Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
  collapse section
   
   
   
   
   
  collapse section
   
   
   
   
  collapse section
   
   
   
རྟེན་འབྲེལ་གྱི་རང་བཞིན་བཤད་པ།
   
   
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   


 
previousརྟེན་འབྲེལ་གྱི་རང་བཞིན་བཤད་པ།next

རྟེན་འབྲེལ་གྱི་རང་བཞིན་བཤད་པ།


GLG014_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སྐྱེ་ཚུལ་རྟེན་འབྲེལ་གྱི་རང་བཞིན་ལ། དངོས་དང་། ཞར་ལ་སྲིད་པ་བཞིའི་ཁྱད་པར་ལ་དཔྱད་པ་གཉིས། དང་པོ་ལ། འཁོར་བར་འཇུག་ཚུལ་གྱི་སྒོ་ནས་མདོར་བསྟན། གྲུབ་པའི་འཁོར་བ་རྒྱས་པར་བཤད། ཉོན་མོངས་པ་གསུམ་དཔེས་མཚོན་ཚུལ་གྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ལ། འཁོར་བར་འཇུག་ཚུལ་དངོས་དང་། སྲིད་པའི་རྒྱུན་ཐོག་མེད་དུ་བསྟན་པ་གཉིས། དང་པོ་


GLG014_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཤེས་བྱ་ཆོས་ཅན། རྒོལ་བ་ཁྱེད་ཀྱིས་སྐྱེ་བ་སྔ་ཕྱིར་ཉིང་མཚམས་སྦྱོར་བ་ལ་ཐེ་ཚོམ་པ་མི་འཐད་པར་ཐལ། སྤྱིར་བདག་མེད་ནི་ཕུང་པོ་ཙམ་ལ་དེར་འདོགས་པ་ཉིད་ཡིན་ཡང་། སྐྱེ་བ་སྔ་མར་ཉོན་མོངས་པས་ཀུན་ནས་བསླང་སྟེ་ཟག་བཅས་ཀྱི་ལས་ཀྱི་མངོན་པར་འདུ་བྱས་པ་ལས་སྲིད་པ་བར་མའི་སེམས་ཀྱི་རྒྱུན་འབྱུང་། དེ་ལས་སྐྱེ་སྲིད་ཀྱི་སེམས་རྒྱུན་འབྱུང་བ་ཉིད་ཀྱིས་ན། མར་མེ་གཅིག་ལས་གཉིས་མཆེད་པ་བཞིན་དུ་མངལ་སྐྱེས་སོགས་སྐྱེ་གནས་བཞིར་འགྲོ་བའི་ཕྱིར། གཉིས་པ་ནི། སྲིད་པའི་འཁོར་ལོ་ཆོས་ཅན། ཐོག་མ་མེད་དེ། སྔོན་མ་རིག་པས་ཀུན་ནས་བསླང་སྟེ། ཟག་བཅས་ཀྱི་ལས་བསགས་པས། ཡང་སྲིད་ཕྱི་མར་ཡང་དང་ཡང་དུ་ཇི་ལྟར་འཕངས་པ་བཞིན། སྐྱེ་བ་སྔ་མར་མ་རིག་པ་དང་། ཟག་བཅས་ཀྱི་ལས་སྔོན་དུ་སོང་བ་ལས། འདིར་རིམ་གྱིས་ཕུང་པོའི་རྒྱུན་འབྱུང་ཞིང་། འདིར་སྐྱེས་ནས་ལས་ཉོན་གྱི་སྟོབས་ཀྱིས་ཡང་སྲིད་ཕྱི་མར་འགྲོ་ལ། དེ་ལས་ཉོན་མོངས་ཀྱིས་ལས་བསགས་པས་ཡང་འཇིག་རྟེན་ཕ་རོལ་དག་ཏུ་འགྲོ་བའི་ཕྱིར། གཉིས་པ་ལ། བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པའི་ལུགས་གཉིས། དང་པོ་ལ། རྫོགས་ཚུལ་དང་། བསྡུ་བ། འཁོར་ཚུལ་དང་གསུམ། དང་པོ་ལ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བ་གསུམ། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། ཕུང་པོའི་རྒྱུན་སྐྱེ་བའི་གནས་སྐབས་གསུམ་པོ་དེ་ནི། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་དང་ལྡན་ཏེ། མ་རིག་པ་ནས་རྒ་ཤིའི་བར་དང་ལྡན་པའི་ཕྱིར། དེ་ཆོས་ཅན། ཆ་གསུམ་དུ་འདུས་ཏེ། འདས་མ་འོངས་ད་ལྟར་གྱི་ཆ་གསུམ་དུ་འདུས་པའི་ཕྱིར། དེ་ཆོས་ཅན། ཚེ་གསུམ་ལ་རྫོགས་ཏེ། སྐྱེ་བ་སྔ་མ་མ་རིག་པ་དང་འདུ་བྱེད་གཉིས་སྔོན་དུ་སོང་བ་ལས། བར་དུ་རྣམ་ཤེས་ནས་ཚོར་བའི་བར་ལྔ་དང་། ཚེ་


GLG014_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ལ་སྲེད་ལེན་སྲིད་པ་གསུམ་སྟེ་བརྒྱད་འབྱུང་། དེ་གསུམ་སྔོན་དུ་སོང་བ་ལས་སྐྱེ་བ་ཕྱི་མར་སྐྱེ་རྒ་གཉིས་འབྱུང་བའི་ཕྱིར། ཤེས་བྱ་ཆོས་ཅན། མཐའ་གཅིག་ཏུ་ངེས་པ་ནི་མ་ཡིན་ཏེ། སྐྱེ་གནས་གཞན་གསུམ། དུས་མིན་དུ་འཆི་བ་དང་། རྫུས་སྐྱེས་ལ་མ་ངེས་པའི་ཕྱིར། གཉིས་པ་མཐའ་དཔྱོད་པ་ལ། ཁ་ཅིག །རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་དེ་ཚེས་གསུམ་ལ་ངེས་པར་རྫོགས་དགོས་ཟེར་ན། ངེས་པར་རྫོགས་མི་དགོས་པར་ཐལ། དེ་ཚེ་གཉིས་ལ་རྫོགས་པ་ཡོད་པའི་ཕྱིར། དེར་ཐལ། མི་ཞིག་འདོད་ལྷར་སྐྱེ་བའི་འདུ་བྱེད་ཀྱི་ལས་མ་རིག་པའི་དབང་གིས་རང་གི་རྣམ་ཤེས་ཀྱི་སྟེང་དུ་བསགས། ལས་དེ་ལ་སྲེད་ལེན་གཉིས་ཀྱིས་གསོས་བཏབ་པ་ལས། དེའི་ནུས་པ་མཐུ་ཅན་དུ་བྱས་པ་ལ་བརྟེན་ནས། སྐྱེ་བ་ཕྱི་མ་འདོད་ལྷར་སྐྱེ་བ་ཡོད་པའི་ཕྱིར། དེར་ཐལ། འདོད་ལྷར་སྐྱེ་བའི་སྐྱེ་གནས་མྱོང་འགྱུར་གྱི་ལས་ཡོད་པའི་ཕྱིར། གཞན་ཡང་། དེ་མི་འཐད་པར་ཐལ། དེ་ཚེ་གཅིག་ལ་རྫོགས་པ་ཡོད་པའི་ཕྱིར། དེར་ཐལ། ཚར་མི་གཅིག་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཚེ་གཅིག་ལ་རྫོགས་པ་ཡོད་པའི་ཕྱིར། ཁ་ཅིག །མ་རིག་པའི་རྟེན་འབྲེལ་ཡིན་ན། མ་རིག་པ་ཡིན་པས་ཁྱབ་ཟེར་ན། མ་རིག་པའི་རྟེན་འབྲེལ་དུ་གྱུར་པའི་གཟུགས་ཕུང་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། ཤེས་པ་ཡིན་པར་ཐལ་ལོ། ཁ་ཅིག །རེག་པ་བརྗོད་པར་བྱ་སྟེ། རེག་དྲུག་འདུས་ཏེ་བྱུང་བ་ཡིན། ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་རེག་པ་ཡིན་ན། རེག་པ་བདེ་སྡུག་ལ་སོགས་ཀྱི། །རྒྱུ་ཤེས་ནུས་པ་ཚུན་ཆད་དོ། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་རེག་པ་ཡིན་པས་ཁྱབ་ཟེར་ན། མི་འཐད་པར་ཐལ། གཞུང་ཕྱི་མའི་སྐབས་ནས་དངོས་སུ་བསྟན་པའི་རེག་པ་ཡིན་ན། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་རེག་པ་ཡིན་པས་ཁྱབ། རེག་པ་བརྗོད་བྱ་སྟེ། ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་རེག་པ་ཡིན་ན། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་


GLG014_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རེག་པ་ཡིན་པས་མ་ཁྱབ་པའི་ཕྱིར། དང་པོ་དེར་ཐལ། མ་རིག་ཉོན་མོངས་སྔོན་གནས་སྐབས། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་མ་རིག་པ་ཡིན་ན། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མ་རིག་པ་ཡིན་དགོས་པའི་ཕྱིར། ཕྱི་མ་མ་གྲུབ་ན། ཟག་མེད་ཡིད་ཀྱི་འདུས་ཏེ་རེག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། གཞུང་འདིའི་སྐབས་ནས་དངོས་སུ་བསྟན་པའི་ཟག་མེད་ཡིད་ཀྱི་འདུས་ཏེ་རེག་པ་ཡིན་པའི་ཕྱིར། དེ་དེར་ཐལ། གཞུང་འདིའི་སྐབས་ནས་དངོས་སུ་བསྟན་པའི་ཟག་མེད་ཀྱི་ཡིད་ཀྱི་འདུས་ཏེ་རེག་པ་ཡོད་པའི་ཕྱིར། དེར་ཐལ། རིག་དང་མ་རིག་དང་གཞན་རེག་དང་ཅེས་པའི་སྐབས་ནས་དངོས་སུ་བསྟན་པའི་རེག་པར་གྱུར་པའི་ཟག་མེད་ཀྱི་ཆོས་གཅིག་ཡོད་པའི་ཕྱིར། དེར་ཐལ། དྲི་མེད་ཉོན་མོངས་ཅན་ལྷག་མ། །ཞེས་པའི་གཞུང་འདིས། རིག་དང་མ་རིག་དང་གཞན་རིག་ཅེས་པའི་སྐབས་ནས་དངོས་སུ་བསྟན་པའི་རེག་པ་གསུམ་པོ་འདི་ངོས་བཟུང་བའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། མ་རིག་པ་ཡོད་དེ། སྔོན་འཕེན་པར་བྱེད་པའི་ལས་ཀུན་ནས་སློང་བཞིན་པའི་གནས་སྐབས་ཀྱི་ཕུང་པོ་ལྔ་ལ་བྱེད་པའི་ཕྱིར། ཤེས་བྱ་ཆོས་ཅན། འདུ་བྱེད་དག་ཡོད་དེ། སྔོན་ལས་སོག་པའི་གནས་སྐབས་ཀྱི་དེ་ལ་བྱེད་པའི་ཕྱིར། ཤེས་བྱ་ཆོས་ཅན། རྣམ་ཤེས་ཡོད་དེ། སྐྱེ་བ་སྔ་མ་ནས་འདིར་ཉིང་མཚམས་སྦྱོར་བཞིན་པའི་སྐབས་ཀྱི་ཕུང་པོ་ལྔ་ལ་བྱེད་པའི་ཕྱིར། ཤེས་བྱ་ཆོས་ཅན། མིང་གཟུགས་ཡོད་དེ། དེ་ཕན་ཆད་ཉིང་མཚམས་སྦྱར་བ་ནས་སྐྱེ་མཆེད་དྲུག་དོད་པ་ཚུན་ཆད་ཀྱི་དེ་ལ་བྱེད་པའི་ཕྱིར། ཤེས་བྱ་ཆོས་ཅན། སྐྱེ་མཆེད་དེ་ཡོད་དེ། རང་ངོས་ནས་ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ཚུན་ཆད་དེ་མ་འདུས་པའི་སྐབས་ཀྱི་དེ་ལ་བྱེད་པའི་ཕྱིར། ཤེས་བྱ་ཆོས་ཅན། རེག་པ་ཡོད་དེ། འདུས་པ་དེ་ནས་ཚོར་བ་བདེ་སྡུག་ལ་སོགས་པ་རྣམས་ཀྱི་རྒྱུ་ཤེས་ནུས་པ་ཚུན་ཆད་ཀྱི་དེ་ལྔ་ལ་བྱེད་


GLG014_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། ཤེས་བྱ་ཆོས་ཅན། ཚོར་བ་ཡོད་དེ། རྒྱུ་ཤེས་པ་ནས་ནང་གི་ལོངས་སྤྱོད་འཁྲིག་པ་སྤྱོད་པར་ནུས་པ་ཚུན་ཆད་ཀྱི་དེ་ལྔ་ལ་བྱེད་པའི་ཕྱིར། ཤེས་བྱ་ཆོས་ཅན། སྲེད་པ་ཡོད་དེ། ནང་གི་ལོངས་སྤྱོད་འཁྲིག་པ་ཆགས་ཅན་གྱི་ཡུལ་ཡོངས་སུ་འཚོལ་བ་ལ་ཞུགས་པའི་དེ་ལྔ་ལ་བྱེད་པའི་ཕྱིར། ཤེས་བྱ་ཆོས་ཅན། ཉེ་བར་ལེན་པ་ཡོད་དེ། དེ་ནས་ལོངས་སྤྱོད་རྣམས་ཐོབ་པར་བྱ་བའི་ཕྱིར་དུ་ཡོངས་སུ་རྒྱུག་པའི་སྐབས་ཀྱི་དེ་ལྔ་ལ་བྱེད་པའི་ཕྱིར། སྲིད་པ་ཡོད་དེ། རྒྱུག་པ་དེ་སྲིད་དུ་འབྲས་བུ་འབྱུང་བར་འགྱུར་བའི་ལས་བྱེད་ཀྱི་སྐབས་ལྔ་ལ་བྱེད་པའི་ཕྱིར། ཤེས་བྱ་ཆོས་ཅན། སྐྱེ་བ་ཡོད་དེ། འདི་ན་ཡང་སྲིད་ཕྱི་མར་ཉིང་མཚམས་སྦྱོར་བཞིན་པའི་དེ་ལྔ་ལ་བྱེད་པའི་ཕྱིར། ཤེས་བྱ་ཆོས་ཅན། རྒ་ཤི་ཡོད་དེ། དེ་ཡན་ཆད་ལས་ཚོར་བའི་བར་གྱི་སྐབས་ཀྱི་དེ་ལྔ་ལ་བྱེད་པའི་ཕྱིར། འདི་ནི་རྟེན་འབྲེལ་ལ་སྐད་ཅིག་པ་དང་། རྒྱུན་ཆགས་པ་དང་། འབྲེལ་བ་ཅན་དང་། གནས་སྐབས་པའི་རྟེན་འབྲེལ་བཞི་ལས། གནས་སྐབས་པར་འདོད་དེ། ཡན་ལག་དེ་དང་དེའི་སྐབས་ཀྱི་ཕུང་པོ་ལྔ་ལ། དེ་དང་དེའི་རྟེན་འབྲེལ་དུ་བཞག་པའི་ཕྱིར། ཤེས་བྱ་ཆོས་ཅན། སྐབས་འདིར་མ་རིག་པ་ཞེས་སྨོས་པ་ལ་སྐྱོན་མེད་དེ། དེ་གཙོ་བོ་ཡིན་པའི་ཕྱིར་ན་ཡན་ལག་ཕུང་པོ་གཞན་རྣམས་ལའང་དེ་སྐད་བསྒྲགས་པའི་ཕྱིར། དཔེར་ན། རྒྱལ་པོ་འཁོར་བཅས་བྱོན་པ་ལ་རྒྱལ་པོ་བྱོན་ཞེས་བརྗོད་པ་བཞིན་ཡིན་པའི་ཕྱིར། གསུམ་པ་ནི། ཆ་གསུམ་དུ་བསྡུས་ནས་བསྟན་པ་ལ་ཆོས་ཅན། དགོས་པ་ཡོད་དེ། སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། བར་མ་ད་ལྟར་བ་དག་ལ་རྨོངས་པ་རྣམ་པར་བཟློག་པའི་ཆེད་ཡིན་པའི་ཕྱིར་ཏེ། དང་པོའི་དབང་དུ་བྱས་ནས་མ་རིག་པ་དང་འདུ་བྱེད་གཉིས། གཉིས་པའི་དབང་དུ་བྱས་ནས་སྐྱེ་རྒ་གཉིས། གསུམ་པའི་དབང་དུ་བྱས་ནས་ལྷག་མ་བརྒྱད་བསྟན་པའི་ཕྱིར། གཉིས་པ་ལ། ཉོན་མོངས་པ་གསུམ་དུ་བསྡུ་བ། རྒྱུ་འབྲས་གཉིས་སུ་བསྡུ་བ་གཉིས། དང་པོ་ནི།


GLG014_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་པོ་འདི་ཆོས་ཅན། ཁྱོད་ཉོན་མོངས་པ་དང་། ལས་དང་། གཞི་གསུམ་དུ་འདུ་སྟེ། ཉོན་མོངས་པ་ལ་མ་རིག་པ་དང་སྲིད་ལེན་གསུམ། ལས་ལ་འདུ་བྱེད་དང་སྲིད་པ་གཉིས། གཞི་ལ་རྣམ་ཤེས་སོགས་ལྷག་མ་བདུན་ཡོད་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། བདུན་པོ་བཞི་ཡིན་པ་དེ་བཞིན་དུ་འབྲས་བུའི་ཡང་ཡིན་ཏེ། ལྷག་མ་ལྔ་ནི་རྒྱུའི་རྟེན་འབྲེལ་ཡིན་པའི་ཕྱིར། རྒྱུ་གསུམ་དང་། འབྲས་བུ་ལྔ་བཤད་ནས། སྔོན་མཐར་རྒྱུ་བསྡུས་ཤིང་། ཕྱི་མཐར་འབྲས་བུ་བསྡུས་པ་ལ་ཆོས་ཅན། དགོས་པ་ཡོད་དེ། སྔ་ཕྱིའི་མཐའ་གཉིས་གྱི་རིམ་པ་བཞིན་རྒྱུ་དང་འབྲས་བུ་མདོར་བསྡུས་པ་ནི། བར་མའི་རྒྱུ་འབྲས་རྒྱ་བསྐྱེད་པའི་རྗེས་སུ་དཔག་པ་ལས་སྔ་ཕྱིའི་རྒྱུ་འབྲས་ཀྱང་རྒྱས་པར་གོ་ནུས་པའི་ཆེད་ཡིན་པའི་ཕྱིར། གསུམ་པ་འཁོར་ཚུལ་ནི། མ་རིག་པ་ལ་རྒྱུ་དང་། རྒ་ཤི་ལ་འབྲས་བུ་ཡོད་པས་ཡན་ལག་བཅུ་གཉིས་ཀྱི་གྲངས་ངེས་ཉམས་པའི་སྐྱོན་མེད་དེ། ཉོན་མོངས་པ་ལས་ཉོན་མོངས་པ་སྐྱེས་པ་སྲེད་པ་དང་ལེན་པ། ཉོན་མོངས་པ་ལས་བྱ་བའི་ལས་ཉིད་ཀྱི་ལེན་པ་ལས་སྲིད་པ་དང་། མ་རིག་པ་ལས་འདུ་བྱེད། ལས་དེ་ལས་གཞི་འདུ་བྱེད་ལས་རྣམ་ཤེས་དང་། སྲིད་པ་ལས་སྐྱེ་བ། གཞི་དེ་ལས་གཞི་རྣམ་ཤེས་ལས་མིང་གཟུགས་སོགས་དང་། སྐྱེ་བ་ལས་རྒ་ཤི། གཞི་ལས་ཉོན་མོངས་པ་སྐྱེས་པ་ཚོར་བ་ལས་སྲེད་པ། དེ་ལྟར་བཤད་པ་འདི་ནི་སྲིད་པའི་ཡན་ལག་ལུགས་འབྱུང་དུ་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཕྱིར། ཤེས་བྱ་ཆོས་ཅན། འབྱུང་བ་དང་བྱུང་བ་ཞེས་པ་ལ་ཁྱད་པར་ཡོད་དེ། འདིར་འབྱུང་བ་ཞེས་པ་ནི་རྒྱུའི་རྟེན་འབྲེལ་གྱི་དབང་དུ་བྱས་པ་དང་། བྱུང་བ་ནི་འབྲས་བུའི་རྟེན་འབྲེལ་གྱི་དབང་དུ་བྱས་པ་ཡིན་པའི་ཕྱིར། གཉིས་པ་མདོ་སྡེ་པའི་ལུགས་ལ། སྐབས་སུ་བབ་པ་རྟེན་འབྲེལ་བཞིའི་རང་བཞིན་དང་། ལྷག་མ་བཤད་འཆད་ལ་ལྟོས་པར་བསྟན་པའོ། །དང་པོ་ལ། མ་རིག་པ་དང་། མིང་དང་།


GLG014_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པ་དང་། ཚོར་བའི་རྟེན་འབྲེལ་བཞི། དང་པོ་ནི། མ་རིག་པ་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་ཡོད་དེ། རིག་པ་ཡེ་ཤེས་དང་འཛིན་སྟངས་དངོས་སུ་འགལ་བའི་སེམས་བྱུང་རྨོངས་པ་དེ་ཡིན་པའི་ཕྱིར། རིག་པ་བཀག་ཙམ་གྱི་མེད་དགག་ཁྱོད་མ་རིག་པར་འཇོག་པ་མི་འཐད་དེ། དེའི་མི་མཐུན་ཕྱོགས་སུ་གྱུར་པའི་ཆོས་རྫས་གཞན་ཞིག་ལ་འཇོག་དགོས་པའི་ཕྱིར། དེར་ཐལ། དཔེར་ན། མཛའ་བའི་མི་མཐུན་ཕྱོགས་རྫས་གཞན་ལ་མི་མཛའ་བ་དང་། བདེན་པའི་མི་མཐུན་ཕྱོགས་རྫས་གཞན་ལ་རྫུན་པར་འཇོག་པའི་ཕྱིར། གཞན་ཡང་། དེ་མི་འཐད་དེ། མདོ་ལས། མ་རིག་པ་ནི། ཀུན་སྦྱོར་དང་སོགས་པས་འཆིང་བ་དང་། ཕྲ་རྒྱས་དང་། ཆུ་བོ་དང་། སྦྱོར་བའི་ཚིག་གིས་བསྟན་ལ། རིག་པ་བཀག་ཙམ་དེ་དག་ཏུ་འོས་པ་མ་ཡིན་པའི་ཕྱིར། གལ་ཏེ་ཤེས་རབ་ངན་པ་མ་རིག་པར་འདོད་དོ་ཞེ་ན། མི་འཐད་དེ། དེ་ལྟ་བ་ཡིན་པའི་ཕྱིར། ཁྱབ་སྟེ། ལྟ་བ་མ་རིག་པ་དེ་དང་མཚུངས་ལྡན་དུ་བཤད་པའི་ཕྱིར། ཤེས་རབ་དེ་དང་མ་རིག་པ་གཉིས་ཉོན་མོངས་བྱ་མོངས་བྱེད་དུ་བསྟན་པའི་ཕྱིར་རོ། །ཕྱི་མ་གྲུབ་སྟེ། མདོ་ལས། འདོད་ཆགས་ཀྱིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་ནི་རྣམ་པར་མི་གྲོལ་ལོ། །མ་རིག་པས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་ཤེས་རབ་ནི་རྣམ་པར་མི་འདག་གོ །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། མིང་གི་རྟེན་འབྲེལ་ཆོས་ཅན། ཁྱོད་ཡོད་དེ། གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞིས་བསྡུས་པའི་འདུས་བྱས་དེ་ཁྱོད་ཡིན་པའི་ཕྱིར། གསུམ་པ་ནི། རེག་པའི་རྟེན་འབྲེལ་ཆོས་ཅན། ཁྱོད་ཡོད་དེ། ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ལ་ཡུལ་གྱི་འགྱུར་བ་རང་སྟོབས་ཀྱིས་སྤྱོད་པའི་སེམས་བྱུང་དེ་ཁྱོད་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་རྐྱེན་གྱི་སྒོ་ནས་དབྱེ་ན་དྲུག་ཡོད་དེ། མིག་གི་འདུས་ཏེ་རེག་པ་སོགས་དྲུག་ཡོད་པའི་ཕྱིར། དང་པོ་ལྔ་ནི་ཆོས་ཅན། ཐོགས་པའི་


GLG014_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པ་ཞེས་བྱ་སྟེ། བདག་རྐྱེན་དབང་པོ་གཟུགས་ཅན་ལ་བརྟེན་པའི་རེག་པ་ཡིན་པའི་ཕྱིར། དྲུག་པ་ཆོས་ཅན། བླ་དགས་ཀྱི་ཚིག་གི་རེག་པ་ཞེས་བྱ་སྟེ། བདག་རྐྱེན་ཡིད་དབང་ལ་བརྟེན་པའི་རེག་པ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་མཚན་གཞིའི་སྒོ་ནས་དབྱེ་ན་གསུམ་ཡོད་དེ། རིག་པའི་དང་། མ་རིག་པའི་དང་། དེ་གཉིས་ལས་གཞན་པའི་རེག་པ་དང་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ་དྲི་མེད་ཀྱི་རེག་པ་དེ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། ཉོན་མོངས་ཅན་གྱི་རེག་པ་དེ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། དགེ་བ་ཟག་བཅས་དང་། མ་སྒྲིབ་ལུང་མ་བསྟན་གྱིས་བསྡུས་པའི་རེག་པ་དེ་ཡིན་པའི་ཕྱིར། ཉོན་མོངས་ཅན་གྱི་རེག་པ་ཆོས་ཅན། ཁྱོད་ལ་མཚུངས་ལྡན་གྱི་སྒོ་ནས་གསུམ་ཡོད་དེ། ཁྱོད་ལ་མ་རིག་པ་དང་། གནོད་སེམས་དང་། རྗེས་སུ་ཆགས་པ་དང་མཚུངས་པར་ལྡན་པའི་རེག་པ་གསུམ་ཡོད་པའི་ཕྱིར། དེ་ཆོས་ཅན། འབྲས་བུའི་སྒོ་ནས་དབྱེ་ན་གསུམ་ཡོད་དེ། བདེ་བ་མྱོང་བར་འགྱུར་བ་དང་། ལ་སོགས་པས་སྡུག་བསྔལ་དང་། བཏང་སྙོམས་མྱོང་འགྱུར་གྱི་རེག་པ་དང་གསུམ་ཡོད་པའི་ཕྱིར། །བཞི་པ་ལ། སྤྱིར་བསྟན་པ་དང་། ཡིད་ཚོར་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། ཚོར་བ་ཆོས་ཅན། ཁྱོད་ཡོད་དེ། རང་སྟོབས་ཀྱིས་ཉམས་སུ་མྱོང་བའི་སེམས་བྱུང་དེ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ལ་དབྱེ་ན་དྲུག་ཡོད་དེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སོགས་དྲུག་ཡོད་པའི་ཕྱིར། དང་པོ་ལྔ་ནི་ཆོས་ཅན། ལུས་ཀྱི་ཚོར་བ་ཞེས་བྱ་སྟེ། ཐུན་མོང་མིན་པའི་བདག་རྐྱེན་དེ་དབང་པོ་གཟུགས་ཅན་པ་ལ་བརྟེན་པའི་ཚོར་བ་ཡིན་པའི་ཕྱིར། གཉིས་པ་ལ། གྲངས་ཀྱི་སྒོ་ནས་མདོར་བསྟན། ཡུལ་ལ་འཇུག་ཚུལ་གྱི་སྒོ་ནས་རྒྱས་པར་བཤད། ངོ་བོའི་སྒོ་ནས་དོན་བསྡུ་བ་དང་གསུམ། དང་པོ་ནི། ཡིད་ཚོར་དེ་ཆོས་ཅན། ཡིད་ཡུལ་ལ་ཉེ་བར་རྒྱུ་བ་ལས་རྣམ་པ་དག་ནི་བཅོ་བརྒྱད་ཡོད་དེ།


GLG014_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གཟུགས་ཚོར་དྲུག་ལ་དམིགས་པའི་ཡིད་བདེ་དྲུག །ཅིག་ཤོས་དྲུག །བཏང་སྙོམས་དྲུག་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་འདོད་པ། གཟུགས། གཟུགས་མེད་ཀྱི་དབང་དུ་བྱས་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། འདོད་པ་ན་བཅོ་བརྒྱད་པོ་ཐམས་ཅད་ཡོད་དེ། དེ་ཐམས་ཅད་རང་སའི་ཡུལ་དྲུག་ལ་དམིགས་པ་ཅན་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། འདོད་པའི་ཡིད་ཚོར་སྤྱོད་ཡུལ་གཟུགས་ཁམས་ཅན་ནི་བཅུ་གཉིས་ཡིན་ཏེ། དྲི་རོ་ལ་ཉེ་བར་རྒྱུ་བ་དྲུག་པོ་མ་གཏོགས་པ་གཞན་རྣམས་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དེས་གོང་མ་གཟུགས་མེད་པ་ལ་དམིགས་ཚེ་གསུམ་གྱི་སྤྱོད་ཡུལ་ཅན་ཡིན་ཏེ། ཆོས་ལ་ཉེ་བར་རྒྱུ་བ་གསུམ་པོ་དེ་ཡིན་པའི་ཕྱིར། གཉིས་པ་ལ། བསམ་གཏན་དང་པོ་གཉིས་ཀྱི་དབང་དུ་བྱས་པ་དང་། བསམ་གཏན་ཕྱི་མ་གཉིས་ཀྱི་དབང་དུ་བྱས་པ་གཉིས། དང་པོ་ནི། བསམ་གཏན་དང་པོ་གཉིས་ཆོས་ཅན། འདོད་པའི་ཡུལ་དྲུག་ལ་འགྲོ་ཞིང་དམིགས་པའི་ཚེ་བཅུ་གཉིས་ཡོད་དེ། ཡིད་མི་བདེ་དྲུག་མ་གཏོགས་པ་རྣམས་ཡོད་པའི་ཕྱིར། དེ་ཆོས་ཅན། རང་ས་གཟུགས་ཁམས་ལ་དམིགས་པའི་ཚེ་བརྒྱད་ཡོད་དེ། དེ་ལས་དྲི་རོ་ལ་རྒྱུ་བ་བཞི་མ་གཏོགས་པ་རྣམས་ཡོད་པའི་ཕྱིར། དེ་ཆོས་ཅན། གཟུགས་མེད་པའི་ཡུལ་ལ་དམིགས་པའི་ཚེ་གཉིས་ཡོད་དེ། ཆོས་ལ་རྒྱུ་བའི་ཡིད་བདེ་བ་དང་། བཏང་སྙོམས་གཉིས་ཡོད་པའི་ཕྱིར། གཉིས་པ་ནི། བསམ་གཏན་ཕྱི་མ་གཉིས་ཆོས་ཅན། ཁྱོད་ལ་དྲུག་ཡོད་དེ། ཁྱོད་ལ་བཏང་སྙོམས་ཀྱི་ཉེར་རྒྱུ་དག་ཁོ་ན་སྟེ་དེ་དྲུག་གི་དམིགས་པ་ནི་འདོད་པའི་ཡུལ་དྲུག་ལ་དམིགས་པའི་ཕྱིར། དེ་ཆོས་ཅན། རང་སའི་ཡུལ་ལ་དམིགས་པའི་ཚེ་བཞི་ཡོད་དེ། དེའི་ཚེ་དྲི་རོ་མ་གཏོགས་པའི་བཞི་ཡོད་པའི་ཕྱིར། དེ་ཆོས་ཅན། གོང་མ་གཟུགས་མེད་ལ་དམིགས་པའི་ཚེ་གཅིག་ཡོད་དེ། དེའི་ཚེ་ཆོས་ལ་རྒྱུ་བ་ཁོ་ན་ཡིན་པའི་ཕྱིར། གསུམ་པ་ལ། ཉེར་བསྡོགས་དང་། དངོས་གཞིའི་དབང་དུ་བྱས་


GLG014_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས། དང་པོ་ནི། གཟུགས་མེད་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཆོས་ཅན། ཁྱོད་ཀྱི་ཉེར་བསྡོགས་ལ་བཞི་ཡོད་དེ། གཟུགས་མེད་ནས་བསམ་གཏན་བཞི་པའི་ཡུལ་བཞི་ལ་འགྲོ་ཞིང་དམིགས་པ་བཞི་ཡོད་པའི་ཕྱིར། དེ་ཆོས་ཅན། གོང་མ་གཟུགས་མེད་པར་འགྲོ་ཞིང་དམིགས་པ་གཅིག་ཡིན་ཏེ། ཆོས་ལ་རྒྱུ་བ་ཁོ་ན་ཡིན་པའི་ཕྱིར། གཉིས་པ་ནི། གཟུགས་མེད་ཆོས་ཅན། ཁྱོད་ཀྱི་དངོས་གཞི་ན་ཆོས་རྒྱུ་ཚོར་བ་གཅིག་པུ་ཡིན་ཏེ། དེར་རང་སའི་ཡུལ་ཅན་གྱི་ཆོས་ལ་ཉེར་རྒྱུ་གཅིག་ཁོ་ནར་ངེས་པའི་ཕྱིར། གསུམ་པ་ནི། འདིར་བསྟན་པའི་ཡིད་ཚོར་བཅོ་བརྒྱད་པོ་ཐམས་ཅད་ཆོས་ཅན། ཟག་པ་དང་བཅས་པ་ཡིན་ཏེ། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། སྐབས་འདིར་རྟེན་འབྲེལ་བཞི་ཁོ་ན་སྟོན་པའི་རྒྱུ་མཚན་ཡོད་དེ། རྣམ་ཤེས་དང་སྐྱེ་མཆེད་དང་། གཟུགས་ནི་བཤད་ཟིན་ལ། གཞན་འདུ་བྱེད་དང་སྲིད་པ་ནི་ལས་བསྟན་དང་། སྲིད་ལེན་གཉིས་ཕྲ་རྒྱས་བསྟན་པས་འཆད་པར་འགྱུར་བའི་ཕྱིར། སྨྲས་པ། མི་ལུས་ཡིད་བཞིན་ནོར་བུ་མཆོག །མི་གཙང་ཉོན་མོངས་འདམ་རྫབ་གྱིས། །མི་ཤེས་མཐུ་ཡིས་གོས་གྱུར་པ། །མི་འམ་ཅི་ལྟར་རྨོངས་མིན་ནམ། །དབྱིག་གཉེན་ཞལ་ལུང་ཀུན་གསལ་འགྲམ་པ་ལས། །ཉོན་མོངས་ཕྲ་ཞིབ་འཇའ་ཚོན་གསར་པ་འདི། །བློ་གསལ་མིག་གིས་ལྟོས་ལ་སྤོང་བའི་ཐབས། །བརྩོན་པས་སྒྲུབས་དང་ཐར་པ་ཅིས་མི་འཐོབ། །རང་ཅག་ཀུན་གྱི་རྒྱུད་ལ་འཛད་མེད་དུ། །རྒྱལ་པོའི་གན་མཛོད་ལྟ་བུར་ཆེས་གང་བའི། །དུག་གསུམ་ཉོན་མོངས་མང་པོའི་སྤྱད་དངོས་ལ། ད་དུང་ལོ་འགའི་བར་དུ་སྤྱད་ཀྱིས་དོགས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousརྟེན་འབྲེལ་གྱི་རང་བཞིན་བཤད་པ།next