Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  collapse section
   
   
   
   
   
   
   
ཐེག་ཆེན་གྱི་མཐོང་ལམ་བཤད་པ།
   
   
   
   
   
   
   
  expand section
  expand section
  expand section
  expand section
  expand section


 
previousཐེག་ཆེན་གྱི་མཐོང་ལམ་བཤད་པ།next

ཐེག་ཆེན་གྱི་མཐོང་ལམ་བཤད་པ།


GLG013_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་ཆེན་གྱི་མཐོང་ལམ་བཤད་པ། གསུམ་པ་བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རང་བཞིན་འཆད་པ་ལ། སྤྱིའི་མཚམས་སྦྱོར་བ་དང་། སོ་སོའི་ངོ་བོ་བཤད་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། རང་སངས་རྒྱས་ཀྱི་ལམ་གྱི་མཇུག་ཐོགས་སུ་བྱང་ཆུབ་སེམས་དཔའི་ལམ་


GLG013_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་ལམ་ཤེས་འཆད་ཚུལ་ཡོད་དེ། བདེན་དང་བདེན་པ་སོགས་ཀྱིས་འཆད་པའི་ཕྱིར། གཉིས་པ་ལ། མཐོང་ལམ་བཤད་པ། སྒོམ་ལམ་བཤད་པ་གཉིས། དང་པོ་ལ། སྐད་ཅིག་མ་མདོར་བསྟན་པ། རྣམ་པ་སྒོམ་ཚུལ་རྒྱས་པར་བཤད་པ། རྣམ་པ་མ་བསྟན་པར་འདོད་པ་དགག་པ་གསུམ། དང་པོ་ལ། རྩ་བ་དང་འགྲེལ་པ་གཉིས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། ལམ་ཤེས་ཉིད་ཀྱི་སྐབས་ལ་མཐོང་བའི་ལམ་ཕན་ཡོན་དང་བཅས་པ་འདི་བཤད་པར་བྱ་བ་ཡིན་ཏེ། ཕན་ཡོན་དང་བཅས་པ་དེ་ཡང་སྡུག་ཀུན་གྱི་བདེན་པ་དང་། འགོག་ལམ་གྱི་བདེན་པ་ལ་བཟོད་པ་དང་ཤེས་པའི་སྐད་ཅིག་མ་རྣམ་པ་བཞིའི་སྒོ་ནས་བཤད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །སྦྱོར་ལམ་ཆོས་མཆོག་གི་མཇུག་ཐོགས་དེ་མ་ཐག་ཏུ་བདེན་བཞིའི་རྣམ་པ་བཅུ་དྲུག་ལ་དམིགས་ནས་སྟོང་ཉིད་སྤྲོས་བྲལ་མངོན་སུམ་གྱིས་གསར་དུ་རྟོགས་པའི་ཤེས་རབ་ཏིང་འཛིན་མཚུངས་ལྡན་དང་བཅས་པ་གང་ཞིག །སྦྱིན་སོགས་སྤྱོད་པའི་རིགས་མཐའ་དག་གིས་ཟིན་པ་དེ་ཐེག་ཆེན་གྱི་མཐོང་ལམ་གྱི་མཚན་ཉིད་ཟེར་ན། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་ན། སློབ་ལམ་ན་བློ་གཅིག་གིས་བདེན་གཉིས་ཅིག་ཅར་དུ་མངོན་སུམ་དུ་རྟོགས་པ་ཡོད་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །དེ་ཐེག་ཆེན་ཐུན་མོང་མ་ཡིན་པའི་མཐོང་ལམ་གྱི་མཚན་ཉིད་ཟེར་ན། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་གྱི་མཐོང་ལམ་ཡིན་པའི་ཕྱིར། འདོད་


GLG013_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ན། མངོན་སུམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྟོག་པ་ཡིན་པའི་ཕྱིར། ཁ་ཅིག །སྲིད་ཞི་གཉིས་ཀའི་མཐའ་འགོག་བྱེད་ཀྱི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ་ཐེག་ཆེན་མཐོང་ལམ་གྱི་མཚན་ཉིད་ཟེར་ན། སྐྱོན་འཕེན་པ་ཁ་ཅིག །བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དོན་དམ་ལ་བརྟེན་པའི་དེ་ཡིན་པར་ཐལ། འདོད་པ་གང་ཞིག །ཀུན་རྫོབ་ལ་བརྟེན་པའི་དེ་མ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། ཀུན་རྫོབ་ལ་བརྟེན་པའི་སྲིད་མཐའ་འགོག་བྱེད་ཀྱི་ཡེ་ཤེས་མ་ཡིན་པའི་ཕྱིར། དེར་ཐལ། བདག་མེད་ཕྲ་རགས་གང་རུང་རྟོགས་པའི་ཡེ་ཤེས་མ་ཡིན་པའི་ཕྱིར་ན་མ་ཁྱབ་སྟེ། ཐེག་ཆེན་གྱི་མཐོང་ལམ་དེ་སྲིད་ཞི་གཉིས་ཀའི་མཐའ་འགོག་བྱེད་ཀྱི་ཡེ་ཤེས་ཡིན་པའི་ཕྱིར། ཁ་ཅིག །སྲིད་ཞིའི་མཐའ་འགོག་བྱེད་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཐེག་ཆེན་མཐོང་ལམ་གྱི་མཚན་ཉིད་ཟེར་ན། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། སྲིད་མཐའ་འགོག་བྱེད་ཀྱི་རྟོགས་རིགས་སུ་གནས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐེག་དམན་གྱི་རྟོགས་རིགས་སུ་གནས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །ཐེག་ཆེན་གྱི་སྦྱོར་ལམ་རྫོགས་རྗེས་སུ་བྱུང་ཞིང་། ཐེག་ཆེན་གྱི་སྒོམ་ལམ་མ་སྐྱེས་གོང་གི་མཁྱེན་པ་དེ་ཐེག་ཆེན་གྱི་མཐོང་ལམ་གྱི་མཚན་ཉིད་ཟེར་ན། ཐེག་ཆེན་གྱི་སྒོམ་ལམ་གྱི་འབྲས་བུར་གྱུར་པའི་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། སྒོམ་ལམ་མ་སྐྱེས་གོང་གི་མཁྱེན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་ཕྱི་ལོགས་སུ་གྲུབ་པའི་ཕྱིར། གཞན་ཡང་། ཐེག་ཆེན་


GLG013_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་ལམ་གྱི་རྒྱུར་གྱུར་པའི་ཐེག་ཆེན་གྱི་མཐོང་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཐེག་ཆེན་སྦྱོར་ལམ་རྫོགས་རྗེས་སུ་མ་བྱུང་བར་ཐལ། ཐེག་ཆེན་གྱི་སྦྱོར་ལམ་གྱི་སྔ་ལོགས་སུ་བྱུང་བའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ་སྐབས་འདིར་དངོས་སུ་བསྟན་པའི་ཐེག་ཆེན་མཐོང་ལམ་གྱི་མཚན་ཉིད་ཟེར་ན། ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་ཆོས་ཉིད་ལ་མངོན་སུམ་དུ་མཉམ་པར་བཞག་པའི་མཐོང་ལམ་མཉམ་གཞག་ཡེ་ཤེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། དང་པོ་ཉིད་ནས་ཐེག་ཆེན་དུ་རིགས་ངེས་ཀྱི་དེར་ཐལ། འདོད་པའི་ཕྱིར། འདོད་ན། དམན་ལམ་སྔོན་མ་སོང་གི་ཐེག་ཆེན་གྱི་མཐོང་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །སྟོང་ཉིད་ལ་གཉིས་སྣང་ནུབ་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་གང་ཞིག །མཐོང་སྤང་བདེན་འཛིན་ལས་དངོས་སུ་གྲོལ་བ་ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་གྱི་མཚན་ཉིད་ཟེར་ན། དེ་འདྲ་སྐད་ཅིག་གཉིས་པ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་གྱི་དངོས་འབྲས་སུ་གྱུར་པའི་ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་སྐད་ཅིག་གཉིས་པ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། འོ་ན། དེ་འདྲ་སྐད་ཅིག་སྔ་ཕྱི་གཉིས་དུས་མཉམ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་གང་ཞིག །བདེན་འཛིན་ཀུན་བརྟགས་ཀྱི་དངོས་གཉེན་བྱེད་པ་དེ་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་གྱི་མཚན་ཉིད་ཟེར་ན། བདེན་འཛིན་ཀུན་བརྟགས་ཀྱི་རྒྱུར་གྱུར་པའི་ཐེག་ཆེན་གྱི་མཐོང་ལམ་


GLG013_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་མེད་ལམ་ཡོད་པར་ཐལ། དེའི་རྒྱུར་གྱུར་པའི་རྣམ་མཁྱེན་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུར་གྱུར་པའི་སངས་འཕགས་ཡོད་པའི་ཕྱིར། དེར་ཐལ། སངས་འཕགས་ལ་དམིགས་ནས་བདེན་འཛིན་སྐྱེ་བ་ཡོད་པའི་ཕྱིར། འདོད་ན། དེ་འདྲའི་བར་ཆད་མེད་ལམ་ཆོས་ཅན། ཁྱོད་བདེན་འཛིན་ཀུན་བརྟགས་ལ་ཕན་འདོགས་བྱེད་ཡིན་པར་ཐལ། དེའི་རྒྱུ་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། དེ་ལ་གནོད་བྱེད་ཡིན་པའི་ཕྱིར། དེར་ཐལ། དེའི་དངོས་གཉེན་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁྱབ་པ་ཁས། ཁ་ཅིག །ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་གང་ཞིག །བདེན་འཛིན་ཀུན་བརྟགས་སྤངས་པ་དེ། ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་གྱི་མཚན་ཉིད་ཟེར་ན། ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་ལས་ལངས་པའི་རྗེས་ཐོབ་ཀྱི་རྗེས་སུ་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་དང་མཉམ་གཞག་ཐུན་གཅིག་ལས་སྐྱེས་པའི་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །མཐོང་སྤང་སྤངས་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ་ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་གྱི་མཚན་ཉིད་ཟེར་ན། ཐེག་ཆེན་མཐོང་ལམ་རྗེས་ཐོབ་ཡེ་ཤེས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཐེག་ཆེན་གྱི་མཐོང་ལམ་ཤེས་པ་བརྒྱད་པོ་གང་རུང་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་པ་ཡོད་དེ། དེའི་བར་ཆད་མེད་ལམ་ཡིན་ན་བཟོད་པ་བརྒྱད་པོ་གང་རུང་ཡིན་དགོས་པའི་ཕྱིར། ཁ་ཅིག །ཐེག་ཆེན་གྱི་མཐོང་ལམ་རྣམ་


GLG013_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་ལམ་ལས་ལངས་པའི་སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་ཏུ་གྱུར་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་གང་ཞིག །རང་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ལ་མངོན་གྱུར་ཏུ་བྱུང་བ་དེ་ཐེག་ཆེན་གྱི་མཐོང་ལམ་རྗེས་ཐོབ་ཡེ་ཤེས་ཀྱི་མཚན་ཉིད་ཟེར་ན། ཐེག་ཆེན་གྱི་མཐོང་ལམ་རྗེས་ཐོབ་ཡེ་ཤེས་ལ་གནས་པའི་སེམས་དཔའི་རྒྱུད་ཀྱི་གཟུགས་བདེན་སྟོང་སྒྱུ་མ་ལྟ་བུར་སྣང་བའི་ཡེ་ཤེས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། གཞན་ཡང་། སློབ་པའི་རྗེས་ཐོབ་ཡེ་ཤེས་ཡིན་ན་རྟོག་པ་ཡིན་དགོས་པར་ཐལ། མཚན་ཉིད་དེ་འཐད་པའི་ཕྱིར། འདོད་ན། ལམ་སྒྲིག་ལས། སྒྲུབ་པ་སྒོམ་ལམ་རྗེས་ཐོབ་ཀྱི་གནས་སྐབས་སུ་འབྱུང་བ་ཡིན་ཡང་རྟེན་འབྲེལ་སྒྱུ་མ་ལྟ་བུར་སྣང་བའི་བློ་འདྲེས་རུང་འཛིན་པའི་རྟོག་བྲལ་ལོ། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། ཁ་ཅིག །བདག་མེད་ཕྲ་རགས་གང་རུང་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དེ་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་གྱི་མཚན་ཉིད་ཟེར་ན། བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་གང་ཟག་གི་བདག་མེད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་གཞག་ཡེ་ཤེས་ཆོས་ཅན། མཚོན་བྱ་དེར་ཐ། མཚན་ཉིད་དེའི་ཕྱིར། འདོད་ན། ཆོས་ཉིད་ལ་མངོན་སུམ་དུ་མཉམ་པར་བཞག་པའི་མཉམ་གཞག་ཡེ་ཤེས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །ཐེག་ཆེན་གྱི་མཐོང་ལམ་ཤེས་བཟོད་སྐད་ཅིག་བཅུ་དྲུག་ཅིག་ཅར་དུ་སྐྱེ་སྟེ། འགྲེལ་ཆེན་ལས། དགོངས་པ་འདི་ཉིད་ཀྱིས་ན་རིགས་པའི་སྟོབས་ཀྱི་མཐོང་བའི་ལམ་གྱི་མངོན་པར་རྟོགས་པ་སྐད་ཅིག་མ་གཅིག་ཡིན་ཡང་། སྐད་ཅིག་མ་བཅུ་དྲུག་ཉིད་དུ་


GLG013_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཟེར་ན། ཐེག་ཆེན་གྱི་མཐོང་ལམ་བཟོད་པ་བརྒྱད་དང་ཤེས་པ་བརྒྱད་ཅིག་ཅར་དུ་སྐྱེ་བར་ཐལ། འདོད་པའི་ཕྱིར། འདོད་ན། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་ཅིག་ཅར་དུ་སྐྱེ་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་རྒྱུ་འབྲས་ཡིན་པའི་ཕྱིར། འགྲེལ་ཆེན་གྱི་ལུང་དོན་ཡོད་དེ། དེ་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་གཞག་ཐུན་གཅིག་ཏུ་དགོངས་པའི་ཕྱིར། ཁ་ཅིག །བཅུ་དྲུག་པོ་དེ་དུས་མཐའི་སྐད་ཅིག་མ་ཡིན་ཟེར་ན། མི་འཐད་པར་ཐལ། དེ་བཅུ་དྲུག་པོ་བྱ་རྫོགས་ཀྱི་སྐད་ཅིག་མ་ཡིན་པའི་ཕྱིར། དེར་ཐལ། འགྲེལ་ཆེན་ལས། སེམས་ཀྱི་སྐད་ཅིག་མ་ནི་ཤེས་བྱ་ལ་ཤེས་པ་སྐྱེ་བ་ཡོངས་སུ་གཟུང་ངོ་། །ཞེས་གསུངས་པའི་ཕྱིར་རོ། ཁ་ཅིག །ཐེག་ཆེན་གྱི་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་རྫས་ཅིག་ཅར་དུ་སྐྱེ་བ་ཡིན་ཏེ། ཐེག་ཆེན་གྱི་མཐོང་ལམ་ཆོས་བཟོད་བཞི་དང་པོར་སྐྱེ་བ་རྫས་གཅིག །དེ་རྗེས་ཆོས་ཤེས་བཞི་སྐྱེ་བ་རྫས་གཅིག །དེ་རྗེས་རྗེས་བཟོད་བཞི་སྐྱེ་བ་རྫས་གཅིག །དེ་རྗེས་རྗེས་ཤེས་བཞི་སྐྱེ་བ་རྫས་གཅིག་ཟེར་ན། ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་གྱི་རྗེས་སུ་དེ་དང་རྒྱུད་གཅིག་ཏུ་གྱུར་པའི་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་སྐྱེ་བ་ཡོད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། མི་འཐད་པར་ཐལ། ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་ཡིན་ན་མཐོང་སྤང་མ་ལུས་པར་སྤངས་པས་ཁྱབ་པའི་ཕྱིར། ཁ་ཅིག །དེ་བཅུ་དྲུག་པོ་ཅིག་ཅར་དུ་མི་སྐྱེ་སྟེ། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་དང་ཆོས་ཤེས་གཉིས་ཅིག་ཅར་དུ་མི་སྐྱེ་བའི་ཕྱིར། རིམ་ཅན་དུ་ཡང་མི་སྐྱེ་སྟེ། བཟོད་པ་བརྒྱད་རིམ་ཅན་དུ་མི་སྐྱེ། ཤེས་པ་བརྒྱད་རིམ་ཅན་དུ་མི་སྐྱེ་བའི་ཕྱིར། ཟེར་ན། འོ་ན། དེ་བཅུ་དྲུག་རྫས་གཅིག་མ་


GLG013_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་ཐལ། ཆོས་བཟོད་དང་ཆོས་ཤེས་གཉིས་རྫས་གཅིག་མ་ཡིན་པའི་ཕྱིར། འདོད་ན། དེ་བཅུ་དྲུག་རྫས་ཐ་དད་མ་ཡིན་པར་ཐལ། བཟོད་པ་བརྒྱད་རྫས་ཐ་དད་མ་ཡིན་པ་གང་ཞིག །ཤེས་པ་བརྒྱད་རྫས་ཐ་དད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་བཅུ་དྲུག་རྫས་སུ་མ་གྲུབ་པར་ཐལ། དེ་བཅུ་དྲུག་རྫས་གཅིག་དང་རྫས་ཐ་དད་གང་རུང་མ་ཡིན་པའི་ཕྱིར། ཁ་ཅིག །ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་དེས་བདེན་བཞིའི་ཆོས་ཉིད་མངོན་སུམ་རྟོགས་པའི་ཆ་ནས་དེ་ཐེག་ཆེན་གྱི་མཐོང་ལམ་ཆོས་བཟོད་བཞིར་བཞག །ཆོས་བཟོད་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཆ་ནས་རྗེས་བཟོད་བཞིར་བཞག །དེས་ཤེས་པ་བརྒྱད་ལ་ཡང་རིགས་འགྲེ་ཟེར་ན། འོ་ན། བདེན་བཞིའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་ན། ཐེག་ཆེན་གྱི་མཐོང་ལམ་ཆོས་བཟོད་བཞི་ཀ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། རྣམ་མཁྱེན་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག །འདའ་བྱའི་མཐོང་ལམ་དང་འདའ་བྱེད་ཀྱི་མཐོང་ལམ་གཉིས་ཅིག་ཅར་དུ་སྐྱེ་སྟེ། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་དང་། མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་མཐོང་ལམ་ཅིག་ཅར་དུ་སྐྱེ་བའི་ཕྱིར། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་པའི་རྒྱུད་ལ་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་ཡོད་པའི་ཕྱིར། ཟེར་ན། མཐོང་ལམ་དེ་གཉིས་མངོན་གྱུར་དུ་ཅིག་ཅར་དུ་ཡོད་པར་ཐལ། དེ་གཉིས་མངོན་གྱུར་དུ་ཅིག་ཅར་དུ་སྐྱེ་བའི་རྒྱུ་ཡོད་པའི་ཕྱིར། དེར་ཐལ། དེ་གཉིས་དངོས་སུ་ཅིག་ཅར་དུ་སྐྱེ་བའི་རྒྱུ་ཡོད་པའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོའི་ཡེ་ཤེས་དེ་དེ་ཡིན་པའི་ཕྱིར། དེར་ཐལ། དེ་དེ་གཉིས་ཀའི་དངོས་རྒྱུ་ཡིན་པའི་ཕྱིར། དེར་ཐལ། དེ་འདའ་བྱའི་ཐེག་ཆེན་གྱི་མཐོང་ལམ་གྱི་དངོས་རྒྱུ་


GLG013_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་གང་ཞིག །དེ་གཉིས་ཀའི་དངོས་རྒྱུ་ཡོད་པའི་ཕྱིར། དང་པོ་དེར་ཐལ། དེ་འདའ་བྱེད་ཀྱི་མཐོང་ལམ་གྱི་དངོས་རྒྱུ་གང་ཞིག །དེ་གཉིས་ཅིག་ཅར་དུ་སྐྱེ་བའི་ཕྱིར། རོང་ཊཱིཀ་པ་ན་རེ། ཐེག་ཆེན་གྱི་མཐོང་ལམ་སྐྱེ་བའི་ལུས་རྟེན་རང་སྟོབས་ཀྱི་དབང་དུ་བྱས་ན་གླིང་གསུམ་གྱི་མི་དང་འདོད་ལྷའི་རྟེན་ལ་དངོས་སུ་གསར་དུ་སྐྱེ་ལ། གཞན་སྟོབས་ཀྱི་དབང་དུ་བྱས་ན་ངན་སོང་དང་གཟུགས་ཁམས་པའི་རྟེན་ལ་ཡོད་དེ། ཟ་མ་ཏོག་བཀོད་པའི་མདོ་ལས། འཕགས་པ་འཇིག་རྟེན་དབང་ཕྱུག་གིས་ཡུལ་ཝཱ་ར་ཎ་སིར་ཡི་དྭགས་མང་པོ་བདེན་པ་མཐོང་བ་ལ་བཀོད་པར་གསུངས་པ་དང་། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས། འདོད་གཟུགས་ཀྱི་ལྷའི་བུ་བྱེ་བ་ཁྲག་ཁྲིག་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་ཐོབ་བོ་ཞེས་གསུངས་པའི་ཕྱིར། ཟེར་ན། མི་འཐད་པར་ཐལ། བསྡུ་བ་ལས། གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་གོང་མར་སྐྱེས་པས་ཀྱང་དང་པོར་བདེན་པ་རྣམས་མངོན་པར་མི་རྟོགས་ཏེ། ཞེས་དང་། མཛོད་ལས། གོང་ན་མཐོང་ལམ་མེད། །མི་སྐྱོ་ལུང་ལས་འདིར་རྩོམ་ཞིང་། །ཞེས་པ་མི་འཐད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། གཞན་ཡང་། ཐེག་ཆེན་གྱི་སྦྱོར་ལམ་ཆོས་མཆོག་ཆེན་པོ་ལ་གནས་པའི་ངན་སོང་བ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མཛོད་ལས། བཟོད་ཐོབ་ངན་སོང་ཡོངས་མི་ལྟུང་། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། གཞན་ཡང་། ཁམས་གོང་མའི་རྟེན་ལ་མཐོང་ལམ་གསར་དུ་སྐྱེ་བ་མེད་པར་ཐལ། རྣམ་བཤད་ལས། སྒྲ་མི་སྙན་པ་དང་། ཟ་མ་དང་། མ་ནིང་མ་གཏོགས་པའི་མི་དང་འདོད་ལྷའི་རྟེན་ལ་སྐྱེ། གོང་མའི་རྟེན་ལ་མ་ཡིན་ཏེ། ཁམས་གསུམ་ལ་སྐྱོ་ཤས་ཆུང་བའི་ཕྱིར་རོ། །ཞེས་


GLG013_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པའི་ཕྱིར། ཁ་ཅིག །ཐེག་ཆེན་གྱི་མཐོང་ལམ་བསམ་གཏན་ས་དྲུག་ལ་བརྟེན་ནས་དངོས་སུ་གསར་དུ་སྐྱེ་བ་ཡོད་ཟེར་ན། མེད་པར་ཐལ། དེ་དངོས་སུ་གསར་དུ་སྐྱེ་བའི་སེམས་རྟེན་དུ་གྱུར་པའི་བསམ་གཏན་གྱི་ཉེར་བསྔོགས་མེད་པའི་ཕྱིར། དེར་ཐལ། དེ་འདྲའི་རྟེན་ཡིན་ན་བསམ་གཏན་གྱི་དངོས་གཞི་ཐོབ་པས་ཁྱབ་པ་གང་ཞིག །ལམ་སླ་བ་བསམ་གཏན་དང་པོའི་དངོས་གཞི་ཐོབ་ནས། དཀའ་བ་ཅིག་ཤོས་ལ་བརྟེན་ནས་བསྐྱེད་པ་ལ་དགོས་པ་མེད་པའི་ཕྱིར། དང་པོ་དེར་ཐལ། དེ་ཡིན་ན་ཆོས་རྒྱུན་གྱི་ཏིང་འཛིན་ཐོབ་པས་ཁྱབ་པའི་ཕྱིར། གཉིས་པ་རང་ལུགས་ལ། ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཐེག་ཆེན་གྱི་མཐོང་ལམ་གྱི་མཚན་ཉིད། དེ་ལ་དབྱེ་ན། དེ་མཉམ་གཞག་ཡེ་ཤེས། དེ་རྗེས་ཐོབ་ཡེ་ཤེས། དེ་གཉིས་ཀ་མ་ཡིན་པའི་ཐེག་ཆེན་གྱི་མཐོང་ལམ་དང་གསུམ། ཆོས་ཉིད་ལ་གཉིས་སྣང་ནུབ་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དང་པོའི་མཚན་ཉིད། དེ་ལ་དབྱེ་ན། དེ་བར་ཆད་མེད་ལམ། དེ་རྣམ་གྲོལ་ལམ། དེ་གཉིས་ཀ་མ་ཡིན་པའི་ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་དང་གསུམ། སྟོང་ཉིད་ལ་གཉིས་སྣང་ནུབ་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་གང་ཞིག །རང་གི་ངོ་སྐལ་གྱི་སྤང་བྱར་གྱུར་པའི་མཐོང་སྤང་བདེན་འཛིན་གྱི་དངོས་གཉེན་བྱེད་པ་དེ་དང་པོའི་མཚན་ཉིད། དེ་ལ་དབྱེ་ན། ཐེག་ཆེན་གྱི་མཐོང་ལམ་བཟོད་པ་བརྒྱད་ཡོད། སྟོང་ཉིད་ལ་གཉིས་སྣང་ནུབ་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་གང་ཞིག །རང་དང་མཉམ་གཞག་ཐུན་གཅིག་ལ་སྐྱེས་པའི་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤང་བྱ་ལས་གྲོལ་བ་དེ་གཉིས་པའི་མཚན་ཉིད། དེ་ལ་དབྱེ་ན། ཐེག་ཆེན་གྱི་མཐོང་ལམ་ཤེས་པ་བརྒྱད་ཡོད། སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་གཞག་ལས་ལངས་པའི་རྗེས་ཐོབ་ཀྱི་རྗེས་སུ། སླར་ཡང་སྟོང་ཉིད་ལ་རྩེ་གཅིག་ཏུ་


GLG013_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་བཞག་པའི་ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་ལྟ་བུ་གསུམ་པའི་མཚན་གཞི། ཐེག་ཆེན་གྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་ལས་ལངས་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་གང་ཞིག །རང་རྒྱུད་ལྡན་གྱི་གང་ཟག་གི་རྒྱུད་ལ་མངོན་གྱུར་ཏུ་བྱུང་བ་དེ་ཐེག་ཆེན་གྱི་མཐོང་ལམ་རྗེས་ཐོབ་ཡེ་ཤེས་ཀྱི་མཚན་ཉིད། མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་ལྟ་བུ་མཉམ་རྗེས་གཉིས་ཀ་མ་ཡིན་པའི་ཐེག་ཆེན་མཐོང་ལམ་གྱི་མཚན་གཞི། དེ་ཡང་དང་པོར་བཟོད་པ་བརྒྱད་ཅིག་ཅར་དུ་སྐྱེ། དེའི་རྗེས་སུ་ཤེས་པ་བརྒྱད་ཅིག་ཅར་དུ་སྐྱེ། དེའི་རྗེས་སུ་རྗེས་ཐོབ་ཡེ་ཤེས་སྐྱེ། ལུས་རྟེན་ནི། སྒྲ་མི་སྙན་པ་དང་། ཟ་མ་མ་ནིང་མ་གཏོགས་པའི་མི་དང་འདོད་ལྷའི་རྟེན་ལ་སྐྱེ། སེམས་རྟེན་ནི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ཏེ། དེ་ལྟར་རྣམ་བཤད་ལས་གསུངས་པའི་ཕྱིར། གསུམ་པ་རྩོད་པ་སྤོང་བ་ལ། གང་ཟག་གི་བདག་མེད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཉན་ཐོས་ཀྱི་མཐོང་ལམ་མཉམ་གཞག་ཡེ་ཤེས་དེ། ཉན་ཐོས་ཀྱི་མཉམ་གཞག་ཡེ་ཤེས་མ་ཡིན་པར་ཐལ། དེ་འདྲའི་བྱང་སེམས་ཀྱི་རྒྱུད་ཀྱི་དེ་ཐེག་ཆེན་གྱི་མཉམ་གཞག་ཡེ་ཤེས་མ་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། གང་ཟག་གི་བདག་མེད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་མེད་པར་ཐལ། དེ་འདྲའི་ཐེག་ཆེན་གྱི་དེ་འདྲ་མེད་པའི་ཕྱིར། ཁྱབ་པ་ཁས། བྱས་པ་ལ་ཁོ་ན་རེ། དེ་འདྲའི་ཐེག་ཆེན་གྱི་བར་ཆད་མེད་ལམ་ཡོད་པར་ཐལ། གང་ཟག་གི་བདག་འཛིན་གྱི་དངོས་གཉེན་དུ་གྱུར་པའི་ཐེག་ཆེན་གྱི་བར་ཆད་མེད་ལམ་ཡོད་པའི་ཕྱིར་ན་མ་ཁྱབ། དེར་ཐལ། དམན་ལམ་སྔོན་མ་སོང་གི་རྒྱུན་མཐའི་བར་ཆད་མེད་ལམ་དེ་དེ་ཡིན་པའི་ཕྱིར། དེར་ཐལ། དེས་སྒྲིབ་གཉིས་ཅིག་ཅར་དུ་སྤོང་བའི་ཕྱིར། ཁ་


GLG013_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱིས་ཁོ་རང་རྟོགས་པར་ཐལ། དེས་བྱང་ཆུབ་སེམས་དཔའི་ལམ་རྟོགས་པའི་ཕྱིར། དེར་ཐལ། དེས་བྱང་ཆུབ་སེམས་དཔའི་ལམ་ཤེས་པའི་ཕྱིར། དེར་ཐལ། དེ་བྱང་སེམས་ཀྱི་ལམ་ཤེས་པའི་ལམ་ཤེས་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། བྱང་ཆུབ་སེམས་དཔའི་ལམ་ཤེས་པ་དང་ལམ་ཤེས་ཀྱི་གཞི་མཐུན་ཡིན་ན། བྱང་ཆུབ་སེམས་དཔའི་ལམ་ཤེས་པའི་ལམ་ཤེས་ཡིན་དགོས་པར་ཐལ། ཚུར་ལ་དེ་ལྟར་དགོས་པའི་ཕྱིར། རྟགས་ཁས། འདོད་ན། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་རྣམ་མཁྱེན་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁོ་ན་རེ། སློབ་ལམ་ན་བདེན་གཉིས་ཅིག་ཅར་དུ་མངོན་སུམ་དུ་རྟོགས་པའི་བློ་ཡོད་པར་ཐལ། དེ་ལྟར་མངོན་སུམ་དུ་རྟོགས་པའི་གང་ཟག་ཡོད་པའི་ཕྱིར་ན་མ་ཁྱབ། དེར་ཐལ། ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ལ་གནས་པའི་གང་ཟག་དེ་དེ་ཡིན་པའི་ཕྱིར། དེར་ཐལ། དེའི་རྒྱུད་ཀྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱིས་སྟོང་ཉིད་རྟོགས་པ་དང་། དེའི་རྒྱུད་ཀྱི་མཐོང་ལམ་དེ་མྱོང་བྱེད་ཀྱི་རང་རིག་གིས་མཐོང་ལམ་དེ་མངོན་སུམ་དུ་རྟོགས་པ་དུས་མཉམ་དུ་ཡོད་པའི་ཕྱིར། ཁ་ཅིག །ཁམས་གོང་མའི་རྟེན་ལ་ཐེག་ཆེན་གྱི་མཐོང་ལམ་དངོས་སུ་གསར་དུ་སྐྱེ་བ་ཡོད་པར་ཐལ། དེའི་རྟེན་ལ་ལམ་ཤེས་དངོས་སུ་གསར་དུ་སྐྱེ་བ་ཡོད་པའི་ཕྱིར། དེར་ཐལ། ལམ་ཤེས་ཀྱི་མདོ་འཆད་པའི་འཁོར་དུ་དངོས་སུ་གསར་དུ་ལྷགས་པའི་འདོད་གཟུགས་ཀྱི་ལྷ་རྣམས་ཀྱི་རྒྱུད་ལ་ལམ་ཤེས་དངོས་སུ་གསར་དུ་སྐྱེ་རུང་དུ་བསྒྲུབ་པའི་ཆེད་དུ་དེ་བཞིན་གཤེགས་པའི་རང་འོད་ཀྱིས་ལྷ་དེ་རྣམས་མོག་མོག་པོར་མཛད་པའི་ཕྱིར། དེར་ཐལ། ལྷ་དེ་རྣམས་ཀྱི་རྒྱུད་ལ་ལམ་ཤེས་སྐྱེ་རུང་དུ་བསྒྲུབ་པའི་ཆེད་དུ་དེ་ལྟར་མཛད་པའི་ཕྱིར་ན་མ་ཁྱབ། དེར་ཐལ། དེའི་རྒྱུད་ལ་ལམ་ཤེས་སྐྱེ་རུང་དུ་སྒྲུབ་པར་མཛད་


GLG013_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། དེ་ལྟ་མ་ཡིན་ན། དེ་འདྲའི་ལྷ་ཡིན་ན་ལམ་ཤེས་དངོས་སུ་གསར་དུ་སྐྱེ་བའི་རྟེན་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཡིན་ན་ཐེག་ཆེན་སེམས་བསྐྱེད་རྒྱུད་ལ་ལྡན་པའི་གང་ཟག་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། མདོ་ལས། ལྷའི་བུ་གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ཞེས་གསུངས་པ་མི་འཐད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས། སྨྲས་པ། ཁུངས་ལྡན་ལུང་གི་རལ་པ་ཆེར་གཡོ་ཞིང་། །མི་བཟད་རིགས་པའི་སྡེར་མོའི་རྣོ་དཔལ་གྱིས། །རྒོལ་ངན་རི་དྭགས་སྙིང་ག་ཕུག་པ་ན། །གཞུང་ལུགས་གངས་ཀྱི་ས་འཛིན་སྤོ་ལ་མཛེས། །ཐབས་མང་འཕྲུལ་གྱི་ངལ་བརྒྱ་ལྷུར་བླངས་ནས། །མཐའ་བྲལ་རྒྱལ་ཁམས་ཉུལ་བར་མ་ཕྱིན་ཀྱང་། །ཤེས་བྱའི་སྣང་བརྙན་འགོག་མེད་འཆར་བའི་བློའི། །མེ་ལོང་འདི་འདྲ་དཔྱོད་ལྡན་མགུལ་བའི་རྒྱན། །དྲེགས་ལྡན་ཕལ་གྱི་སྤྱོད་ཡུལ་མ་ཡིན་ཞིང་། །ཟང་ཟིང་ནོར་གྱིས་བསྒྲུན་དུ་མ་མཆིས་པའི། །སྤྱད་པས་འཛད་མེད་ལེགས་བཤད་དངོས་པོ་འདིས། །འཇམ་མགོན་བླ་མའི་བཀའ་དྲིན་ཡང་ཡང་དྲན། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་ནི། ཤེས་བྱ་ཆོས་ཅན། ལམ་ཤེས་པ་ཉིད་ཀྱི་སྐབས་སུ། སེམས་ཅན་སྨིན་པར་བྱེད་པ་སོགས་ཚེ་འདི་དང་ཚེ་རབས་གཞན་གྱི་ཡོན་ཏན་དག་དང་ལྡན་པ། སྟོང་ཉིད་མངོན་སུམ་གྱིས་གསར་དུ་བསྒོམ་པར་བྱ་བ་ལ་ནི། མཐོང་བའི་ལམ་ཕན་ཡོན་ཆེན་པོ་ཞེས་བརྗོད་རིགས་ཏེ། སྐབས་འདིར་བྱང་ཆུབ་སེམས་དཔའི་ཆོས་ཤེས་པའི་བཟོད་པ་སོགས་སྐད་ཅིག་མ་བཞི་པོ་སོ་སོར་རེ་རེ་ལ་སྡུག་བསྔལ་ལ་སོགས་པའི་བདེན་པའི་ཆོས་ཉིད་དང་


GLG013_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཡུལ་ཅན་དུ་འབྲེལ་བ་དག་དང་ལྡན་པ་ཕན་ཡོན་ཆེན་པོ་ཅན་དུ་བརྗོད་པའི་ཕྱིར། གཉིས་པ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ལ། སྡུག་བདེན་ནི། ཤེས་བྱ་ཆོས་ཅན། མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་རྣམ་པ་ཇི་ལྟ་བུར་བསྒོམ་པར་བྱ་བ་བཤད་དུ་ཡོད་དེ། འོག་ནས་འབྱུང་བ་རྣམས་ཀྱིས་སྟོན་པའི་ཕྱིར། གཉིས་པ་ནི། སྡུག་བདེན་གྱི་དེ་བཞིན་ཉིད་དང་། སངས་རྒྱས་ཏེ་དེ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་དག་དོན་དམ་པར་ཕན་ཚུན་རྟེན་དང་བརྟེན་པའི་དངོས་པོ་མེད་པ་དེའི་ཕྱིར། དོན་དམ་པར་རྟེན་དང་བརྟེན་པའི་རྣམ་གྲངས་ཀྱིས་ཁས་མི་ལེན་པ་དང་སྟེ། དེ་མེད་པར་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་གྱི་དངོས་གཉེན་བྱེད་པའི་ཆོས་བཟོད་ཀྱི་ཡེ་ཤེས་ཡིན་པའི་ཕྱིར། ཆེན་པོ་སྟེ་གཟུགས་སོགས་བདེན་སྟོང་གི་སྡུག་བསྔལ་ཆོས་ཤེས་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། སྡུག་བསྔལ་ཆོས་བཟོད་ཀྱི་ངོ་སྐལ་གྱི་སྤང་བྱའི་ས་བོན་ལས་དངོས་སུ་གྲོལ་བའི་རྣམ་གྲོལ་ལམ་གྱི་ངོ་བོར་གནས་པའི་དེའི་ཡེ་ཤེས་ཡིན་པའི་ཕྱིར། སྡུག་བསྔལ་དོན་དམ་པར་འཇལ་བྱེད་ཀྱི་ཚད་མ་མེད་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་སྡུག་བསྔལ་རྗེས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་ལས་དངོས་སུ་གྲོལ་བའི་རྣམ་གྲོལ་ལམ་ཡིན་པའི་ཕྱིར། སྡུག་བསྔལ་དོན་དམ་པར་མཚན་མ་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། སྡུག་བསྔལ་རྗེས་བཟོད་ཀྱི་ངོ་སྐལ་གྱི་སྤང་བྱ་ལས་དངོས་སུ་གྲོལ་བའི་རྣམ་གྲོལ་ལམ་གྱི་ངོ་བོར་གནས་པའི་སྡུག་བསྔལ་རྗེས་ཤེས་ཀྱི་ཡེ་ཤེས་ཡིན་པའི་ཕྱིར། ཀུན་འབྱུང་གི་བཞི་ནི། ཀུན་འབྱུང་དོན་དམ་པར་རྟག་ཆད་ཀྱི་མཐའ་མེད་པར་མངོན་སུམ་དུ་


GLG013_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ཀུན་འབྱུང་ཆོས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་སྔར་བཞིན། ཀུན་འབྱུང་ཆོས་བཟོད་དེར་གནས་པའི་རྣལ་འབྱོར་པ་གཟུགས་ལ་སོགས་པ་ལ་སངས་རྒྱས་ཉིད་ཀྱི་རང་བཞིན་བདེན་སྟོང་དུ་ངེས་པར་འཛིན་པའི་ཀུན་འབྱུང་ཆོས་ཤེས་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་རིགས་འགྲེ། ཀུན་འབྱུང་དོན་དམ་པར་བླང་བྱ་དང་དོར་བར་བྱར་མེད་པར་མངོན་སུམ་དུ་རྟོགས་པའི་ཀུན་འབྱུང་རྗེས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་རིགས་འགྲེ། བྱམས་པ་ལ་སོགས་པའི་ཚད་མེད་བཞི་སྒོམ་པའི་ཡོན་ཏན་དང་ལྡན་པའི་ཀུན་འབྱུང་རྗེས་ཤེས་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། རྟགས་རིགས་འགྲེ། འགོག་བདེན་གྱི་བཞི་ནི། གཟུགས་སོགས་བདེན་སྟོང་གི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འགོག་པ་ཆོས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། དགེ་བའི་རྩ་བའི་འབྲས་བུ་སངས་རྒྱས་ཉིད་འཐོབ་པའི་ཕན་ཡོན་གྱི་འགོག་པ་ཆོས་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། འགོག་པ་རྗེས་བཟོད་དུ་གཉེན་པོ་རྣམ་པར་བྱང་བའི་རིགས་ཀུན་ཡོངས་སུ་བསྡུས་པའི་ཡོན་ཏན་དང་ལྡན་པའི་འགོག་པ་རྗེས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། ཕྱིའི་འཚེ་བ་ཉམ་ང་བ་དང་། ནང་གི་འཚེ་བ་རླུང་མཁྲིས་སོགས་ནད་ཀུན་སེལ་བའི་འགོག་པ་རྗེས་ཤེས་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། ལམ་བདེན་གྱི་བཞི་ནི། མྱ་ངན་ལས་འདས་པ་ལ་བདེན་པར་འཛིན་པའི་བདེན་འཛིན་གྱི་སྤྲོས་པ་ཞི་བ་ཉིད་ཀྱི་ལམ་ཆོས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། དེའི་རྣམ་པ་ཡིན་ཏེ། ལམ་ཆོས་ཤེས་ལ་གནས་པའི་རྣལ་འབྱོར་པ་ལ་སངས་རྒྱས་རྣམས་ཀྱིས་སྲུང་སྐྱོབ་མཛད་པའི་ཕན་ཡོན་ཅན་གྱི་ལམ་ཆོས་ཤེས་ཀྱི་ཡེ་ཤེས་ཆོས་ཅན། སྲོག་མི་གཅོད་


GLG013_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་མི་དགེ་བཅུ་སྤོང་བའི་དགེ་བཅུ་རྣམ་ཀུན་མངོན་སུམ་དུ་མཁྱེན་པ་ཐོབ་པའི་ཚུལ་ཏེ་རྒྱུ་ལ་ནི་བདག་ཉིད་གནས་ཏེ་སེམས་ཅན་གཞན་དག་དེ་ལ་འགོད་པའི་ཡེ་ཤེས་ཆོས་ཅན། སྦྱིན་པ་ལ་སོགས་པའི་ཕྱིན་དྲུག་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་པའི་ཡོན་ཏན་དང་ལྡན་པའི་ཐེག་ཆེན་གྱི་མཐོང་ལམ་རྗེས་ཤེས་ཆོས་ཅན། དོན་བསྡུ་ནི། ཤེས་བྱ་ཆོས་ཅན། བཅུ་དྲུག་སྐྱེ་ཚུལ་ཡོད་དེ། ལམ་ཤེས་ཉིད་ཀྱི་སྐབས་སུ་སྐད་ཅིག་མ་བཅུ་དྲུག་དེ་སྟན་ཐོག་གཅིག་ཏུ་བར་མ་ཆད་དུ་སྐྱེ་བའི་ཕྱིར། གསུམ་པ་འགྲེལ་པ་ལ། རྒྱས་པར་བཤད་པ་དང་། དོན་བསྡུ་བ་གཉིས། དང་པོ་ལ། བཞི་ཡོད་པའི་སྡུག་བསྔལ་བདེན་པ་ལ་རྒྱས་བཤད་དང་། དོན་བསྡུ་གཉིས་ལས། དང་པོ་ལ། ཆོས་བཟོད་ཀྱི་རྣམ་པ་ནི། ཤེས་བྱ་ཆོས་ཅན། དོན་དམ་པའི་ཚུལ་ཉིད་ཀྱིས་སྡུག་བདེན་གྱི་དེ་བཞིན་ཉིད་དང་། སངས་རྒྱས་ཏེ་དེ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་དག་དོན་དམ་པར་ཕན་ཚུན་རྟེན་དང་བརྟེན་པའི་རྣམ་གྲངས་ཀྱིས་གནས་པར་ཁས་མི་ལེན་པ་ཡིན་ཏེ། དོན་དམ་པར་དེ་དག་ལ་རྟེན་དང་བརྟེན་པའི་དངོས་པོ་སྟེ་རང་བཞིན་མེད་པ་དེའི་ཕྱིར། ཆོས་ཤེས་ནི། གཟུགས་ལ་སོགས་པ་དོན་དམ་པར་བདེན་སྟོང་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱིས་དེའི་ཡུལ་ཅན། ཤེར་ཕྱིན་ཡང་ཆེན་པོ་ཉིད་དང་ལྡན་པའི་སྡུག་བསྔལ་ཆོས་ཤེས་ཀྱི་ཡེ་ཤེས་ཆོས་ཅན། རྟགས་གསལ་སྔར་ལྟར། རྗེས་བཟོད་ནི། ཆོས་ཤེས་ལ་བཤད་པ་དེ་བཞིན་དུ་གཟུགས་སོགས་དེ་དག་དོན་དམ་པར་འཇལ་བྱེད་ཀྱི་ཚད་མ་མེད་པ་ཉིད་དུ་མངོན་སུམ་དུ་རྟོགས་པའི་སྡུག་བསྔལ་རྗེས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། རྗེས་ཤེས་ནི། སྔ་མ་བཞིན་དུ་ནམ་མཁའ་ཚད་མེད་པ་ཉིད་ཀྱིས་སྡུག་བསྔལ་དེ་དག་དོན་དམ་པར་ཚད་མེད་པར་མངོན་སུམ་དུ་རྟོགས་པའི་རྗེས་ཤེས་ཀྱི་ཡེ་ཤེས་ཆོས་ཅན།


GLG013_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི། སྡུག་བསྔལ་ཆོས་བཟོད་སོགས་བཞི་ཆོས་ཅན། སྡུག་བསྔལ་གྱི་བདེན་པའི་ཆོས་ཉིད་ཀྱི་རྣམ་པ་ཅན་དག་ཡིན་ཏེ། ཆོས་ཉིད་མངོན་སུམ་དུ་རྟོགས་པ་ཞེས་བྱ་བ་དེ་ལྟ་བུའི་ཡེ་ཤེས་སྔར་བཤད་ཟིན་པ་དེ་ལྟར་ཡིན་པའི་ཕྱིར། གཉིས་པ་ཀུན་འབྱུང་བདེན་པ་ལ་རྒྱས་བཤད་དང་། དོན་བསྡུ་གཉིས། དང་པོ་ལ། ཆོས་བཟོད་ནི། ཟག་བཅས་ཀྱི་རྒྱུས་བསྡུས་པའི་གཟུགས་ལ་སོགས་པ་ལ་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རྟག་པ་དང་ཆད་པའི་མཐའ་ཉིད་ལ་སོགས་པ་མེད་པ་མངོན་སུམ་དུ་རྟོགས་པའི་ཀུན་འབྱུང་ཆོས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། ཆོས་ཤེས་ནི། ཀུན་འབྱུང་ཆོས་ཤེས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་རྣལ་འབྱོར་པ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་གཟུགས་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཉིད་ཀྱི་རང་བཞིན་བདེན་སྟོང་དུ་ངེས་པར་འཛིན་པའི་ཀུན་འབྱུང་ཆོས་ཤེས་ཀྱི་ཡེ་ཤེས་ཆོས་ཅན། རྗེས་བཟོད་ནི། སྔ་མ་གཉིས་ལས་བཤད་པ་དེ་བཞིན་དུ་ཤེར་ཕྱིན་དེའི་རྒྱུན་དེ་ལ་གནས་པ་ནི་ཆོས་ཐམས་ཅད་ལ་དོན་དམ་པར་བླང་བ་དང་དོར་བ་མེད་པར་སྒོམ་པ་ལ་སོགས་པ་ཀུན་འབྱུང་རྗེས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། རྗེས་ཤེས་ནི། དོན་དམ་པར་ངོ་བོ་ཉིད་མེད་པར་མོས་པ་སྔོན་དུ་འགྲོ་བའི་ཚད་མེད་པ་བཞི་བསྒོམ་པར་བྱའོ་སྟེ། དེ་ལྟར་སྒོམ་པའི་ཡོན་ཏན་དང་ལྡན་པའི་ཀུན་འབྱུང་རྗེས་ཤེས་ཀྱི་ཡེ་ཤེས་ཆོས་ཅན། གཉིས་པ་ནི། ཆོས་བཟོད་སོགས་བཞི་ཆོས་ཅན། ཀུན་འབྱུང་གི་བདེན་པའི་ཆོས་ཉིད་ཀྱི་རྣམ་པ་དག་ཡིན་ཏེ། ཀུན་འབྱུང་གི་ཆོས་ཉིད་མངོན་སུམ་དུ་རྟོགས་པ་ཞེས་བྱ་བ་དེ་ལྟ་བུའི་ཡེ་ཤེས་སྔར་བཤད་ཟིན་པའི་ཕྱིར། གསུམ་པ་འགོག་བདེན་ལ། རྒྱས་བཤད་དང་། དོན་བསྡུ་གཉིས། དང་པོ་ལ། ཆོས་བཟོད་ནི། གཟུགས་ལ་སོགས་པའི་ངོ་བོ་གཉུག་མ་དང་པོ་ནས་བདེན་པར་གྲུབ་པའི་རང་བཞིན་ཁོ་ནས་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པའི་འགོག་པ་


GLG013_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། ཆོས་ཤེས་ནི། ཆོས་ཀྱི་དབྱིངས་དང་མཉམ་པའི་དགེ་བའི་རྩ་བ་རྣམས་ཀྱི་འབྲས་བུ་དེ་བཞིན་གཤེགས་པ་ཉིད་འཐོབ་པའི་འགོག་པ་ཆོས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། རྗེས་བཟོད་ནི། འགོག་པ་རྗེས་བཟོད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གཉེན་པོ་རྣམ་བྱང་གི་རིགས་རྣམས་རྣམ་པ་ཐམས་ཅད་དུ་བསྡུས་པས་འགོག་པ་རྗེས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། རྗེས་ཤེས་ནི། འགོག་པ་རྗེས་ཤེས་དེ་ཉིད་ཀྱི་ཕྱི་དང་ནང་གི་འཚེ་བ་རབ་ཏུ་ཞི་བས་ཡོན་ཏན་དང་ལྡན་པའི་འགོག་པ་རྗེས་ཤེས་ཀྱི་ཡེ་ཤེས་ཆོས་ཅན། གཉིས་པ་ནི། འགོག་པ་ཆོས་བཟོད་སོགས་བཞི་ཆོས་ཅན། འགོག་པའི་བདེན་པའི་ཆོས་ཉིད་ཀྱི་རྣམ་པ་དག་ཡིན་ཏེ། འགོག་པ་ཆོས་ཉིད་མངོན་སུམ་དུ་རྟོགས་པ་ཞེས་བྱ་བ་དེ་ལྟ་བུའི་ཡེ་ཤེས་བསྟན་ཟིན་པའི་ཕྱིར། བཞི་པ་ལམ་བདེན་ལ་རྒྱས་བཤད་དང་དོན་བསྡུ་གཉིས། དང་པོ་ལ། ཆོས་བཟོད་ནི། དོན་དམ་པར་ངོ་བོ་ཉིད་མེད་པ་སྒོམ་པ་ཁོ་ནས་གཟུགས་ལ་སོགས་པ་དང་། མྱ་ངན་ལས་འདས་པ་ལ་བདེན་པར་མངོན་པར་ཞེན་པ་ཞི་བའི་ཆོས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། ཆོས་ཤེས་ནི། ཆོས་ཤེས་ཀྱི་ཡེ་ཤེས་དེ་ཤེས་རབ་དང་ཐབས་ལ་མཁས་པ་ལ་ཞུགས་པ་ལ་ལྷས་བྱས་པ་དང་། འབྱུང་བས་བསྒྱུར་བ་དང་། ནང་གི་བདག་ཉིད་ཅན་གྱི་བར་ཆད་གསུམ་སངས་རྒྱས་རྣམས་ཀྱིས་སྲུང་བ་དང་། བསྐྱབ་པ་དང་སྦ་བ་དག་མཛད་པའི་ཕན་ཡོན་ཅན་གྱི་ལམ་ལ་ཆོས་ཤེས་ཀྱི་ཡེ་ཤེས་ཆོས་ཅན། རྗེས་བཟོད་ནི། སངས་རྒྱས་ཉིད་མངོན་པར་འདོད་པས། བདག་ཉིད་སྲོག་གཅོད་པ་སྤང་བ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ཕར་ཕྱིན་ལ་གནས་ནས། དེ་ཉིད་ལ་གཞན་དག་འགོད་པའི་ཡོན་ཏན་དང་ལྡན་པའི་རྗེས་བཟོད་ཀྱི་ཡེ་ཤེས་ཆོས་ཅན། རྗེས་ཤེས་ནི། སྦྱིན་པ་ལ་སོགས་པའི་དགེ་བ་མི་ཟད་པར་བྱེད་པར་འདོད་པས་ཡང་དག་པར་རྫོགས་པའི་བྱང་


GLG013_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཏུ་བསྔོ་བར་བྱ་བ་སྟེ་བྱེད་པའི་ཡོན་ཏན་དང་ལྡན་པའི་ལམ་ལ་རྗེས་ཤེས་ཀྱི་ཡེ་ཤེས་ཆོས་ཅན། གཉིས་པ་ནི། བཤད་མ་ཐག་པ་དེ་ལྟ་བུའི་ཆོས་བཟོད་སོགས་བཞི་ཆོས་ཅན། ལམ་གྱི་བདེན་པའི་ཆོས་ཉིད་ཀྱི་རྣམ་པ་ལ་དམིགས་པ་དག་ཡིན་ཏེ། ལམ་བདེན་གྱི་ཆོས་ཉིད་མངོན་སུམ་དུ་རྟོགས་པ་ཞེས་བྱ་བའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་དོན་བསྡུ་ནི། བཅུ་དྲུག་པོ་དེ་ལྟ་བུ་ནི་ཆོས་ཅན། ཁྱོད་ལམ་ཤེས་པ་ཉིད་ཀྱི་སྐབས་སུ། སྐད་ཅིག་མ་སྟེ་མཉམ་གཞག་ཐུན་གཅིག་དག་ཡིན་ཏེ། ཁྱོད་མཉམ་གཞག་ཐུན་གཅིག་ལས་སྐྱེས་པ་རིགས་པས་འགྲུབ་པའི་ཕྱིར། གསུམ་པ་ལ། ཁས་བླངས་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། ཁ་ཅིག་ནི་འདིར་སྐད་ཅིག་མ་མདོར་བསྟན་གྱི་ཚིག་ལེའུར་བྱས་པའི་བརྗོད་དོན་ཉེ་བར་མཚོན་པ་སྟོན་པ་ལྷུར་ལེན་པའི་གཞུང་རྒྱས་བཤད་ཀྱི་ཚིག་དང་། དོན་དེ་དག་སྟོན་པའི་མདོའི་ཚིག་གིས་མཐོང་ལམ་ཤེས་བཟོད་ཀྱི་རྣམ་པའི་དོན་དངོས་སུ་མ་བཤད་པར། མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་དྲུག་རྗེས་ཀྱི་གནས་སྐབས་སུ་འབྱུང་བའི་ཕན་ཡོན་དངོས་སུ་བསྟན་པས་ཉེ་བར་མཚོན་པ་ཉི་ཚེ་མཛད་པར་ཟད་པར་ཐལ། དེར་མ་ཟད་སྔར་བཤད་པ་དང་མ་བཤད་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་མཐོང་སྒོམ་སྟོན་པའི་དོན་གྱི་ཚིག་ལེའུར་བྱས་པ་རྣམས་སུའང་དེ་བཞིན་དུ་བལྟ་བར་བྱ་བ་ཡིན་པའི་ཕྱིར། ཞེས་ཟེར་རོ། །གཉིས་པ་ནི། སློབ་དཔོན་དབྱིག་གཉེན་དང་། དེ་དང་མཐུན་པ་གཞན་དག་ན་རེ། དེ་བཞིན་ཉིད་དང་ཞེས་སོགས་ཀྱི་གཞུང་དེ་དག་གིས་ནི་ཆོས་ཅན། མངོན་པར་རྟོགས་པའི་རིམ་པ་ཅུང་ཟད་ཀྱང་དངོས་སུ་མ་བསྟན་པར་ཐལ། མངོན་རྟོགས་ཀྱི་འཛིན་སྟངས་ཀྱི་རྣམ་པ་ཇི་ལྟར་སྒོམ་པའི་རིམ་པ་
ལ་སོགས་པ་དངོས་སུ་མ་བསྟན་པའི་ཕྱིར། ཤེས་བྱ་ཆོས་ཅན། ཉེས་པ་གཞན་ཡང་ཚིག་དོན་ལ་མ་ཞུགས་པ་ནི། དམིགས་པ་དང་ནི་རྣམ་པ་དང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པའི་དོན་ཡང་ཇི་ལྟར་དྲང་སྟེ་དྲང་བ་མི་རིགས་པར་ཐལ། སྐབས་དང་པོའི་ངེས་འབྱེད་ཆ་མཐུན་གྱི་གཞུང་གིས་རྣམ་པ་མ་བསྟན་པའི་ཕྱིར། ཞེས་སེང་བཟང་ཟེར་རོ། །


previousཐེག་ཆེན་གྱི་མཐོང་ལམ་བཤད་པ།next