Nitartha Digital Library
Tibetan
གསུང་འབུམ་པོད་བཞི་པ།

1 occurrence of ཁྲོལ་བུ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
དཔལ་ཆེན་རྟ་མགྲིན་ནག་པོའི་ལུས་དཀྱིལ།
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཁྲོལ་བུ་
[Clear Hits]

 
previousདཔལ་ཆེན་རྟ་མགྲིན་ནག་པོའི་ལུས་དཀྱིལ།next

དཔལ་ཆེན་རྟ་མགྲིན་ནག་པོའི་ལུས་དཀྱིལ།

དཔལ་ཆེན་རྟ་མགྲིན་ནག་པོའི་ལུས་དཀྱིལ་བཞུགས་སོ༔

སྦྱོར་བ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ༔ ཧོ༔ འཁོར་འདས་ཐམས་ཅད་སེམས་ཀྱི་ཁྱབ༔ སེམས་ཉིད་དུས་གསུམ་སངས་རྒྱས་ལ༔ རང་རིག་རང་ངོ་ཤེས་པའི་ངང་༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ རྣལ་མ་མ་བཅོས་ཆེན་པོ་ནི༔ སེམས་ཅན་ཀུན་གྱི་དེ་བཞིན་ཉིད༔ ཆོས་སྐུའི་རང་གདེངས་འཚོ་བའི་ཕྱིར༔ བདག་གི་དཔལ་ཆེན་སྒྲུབ་པར་བགྱི༔ དངོས་གཞི་ནི༔ ཧོ༔ མི་དམིགས་ནམ་མཁའི་ངང་ཉིད་ལས༔ སྙིང་རྗེ་ཆེན་པོའི་རླན་བྱུང་སྟེ༔ ཕྲ་བའི་སྲོག་སྟེ་ཧྲཱི་ཡིག་མཚན༔ དོན་གཉིས་ལྷུན་གྲུབ་བཅོས་སུ་ཤར༔ བདེ་སྟོང་དྲོད་ཀྱི་རིམ་སྨིན་ཚུལ༔ ནོར་བུ་ནམ་མཁའ་བདེ་འཁོར་རླུང་༔ བསྐྱེད་བྱེད་དབང་ཆེན་རྣམ་བཀོད་ཆུ༔ ཆོས་ཀྱི་དཀྱིལ་འཁོར་ཞིང་ཁམས་དབུས༔ གསུང་སྒོ་གཞལ་ཡས་ཁང་སུ་རྫོགས༔ གོས་དཀར་ཡུམ་གྱི་བ་ག་རུ༔ ཁམས་ལུས་རྣམ་དག་པད་ཉི་ཟླ༔ ཀླུ་དབང་རོ་ཉེ་ལ་བརྫིས་སྟེང་༔ རྒྱལ་ཀུན་གསུང་གི་དབང་ཕྱུག་པོ༔ སྐུ་མདོག་བུང་བ་གཞོན་ནུས་གཟུགས༔ ཁྲོས་པའི་རྟ་སྐད་འདུལ་གླུ་ཅན༔ ཞལ་གཅིག་ཕྱག་གཉིས་རལ་གྲི་དང་༔ ལྕགས་ཀྱུའི་དགྲ་བགེགས་འགུགས་ཅིང་སྒྲོལ༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ ཁྲོ་བོའི་ཆ་ལུགས་ཡོངས་སུ་རྫོགས༔ འབར་བའི་གར་དགུའི་བརྗིད་པར་གསལ༔ ཡུམ་མཆོག་རྡོ་རྗེ་གཏུམ་མོ་ནག༔ ཕྱག་གཉིས་གྲི་ཐོད་འཛིན་པས་འཁྲིལ༔ འཁོར་དུ་པདྨ་དཔའ་བོ་དང་༔ ཊཱཀྐི་དམར་ནག་འབུམ་གྱིས་ཚོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ ངོ་བོ་རང་རྩལ་མ་འགགས་ཤར༔ གནས་གསུམ་འོད་ཀྱི་ཡེ་ཤེས་པ༔ སྤྱན་དྲངས་གཉིས་སུ་མེད་པར་བསྟིམ༔ ལྟ་བསྒོམ་སྒྲུབ་པའི་ཕྱག་འཚལ་ལོ༔ ཀུན་བཟང་རྒྱན་གྱིས་འཁོར་ལོའི་མཆོད༔ ཆེ་བའི་ཡོན་ཏན་རྫོགས་ལ་བསྟོད༔ ཐུགས་ཀར་ཉི་སྟེང་གྲི་གུག་གི༔ རྩེ་མོ་རྡོ་རྗེའི་ཁོང་གསེང་དབུས༔ ཧྲཱི༔ མཐར་སྔགས་ཀྱི་གཡོན་དུ་བསྐོར༔ འོད་ཟེར་འཕྲོ་འདུས་དོན་གཉིས་བྱས༔ ཁྱད་པར་དྲེགས་ཚོགས་གནད་ལ་དབབས༔ འགུགས་བསྒྲལ་མནན་པའི་ཆོ་ག་རྫོགས༔ སྣང་སྲིད་དག་པ་རབ་འབྱམས་དང་༔ དབང་དྲག་འབར་བའི་འཁོར་ལོར་རོལ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷ་ཝ་ཀ་ལ་ཧྲཱི༔ ཞེས་པ་འབུམ་ཕྲག་བཅུ་གསུམ་གྱི༔ རྟ་མགྲིན་རྒྱལ་པོའི་དངོས་གྲུབ་ཐོབ༔ སྣང་སྲིད་དྲེགས་པ་དབང་དུ་འདུས༔ ས་མ་ཡཱ༔

སླར་ཡང་རྒྱུན་གྱི་ཟ་ཚོགས་ནི༔ རཾ་ཡཾ་ཁཾ༔ ཨོཾ་ཨཱ་ཧཱུྃ༔ ཚོགས་རྫས་ཟག་མེད་བདུད་རྩི་འདིས༔ དབང་ཆེན་ཧེ་རུའི་ལྷ་ཚོགས་མཆོད༔ དམ་ཚིག་ཉམས་ཆགས་འགལ་འཁྲུལ་བཤགས༔ རྟོག་གཉིས་རུ་ཏྲ་དབྱིངས་སུ་བསྒྲལ༔ ཟག་བཅས་འོད་གསལ་ངང་དུ་མཆོད༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ གདན་གསུམ་ལྷ་ཚོགས་དགྱེས་པ་བསྐངས༔ ལྷག་སྐྱོང་ཕོ་མོ་ལྷག་ལ་རོལ༔ ཆད་ཐོ་དམ་ཅན་སྲུང་མ་མཆོད༔ ཕྲིན་ལས་རབ་འབྱམས་ལྷུན་གྲུབ་མཛོད༔ ཚོགས་གཏོར་ཉམས་ཆགས་ཉེ་༼ ཉེས་དཔྱད། ༽ལྟུང་བཤགས༔ དགེ་བས་འགྲོ་ཀུན་སྨིན་གྲོལ་ནས༔ ཀུན་བཟང་རྒྱལ་སྲིད་ཐོབ་པར་ཤོག༔ ཅེས་ཀྱང་ཡིད་དགེའི་ངོར་བྲེལ་འཚུབ་ངང་ནས་ག་གཱས་སོ། །དགེའོ། །


previousདཔལ་ཆེན་རྟ་མགྲིན་ནག་པོའི་ལུས་དཀྱིལ།next