བདེ་བ་ཅན་གྱི་སྨོན་ལམ་ཟབ་ལམ་དབང་གི་ཆ་ལག
༄༅། །བདེ་བ་ཅན་གྱི་སྨོན་ལམ་ཟབ་ལམ་དབང་གི་ཆ་ལག་བཞུགས་སོ།། །།
བཅོམ་ལྡན་ཤཱཀྱའི་རྒྱལ་བོའི་ཞིང་འདི་ནས༔ ནུབ་ཕྱོགས་གངྒཱའི་ཀླུང་གི་བྱེ་མ་སྙེད༔ རྫོགས་སངས་རྒྱས་ཀྱི་ཞིང་ཁམས་བདེ་བ་ཅན༔ ཁྲག་ཁྲིག་ཕྲག་བརྒྱ་འདས་པའི་ཕ་རོལ་ན༔ ཞིང་ཁམས་སྐྱོན་མེད་རྣམ་དག་བདེ་བ་ཅན༔ ས་གཞི་ཐམས་ཅད་རིན་ཆེན་རང་བཞིན་ཏེ༔ ལག་མཐིལ་ལྟར་མཉམ་གཅོང་རོང་མེད་པའི་གནས༔ མེ་ཏོག་པདྨའི་ཚོགས་ཀྱིས་རབ་བརྒྱན་ཞིང་༔ བལྟ་བས་མི་ངོམ་མཛེས་ཤིང་ཡིད་དུ་འོང་༔ ཞིང་མཆོག་དེ་ན་ལྷ་མིའི་སྟོན་པ་ནི༔ སྐུ་ཚེ་དཔག་མེད་རྫོགས་པའི་སངས་རྒྱས་བཞུགས༔ ཉོན་མོངས་སྤངས་ཤིང་སྨོན་ལམ་དག་པའི་གནས༔ བདག་དང་འགྲོ་ཀུན་ཞིང་དེར་སྐྱེ་བར་ཤོག༔ དག་གསལ་བཀྲ་བའི་ཞིང་ཁམས་བདེ་བ་ཅན༔ རྒྱལ་བའི་རྣམ་འཕྲུལ་སྙན་པའི་སྒྲ་དབྱགས་འབྱིན༔ འཚོ་བའི་ཡོ་བྱད་ཇི་ལྟར་བསམ་པ་བཞིན༔ འབད་རྩོལ་མེད་པར་ལེགས་པར་འབྱུང་བའི་གནས༔ ཞིང་མཆོག་དེ་ན་སེམས་ཅན་ངན་སོང་དང་༔ ལྷ་མ་ཡིན་དང་གཤིན་རྗེའི་མིང་ཡང་མེད༔ དེ་ན་ཕལ་པའི་བུད་མེད་ཡོད་མ་ཡིན༔ མངལ་ན་གནས་པའང་ཡོད་པ་མ་ཡིན་ནོ༔ རིན་ཆེན་རྣམས་ཀྱི་མེ་ཏོག་པདྨ་ལས༔ བརྫུས་ཏེ་སྐྱེ་བའི་རང་བཞིན་ཤ་སྟག་གོ༔ མི་དགེ་སྤངས་ཤིང་སྨོན་ལམ་དག་པའི་གནས༔ བདག་དག་འགྲོ་ཀུན་ཞིང་དེར་སྐྱེ་བར་ཤོག༔ རྣམ་དག་འོད་གསལ་ཞིང་ཁམས་བདེ་བ་ཅན༔ ཞིང་དེར་སྐྱེས་པའི་སེམས་ཅན་ཐམས་ཅད་ལ༔ ན་ཚ་ལ་སོགས་སྡུག་བསྔལ་གཏན་མི་འབྱུང་༔ ཞིང་དེར་སྐྱེས་ནས་ངན་སོང་ལྟུང་མི་སྲིད༔ མི་ཁོམ་གནས་སུ་སྐྱེ་བའང་མི་སྲིད་དོ༔ ཞིང་དེར་སྐྱེས་པའི་བྱང་སེམས་དཔའ་རྣམས༔ ཚེ་ལོ་དཔག་ཏུ་མེད་པར་སྐུ་བཞུགས་ནས༔ སྐྱེ་བ་དུ་མར་བྱང་ཆུབ་སེམས་སར་གནས་ཏེ༔ སྤྱོད་པ་རླབས་ཆེན་མཛད་བཞེད་མ་གཏོགས་པ༔ སྐྱེ་བ་གཅིག་རྗེས་རྫོགས་སངས་རྒྱས་གྱུར་ཅིག༔ ཚོགས་གཉིས་རབ་རྫོགས་སྨོན་ལམ་དག་པའི་ཞིང་༔ བདག་དང་འགྲོ་ཀུན་ཞིང་དེར་སྐྱེ་བར་ཤོག༔ ཐུབ་པས་བསྔགས་པའི་ཞིང་ཁམས་ཁྱད་པར་ཅན༔ བདེ་བ་ཅན་གྱི་རིན་ཆེན་ཕོ་བྲང་ན༔ སྐུ་ཚེ་དཔག་མེད་རྫོགས་པའི་སངས་རྒྱས་བཞུགས༔ ཚེ་དཔག་མེད་མགོན་གཡས་ན་སྤྱན་རས་གཟིགས༔ བྱམས་དང་སྙིང་རྗེས་འགྲོ་བ་ཀུན་ལ་གཟིགས༔ མགོན་པོའི་གཡོན་ན་བྱང་སེམས་མཐུ་ཆེན་ཐོབ༔ དྲི་མེད་བསྟན་པ་རྒྱས་པའི་ཕྲིན་ལས་མཛད༔ རྒྱལ་བའི་འཁོར་གཞན་ཡོད་ཏན་ཕུན་ཚོགས་ཤིང་༔ ཡེ་ཤེས་ཆེར་རྒྱས་བསམ་གྱིས་མི་ཁྱབ་བཞུགས༔ བདག་ནི་ནམ་ཞིག་འཆི་བའི་དུས་བྱུང་ཚེ་༔ གནས་ངན་རྣམས་སུ་ནམ་ཡང་མི་གོལ་བར༔ ལྷ་མཆོག་ཁྱེད་ཀྱི་ཞལ་མཐོང་སྔོན་བསུས་ནས༔ བདེ་བ་ཅན་ཀྱི་ཞིང་དེར་སྐྱེ་བར་ཤོག༔ པདྨ་ལས་འཁྲུགས་དམ་ཆོས་ཉན་གྱུར་ཞིང་༔ རྒྱལ་བས་ལུང་བསྟན་མངོན་ཤེས་རྫུ་འཕྲུལ་ཐོབ༔ སེམས་ཅན་ཐམས་ཅད་ཞིང་མཆོག་དམ་པ་དེར༔ བདག་གིས་འདྲེན་པའི་རྟེན་འབྲེལ་འགྲིག་པར་ཤོག༔ དེ་ལྟར་བདག་གི་སྨོན་ལམ་བཟང་པོ་འདི༔ བླ་མ་མཆོག་དང་མགོན་པོ་སྤྱན་རས་གཟིགས༔ འཁོར་བཅས་ལ་སོགས་རྒྱལ་དང་རྒྱལ་བ་ཡི༔ སྲས་མཆོག་རྣམས་ཀྱིས་འགྲུབ་པར་མཛད་དུ་གསོལ༔ ནུབ་ཟངས་མཛོད་དམར་པོ་ནས། སྤྲུལ་སྐུ་རིག་འཛིན་རྒོད་སྡེམ་ཅན་གྱི་གཏེར་མའོ། སརྦ་མངྒ་ལཾ།། །།