Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

4 occurrences of ཇི་ཙམ་ཡོད་པ་
[Clear Hits]


  
expand section
  
  
  
 collapse section
  
  
 expand section
 expand section
 collapse section
  
  
སྐྱེ་གནས་བཞི་བཤད་པ།
  
  
  
  
  
  
  
  
  
 expand section
 expand section
 expand section
 expand section
 expand section
  
  


4 occurrences of ཇི་ཙམ་ཡོད་པ་
[Clear Hits]

 
previousསྐྱེ་གནས་བཞི་བཤད་པ།next

སྐྱེ་གནས་བཞི་བཤད་པ།


GLG014_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་སྐྱེ་གནས་བཞིར་དབྱེ་བ་ལ། གང་དུ་འཇུག་པ་སྐྱེ་གནས་ཀྱི་དབྱེ་བ། གང་འཇུག་པ་བར་སྲིད་ཀྱི་རང་བཞིན། དེ་སྐྱེ་གནས་སུ་བགྲོད་པའི་ཚུལ་དང་གསུམ། དང་པོ་ནི། སེམས་ཅན་རྣམས་ཆོས་ཅན། ཁྱོད་ཁམས་གསུམ་པོ་


GLG014_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

དེར་ནི་སྐྱེ་བའི་གནས་བཞི་དག་ཏུ་ཡོད་དེ། སྒོ་ང་ལས་སྐྱེས་པ་དང་། སོགས་པས་མངལ། དྲོད་གཤེར། རྫུས་སྐྱེས་རྣམས་ཡོད་པའི་ཕྱིར། མི་དང་དུད་འགྲོ་རྣམས་ནི་ཆོས་ཅན། ཁྱོད་ལ་སྔར་བཤད་པའི་སྐྱེ་གནས་བཞི་ག་ཡོད་དེ། རིམ་པ་བཞིན་དུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། གྲུ་ཞིག་པའི་ཚོང་པ། བྱ་ཁྲུང་ཁྲུང་མོ་དང་རྩེས་པའི་སྒོ་ང་ལས་དགེ་སློང་བྲག་དང་ཉེ་བའི་བྲག་གཉིས་བྱུང་བ་ལྟ་བུ་དང་། རྒྱལ་པོ་ལྔ་ལེན་གྱི་བཙུན་མོ་ལ་སྒོ་ང་ལྔ་བརྒྱ་སྐྱེས་པ་སྒྲོམ་དུ་བཅུག་སྟེ་ཆུ་བོ་གངྒ་ལ་བསྐུར་བ། ལི་ཙ་བྱིས་རྙེད་པ་ལས་ཁྱེའུ་ལྔ་བརྒྱ་བྱུང་བ་དང་། བཙུན་མོ་རི་དྭགས་འཛིན་གྱི་བུ་སུམ་ཅུ་རྩ་གཉིས་ལྟ་བུ་རྣམས་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། ད་ལྟར་གྱི་མི་ཕལ་ཆེ་བ་རྣམས་ཡིན་པའི་ཕྱིར། གསུམ་པ་གྲུབ་སྟེ། རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་སྤྱི་བོ་ལས་ང་ལས་ནུ། དེའི་བརླ་གཡས་ལས་མཛེས་པ། གཡོན་ལས་ཉེ་མཛེས་སྐྱེས་པ་ལྟ་བུ་ཡིན་པའི་ཕྱིར། བཞི་པ་གྲུབ་སྟེ། བསྐལ་པ་དང་པོའི་མི་ལྟ་བུ་ཡིན་པའི་ཕྱིར། རྟགས་ཕྱི་མ་བཞི་ག་གྲུབ་སྟེ། ཁྱུང་སྐྱེ་གནས་བཞི་ལྡན་གྱིས་ཀླུ་སྐྱེ་གནས་བཞི་ལྡན་ཟ་བའི་ཕྱིར། དམྱལ་བ་རྣམས་དང་། ལྷ་རྣམས་དང་། སྲིད་པ་བར་མ་བ་རྣམས་རྫུས་ཏེ་སྐྱེ་བ་ཡིན་ཏེ། ལས་ཀྱི་ནུས་པ་སྟོབས་དང་ལྡན་པའི་ཕྱིར། ཡི་དྭགས་ཆོས་ཅན། ཕལ་ཆེར་རྫུས་ཏེ་སྐྱེ་ཡང་མཐའ་གཅིག་ཏུ་མ་ངེས་ཏེ། མངལ་ནས་སྐྱེ་བ་ཡང་ཡོད་པའི་ཕྱིར། དེར་ཐལ། འཕགས་པ་མོའུ་གལ་གྱི་བུ་ལ། ཡི་དྭགས་མོ་ཞིག་ན་རེ། བདག་གིས་མཚན་མོ་བུ་ལྔ་དང་། དེ་བཞིན་ཉིན་མོ་གཞན་ལྔ་དག་བསྐྱེད་ནས་དེ་དག་ཟ་མོད་ཀྱི། །འོན་ཀྱང་བདག་ནི་ཚིམ་པ་མེད། །ཅེས་སྨྲས་པའི་ཕྱིར། སྐྱེ་གནས་བཞི་པོ་དེ་ལ་བཟང་ངན་གྱི་ཁྱད་པར་ཡོད་དེ། རྫུས་སྐྱེས་རང་གཞན་གཉིས་ཀ་ལ་མི་གནོད་པར་སྐྱེ། དྲོད་གཤེར་སྐྱེས་གཞན་ལ་མི་གནོད་པར་སྐྱེ། མངལ་སྐྱེས་སྡུག་བསྔལ་ལན་གཅིག་དང་། སྒོང་སྐྱེས་སྡུག་བསྔལ་ལན་


GLG014_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མྱོང་བའི་སྒོ་ནས་སྐྱེ་བའི་ཕྱིར། སྟོན་པ་ཤཱཀྱ་ཐུབ་པ་ཆོས་ཅན། ཁྱོད་སྐྱེ་གནས་བཟང་བ་གཉིས་བཞག་ནས་མངལ་དུ་སྐྱེ་བའི་རྒྱུ་མཚན་ཡོད་དེ། གདུལ་བྱ་སྤྲོ་བ་བསྐྱེད་ཅིང་། ཉེ་དུ་ཆོས་ལ་དགོད་པ་དང་། མུ་སྟེགས་བྱེད་སོགས་ཀྱི་ལོག་རྟོག་དགོག་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ། བར་སྲིད་ཀྱི་ངོ་བོ། སྒྲུབ་བྱེད། ཁྱད་ཆོས་དང་གསུམ། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། བར་སྲིད་ཆོས་ཅན། ཁྱོད་གཞག་ཏུ་ཡོད་དེ། འཇིག་རྟེན་སེམས་ཅན་འདིར་གང་གི །འཆི་སྲིད་དང་སྐྱེ་བའི་སྲིད་པའི་བར་དུ་འབྱུང་བའི་སྲིད་པ་ཞིག་ལ་བྱེད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་བྱུང་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གང་དུ་བགྲོད་པའི་ཡུལ་མངོན་དུས་ཀྱི་སྲིད་པ་དེར་མ་ཕྱིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག་ན་རེ། བར་དོ་བ་ཡིན་ན། བར་སྲིད་རྒྱུད་ལ་ལྡན་པའི་གང་ཟག་ཡིན་པས་ཁྱབ་ཟེར་ན། སྐྱེ་སྲིད་ཀྱི་རྟེན་ཅན་ཡིན་ན། སྐྱེ་སྲིད་རྒྱུད་ལ་ལྡན་པའི་གང་ཟག་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་ཀྱི་སྐྱེ་སྲིད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱས་པའི་ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེའི་རྒྱུད་ཀྱི་སྐྱེ་སྲིད་ཆོས་ཅན། ཉོན་མོངས་ཅན་ཡིན་པར་ཐལ། སྐྱེ་སྲིད་ཡིན་པའི་ཕྱིར་ཁྱབ་སྟེ། སྲིད་པ་བཞི་པོ་དེ་དག་ལས། །སྐྱེ་བའི་སྲིད་པ་ཉོན་མོངས་ཅན། །ཞེས་གསུངས་པའི་ཕྱིར། ཁ་ཅིག །བར་དོ་བའི་རྒྱུད་ཀྱི་སྐྱེ་སྲིད་དུ་ཉིང་འཚམས་སྦྱོར་བྱེད་ཀྱི་བློ་ཡིན་ན། ཆགས་སྡང་གི་བློ་ཕྱིན་ཅི་ལོག་ཏུ་གྱུར་པའི་སྒོ་ནས་སྐྱེ་སྲིད་དུ་ཉིང་འཚམས་སྦྱོར་བྱེད་ཀྱི་བློ་ཡིན་པས་ཁྱབ་ཟེར་ན། རྫུས་སྐྱེས་ཀྱི་བར་དོ་བའི་རྒྱུད་ཀྱི་སྐྱེ་སྲིད་དུ་ཉིང་འཚམས་སྦྱོར་བྱེད་ཀྱི་བློ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དེ་གནས་དོན་དུ་གཉེར་བའི་སྒོ་ནས་སྐྱེ་སྲིད་དུ་ཉིང་འཚམས་སྦྱོར་བའི་ཕྱིར། ཁ་ཅིག །མངལ་སྐྱེས་དང་སྒོང་སྐྱེས་ལ་


GLG014_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

གོང་གི་ཁྱབ་པ་དེ་ངེས་ཟེར་ན། རྒྱལ་བུ་དོན་གྲུབ་ཀྱི་བར་དོ་བའི་རྒྱུད་ཀྱི་མངལ་དུ་ཉིང་འཚམས་སྦྱོར་བྱེད་ཀྱི་བློ་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་གསལ་སླ། ཁ་ཅིག །ཡུམ་སྒྱུ་མ་ལྷ་མཛེས་ཀྱི་མངལ་དུ་ཉིང་འཚམས་སྦྱོར་ཁ་མའི་བར་དོ་བ་དེ་མཚན་དཔེས་སྤྲས་པར་ཐལ། སྟོན་པ་ཤཱཀྱ་ཐུབ་པ་མཚན་དཔེས་སྤྲས་པ་གང་ཞིག །དེ་ནི་འཕེན་པ་གཅིག་པའི་ཕྱིར། །སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། འདོད་ན། དེ་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པར་ཐལ། འདོད་པའི་ཕྱ྄ིར། འདོད་ན། དེ་སངས་རྒྱས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གཞོན་ནུ་དོན་གྲུབ་སངས་རྒྱས་ཡིན་པར་ཐལ་ལོ། ཁ་ཅིག །མི་ལྡོག་དེ་ནི་དྲི་ཟའོ། །ཞེས་གསུངས་པ་མི་འཐད་པར་ཐལ། ཁྱིའི་བར་སྲིད་གྲུབ་ནས། དེར་མི་སྐྱེ་བ་ཡོད་པའི་ཕྱིར་ན་མ་ཁྱབ། དེར་ཐལ། དེ་གྲུབ་ནས་ལྕེ་སྤྱང་དུ་སྐྱེ་བ་ཡོད་པའི་ཕྱིར། དེར་ཐལ། དེ་གཉིས་རིགས་མཐུན་པའི་ཕྱིར། ཁ་ཅིག །མངལ་དུ་སྐྱེས་པའི་མིའི་བར་དོ་བ་ཡོད་པར་ཐལ། དེར་སྐྱེ་བའི་མིའི་བར་སྲིད་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྫུས་སྐྱེས་ཡིན་པར་ཐལ། བར་དོ་བ་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། མངལ་སྐྱེས་ཡིན་པའི་ཕྱིར། དེར་ཐལ། མངལ་དུ་སྐྱེས་པའི་སྲིད་པ་ཡིན་པའི་ཕྱིར། དེར་ཐལ། དེར་སྐྱེས་པའི་མིའི་སྲིད་པ་ཡིན་པའི་ཕྱིར། དེར་ཐལ། དེར་སྐྱེས་པའི་མིའི་བར་སྲིད་པ་ཡིན་པའི་ཕྱིར་ན། མ་ཁྱབ་སྟེ། མིའི་བར་སྲིད་ཡིན་ན་མིའི་སྲིད་པ་ཡིན་མི་དགོས་པའི་ཕྱིར། དེར་ཐལ། མདོ་ལས། སྲིད་པ་ནི་བདུན་ཏེ། དམྱལ་བའི་སྲིད་པ། ཡི་དྭགས་ཀྱི་སྲིད་པ་དང་། དུད་འགྲོའི་སྲིད་པ། མིའི་སྲིད་པ་དང་། ལྷའི་སྲིད་པ་དང་། ལས་ཀྱི་སྲིད་པ་དང་། སྲིད་པ་བར་མའོ། །ཞེས་སོ་སོར་བཤད་པའི་ཕྱིར། ཁ་ཅིག །མིའི་བར་དོ་བ་ཡིན་ན། རྫུས་སྐྱེས་ཡིན་


GLG014_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མིའི་བར་དོ་བ་ཡིན་པས་ཁྱབ་ཟེར་ན། མིའི་བར་དོའི་རྟེན་ཅན་གྱི་གང་ཟག་ཡིན་ན། རྫུས་སྐྱེས་ཡིན་པའི་མིའི་བར་དོའི་རྟེན་ཅན་གྱི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། མངལ་སྐྱེས་ཡིན་པའི་མིའི་སྐྱེ་སྲིད་དུ་ཉིང་འཚམས་སྦྱོར་ཁ་མའི་བར་དོ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ལ་རྫུས་སྐྱེས་ཡིན་པའི་མིའི་བར་དོ་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་རྫུས་སྐྱེས་ཡིན་པའི་མིའི་སྐྱེ་སྲིད་དུ་ཉིང་འཚམས་སྦྱོར་བར་ཐལ། འདོད་པ་གང་ཞིག །མི་ལྡོག་དེ་ནི་དྲི་ཟའོ། །ཞེས་གསུངས་པའི་ཕྱིར།གཉིས་པ་ལ། རིགས་པ་དང་། ལུང་གི་སྒྲུབ་བྱེད་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། ཕལ་ཆེན་པ་ཁྱེད་རྣམས་ཀྱིས་འཆི་བའི་སྲིད་པ་རྒྱུན་ཆད་པ་ཁོ་ན་ལས་སྐྱེ་སྲིད་བྱུང་བར་འདོད་པ་ནི་རིགས་པ་མ་ཡིན་ཏེ། སེམས་ནི་འབྲུ་ཡི་རྒྱུན་དང་རྒྱུན་མི་འཆད་པར་ཆོས་མཐུན་པས་སྲིད་པ་སྔ་མའི་རྒྱུན་ལས་ཕྱི་མའི་རྒྱུན་རིམ་པས་འབྱུང་བའི་ཕྱིར། དཔེར་ན་འབྲུ་ཤར་ནས་ནུབ་ཏུ་དྲངས་པའི་ཚེ། རྒྱུན་མི་འཆད་པར་སླེབ་པ་བཞིན་ཡིན་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། འཆི་སྲིད་རྒྱུན་ཆད་པ་ལས་སྐྱེ་སྲིད་འབྱུང་བའི་དཔེ་ཡོད་དེ། བྱད་བཞིན་གྱི་གཟུགས་དང་འགྱངས་ཆད་པ་ལས་མེ་ལོང་ནང་དུ་དེའི་གཟུགས་བརྙན་འབྱུང་བའི་ཕྱིར། ཟེར་ན་དེ་དཔེ་རྣམ་དག་མ་ཡིན་ཏེ། དེ་འདྲའི་གཟུགས་བརྙན་ཐོགས་བཅས་པ་མ་གྲུབ་པ་གང་ཞིག །ཡིན་དུ་ཆུག་ཀྱང་དེ་དང་འཆི་སྲིད་རྒྱུན་ཆད་པའི་སྐྱེ་སྲིད་མི་འདྲ་བའི་ཕྱིར། དང་པོ་དེར་ཐལ། གོས་གཅིག་ན་ལྷན་ཅིག་ཐོགས་བཅས་ཀྱི་རྡུལ་རིགས་མི་མཐུན་པ་གཉིས་གནས་པ་མེད་པའི་ཕྱིར། གཉིས་པ་དེར་ཐལ། བྱད་བཞིན་གྱི་གཟུགས་བརྙན་བྱད་གཟུགས་ཀྱི་རྒྱུན་མ་ཡིན་པའི་ཕྱིར་དང་། གཟུགས་བརྙན་དེ་བྱད་བཞིན་དང་མེ་ལོང་གཉིས་ལས་བྱུང་བ་ནི་གང་ཞིག །སྐྱེ་སྲིད་རྒྱུ་གཉིས་པོ་དེ་ལས་འབྱུང་བ་མེད་པའི་ཕྱིར། གཉིས་པ་ནི། བར་སྲིད་པ་ཆོས་ཅན། ཁྱོད་ཡོད་དེ། སྟོན་པའི་མགུར་ནས་སྲིད་པ་བདུན་གསུངས་པས་ཁྱོད་ཡོད་པར་འགྲུབ་པའི་ཕྱིར་དང་། གཞན་ཡང་། མདོ་ལས།


GLG014_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདའ་བ་གཅིག །སྐྱེས་འདའ་བ་གསུམ། གོང་འཕོ་བ་དང་ལྔ་གསུངས་པའི་ཕྱིར་དང་། སྐྱེས་བུ་དམ་པའི་འགྲོ་བ་བདུན་ཞེས་བྱ་བའི་མདོ་ལས་ཀྱང་། མྱུར་བར་འདའ་བ། མྱུར་བ་མ་ཡིན་པར་འདའ་བ། དུས་ཡུན་རིང་མོ་ཞིག་ནས་མྱ་ངན་ལས་འདའ་བའི་བར་འདའ་བ་གསུམ་གསུངས་པའི་ཕྱིར། ཕལ་ཆེན་པས་སངས་རྒྱས་འོད་སྲུང་ཀྱི་ཉན་ཐོས་ཞིག་གི་དབུ་ལ་བདུད་སུན་འབྱིན་བྱེད་ཀྱིས་རྡོ་བསྣུན་ཏེ་བཀྲོངས་པས། ལུས་དེ་ཉིད་ལ་མེས་བསྐོར་ཏེ། དམྱལ་བར་སྐྱེས་པར་བཤད་པའི་རིགས་པ་བྱེད་པ་མི་འཐད་དེ། དེ་ནི་མཐོང་ཆོས་མྱོང་འགྱུར་ལ་དགོངས་པའི་ཕྱིར། གསུམ་པ་ནི། མིའི་བར་སྲིད་པ་ཆོས་ཅན། རང་གང་དུ་སྐྱེ་འགྱུར་གྱི་མིའི་སྔོན་དུས་ཀྱི་སྲིད་པའི་ཁ་དོག་དང་དབྱིབས་སོགས་ཤ་ཚུགས་ཅན་དུ་འབྱུང་སྟེ། དེ་ན་མིའི་སྔོན་དུས་ཀྱི་སྲིད་པ་དང་འཕེན་བྱེད་ཀྱི་ལས་གཅིག་གིས་འཕངས་པར་རིགས་གཅིག་པའི་ཕྱིར། སྔོན་དུས་ཀྱི་སྲིད་པ་དེ་ནི་ཆོས་ཅན། ཁྱོད་ཡོད་དེ། སྐྱེ་སྲིད་གྲུབ་པའི་སྐད་ཅིག་གཉིས་པ་ཕན་ཆད་ནས་འཆི་བའི་སྲིད་པའི་སྔོན་རོལ་ཚུན་ཆད་ལ་འཇོག་པའི་ཕྱིར། མིའི་བར་སྲིད་ཆོས་ཅན། ཁྱོད་ཀྱིས་ལྷའི་བར་སྲིད་མི་མཐོང་སྟེ། ཁྱོད་ཀྱི་ནང་ཕན་ཚུན་རིགས་མཐུན་རྣམས་མཐོང་ལ་རིགས་མི་མཐུན་པ་རྣམས་མི་མཐོང་བ་གང་ཞིག །མིའི་བར་སྲིད་ཡིན་པའི་ཕྱིར། འདོད་གཟུགས་ཀྱི་བར་སྲིད་ཐམས་ཅད་ཆོས་ཅན། ཁྱོད་མཐོང་བའི་མིག་ཡོད་དེ། སྐྱོན་བཅུ་གཅིག་དང་བྲལ་བའི་ལྷའི་མིག་རྣམ་པར་དག་པས་མཐོང་བའི་ཕྱིར། བར་སྲིད་པ་ཆོས་ཅན། རྫུ་འཕྲུལ་དང་ལྡན་ཏེ། ལས་ཀྱི་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་བའི་ཕྱིར། དེ་ཆོས་ཅན། ཤུགས་དང་ལྡན་ཏེ། གང་དུ་བསམས་པའི་གནས་དེར་སྐད་ཅིག་གིས་འགྲོ་ནུས་པའི་ཕྱིར། དེ་ཆོས་ཅན། དབང་པོ་ཀུན་ཚང་ཐོགས་པ་མེད་པ་དང་ལྡན་ཏེ། རི་རྭ་བ་སོགས་ལ་ཡང་མི་ཐོགས་པའི་ཕྱིར། མིའི་བར་སྲིད་ཆོས་ཅན། ཁྱོད་གྲུབ་ནས་མིའི་སྔོན་དུས་སུ་འགྲོ་བར་ངེས་ཏེ། གཞན་


GLG014_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་ལྡོག་པའི་ཕྱིར། དེ་ཆོས་ཅན། དྲི་ཟ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འདོད་པའི་བར་སྲིད་པ་གང་ཞིག་དེས་ཟས་སུ་དྲི་ཟ་བའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ཚེ་ཚད་ཡོད་དེ། ཞག་བདུན་དུ་གནས་ཤིང་། སྐྱེ་བའི་ཚོགས་པ་མ་རྙེད་ནང་གི་གནས་དེ་ཉིད་དུ་སྐྱེ་བའི་ཕྱིར། གསུམ་པ་དེ་སྐྱེ་གནས་སུ་བགྲོད་པའི་ཚུལ་ལ། དངོས་དང་། སྐྱེ་གནས་སུ་འཇུག་པའི་དབྱེ་སྒོ་གཉིས། དང་པོ་ནི། མངལ་དང་སྒོ་ང་ལས་སྐྱེས་པ་གཉིས་ནི་ཆོས་ཅན། ཁྱོད་སྐྱེ་གནས་སུ་བགྲོད་ཚུལ་ཡོད་དེ། བློ་ནི་ཕྱིན་ཅི་ལོག་ཏུ་གྱུར་པས་རྩེ་ཤིང་དགའ་བའི་རྣམ་པས་འགྲོ་བའི་ཡུལ་སྐྱེ་གནས་དེར་འགྲོ་བའི་ཕྱིར། དྲོད་བཤེར་སྐྱེས་དང་རྫུས་སྐྱེས་གཉིས་འཇུག་ཚུལ་ཡོད་དེ། སྔ་མ་དྲི་དང་། ཕྱི་མ་གནས་ལ་མངོན་པར་འདོད་པར་འཇུག་པའི་ཕྱིར། གནས་ལ་མངོན་པར་འདོད་པས་འཇུག་ཚུལ་ཡོད་དེ། ཚ་དམྱལ་གྱི་བར་སྲིད་གྲུབ་ཚེ། རེག་བྱ་ཤིན་ཏུ་གྲང་བས་ཉེན་ནས་ཚ་བའི་གནས་འཚོལ་འདོད་པས་དེ་ལ་མངོན་པར་དགའ་བ་སོགས་ཀྱི་འཇུག་པའི་ཕྱིར། བར་སྲིད་ཀྱི་འགྲོ་ཚུལ་ཡོད་དེ། དམྱལ་བ་ཡི་ནི་བར་སྲིད་སྤྱི་བོ་ཚུགས་སུ་འགྲོ་ལ། མི་དང་། དུད་འགྲོ། ཡི་དྭགས་གསུམ་གྱི་ཐད་ཀ །ལྷའི་དེ་གྱེན་ལ་འགྲོ་བའི་ཕྱིར། དེ་དག་གི་ཁ་དོག་ཡོད་དེ། དམྱལ་བའི་བར་སྲིད་སྡོང་རྡུམ་མེས་ཚིག་པ་ལྟ་བུ། ཡི་དྭགས་ཆུ། དུད་འགྲོ་དུ་བ། མི་དང་འདོད་ལྷ་གསེར། གཟུགས་ཁམས་པ་སྣམ་བུ་དཀར་པོ་ལྟ་བུར་ཡོད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། བློ་ཕྱིན་ཅི་མ་ལོག་པར་མངལ་དུ་འཇུག་ཚུལ་གསུམ་དག་ཡོད་དེ། གོ་རིམ་བཞིན། འཁོར་ལོས་སྒྱུར་བ་དང་། རང་སངས་རྒྱས་དང་། རྫོགས་པའི་སངས་རྒྱས་རྣམས་སུ་ཡོད་པའི་ཕྱིར། དང་པོ་དེར་ཐལ། གཅིག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་ཤེས་བཞིན་དུ་འཇུག་པའི་ཕྱིར། དེ་ཆོས་ཅན། གནས་པ་དང་འབྱུང་བ་མི་ཤེས་ཏེ། བསོད་ནམས་ཀྱི་ལས་རྒྱ་ཆེན་པོ་ཙམ་དང་ལྡན་པའི་ཕྱིར། གཞན་
རང་སངས་རྒྱས་ནི་ཆོས་ཅན། སྔ་མ་ལས་ལྷག་སྟེ། གནས་པ་ཡང་ཤེས་བཞིན་དུ་གནས་པའི་ཕྱིར། དེ་ཆོས་ཅན། འབྱུང་བ་མི་ཤེས་ཏེ། ཡེ་ཤེས་ཀྱི་ཚོགས་རྒྱ་ཆེ་བ་ཙམ་ཡིན་པའི་ཕྱིར། རྫོགས་པའི་སངས་རྒྱས་ནི་ཆོས་ཅན། འབྱུང་བའང་གསུམ་ག་ལ་ཤེས་བཞིན་དུ་འབྱུང་སྟེ། ཚོགས་གཉིས་ཀ་རྒྱ་ཆེ་བས་དེ་ལྟར་ཡིན་པའི་ཕྱིར། དེ་ལས་གཞན་པའི་མངལ་སྐྱེས་ནི་ཆོས་ཅན། འབྱུང་འཇུག་གནས་གསུམ་ག་མི་ཤེས་ཏེ། དེ་ཐམས་ཅད་ལ་རྨོངས་པའི་ཕྱིར། སྒོ་ང་ལས་སྐྱེས་པ་ཆོས་ཅན། དུས་རྟག་ཏུ་རྨོངས་ཏེ། སྐྱེ་གནས་གཉིས་པ་ཅན་ཡིན་པའི་ཕྱིར། སྨྲས་པ། ལས་ཀྱི་གཞན་དབང་ཅན་གྱུར་བར་སྲིད་དག །མཁའ་ལ་རླུང་གིས་ཤིང་བལ་བསྐྱོད་པ་ལྟར། །ཐོགས་མེད་རྒྱུ་བའི་ཚུལ་འདི་བསམས་པ་ན། །དལ་འབྱོར་དོན་ལྡན་བྱེད་པའི་ལྕག་གཅིག་བྱུང་། །མི་རྟག་སྣང་ཚུལ་བསམས་ནས་ལོང་མེད་སྐྱེ། །མཁས་པའི་བསྟན་བཅོས་མཐོང་ན་བློ་སྣ་རིང་། །ཐོས་བསམ་རེས་འཇོག་བྱེད་པའི་བནྡེ་ཁྱོད། །ད་དུང་འཆད་རྩོད་རྩོམ་པ་དང་དུ་ལོང་། །དབྱར་གྱི་ལང་ཚོ་རྒྱས་པའི་བཞིན་རས་ནས། །སྨིན་མའི་ལོ་འདབ་གཡོ་བའི་དཔག་བསམ་ལྗོན། །མངར་བའི་ཁ་ཡི་དྲི་ལྡན་ལུས་ཕྲ་མའི། །རྨད་བྱུང་བདེ་བས་འདོད་ལྡན་དགའ་སྐྱེད་ན། །མི་ཤེས་མུན་པའི་ཚོགས་རྣམས་རབ་སིལ་བའི། །བླང་དོར་སྣང་བའི་གཟུགས་ཕུང་མ་ལུས་པ། །མཐོང་བྱེད་ཆོས་མངོན་མཛོད་ཀྱི་བསྟན་བཅོས་ཀྱིས། །ཤེས་ལྡན་ཀུན་གྱི་བརྟན་པ་ཅིས་མི་འཕྲོག །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousསྐྱེ་གནས་བཞི་བཤད་པ།next