བའི་རྡོ་རྗེ་དང༌། འཁོར་ལོ་རྡོ་རྗེ་ལ་སོགས་པ་དང༌། རྡོ་རྗེའི་དམག་དཔོན་ཆེན་པོ་རྣམས་དང༌། དམག་སྐྱོང་རྣམས་དང༌། ས་སྐྱོང་རྣམས་དང༌། རྡོ་རྗེ་རིག་པའི་རྒྱལ་པོ་ཡང་དག་པ་དང༌། ཡང་དག་པ་མ་ཡིན་པ་ཡང་དག་པར་རྟོགས་པ་རྣམས་དང༌། རྡོ་རྗེའི་ཡུམ་རྣམས་དང༌། རྡོ་རྗེ་རྣམ་པར་འདྲེན་རྣམས་དང་ལྷན་ཅིག་ཏུ་རྡོ་རྗེ་གཞོན་ནུའི་གདོན་རྣམས་དང༌། རྡོ་རྗེ་གནོན་པོ་རྣམས་དང༌། རྡོ་རྗེ་རྨི་ལམ་ངན་བྱེད་རྣམས་ཡང་དག་པར་བསྐུལ། རྣམ་པར་བསྐུལ་ཞིང་འཁོར་གྱི་ཁྱམས་ཆེན་པོར་འདུས་པ་ཀུན་སྣང་བར་བྱེད། རྣམ་པར་སྣང་བར་བྱེད། གསལ་བར་བྱེད་རྣམ་པར་གསལ་བར་བྱེད། རབ་ཏུ་དགའ་བར་བྱེད། ཡང་དག་པར་བསྐུལ། སོ་སོར་བསྐུལ་ཞིང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བླ་གོས་ཕུད་ནས་ཞབས་ལ་ཅོད་པན་གྱིས་གཏུགས་ཏེ་ལན་གསུམ་དུ་བསྐོར་བ་བྱས་ནས་ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་རྗེས་སུ་ཡི་རང་བ་མཛད་དེ། རྡོ་རྗེ་ཁྱོད་སོང་ལ་ལྷ་རྣམས་དང༌། ལྷའི་བུ་རྣམས་དང༌། ལྷ་མ་ཡིན་རྣམས་དང༌། ལྷ་མ་ཡིན་གྱི་བུ་རྣམས་དང༌། རླུང་ལྷ་རྣམས་དང༌། རླུང་ལྷའི་བུ་རྣམས་དང༌། ནམ་མཁའ་ལྡིང་རྣམས་དང༌། ནམ་མཁའ་ལྡིང་གི་བུ་རྣམས་དང༌། འདུས་པ་ཆེན་པོའི་བར་དག་སྒྲ་འབྱིན་ཅིང་ཉམ་ཐག་པ་མྱོང་བ་རྣམས་ཀྱི་བསམ་པ་རྫོགས་པར་གྱིས་ཤིག །དེ་ནས་རྡོ་རྗེ་འཆང་སྟན་ལས་ལངས་ཏེ། ལྷ་དང༌། ལྷ་མ་ཡིན་དང༌། རླུང་ལྷ་དང༌། ནམ་མཁའ་ལྡིང་དང༌། འབྱུང་པོའི་ཚོགས་ཀྱི་ནང་དུ་སོང་ནས་རྗེས་སུ་སྟོན་ཅིང་རྡོ་རྗེ་མཚོན་ཆའི་མེ་སྒྲོན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ་རྫུ་འཕྲུལ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་སུ་མེ་ལྕེ་འབར་བའི་འོད་འཕྲོ་བ་དང༌། མེ་སྟག་རྣམ་པར་འཕྲོ་བ་དང༌། ལྕེ་འབེབས་པའི་གློག་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་རྣམས་གཟིར་ཏོ། དེ་ནས་བསྐལ་པ་ཆེན་པོ་སྔར་རྨི་ལམ་དང༌། ཆུ་དང༌། གང་གའི་ཀླུང་གི་བྱེ་མའི་གྲངས་ཀྱི་ཚད་ཙམ་དག་གིས་མདངས་དང༌། གཟི་བརྗིད་དང༌། ཚངས་པར་སྤྱོད་པ་དང༌། གཙང་མ་དང༌། བཟོད་པ་དང༌། ཚུལ་ཁྲིམས་དང༌། བརྟུལ་ཞུགས་དང༌། དཀའ་ཐུབ་དང་རང་གི་ལོངས་སྤྱོད་ཐམས་ཅད་ལས་བྱུང་བ་ལས་གྲུབ་པའི་རྡོ་རྗེ་དེ་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དེའི་ལག་ཏུ་བྱིན་ནོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུང་རབས་ཀྱི་ཆོས་སྟོན་པར་གྱུར་པ་དགྲ་བཅོམ་པ་རྣམས་ཀྱི་ཆོས་དང༌། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་བྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། སྙིང་རྗེ་བྱེད་པ་རང་གི་རྡོ་རྗེ་དང༌། རིགས་ཀྱི་རིག་པ་དང༌། དཀྱིལ་འཁོར་དང༌། བཀླགས་པའི་ཚུལ་དུ་གྱུར་པ་དྲག་པོ་དང༌། དབང་པོ་དང༌། གཤིན་རྗེ་དང༌། ཆུ་ལྷ་དང༌། ལུས་ངན་དང༌། རླུང་ལྷ་དང༌། ནམ་མཁའ་ལྡིང་གདུལ་དཀའ་བ་རྣམས་འདུལ་བ་སྟེ། དེ་ལྟར་དེ་ལས་བྱུང་བའི་བཅོམ་ལྡན་འདས་ཁྲོ་བོ་དྲག་པོ་རྣམས་རྨོངས་པར་བྱེད་པ། སྒྱུ་དང་ལྡན་པ་རྣམས་རྨུགས་པར་བྱེད་པ། སྡང་བ་རྣམས་བསྐྱོད་པ། རྨོངས་པ་རྣམས་འཇིགས་པ། དམ་པོ་རྣམས་རྩད་ནས་འདོན་པ། རྒྱས་པ་རྣམས་སྦུར་མར་རློག་པ། ཡོན་པོ་རྣམས་སྲོང་བ། གཅོད་པ་རྣམས་སྙིང་རྗེས་འབྱེད་པ། འབྱུང་པོ་རྣམས་སྐྲག་པར་བྱེད་པ། སྲིན་པོ་རྣམས་སྔངས་པར་བྱེད་པ། རང་གི་གསང་སྔགས་རྣམས་རྫོགས་པར་བྱེད་པ། གཞན་གྱི་གསང་སྔགས་རྣམས་ཕུར་བུས་འདེབས་པ། ནུས་པ་རྣམས་སྟོན་པར་བྱེད་པ། གསོད་པར་བྱེད་པ། གནོད་པར་བྱེད་པ་ཕུང་བར་བྱེད་པ་དེ་དེར་སོང་ནས་ལྷ་རྣམས་དང༌། ལྷའི་བུ་རྣམས་དབང་དུ་བྱེད་དེ། དེ་ལྟར་དྲག་པོ་བས་དྲག་པོ་གྲུབ་པ་དང༌། ཁྱབ་འཇུག་པས་ཁྱབ་འཇུག་གྲུབ་པ་དང༌། ལྷ་མ་ཡིན་པས་ལྷ་མ་ཡིན་གྲུབ་པ་དང༌། དེ་དག་སྤྱིར་བསྐུལ་ཞིང་དཀྱིལ་འཁོར་དུ་འཇུག །སྐྱོད་པར་བྱེད། མཐུ་སྟོན་པར་བྱེད། རྗེད་པར་བྱེད། རྣམ་པར་སྐྲག་པར་བྱེད་དོ། །སྟོབས་བཅུས་དགོངས་པ་བཀའ་སྩལ་པའི་རྡོ་རྗེ་འཆང་གིས་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས་གསུངས་པ་དང༌། གཟུངས་འདིའི་སྟོབས་དང༌། བདེན་པའི་བྱིན་གྱིས་བརླབས་ཀྱིས་འོད་ཀྱི་འོད་ཟེར་གྱི་དཀྱིལ་འཁོར་ཆེན་པ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་རྡོ་རྗེ་དང་བཅས་པའི་ལག་ན་རྡོ་རྗེ་བསྐུལ་ནས། འོད་དེས་དེ་རབ་ཏུ་དགའ་སྟེ་རྡོ་རྗེ་ལས་སྣང་བ་བཀྱེ་བ་རྣམས་ཀྱིས་ས་གསུམ་གྱི་སྟོན་གྱི་སྐར་མ་དང༌། ཟླ་བའི་འོད་ཟིལ་དུ་བརླག་པར་བྱས་ནས་སྣང་བ་གཅིག་པུར་བྱེད་ཅིང་རྒྱ་མཚོ་ཆེན་པོ་ནི་སྐེམས། རིའི་རྒྱལ་པོ་རི་རབ་ནི་གཡོ་བར་བྱེད། གློག་གི་འཁོར་ལོ་དང༌། ལྕེ་འབེབ་པའི་འབྲུག་ནི་བསྒྲགས། སྒྲ་དྲག་པོ་ནི་ཕྱུང༌། བསྒྱིངས་པའི་སྒྲ་ནི་བསྒྲགས། སྐྲག་པར་ནི་བྱས་སོ། །དེ་ན་རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས་མེ་ལྕེ་འོད་འཕྲོ་ཆེན་པོ་ཁོང་ན་འདུག་པ། སྐྲ་ཚོགས་གསེར་དང་རིན་པོ་ཆེ་འདྲ་བ། རྡོ་རྗེ་འཆང་རྡོ་རྗེའི་བུ་མོ་ཞེས་བྱ་བའི་བཅོམ་ལྡན་འདས་མ་དེས་བསྐོར་བ་ལན་གསུམ་བྱས་ནས། ཡིད་ཆེས་མགྱོགས་པའི་ཤུགས་འོད་འཕྲོ་ཞིང་འབར་བ་ལྟ་བུར་དྲག་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྫུ་འཕྲུལ་ཆེན་པོ་ལ་སྐྱབས་སུ་སོང་ངོ༌། །དེ་འོངས་པ་དང༌། འཕགས་པ་རྡོ་རྗེ་འཆང་གིས་སྨྲས་པ། སྐལ་པ་ཆེན་པོ་དགེ་མ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱིས་སེམས་དང་ལྡན་མ། འདི་དག་ལ་ལག་ཆ་དང་མཐུན་པར་བྱ་བའི་སྟོབས་བྱིན་ཅིག །དེ་ནས་གཟུངས་ཀྱིས་སྨྲས་པ། འདི་དག་བཀའ་སྩལ་པ་དེ་བཞིན་དུ་བགྱིའོ། །ཞེས་ལན་གསུམ་ཚིག་ཏུ་སྨྲས་སོ། །ཐོར་ཚུགས་གསུམ་མ། ས་གསུམ་དང༌། དུས་གསུམ་དང༌། དྲག་པོའི་རྩེ་གསུམ་དང༌། ཁྱབ་འཇུག་གི་འཁོར་ལོ་དང༌། གཤིན་རྗེའི་བེ་ཅོན་དང༌། ལུས་ངན་གྱི་དབྱུག་ཐོ་དང༌། དབང་པོའི་རྡོ་རྗེ་དང༌། ཆུ་ལྷའི་ཞགས་པ་དང༌། ལོག་འདྲེན་རྣམས་ཀྱི་གེགས་དང༌། ལྷ་མ་ཡིན་རྣམས་ཀྱི་སྒྱུ་དང༌། རླུང་ལྷ་རྣམས་ཀྱི་གཟི་དང༌། ཤུགས་དང༌། གྲུབ་པ་རྣམས་ཀྱི་རྨོངས་བྱེད་དང༌། མ་མོའི་ཚོགས་རྣམས་ཀྱིས་གཅོད་པ་དང༌། ཀླུ་རྣམས་ཀྱི་དམ་ཚིག་དང་དུག་དང༌། ཁྲོ་བོ་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། མི་འམ་ཅི་དང༌། ཤ་ཟ་དང༌། འབྱུང་པོ་དང༌། ཚངས་པ་དང༌། སྲིན་པོ་དང༌། གྲུལ་བུམ་དང༌། བདེན་བྲལ་དང༌། གནོན་པོ་དང༌། རོ་ལངས་ཀྱིས་སྐབས་སུ་རྒོལ་བ་རྣམས་དང༌། དེ་བཞིན་དུ་ཐམས་ཅད་ཀྱང་སྦྱོངས་ཤིག །མིག་གི་འཛུམ་པ་ཙམ་གྱིས་ཡུད་ཙམ་ལ་ཐམས་ཅད་མཆོད་ནས་ལག་ན་རྡོ་རྗེ་ལ་སྙིང་པོ་འདི་ཕུལ་ཏེ་སྨྲས་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཏ་ཐཱ་ག་ཏ་ས་མཱ་དྷི་དྷ་ར་ཎི། མ་ཧཱ་ཨཱ་བརྟ་ཡི་ཥྱཱ་མི། ཨ་ཧི་བཛྲེ། ཀུ་བི་ལི། ཀུ་ཊི་པཱ་བ་ཀཱ་ཀུ་ལ་ཤི་ཁི། ཀ་པི་ལ་ཀེ་ཤི། ཏ་ཊི་ཙི་ཊི་ཙི་ཊི་མི་ཊི་མི། ཀརྐ་ཊ་མུ་ཊ་བི་ཊ་ཊི་བཛྲེ། མ་ཧཱ་བི་དྷུ་ལ་ལོ་ལེ། བུ་གུ་པུ་ལུ། སུ་མུ་སུ་མུ། ས་ར་ས་ར། ཕཊ་ཕཊ། སུ་དྱོ་ཏེ། པིཾ་ག་ལེ་ཙི་ཏེ། ཛཱ་ལ་པིངྒ་ལེ་སརྦ་དེ་བ་ག་ཎ། པྲ་ཧ་ར་ཎ་མཱ་ཡཱ། སིདྡྷ་དཱ་ཡི་ཀེ །སུ་རུ་ཀེ །ཀུ་རུ་ཀེ །བཛྲ་གྷོ་ཎེ། བཛྲ་དྲི་ཌྷ། སྭཱ་ར་བྲ་ཧཱ་ར་ཎེ། རཏྣ་ཏྲཱ་ཡ། དི་ཀྲ་ལ་བུདྡྷེ་ཏེ། བཛྲ་དྷ་ར་བི་ཤཱ་ས་ནི་ཀ །ཨ་པྲ་ཏི་ཧ་ཏ་པྲ་མརྡ་ནི་སྭཱ་ཧཱ། གང་གསང་སྔགས་འདི་རྗེས་སུ་དྲན་ནས་ཀློག་གམ། སྒོམ་མམ། འཛིན་པ་དེ་ཐོས་ན་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར་རོ། །འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ། །དམ་ཚིག་དང༌། ཕྱག་རྒྱ་ལ་ཞུགས་པར་འགྱུར་རོ། །བསམ་པ་དང་རྗེས་སུ་ཡི་རང་བས་འགུགས་པར་བྱེད་དོ། །དུག་དང༌། གསང་སྔགས་དང༌། མདུད་པ་དང༌། རྡེག་པ་དང༌། འཆིང་བའི་འཇིགས་པ་ལ་སོགས་པ་རྣམ་པར་སྐྲག་པར་བྱེད་དོ། །དེ་ནས་ལྷ་དང༌། ལྷའི་བུ་དེ་དག་གི་དེའི་མཐུས་བཅོམ་ལྡན་འདས་རྡོ་རྗེ་འཆང་དེའི་རྣམ་པར་རོལ་པ་དང༌། བཅོམ་ལྡན་འདས་ཀྱིས་གསུངས་པ་རྣམ་པ་མང་པོ་དུ་མ་ཡང་མྱོང་ནས་སྟེང་གི་གནས་གཙང་མ་དང༌། འོག་མིན་གྱི་ལྷ་དང༌། འཇིག་རྟེན་གྱི་ཁམས་གཞན་ན་གནས་པ། བདག་གིས་འོད་དང་ལྡན་པའི་མེ་ཏོག་དང༌། བདུག་པའི་སྤྲིན་དང༌། རིན་པོ་ཆེ་མང་པོའི་ཆར་རྒྱ་ཆེན་པོས་མཆོད་ནས་བསྟོད་པ་སྙན་པས་བསྟོད་དེ། སྙན་ཅིང་ཟབ་ལ་རྔ་སྒྲ་ལྟ་བུ་དང༌། བསིལ་བ་དང༌། བསོད་ནམས་ཀྱི་ཚིགས་སུ་བཅད་པ་དག་ཀྱང་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང༌། བྱང་ཆུབ་སེམས་དཔའ་དེ་དག་དང༌། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོཙྪ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ། །


previousའཕགས་པ་རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཅེས་བྱ་བའི་གཟུངས།next