Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་ཞེ་བསྒོམ་ལོང་མ་བྱུང་འཆི་བ་བྱུང་བ་ལ། །ཞིང་བགྲོད་རྟ་མཆོག་བ་ལ་ཧ་ཞེས་ཡོད། །
   
   
   
   
   
   
   
   
   
   
   


 
previousལེའུ་ཞེ་བསྒོམ་ལོང་མ་བྱུང་འཆི་བ་བྱུང་བ་ལ། །ཞིང་བགྲོད་རྟ་མཆོག་བ་ལ་ཧ་ཞེས་ཡོད། །next

ལེའུ་ཞེ་བསྒོམ་ལོང་མ་བྱུང་འཆི་བ་བྱུང་བ་ལ། །ཞིང་བགྲོད་རྟ་མཆོག་བ་ལ་ཧ་ཞེས་ཡོད། །


CMR032_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

༼པི༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། བསྐྱེད་རྫོགས་ཤེས་ཤིང་ཉམས་ལེན་ཅུང་ཟད་ཡོད་ཀྱང་སྒྱུ་བརྟན་པ་མ་ཐོབ་པར་འཆི་བ་གློ་བུར་དུ་བྱུང་ན་ཞིང་ཁམས་བགྲོད་པའི་གདམས་ངག་རྟ་མཆོག་བྷ་ལ་ཧའི་བཞོན་པ་ཞེས་བྱ་བ་བཞུགས་སོ། །ན་མོ་ཨ་མི་ཏ་བྷཱ་ཡ། བདག་བན་རྒན་


CMR032_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ག་ཨ་སྱ་ལ། །བུ་བརྩོན་འགྲུས་རྒྱ་མཚོས་འདི་སྐད་ཟེར། །ལོ་བརྒྱ་ལས་མི་ཐུབ་འཆི་དུས་ཀྱི། །སྐབས་དེ་དུས་བསྐྱེད་རྫོགས་ཇི་ལྟར་བྱེད། །དོན་འཕོ་བའི་གདམས་པ་ཇི་ལྟར་བྱེད། །སེམས་རིག་པ་ཞིང་ཁམས་གང་ལ་གཏད། །ལུས་བེམ་རིག་བྲལ་བའི་སྡུག་བསྔལ་དུས། །སྐབས་དེ་དུས་སྡུག་བསྔལ་ཇི་ལྟར་ཟློག །དོན་འདི་ལ་གདམས་པ་ཐུགས་རྗེས་ཟུངས། །བུ་གསོན་དང་བཱིརྱ་སཱ་ག་ར། །དུས་དེང་སང་བཞི་བཅུ་ཁ་རལ་དུས། །ལོ་བརྒྱ་ཙམ་ཐུབ་པ་ཨི་སྲིད་ན། །དུས་ད་ལྟ་ཡོད་པའི་མི་ཕལ་ཆེར། །སང་ད་ཚོད་ས་ཡི་སྟེང་ན་མེད། །ལར་སྐྱེས་པའི་ཐ་མ་འཆི་བ་སྟེ། །དེ་མི་མྱོང་ཐབས་ཤིག་ངས་མི་ཤེས། །དེ་འཆི་ཁ་གནད་གཅོད་སྡུག་བསྔལ་ཡིན། །དོན་འཆི་བ་སྐད་ཅིག་བཏང་སྙོམས་པ། །ཤི་ཚར་ནས་བར་དོའི་འཇིགས་སྐྲག་ཡོད། །དེ་མི་མྱོང་ཐབས་འགའ་གསུངས་མོད་ཀྱང་། །མི་ཕལ་ཆེར་ཆོས་སྒོར་ཞུགས་པ་རྣམས། །ན་གཞོན་ཚེ་སློབ་གཉེར་བྱེད་པས་ཡེངས། །དོན་དབང་ལུང་གདམས་ངག་མང་ཐོབ་ཀྱང་། །དེ་གོ་ཡུལ་དཔེ་ཆའི་སྟེང་དུ་ལུས། །སེམས་བསྐྱེད་རྫོགས་གདམས་ངག་ཤེས་ན་ཡང་། །དེ་བརྟན་པ་མ་


CMR032_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་རྐྱེན་མི་ཁྱག །དུས་ནམ་ཞིག་འཆི་ནད་དྲག་པོས་ཐེབ། །སྲུང་ཟློག་པ་རིམ་གྲོས་ཕྱིར་ལ་ཐུ། །ཕན་རེ་བའི་སྨན་པས་ཝ་བྲོས་བྱེད། །སེམས་བརྩེ་བའི་གྲྭ་སློབ་མཆི་མ་འདོན། །རང་དཔོན་སློབ་དཀོར་ཟས་མང་པོ་ཟོས། །ཁྱེད་ཅིས་ཀྱང་ཐུགས་དམ་བཞུགས་དགོས་ཟེར། །རིང་བསྐྱེད་རྫོགས་བརྟན་པ་མ་ཐོབ་པས། །རང་ཐུགས་༔ དམ་ཨི་ཟིན་ཆ་མེད་ཕྱིར། །ད་རོ་རུལ་ཆགས་ནས་ཅི་ཞིག་བྱེད། །།ང་མི་འདུག་འཕོ་བ་བྱེད་དོ་ཞེས། །དུས་འཆི་ཁ་རང་ལའང་རྡོ་བརྫུ་བྱེད། །དཔལ་རྡོ་རྗེ་གདན་བཞིའི་རྒྱུད་འགྲེལ་ལས། །ནད་མ་ཕོག་གོང་དུ་འཕོ་དགོས་ཀྱི། །ནད་ཕོག་ནས་རང་ཉིད་འཕོ་མ་ནུས། །དེ་གསུངས་ཕྱིར་འཕོ་བསམ་འཁྲུལ་པར་སེམས། །དོན་དེ་དུས་ཕན་པའི་གདམས་ངག་འདི། །རྗེ་དྭགས་པོ་ལྷ་རྗེས་གསུངས་པ་ཡིན། །ང་ཚེ་འདིར་དེ་སྔོན་འཆི་མ་མྱོང་། །དོན་དེ་ཕྱིར་མྱོང་བ་མེད་ན་ཡང་། །བདག་རང་དང་འདྲ་བའི་མཆེད་གྲོགས་འགའ། །གླུ་ཁོང་འདས་ཚེ་གདམས་ངག་འདི་བསླབས་པས། །དེས་ཕན་ཐོགས་ཆེ་བའི་ལག་བླངས་ཡོད། །དོན་དེ་ཕྱིར་འདི་ཉིད་སྙིང་ལ་ཆོངས། །གོ་བདེ་ཕྱིར་ལུང་འདྲེན་མང་པོ་བཞག །


CMR032_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་བཤད་པའི་ན་ཡམ་ཕར་ལ་སྒྱུར། །དོན་ཧྲིལ་གྱིས་དྲིལ་ན་འདི་རང་ཡིན། །རང་ངེས་པར་འཆི་བའི་དུས་བྱུང་ཚེ། །ལུས་ཡི་དམ་རྒྱལ་བ་རྒྱ་མཚོའི་སྐུ། །ལུས་ནང་སྟོང་ཕུ་མ་ཕུས་བཏབ་བཞིན། །རྩེ་དབུ་མ་ཁང་སྟོང་ཀ་བ་ལྟར། །དེ་མར་སྣེ་ལྟེ་འོག་ཕུག་རྡུགས་ཏེ། །དཔེ་སྨྱུག་མའི་ཚིགས་པ་འགག་པ་བཞིན། །རྩ་ཕྱི་དཀར་ནང་དམར་སྟོང་སང་ངེ་། །རྩ་ཡར་སྣེ་སྤྱི་བོར་ཧད་པོ་སྟེ། །དཔེ་སྐར་ཁུང་བཞིན་དུ་གསལ་ཧ་རེ། །གནས་སྤྱི་གཙུག་ཁྲུ་གང་ནམ་མཁའ་ལ། །གདན་པདྨ་སྟོང་ལྡན་ཟླ་བའི་སྟེང་། །རྗེ་ཡབ་སྲས་སྐྱེལ་སོགས་བླ་མ་དང་། །དོན་དབྱེར་མེད་སྐྱབས་གསུམ་ཀུན་འདུས་པ། །རྗེ་རྒྱལ་བ་མགོན་པོ་འོད་དཔག་མེད། །སྐུ་རཱ་གའི་མདོག་ཅན་མཚན་དཔེ་རྫོགས། །སྐུ་ཆོས་གོས་རྣམ་གསུམ་སྐྱིལ་ཀྲུང་བཞུགས། །ཕྱག་མཉམ་བཞག་བདུད་རྩིའི་ལྷུང་བཟེད་བསྣམས། །ནུབ་བདེ་བ་ཅན་དུ་བཞུགས་པ་དང་། །དོན་དབྱེར་མེད་ངོ་བོ་གཅིག་ཏུ་བསྒོམ། །དེ་ངག་གིས་ནུས་སམ་མ་ནུས་ན། །སེམས་ཡིད་ཀྱིས་སྐྱབས་འགྲོ་ལན་གསུམ་དང་། །མ་འགྲོ་དྲུག་སེམས་ཅན་ཀུན་གྱི་ཕྱིར། །དུས་ད་རེས་འཆི་བ་ཆོས་སྐུར་སྦྱང་། །སང་བར་དོ་


CMR032_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་རྫོགས་སྐུར་བཞེངས། །དུས་དེ་ནས་སྐྱེ་བ་སྤྲུལ་པའི་སྐུ། །ནུབ་བདེ་བ་ཅན་དུ་བརྫུས་སྐྱེས་ནས། །རྗེ་འོད་དཔག་མེད་པ་མཆོད་བྱེད་ཅིང་། །དུས་ནམ་ཞིག་ས་བཅུ་ཐོབ་པའི་ཚེ། །ངས་སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད། །མ་འགྲོ་དྲུག་སེམས་ཅན་འདྲེན་པ་ལ། །ལྷ་སྤྱན་རས་གཟིགས་དང་དབྱེར་མེད་ཤོག །དེ་སྙིང་ནས་ལན་གསུམ་སེམས་བསྐྱེད་བྱ། །ལུས་ལོངས་སྤྱོད་དགེ་རྩ་ཅི་ཡོད་དང་། །རང་སེམས་ལ་ཆགས་ཞེན་གང་ཡོད་ཀྱི། །ནོར་ལོངས་སྤྱོད་མཆོད་ཆ་དཔེ་ཆ་དང་། །ཡུལ་ཡོན་བདག་གྲྭ་སློབ་ཉེ་འབྲེལ་སོགས། །དེ་ཐམས་ཅད་མཎྜལ་གཅིག་ཏུ་བསྡུས། །རྗེ་འོད་དཔག་མེད་ལ་ཡིད་ཀྱིས་ཕུལ། །ངག་མཎྜལ་ཚིགས་བཅད་ལན་གསུམ་བརྗོད། །དཔེ་འབུལ་བ་ཚར་བའི་ཡོན་བདག་བཞིན། །དེ་ཕྱིན་ཆད་དེ་ཕྱོགས་སེམས་མི་འཕྲེང་། །ད་སུས་ཁྱེར་ཁྱེར་ལ་ཅི་བྱེད་གྱིས། །མི་ངས་ནི་ལྷ་ལ་ཕུལ་ཚར་སྙམ། །སེམས་ཆགས་ཞེན་ཅུང་ཟད་ལྟ་ཀྱིས་ཀྱང་གནོད། །དོན་དེ་ཕྱིར་ཆགས་འཛིན་རྩད་ནས་སྤང་། །རང་ཐུགས་ཀར་ཐུགས་དབུས་དབུ་མའི་ནང་། །ཧཱི༔དམར་པོ་ཚེགས་དྲག་བཅས་པ་ལས། །ཧྲཱིཿདེ་འདྲ་རིམ་


CMR032_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འཕྲོས་པ་ཡིས། །མར་ངན་སོང་འགྲོ་བའི་སྒོ་གསུམ་པོ། །འོག་གཤང་ལམ་ཆུ་ལམ་ཐིག་ལེའི་ལམ། །ཡར་ཁ་ཡི་ལམ་དང་བཞི་པོ་བཀག །བར་མི་དང་ལྷ་མིན་འདོད་ལྷའི་ལམ། །གནས་ལྟེ་བ་སྣ་གཡོན་སྣ་གཡས་བཀག །མི་འཁོར་ལོས་བསྒྱུར་རྒྱལ་གྲུལ་བུམ་དང་། །ཡར་གཟུགས་ཁམས་རྣམས་སུ་སྐྱེ་བའི་ལམ། །མིག་གཡས་གཡོན་རྣ་བ་གཡས་གཡོན་བཀག །འདིར་འདོད་བཞེད་མང་སྟེ་ཐེ་ཚོམ་སྐྱུར། །གནས་གཟུགས་ཁམས་གཟུགས་མེད་སྐྱེ་བའི་སྒོ། །གནས་སྨིན་མཚམས་ཚངས་སྨེ་བདུད་སྒོ་བཀག །དེ་ཐམས་ཅད་ཧཱུྃཡིག་དམར་པོ་རེ། །འོག་སྲ་མཁྲེགས་ལྡན་པས་ཁྲིག་གེར་བཀག །དཔེ་ཐེམ་བུ་ཐེམ་གྱིས་དགག་པ་བཞིན། །ལུས་ཆགས་འཇིག་གཉིས་ཀ་བྱེད་པའི་གནས། །རང་ལྟེ་འོག་དབུ་མའི་ནང་དེ་རུ། །གདན་པདྨ་དམར་པོ་འདབ་མ་བཞི། །དེའི་སྟེང་དུ་ཟླ་དཀྱིལ་ཆུང་ངུའི་སྟེང་། །རང་རྣམ་ཤེས་རླུང་སེམས་ཀུན་འདུས་པ། །དབྱིབས་ཐིག་ལེ་དཀར་ཟླུམ་སྲན་མ་ཙམ། །མདོག་དཀར་དམར་མདངས་ལྡན་འབར་ལ་ཁད། །དཔེ་སྐར་ཁུང་ནང་ནས་མདའ་འཕང་བཞིན། །ཡར་དབུ་མར་བརྒྱུད་དེ་རྒྱངས་སེ་ཐོན། །རྗེ་


CMR032_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དཔག་མེད་པའི་ཐུགས་ཀར་བསྟིམ། །དེ་ཡང་ནས་ཡང་དུ་བསྒོམ་ཝིག་བྱ། །དཔེ་སྐར་མདའ་ཡང་ཡང་ཆད་པ་བཞིན། །ལན་ཉེར་གཅིག་ལས་ནི་མི་ཉུང་བྱ། །དུས་དེ་ནས་རང་ལུས་སྤྱན་རས་གཟིགས། །ལྷ་རྒྱལ་བ་རྒྱ་མཚོའི་ང་རྒྱལ་བསྐྱེད། །རང་གདམས་ངག་ཟབ་མོ་འདི་འདྲ་བསྒོམ། །མི་མི་འཆི་འདུག་ས་གཅིག་མེད་དེ། །མི་ང་ལས་སྐྱིད་པ་མེད་སྙམ་པའི། །སེམས་ཞུམ་པ་སྤང་ལ་ང་རྒྱལ་སྐྱེད། །འདི་ཤིན་ཏུ་གལ་ཆེན་ཡིན་པར་གསུངས། །རང་སྙིང་དབུས་པདྨ་ཟླ་སྟེང་དུ། །ཐུགས་ཧཱིཡིག་ཡི་གེ་དྲུག་པས་བསྐོར། །ཧཱིའོད་ཟེར་ཉི་མ་ཤར་བ་བཞིན། །ལུས་ནང་ཀུན་ཤིན་ཏུ་གསལ་བར་བསྒོམ། །རང་སེམས་ངོ་གཏན་ནས་མ་རྟོགས་ཀྱང་། །འདི་ཁོ་ནས་ཐུགས་དམ་ཤིན་ཏུ་བརྟན། །སེམས་གནས་འགྱུ་ཙམ་ཡང་མི་ཤེས་པའི། །ཁོང་དགེ་བཤེས་མང་པོའི་དགུང་ཞག་ལ། །སྤུར་བཀྲག་མདངས་མ་ཡལ་ཐུགས་དམ་བརྟན། །དེ་ཐུགས་ཀའི་ཡི་དམ་སྒྱུ་ས་བོན་ལ། །སེམས་རིག་པ་གཏད་པ་མ་གཏོགས་པ། །གཞན་བསྒོམ་རྒྱུ་མེད་པ་ཐག་གིས་ཆོད། །རང་དེ་ནས་ཅི་ཡང་མི་བསྒོམ་པར། །སེམས་གང་ཤར་ངོ་བོར་བལྟ་བར་


CMR032_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ལུས་ཕྱི་ནང་འབྱུང་བའི་ཐིམ་རིམ་དང་། །དུས་དེ་རྗེས་དཀར་ལམ་དམར་ལམ་དང་། །དེ་འཆར་ལུགས་དཔག་མེད་བཤད་ན་ཡང་། །ཡུན་རིང་པོ་མ་ཡིན་སེ་གོལ་ཙམ། །དེ་སོ་སོར་ངོས་བཟུང་བྱ་མི་དགོས། །སེམས་ཁོ་རང་མ་གཏོགས་འཆར་རྒྱུ་མེད། །གང་ཤར་ཡང་དེ་ཡི་ངོ་བོ་བལྟ། །དེའི་ངང་ལ་ཕྱི་དབུགས་ཆད་མ་ཐག །ཕྱི་ལུས་ལ་ཚོར་བ་ཅི་ཡང་མེད། །ནང་སེམས་ཉིད་དྲན་མེད་ནག་ཐོམ་འགྲོ། །དུས་དེ་ཚེ་གདུང་བཅས་གཟབ་ཅིག་སྨྲ། །ཡུན་འདི་འདུག་ཚོད་ཟིན་མེད་ན་ཡང་། །ལར་འཆི་ཁའི་སེམས་དེ་སྟོབས་ལྡན་པས། །དེ་གང་བསམ་ཐོག་ཏུ་འགྲོ་བའི་ཕྱིར། །མི་ཆོས་པ་རྣམ་དག་འགའ་ཞིག་ཀྱང་། །འཕྲལ་འཆི་རྐྱེན་མཚམས་སྦྱོར་ངན་པའི་མཐུས། །དབུགས་འགྲོ་ཁར་ཞེ་སྡང་སྨོན་ལམ་གྱིས། །བདུད་ལྷ་སྲིན་དྲག་པོར་སྐྱེས་ལ་ལྟོས། །སྟོན་རྒན་རྒོན་འཆི་ཁ་ལོ་ཏོག་ལ། །སྲུས་མ་རག་བསམ་པའི་སེམས་ཀྱི་མཐུས། །སྟོན་འབྲས་དྲུག་འཇོམས་པ་དེ་ལ་ལྟོས། །སང་མི་འགྲོ་ཀ་མེད་གལ་ཆེན་དུས། །སང་ཐོ་རངས་སྐར་རྗེན་ཤར་ཙམ་ན། །འགྲོ་བསམ་པའི་གཉིད་ཁའི་དམ་བཅའ་དེས། །གཉིད་དེ་དུས་སད་དང་མཚུངས་


CMR032_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས། །རང་ཞག་བདུན་ལ་སོགས་ནམ་འདོད་པར། །རང་ཐུགས་དམ་འདུག་པའི་དམ་བཅའ་བཟུང་། །དེ་ཐོག་ཏུ་འགྲོ་བ་མྱོང་བས་གྲུབ། །ལུས་གདུང་བཅས་གཟབ་པ་ཚར་དུས་ཙམ།། །ཁྱེད་ཐུགས་དམ་མ་ཡེངས་བརྗོད་དུ་བཅུག །དུས་དེ་དུས་ཚོགས་བརྒྱད་མི་གསལ་ཡང་། །མིང་གཞི་ཡི་འོད་གསལ་ཞེས་སུ་གྲགས། །དོན་ངོ་བོ་རྗེན་པར་ནང་ནས་འཆར། །དོན་དེ་ཡི་ངང་ལ་གནས་པར་བྱ། །ཕྱི་འབྲུག་སྒྲ་འུར་ཆོམ་ལ་སོགས་ལ། །དེར་རྣམ་རྟོག་རགས་པ་མ་སྐྱེས་ན། །ནང་དེ་རུ་རྣམ་རྟོག་ཕྲའུ་འགའ། །དེ་སྐྱེས་ཀྱང་ཐུགས་དམ་མི་གྲོལ་ཏེ། །དོན་བར་དོ་ཐོས་གྲོལ་ངོ་སྤྲོད་ལས། །ཕྱིར་རྣམ་ཤེས་འཕོ་རྟགས་མ་བྱུང་བར། །མཆུ་རྣ་བར་མ་རེག་ཙམ་བྱས་ནས། །ཚིག་ངོ་སྤྲོད་ཡང་ཡང་བྱ་བར་གསུངས། །དེ་སྦྱོར་དྲུག་སྐོར་ནས་བཤད་དང་མཚུངས། །དོན་འདི་ཡང་ཉམས་ལེན་མྱོང་བས་གྲུབ། །གྲྭ་འཁོར་སློབ་གདུང་བཅས་གཟབ་མཁས་ན། །དེ་ཐུགས་དམ་གྲོལ་ཡང་མི་ཡོ་ཞིང་། །དེ་མ་མཁས་མ་གྲོལ་ན་ཡང་ཡོ། །དོན་འདི་ཡང་མྱོང་བས་ལན་མང་གྲུབ། །དེ་ཐུགས་དམ་གྲོལ་དང་མ་གྲོལ་རྟགས། །འདི་བརྟག་


CMR032_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

གཞིག་ཤིན་ཏུ་ཞིབ་པ་གཅེས། །ལུས་མ་སྐམ་ཡི་ག་མ་ཆད་ཅིང་། །དེ་འཆི་ཁ་སྐོམ་རྩི་སྦྱོང་སྨན་མང་། །དེ་ཐུགས་དམ་གྲོལ་བ་མ་ཡིན་ཡང་། །ཁ་སྣ་དང་བུ་གར་རླན་སོགས་འབབ། །ལུས་སྐམ་སྒོག་ཡི་ག་ཡུན་རིང་ཆད། །དེ་ཐུགས་དམ་གྲོལ་བར་གྱུར་ཀྱང་ནི། །དེ་གྲོལ་རྟོགས་སྣ་སྒོར་ཆུ་སེར་མེད། །དེ་གཉིས་པོ་མ་ཡིན་སྐྱེ་འཚམས་ལ། །དེ་གྲོལ་རྟགས་སྣ་ནས་ཆུ་སེར་འབབ། །ཁོང་ས་ལམ་མཐོན་པོ་ཡིན་ན་ནི། །དེ་ཆུ་སེར་འཐིག་པ་རིང་བསྲེལ་འགྱུར། །རབ་འགའ་རེས་སྤྱི་བོར་ཆུ་སེར་འཕྲུམ། །ཡང་འཆི་ཁར་ཆུ་གཅིན་འགགས་པ་འགའ། །དེ་ཐུགས་དམ་གྲོལ་རྟགས་ཆབ་གསིལ་འབྱུང་། །དོན་འདི་ཡང་མྱོང་བས་ལན་འགའ་གྲུབ། །བཀའ་གསར་རྙིང་གཏེར་ཁ་གང་ནས་ཀྱང་། །མི་འཆི་དུས་འོད་གསལ་ཟིན་པའི་རྟགས། །ལུས་ཚུགས་ཐུབ་ཙོག་པུར་འདུག་མང་གསུངས། །ཕྱི་རྟགས་མཚན་ནམ་མཁའ་གཡའ་དག་ལ། །དེ་སྟོན་ཀ་ཡིན་ཀྱང་སད་མི་འབྱུང་། །ནང་རྟགས་མཚན་ཤ་བཀྲག་ཡུན་རིང་གནས། །དོན་གསང་བའི་རྟགས་མཚན་ཨ་ཡིག་དང་། །ཧཱུཾ་རིང་བསྲེལ་ལ་སོགས་འབྱུང་བར་གསུངས། །དོན་དེ་ཕྱིར་ལུས་


CMR032_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ཚུགས་གདུང་བཅས་ཤེས། །དོན་བལྟ་ས་ཤ་བཀྲག་ཁོ་ན་ཡིན། །སྐུ་བགྲེས་དྲག་ཤ་བཀྲག་མེད་པ་ལ། །དེ་འདས་ཙ་གསར་དུ་གང་ནས་འབྱུང་། །ད་འོན་ཀྱང་གསོན་དུས་སྐུ་མདོག་ལས། །དེ་བག་ཙམ་དཀར་མདངས་སྣུམ་བག་ཚགས། །ཁོང་གཞོན་དུས་ཡིན་ཀྱང་གསོན་དུས་ལས། །མདོག་བག་ཙམ་དཀར་ཞིང་སྣུམ་འོད་ཆགས་། །སྤྱན་ཟིམ་བུ་ཞལ་ཡང་འཛུམ་པ་འདྲ། །ཤངས་མ་སྡིབ་རྣ་བ་མ་འབྱར་བར། །བཞིན་དཔྲལ་བའི་རྩ་རྣམས་ཚུར་ལ་ལངས། །ཚུར་སྐྱི་མོ་འཐེན་ན་ཕར་ལ་རང་། དབྱར་ཡིན་ཡང་སྦྲང་བུ་མི་འཁོར་རོ། །དགུན་ཡིན་ཡང་འཁེང་བར་མི་འགྱུར་ཏེ། །མདུན་དེ་རུ་ཉམས་ལེན་ཡོད་པའི་མི། །དེར་ཕྱིན་ཅིང་བསྡད་ན་ཉམས་རྟོགས་གསལ། །དེ་ཐུགས་དམ་ཡིན་པའི་རྟགས་སུ་ངེས། །སྤྲོས་རོལ་མོ་གྱེར་དབྱངས་འཛེམ་སྲོལ་གདའ། །དེ་འཛེམ་སྲོལ་ཞག་བདུན་ཚུན་ལ་ཆེ། །དཔེ་མེ་སྟག་ཆུང་ངུ་འདའ་སླ་བཞིན། །དེ་ཕན་ཆད་འོད་གསལ་ཆེར་མཆེད་པས། །དེ་འཛེམ་པ་མི་དགོས་གསུངས་སྲོལ་གདའ། །དོན་དེ་ཡང་བདེན་པར་མྱོང་བས་གྲུབ། །ད་འོན་ཀྱང་བླ་མ་ཁོང་ཉིད་དང་། །མཁོན་དམ་


CMR032_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཚབས་ཆེན་ཆག་པའི་མི། །དེས་མཇལ་ན་ཐུགས་དམ་གྲོལ་རྐྱེན་བྱེད། །དེ་མིན་པའི་སུས་མཇལ་གནོད་པ་མེད། །དོན་དེ་ལ་ནོར་ས་གཅིག་ཡོད་པས། །མི་སྡིག་ཅན་སེམས་ངོ་མི་ཤེས་པ། །དེ་འཆི་དུས་ལུས་ཚུགས་རང་ཚོ་ཐུབ། །ངོ་ནད་མེད་དུས་བཞིན་སྣུམ་རྩིག་གེ །དེ་ཐུགས་དམ་ཟིན་པ་མ་ཡིན་ཏེ། །གདོན་དྲི་ཟ་ཕུང་པོར་ཞུགས་པ་ཡིན་། །ཚབས་ཆེ་ན་རོ་ལངས་བྱེད་ཉན་ཡོད། །དེ་ཆོས་དྲུག་རྒྱས་པའི་ནང་ནས་གསལ། །དོན་འདི་ཡང་ལན་མང་མྱོང་བས་གྲུབ། །རོས་ཚིག་སྨྲ་བཤུད་པ་བྱེད་ཅེས་ཐོས། །ལུས་སྐམ་པའི་ཐུགས་དམ་གྲོལ་རྟགས་ནི། །ཁྲག་ཆུ་སེར་གཅིན་སོགས་མ་བྱུང་ཡང་། །མདོག་ཉམས་ཤིང་སྣ་ཞོམ་མིག་འབྲས་སྡིབ། །དབྱར་ཡིན་ན་སྦྲང་བུ་འཁོར་བ་དང་། །དགུན་ཡིན་ན་ལུས་པོ་འཁེངས་འདུག་ན། །དེ་ཐུགས་དམ་གྲོལ་བའི་རྟགས་སུ་ངེས། །སྤུར་བཞུ་ཁ་ཐུགས་དམ་གཤེགས་གསོལ་ཞེས། །དེས་ལུས་ལྷ་དབང་ལྷ་བསྟིམ་པ་རྣམས། །དེ་མཆོད་བསྟོད་བྱ་ཞིང་གཤེགས་གསོལ་བྱ། །ལྷ་རྣམ་སྣང་དམ་ཚིག་གཙོ་རྐྱང་ཞིག །སླར་བསྐྱེད་ནས་ཡེ་ཤེས་མི་བསྟིམ་པར། །དུས་དེ་ནས་གནས་ཡིག་སོགས་


CMR032_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ཏེ། །དེ་མ་བྱས་ཕུང་པོ་བསྲེག་པ་ན། །དེར་ལུས་ལྷ་དཀྱིལ་འཁོར་ཡོངས་རྫོགས་པ། །དེ་བཤིག་པས་སྡིག་པ་ཆེ་ཞེས་གསུངས། །དེ་བྱས་ན་རྟེན་ཤུགས་ཆུང་བ་འབྱུང་། །དོན་ལྷ་དང་ཁོང་གཉིས་དབྱེར་མེད་དུ། །དེ་བསྒོམས་ནས་སྲེག་བླུགས་ཕུལ་བ་ལ། །སྡིག་མི་འབྱུང་ཡོན་ཏན་རྟེན་ཤུགས་ཆེ། །དེས་གདུང་སྒོ་ཐིལ་སོགས་མི་དགོས་པར། །འཕྲལ་ཉིད་ནས་བྱོན་པའི་རྟེན་ཞལ་རུང་། །ཡང་གལ་ཏེ་གཤེགས་གསོལ་བྱས་ན་ནི། །སླར་གདུང་སྒོ་ཞག་གསུམ་མཐིལ་བྱས་ཏེ། །དེར་ཁོང་གི་ཡི་དམ་དཀྱིལ་འཁོར་བསྐྱེད། །དེར་ཞག་གསུམ་སྤྱན་འདྲེན་མཆོད་གཏོར་འབུལ། །དེ་མི་གཤེགས་རུས་བུ་རྣམས་ལ་བསྟིམ། །རྔ་རོལ་མོ་དང་བཅས་བྱིན་འབེབ་བྱ། །སྔགས་རྟེན་འབྲེལ་པོས་རབ་ཏུ་གནས། །སླར་བཀྲ་ཤིས་བརྗོད་ནས་རྟེན་ཞལ་བསྟན། །དེར་མེ་ལོང་ངོས་ནས་ཁྲུས་གསོལ་འབུལ། །རྟེན་འབྱོན་ལུགས་བཏགས་གྲོལ་གཞུང་མཐུན་འབྱུང་། །ཚེ་སྔོན་གྱི་ལས་འབྲས་ཁྱད་པར་གྱིས། །ཚེ་འདི་ལ་ཐུགས་དམ་རྩེ་གཅིག་པའི། །ལྷ་སྐུ་དང་སྔགས་སོགས་མི་འབྱུང་ཞིང་། །དོན་མེད་པའི་ལྷ་སྔགས་འབྱོན་སྲིད་


CMR032_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །ལྷ་ཐམས་ཅད་ངོ་བོ་གཅིག་པའི་ཕྱིར། །དེར་ཐེ་ཚོམ་བསྐྱེད་པར་མི་བྱའོ། །ཚེ་འདི་ལ་ཐུགས་དམ་དཔག་མེད་ཅིང་། །སྔགས་བསྙེན་སྒྲུབ་མང་དུ་ཐེམས་པ་ལ། །གཞུང་རྣམས་ནས་བཤད་ལྟར་རྟེན་འབྱོན་ཏེ། །དོན་སྟོང་ཉིད་ཁོ་ན་བསྒོམ་པ་ལ། །ཕྱི་ནམ་མཁའ་གཡའ་དག་མ་གཏོགས་པ། །རྟེན་ཅི་ཡང་འབྱོན་པར་མ་གསུངས་པས། །རྟེན་ཅི་ཡང་བྱོན་པར་མ་གྱུར་ན། །ཁོང་སྦྱིན་བདག་དད་པ་མི་ལོག་ཕྱིར། །རྟེན་བཟོ་ཐབས་མང་པོ་གསུངས་ན་ཡང་། །དེ་ཇོ་བརྫུ་རྫུན་ཚིག་ཆེ་བའི་ཕྱིར། །རང་འདུལ་ཁྲིམས་སྡོམ་པ་ཉམས་དོགས་མཆིས། །དོན་དེ་ཕྱིར་རྟེན་བཟོ་སྤང་བར་བྱ། །རྟེན་རིང་བསྲེལ་བྱོན་ངེས་ཡིན་ན་ཡང་། །དོན་དེ་ལ་རབ་འབྲིང་ཐ་མ་གསུམ། །རབ་ས་ཐོབ་ཡན་གྱི་འཕགས་པའི་གདུང་། །དེ་སྲ་མཁྲེགས་གཞོམ་ཞིག་བྲལ་བ་སྟེ། །དེ་ཡིན་མིན་ལྕགས་གཏུན་ནང་དུ་བཞག །དེ་གཏུན་མདིལ་ལྕགས་ཀྱིས་དྲག་བསྣུན་ན། །དེ་མི་འཆག་ལྕགས་ལ་རྗེས་གཏོད་པ། །དེ་རྫོགས་སངས་རྒྱས་དང་རང་རྒྱལ་དང་། །དགྲ་བཅོམ་པའི་རིང་བསྲེལ་ཡིན་པའི་རྟགས། །མདོག་དཀར་སེར་དམར་ལྗང་མཐིང་ག་ལྔ། །མིང་ཤ་


CMR032_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

རི་རམ་དང་ཆུ་རི་རམ། །གདུང་མེ་རི་རམ་དང་ཉ་རི་རམ། །དེ་པཉྩ་རམ་དང་རྣམ་པ་ལྔ། །དེ་གདུང་ལྔ་མཐོང་རེག་དོན་དང་ལྡན། །ཡང་རིང་བསྲེལ་ནག་པོ་དམྱལ་བའི་རྒྱུ། །མདོག་དམར་ནག་ཁམ་ནག་དུད་ཁའི་མདོག །དེ་བདུད་དང་སྲིན་པོར་སྐྱེ་གསུངས་ཀྱང་། །དེ་སྤྱིར་བཏང་ཡིན་གྱི་ངེས་ཏིག་མེད། །སྔོན་ཇོ་བོ་རྗེ་ལའང་ནག་པོ་མང་། །དེ་མན་ལ་སྐུ་གདུང་མིང་མི་འཐོབ། །མདོག་རིགས་ལྔ་ཕྲ་ཞིབ་སྣུམ་ལ་འདྲིལ། །དེ་བརྡུང་ན་འཆག་པས་རྡུང་མི་བཏུབ། །སྣོད་ཐེབ་ཙེ་གཙང་མར་ཉི་མའི་ནང་། །རྟེན་ལི་མ་ཚད་པས་ཐག་གིས་ལེན། །དེ་བྱིན་རླབས་ལྡན་པའི་རིང་བསྲེལ་རྟགས། །ཡང་བཟོ་མ་རྡོ་ཡི་རིང་བསྲེལ་སོགས། །རྟེན་ལི་མས་ལེན་པ་མ་ཡིན་ནོ། །དོན་ལོག་པའི་སྡིག་པའི་རིང་བསྲེལ་ནི། །མི་མཚམས་མེད་སྡིག་སྟོབས་ཅན་ལ་འབྱུང་། །དེ་མིན་པའི་ལས་ངན་བདུད་སྤྲུལ་གྱི། །རོ་བསྲེག་ཚེ་བེ་ཀར་རྒྱལ་པོ་དེས། །ཁོས་བར་ཆད་སྲོ་མ་སྤར་གང་བཏབ། །དེ་མི་འོས་རིང་བསྲེལ་ཚན་ཆེར་འབྱུང་། །དེ་དད་གུས་བྱས་ཚད་ངན་འགྲོར་ལྟུང་། །དེ་བཞིན་དུ་བྱ་ཕག་ཉ་ལ་སོགས། །བར་སྐྱེ་བ་གཞན་གྱིས་མ་ཆོད་


CMR032_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

པར་། །ལུས་སྐྱེ་བདུན་བརྩེགས་མར་བླངས་པ་ཡི། །སྤྱིར་སེམས་ཅན་སུ་ལའང་རིང་བསྲེལ་འབྱུང་། །དེ་མཚན་མ་རྫས་ཀྱི་རིང་བསྲེལ་ཡིན། །ཕག་རིང་བསྲེལ་ཅན་གྱི་ཤ་ཟོས་ན། །དེ་དམྱལ་བར་འགྲོ་ཞེས་ཀུན་ལ་གྲགས། །མི་དལ་འབྱོར་ཆོས་ལྡན་སྐྱེ་བ་བདུན། །དེ་བརྩེགས་མར་བླངས་ལ་རིང་བསྲེལ་འབྱུང་། །ཤ་རུས་པ་སྐྱེ་བདུན་རུ་རྩིའི་རྫ་ས་། །ལར་རྟེན་བཟོ་ལ་སོགས་མིན་ངེས་ན། །སྐུ་ཡིག་འབྲུ་བྱོན་པ་འཁྲུལ་པ་མེད། །དབུ་བུམ་རིལ་དུང་དཀར་གཡས་འཁྱིལ་སོགས། །དེ་བྱོན་ན་མཆོག་སྟེ་ནོར་འཁྲུལ་མེད། །ཐུགས་ལྗགས་དང་སྤྱན་གཉིས་གྲགས་ཆེ་ཡང་། །དེ་བྱོན་པ་དང་ནི་མ་བྱོན་གཉིས། །དོན་སྲེག་ཚོད་ཟིན་དང་མ་ཟིན་ཁྱད། །དབྱིབས་གདུང་གཡོག་ལག་པའི་འདུ་བྱེད་ཙམ། །དུས་དེང་སང་ཐུགས་ལྗགས་སྤྱན་འབྲས་ཟེར། །འདི་ནོར་ས་མཚར་པོ་གདའོ་ཨང་། །འདིར་གདུང་གཡོག་རིག་པ་རྣོ་བ་གཅེས། །རྟེན་འབྱོན་ལ་ཁྲུས་གསོལ་རབ་གནས་བྱ། །དེ་མ་བྱས་སྐུ་དང་ཡིག་འབྲུ་རྣམས། །དེ་དང་པོ་གསལ་ཡང་མི་གསལ་འགྲོ། །རྟེན་རིང་བསྲེལ་ཕྲ་ཞིབ་མི་སྣང་ཡལ། །མི་དད་ལྡན་དམ་ཚིག་གཙང་བའི་


CMR032_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

མགུལ། །ཅི་མ་བྱོན་རུས་དུམ་བཏགས་པ་དེར། །སྐུ་ཡིག་འབྲུ་རིང་བསྲེལ་བྱོན་པའང་སྣང་། །དེ་བཞིན་དུ་གདུང་ཐལ་ཐུམ་བུའི་ནང་། །སྔར་མེད་པའི་རིང་བསྲེལ་འབྱུང་བའང་སྣང་། །མི་དམ་ཉམས་ལོག་ལྟ་ཆེ་བའི་མགུལ། །སྔར་བྱོན་པ་ཕྱིས་ནས་མེད་པའང་འབྱུང་། །དོན་དེ་ཚོ་ངོ་མཚར་རྨད་དུ་བྱུང་། །དོན་དེ་ཚོ་ཕལ་ཆེར་མྱོང་བས་གྲུབ། །ཨེ་མ་ཧོ། གལ་ཏེ་ཐུགས་དམ་བརྟན་པོ་མ་ཟིན་ན། །ཞག་གསུམ་ཉི་མའི་དྲོས་བཞི་དུས་འཕོས་ན། །བར་དོའི་ཡིད་ལུས་མ་བླངས་སྐབས་དེ་ལ། །འོད་གསལ་ཕྱག་ཆེན་ངོ་བོ་རྗེན་པར་འཆར། །དེ་ཚེ་དེ་ཉིད་ངོས་བཟུང་དེ་ངང་བཞག །དེ་ཡི་ངང་ལ་ཡུན་རིང་གནས་པ་ན། །འོད་གསལ་གཉིས་པ་ཞེས་བྱ་ཟིན་པ་ཡིན། །དེ་ཉིད་མ་ཟིན་ཟིན་ཡང་ཡུན་ཐུང་ན། །བར་དོ་ཡིད་ཀྱི་ལུས་སུ་ཀྲོང་གིས་སྐྱེ། །དེ་དུས་གདོས་བཅས་ཤ་ཁྲག་ལུས་མེད་ཀྱང་། །རྨི་ལམ་དུས་ལྟར་ལུས་གཅིག་ཡོད་སྣང་འབྱུང་། །ཤི་འམ་མ་ཀླུ་ཤི་རང་གིས་ངོ་མི་ཤེས། །སྔར་བཞིན་ཁྱིམ་དང་ཉེ་སྐོར་དེ་རུ་འཁོར། །དེ་ནས་རྣམ་སྣང་ལ་སོགས་ཞི་ཁྲོའི་ལྷ། །རིམ་པ་བཞིན་དུ་འཆར་བར་བཤད་ན་ཡང་། །སྔོན་དུ་འོད་


CMR032_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བརྟན་པོ་ཟིན་ན་ནི། །དེ་ནས་ལྷ་རྣམས་གཅིག་ཀྱང་མི་འཆར་སྲིད། །བར་དོ་གཉིས་པ་ཅུང་ཟད་ཟིན་ན་ནི། །ཞག་བརྒྱད་དུས་སུ་སྣང་བ་མཐའ་ཡོས་འཆར། །འོད་གསལ་མ་ཟིན་ཞག་བདུན་ཉིན་པར་འཆར། །ཐོས་གྲོལ་སྣང་བ་མཐའ་ཡས་འཆར་གསུངས་དང་། །མདོ་ལས་བདེ་བ་ཅན་དུ་སྐྱེ་རྒྱུ་རྣམས། །མདུན་དུ་འོད་དཔག་མེད་པ་འབྱོན་གསུངས་པ། །དོན་གཅིག་ཞག་བརྒྱད་ཉིན་པར་འཆར་བར་ངེས། །དེ་ཕྱིར་ཞག་བདུན་ཐུགས་དམ་འདུག་པ་དང་། །ཐུགས་དམ་གྲོལ་དང་འོད་དཔག་འཆར་བ་གཉིས། །དུས་མཉམ་འོང་རྒྱུ་བྱས་པས་ལེགས་པ་སྟེ། །ད་ལྟ་བློ་རྩེ་གཏད་ཕྱོགས་སྨོན་ལམ་མཐུས། །ངེས་པར་འཆར་ཞིང་དེ་ཡང་ངོས་ཟིན་ཏེ། །ཟིན་རྟགས་མཁའ་ལ་འཇའ་ཚོན་ངོ་མཚར་བ། །དམར་སེར་ཤས་ཆེ་ཁ་དོག་ལྔ་ལྡན་འབྱུང་། །འདི་ཡང་ལག་ལེན་མྱོང་བས་གྲུབ་པ་ཡིན། །དེས་ནི་ངེས་པར་བདེ་ཆེན་ཞིང་དུ་སྐྱེ། །དེ་ནི་གང་ཟག་ཐ་མའི་འབྲིང་དུ་བརྩི་།དེ་ལྟར་ཐུགས་དམ་བཟུང་ལུགས་དེ་བྱས་པས། །དང་པོ་སྐྱབས་འགྲོ་བྱས་པས་རྒྱབ་རྟེན་བཟང་། །དེ་ནས་སེམས་བསྐྱེད་བསམ་པའི་བཟོ་རྒྱ་ལེགས། །འབུལ་བ་ཚར་


CMR032_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཀ་ཆ་གར་སོང་ཡང་། །ཡོན་བདག་དེ་ལ་ཆགས་ཞེན་མི་སྐྱེ་ལྟར། །མཎྜལ་ཕུལ་བས་ཆགས་ཞེན་འཁྲི་བ་ཆོད། །སྒོ་དགུ་བཀག་པས་ལོག་པའི་ལམ་མི་འགྲོ། །དང་པོ་འཕོ་བའི་དམིགས་པ་བསྒོམ་པ་དེས། །ཐུགས་དམ་མ་ཟིན་པའམ་འགྲོགས་ཤོར་ཡང་། །ཚངས་བུག་མ་གཏོགས་སྒོ་གཞན་དེར་མི་འགྲོ། །རང་ལུས་ལྷར་བསྒོམ་ཧཱིལ་སེམས་གཏད་པས། །ཐུགས་དམ་བརྟན་པོ་ཟིན་ཅིང་འགྲོགས་པར་དཀའ། །ཐུགས་དམ་བརྟན་ཅིང་གསལ་པོ་ཟིན་པ་དེས། །སྦྱིན་བདག་དད་ཅིང་གྲྭ་སློབ་ངོ་སོ་མཐོ། །ཕྱི་རབས་ཆོས་པ་ཀུན་གྱི་བསྟན་ལ་ཕན། །ཞག་བདུན་བཞུགས་ནས་ཞག་བརྒྱད་ཉིན་འཕོས་པས། །འོད་དཔག་འབྱོན་དང་འཕྲད་པས་རང་ཉིད་འཚེང་། །གྲྭ་སློབ་རྣམས་ལ་སྟབས་བདེ་རིང་ཐུང་འཚམས། །འདི་ལྟར་འཕོ་བ་ཐུགས་དམ་ཟུང་འཇུག་ལ། །ཐོས་རྒྱ་ཆུང་བའི་རྨོངས་པ་འགའ་ཞིག་གིས། །འཕོ་བ་ཐུགས་དམ་འགལ་ཞེས་འཕྱ་ཐོས་ཀྱང་། །ཆོས་སྐུའི་འཕོ་བ་ཐུགས་དམ་དོན་གཅིག་སྟེ། །འཕོ་བྱ་འཕོ་བྱེད་མེད་པའི་བྱ་བཏང་གིས། །ལུས་གནས་ཡེ་ཤེས་བརྗོད་མེད་ཕྱག་རྒྱ་ཆེ། །དེ་ལས་གུད་ན་སངས་


CMR032_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་གཞན་མེད་པས། །རང་གྲོལ་དྭགས་པོ་བཀའ་བརྒྱུད་འགྲུབ་པར་ཤོག །གསུངས་པའི་དོན་ཡང་དེ་ལ་དགོངས་པ་ཡིན། །ལོངས་སྐུའི་འཕོ་བ་ལྷ་སྐུ་བསྒོམ་པ་དང་། །ཆོས་སྐུའི་འཕོ་བ་དམིགས་མེད་འཇོག་པ་གཉིས། །འགལ་ལོ་སྙམ་དུ་ཐེ་ཚོམ་སྐྱེས་པ་ན། །བསྐྱེད་རྫོགས་ཟུང་འཇུག་ཉམས་ལེན་མེད་པའི་རྟགས། །འདི་དང་ཕྱི་མ་བར་དོ་གསུམ་ཀ་ལ། །ཉམས་ལེན་གཅིག་གིས་ས་ལམ་གཅོད་དགོས་པས། །སྤྱི་བོར་འོད་དཔག་རང་ལུས་སྤྱན་རས་གཟིགས། །ཐུགས་ཀར་ཧྲིལ་སེམས་གཏད་ངོ་བོ་སྐྱོང་། །བསྐྱེད་རྫོགས་ཟུང་འཇུག་དེ་ཡི་ངང་དུ་འཆི། །འཕོ་བ་ཐུགས་དམ་ཟུང་འཇུག་གདམས་ངག་ཟབ། །གལ་ཏེ་ཉམས་ལེན་ལྡན་པའི་གང་ཟག་ཀྱང་། །སྐམ་པོའི་ལག་སྟབས་ཆུ་ནང་མི་འོང་དཔེ། །མཚམས་སྦྱོར་ངན་པས་ཤི་འམ་གནད་གཅོད་ཆེ། །འཆི་ཁར་སྨྱོ་འམ་དབང་པོ་མི་གསལ་འཐིབ། །དེ་འདྲའི་རྐྱེན་གྱིས་བསྐྱེད་རྫོགས་མ་ཟིན་ན། །གང་ཟག་དབང་པོ་རབ་འབྲིང་ཉེར་གཅིག་གིས། །ཐ་མའི་ཡང་མཐའ་གྲོལ་བའི་གདམས་ངག་སྟེ། །འཆི་ཁའམ་བར་དོ་གྲོལ་བ་མ་ཐོབ་ན། །ཕྱི་མ་སྤྲུལ་སྐུའི་དྲུང་དུ་དབུགས་དབྱུང་ཐབས། །


CMR032_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་ཁར་འཕོ་བ་ཐེབས་སམ་མ་ཐེབ་རུང་། །འཆི་དུས་འོད་གསལ་ཟིན་ནམ་མ་ཟིན་རུང་། །ཞི་ཁྲོའི་ལྷ་ངོས་ཟིན་ནམ་མ་ཟིན་རུང་། །ཤི་ནས་བདུན་ཕྲག་ཕྱེད་གསུམ་ཙམ་གྱི་དུས། །རང་ཉིད་ཤི་བ་ཡིན་པར་ཐག་ཆོད་ཅིང་། །ཟག་བཅས་མངོན་པར་ཤེས་པ་ཤིན་ཏུ་གསལ། །རྫུ་འཕྲུལ་ཐོགས་མེད་གར་འགྲོ་རང་དབང་ཆེ། །ཤི་བས་སེམས་སྡུག་གཉེན་ལ་རེ་མཁང་ཆེ། ༈ །སྡིག་པ་གང་བྱས་དྲན་ཅིང་འགྱོད་པ་ཆེ། །གཤིན་རྗེའི་ཕོ་ཉ་འོང་དོགས་སྐྲག་པ་ཆེ། །ད་རེས་དམ་ཆོས་མ་འགྲུབ་ཞེ་འགྱོད་ཆེ། །ས་ཕྱོགས་ཡུལ་རིས་ནོར་ལ་ཆགས་སེམས་ཆེ། །ཉེ་དུ་མཐུན་གྲོགས་རྣམས་ལ་གདུང་སེམས་ཆེ། །དག་པའི་ཞིང་ཀུན་འགྲོ་དབང་ཡོད་ན་ཡང་། །ཐག་རིང་འགྲོ་ཤེས་མི་ནུས་ཕྱོགས་དེར་ཆགས། །ཉེ་སྐོར་འདི་རུ་མི་ལུས་གཅིག་ལོན་ན། །དེ་ནས་དམ་ཆོས་གཤའ་མ་བྱེད་དོ་སྙམ། །དེ་ཡང་འགྱོགས་དགོས་ཡུན་རིང་བསྒུག་ལོངས་མེད། །གཤིན་རྗེའི་ཕོ་ཉས་ལྟ་ཁྲིད་ནས་གཤིན་རྗེའི་མདུན། །དགེ་སྡིག་གཤག་རལ་ཞིབ་ཏུ་བྱེད་དགོས་ན། །དགེ་སྡིག་གང་མང་མི་ཤེས་སྐྱོན་རེ་ཆེ། །དེ་བས་མྱུར་དུ་ལུས་ལེན་བསམ་ནས་ཚོལ། །ས་རྡོའི་


CMR032_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུའང་ལུས་པོ་བརྫོང་ལ་ཐུག །དེ་ཚེ་གདམས་ངག་འདི་ཉིད་དྲན་པར་གྱིས། །ཀྱེ་མ་ཀྱེ་ཧུད་བསྐལ་པ་གྲངས་མེད་ན། །འཁོར་བ་འདི་ནས་མ་ཐར་གཉུག་རེ་བུད། །སྔོན་བྱོན་སངས་རྒྱས་གྲངས་མེད་བསྟན་པ་ལ། །བདག་ནི་ད་དུང་མ་གྲོལ་ལས་རེ་ངན། །སྐྱེ་འཆི་གྲངས་མེད་དེ་ཙམ་མྱོང་བ་ལ། །ད་དུང་འཚེར་སྣང་མེད་པ་སྙིང་རེ་རུལ། །ངན་སོང་གནས་སུ་ལྟུང་ན་ཡ་རེ་ང་། །མཐོ་རིས་བདེ་བ་མི་རྟག་རྨི་ལམ་ཙམ། །དེང་སང་དུས་ངན་སྙིགས་མ་བསྟན་པའི་མཇུག །མི་ལུས་བླངས་ན་སྡུག་བསྔལ་རིན་གྱིས་ཉོས། །སངས་རྒྱས་རྣམས་ཀྱིས་འགྲོ་དོན་འགྲུབ་དཀའ་ན། །འགྲོ་དོན་ཕར་སྐྱུར་ངན་སོང་ལྟུང་ཉན་ཆེ། །ད་ནི་འཁོར་བའི་གནས་འདིར་འདུག་རེ་ཀན། །སྡུག་བསྔལ་ཀུན་བྲལ་གཏན་བདེ་འགྲུབ་པའི་གནས། །བདེ་བ་ཅན་གྱི་ཞིང་དེར་མི་འགྲོ་རེ། །བློ་གཏད་བཅས་པའི་བླ་མ་ཡི་དམ་ལྷ། །བསྙེན་ཅིང་བསྒྲུབས་པའི་མཁའ་འགྲོ་ཆོས་སྐྱོང་ཚོགས། །བདག་ནི་བར་དོར་འཁྱམས་པ་གཟིགས་ལགས་སམ། །ཐུགས་རྗེའི་ཐུགས་དམ་ཕྲིན་ལས་དུས་ལ་བབས། །བདེ་བ་ཅན་གྱི་ཞིང་དེར་ལམ་སྣ་དྲོངས། །ཞེས་སོགས་ལྷ་དང་བླ་མར་འབོད་


CMR032_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །སྨན་བླ་ཐུགས་དམ་བྱས་པའི་མི་ཡིན་ན། །བྱང་ཆུབ་སེམས་དཔའ་མཆེད་བརྒྱད་དེར་བྱོན་ནས། །བདེ་བ་ཅན་དུ་འགྲོ་བའི་ལམ་སྟོན་པར། །སྨན་བླ་མཆེད་བདུན་མདོ་ལས་གསུངས་པ་ཡིན། །ཕྱག་བཞི་པ་དང་ཞིང་སྐྱོང་ལ་སོགས་པ། །བསྙེན་ཅིང་བསྒྲུབས་པའི་གང་ཟག་ཡིན་ན་ནི། །དེར་འབྱོན་བདེ་བ་ཅན་དུ་ཁྲིད་པ་ནི། །ཕྱག་བཞི་པ་ཡི་གྲི་གུག་བརྩེགས་རྒྱུད་དང་། །ཞིང་སྐྱོང་སྲོག་རྒྱུད་ནང་ནས་གསལ་བར་གསུངས། །གལ་ཏེ་དམ་ཚིག་ཆག་ཉམས་ཀྱིས་བསྒྲིབས་ན། །ལམ་སྟོན་བྱེད་མཁན་ལྷ་ཡང་མ་མཐོང་ཞིང་། །བར་དོར་ཉི་མ་ཟླ་བ་མི་སྣང་བས། །ནུབ་ཀྱི་ཕྱོགས་དེ་གར་ཡིན་མ་ཤེས་ན། །བདེ་བ་ཅན་གྱི་ཞིང་དང་འོད་དཔག་མེད་། །ཡིད་ལ་དུང་དུང་་བསྒོམ་ཞིང་སོང་བས་ན། །ཞིང་ཁམས་དེ་རུ་ངེས་པར་ཕྱིན་པ་ནི། །དགོངས་འདུས་ཐུགས་རྗེ་ཆེན་པོ་ལ་སོགས་པ། །ཨོ་རྒྱན་གྱིས་མཛད་བྱང་བུའི་ལམ་བསྟན་གསལ། །འཇིག་རྟེན་ཁམས་ནི་གང་གཱའི་བྱེ་མ་སྙེད། །འདས་པའི་ཕ་རོལ་ས་ཐག་རིང་ན་ཡང་། །མི་ཕྱིན་པ་ཡི་དོགས་པ་མེད་པ་སྟེ། །མགྱོགས་བུལ་ད་ལྟའི་འགྱུ་བ་འདི་ཉིད་ཡིན། །དེ་


CMR032_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མ་ཆགས་མ་ཞེན་ཐེ་ཚོམ་སྤང་། །།བྱ་རྒྱལ་རྒོད་པོ་རྙི་ནས་ཐར་བ་བཞིན། །ནུབ་ཀྱི་ཕྱོགས་སུ་ཁ་གཏད་ནམ་མཁའི་དབྱིངས། བྱ་རྒྱལ་རྒོད་པོས་གནམ་འཕང་གཅོད་བཞིན་སོང་། །འདི་ནས་འགྲོ་དང་ཞིང་དེའི་བར་ལམ་དུ། །ཁྱོད་ཀྱི་ཕ་མ་ཉེ་འདུ་མཐུན་གྲོགས་རྣམས། །ང་ཡིན་མ་འགྲོ་མ་སྒྱུར་འདིར་ཤོག་ཟེར། །མིང་ནས་འབོད་ཅིང་སྨྲེ་སྔགས་འདོན་པ་ན། །བདུད་བགེགས་ལོག་འདྲེན་ཐར་པའི་བར་ཆད་ཡིན། །ཕྱི་མིག་མ་བལྟ་སྐད་ལན་མ་སྦྱིན་ཅིག །སངས་རྒྱས་འོད་དཔག་མེད་པ་མ་གཏོགས་པ། །ཡིད་ལ་ཅི་ཡང་བསྒོམ་པར་མ་བྱེད་ཅིག །བདེ་བ་ཅན་གྱི་བདེ་སྐྱིད་མ་གཏོགས་པ། །ཅི་དང་གང་ལའང་འདོད་སེམས་མ་སྐྱེད་ཅིག །དེ་བྱས་བདེ་བ་ཅན་དུ་ཕྱིན་པར་ངེས། །ཞིང་དེར་དེ་བཞིན་གཤེགས་པ་འོད་དཔག་མེད། །པདྨ་རཱ་གའི་རི་འདྲ་འོད་ཟེར་འབར། །ཞལ་མཇལ་སྐུ་ཡི་འོད་ཟེར་ཕོག་མ་ཐག །ལས་དང་ཉོན་མོངས་སྒྲིབ་པ་ཕལ་ཆེར་དག །སྐུ་རྒྱབ་གཏད་པའི་བྱང་ཆུབ་ཤིང་ཆེན་དེ། །མཐོང་བས་ཡོན་ཏན་དཔག་མེད་རྒྱུད་ལ་སྐྱེས། །དེ་ནས་མེ་ཏོག་པདྨ་ཁ་ཟུམ་པ། །གཅིག་ལ་ང་ཡིས་ཡིན་སྙམ་ཆགས་སེམས་སྐྱེ། །དེ་མ་


CMR032_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་ཏུ་དེ་ནང་བརྫུས་ཏེ་སྐྱེ། །སྐྱེས་མ་ཐག་ཏུ་ལུས་རྫོགས་མཚན་དཔེས་བརྒྱན། །ད་ལྟ་མི་སྐྱེ་དོགས་པར་ཐེ་ཚོམ་ན། །ལོ་གྲངས་ལྔ་བརྒྱར་མེ་ཏོག་ཁ་མི་བྱེ། །བདེ་སྐྱིད་ལྡན་ཡང་སངས་རྒྱས་ཞལ་མཐོང་འཕྱི། །ཐེ་ཚོམ་མེད་ན་དེ་མ་ཐག་ནས་བྱེ། །སངས་རྒྱས་མཆོད་ཅིང་དམ་ཆོས་ཐོས་པ་དང་། །བྱང་ཆུབ་མཆོག་གི་ལུང་བསྟན་ཐོབ་པར་འགྱུར། །དེར་སྐྱེས་ཕྱིར་ལ་ལྟུང་བ་མི་སྲིད་པས། །འབྲེལ་ཐོགས་ལ་སོགས་འདྲེན་དགོས་མང་ན་ཡང་། །རྫུ་འཕྲུལ་སྟོབས་ཀྱིས་དམྱལ་བ་བར་དོ་སོགས། །བགྲོད་ཅིང་དེ་དག་འདྲེན་པས་ཆོག་པ་ཡིན། །ཆོས་སྤངས་མཚམས་མེད་བྱས་པ་མ་གཏོགས་པ། །བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །ཞིང་ཁམས་དེ་རུ་སྨོན་ལམ་བཏབ་པ་དང་། །སངས་རྒྱས་འོད་དཔག་མེད་ལ་རྩེ་གཅིག་དད། །དགེ་སྡིག་གཉིས་ལས་དགེ་བ་སྟོབས་ཆེ་ན། །ཞིང་དེར་སྐྱེ་བ་འོད་དཔག་སྨོན་ལམ་སྟོབས། །ཁྱད་པར་མན་ངག་འདི་ཡོད་ཐེ་ཚོམ་མེད། །སེམས་བསྐྱེད་མི་ལྡན་སྨོན་ལམ་མ་བཏབ་དང་། །སྡིག་ཤས་ཆེ་བ་རྣམས་ནི་དེར་མ་གཏོགས། །ཆོས་སྒོར་མ་ཞུགས་རྣམས་ནི་ག་ལ་གཏོགས། །འོན་ཀྱང་


CMR032_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྐུར་མཚན་ཐོས་ཕན་ཡོན་དང་། །རྗེས་ནས་བསྔོ་བ་སྨོན་ལམ་མཐུ་ཤུགས་ཀྱིས། །དུས་མཐར་སྐྱེ་བའི་རྒྱུ་རུ་འགྱུར་བ་སྟེ། །དེ་དོན་འབྲེལ་བ་ཐོགས་ཆོག་ནང་དུ་གསལ། །དེ་ཕྱིར་དབང་ཐོབ་ཙམ་དང་མཚན་ཐོས་ཙམ། །ཡབ་སྲས་ཞལ་མཐོང་ཙམ་གྱིས་སྐྱེ་གསུངས་པ། །རྫུན་དུ་མི་འགྱུར་དེ་ལ་དགོངས་པ་ཡིན། །དེ་ཕྱིར་དགེ་རྩ་ཆུང་ཟད་ཙམ་རེས་ཀྱང་། །ཞིང་དེར་སྐྱེ་གསུངས་དོན་དེ་ཤེས་པར་གྱིས། །དེ་དོན་བརྩོན་འགྲུས་རྒྱ་མཚོས་ཞུས་པའི་ལན། །ཤཱཀྱའི་དགེ་སློང་རཱ་ག་ཨ་སྱ་ཡིས། །རྟ་ལོ་ཁྲུམས་ཟླའི་ཆ་དམར་པོའི་བཅུ་གཅིག་ཉིན། །མདོ་རྒྱུད་མན་ངག་ཀུན་གྱི་བཅུད་བསྡུས་པ། །དཔེ་ལ་མ་བལྟས་འཕྲལ་དུ་ངག་ནས་སྨོས། །དགེ་བཤེས་བརྩོན་འགྲུས་རྒྱ་མཚོ་ཡི་གེ་བ། །ནོངས་པ་མེད་པས་བཤགས་བྱ་ཅང་མ་མཆིས། །དགེ་བས་འདི་ཉིད་མཐོང་ཐོས་དྲན་རེག་ཀུན། །སྐྱེ་བ་གཞན་གྱིས་བར་མཚམས་མི་ཆོད་པར། །བདེ་བ་ཅན་གྱི་ཞིང་དེར་བརྫུས་སྐྱེས་ནས། །འོད་དཔག་མེད་མགོན་མཆོད་པས་མཉེས་བྱེད་ཤོག །ལེའུ་ཞེ་གསུམ་པའོ་མངྒ་ལཾ།། །།


previousལེའུ་ཞེ་བསྒོམ་ལོང་མ་བྱུང་འཆི་བ་བྱུང་བ་ལ། །ཞིང་བགྲོད་རྟ་མཆོག་བ་ལ་ཧ་ཞེས་ཡོད། །next