གནོད་སྦྱིན་ཡ་བ་སྐྱ་བདུན་གྱི་མདོས་ཆོག་དབང་དྲག་གྲུབ་པའི་དགའ་སྟོན།
གནོད་སྦྱིན་ཡ་བ་སྐྱ་བདུན་གྱི་མདོས་ཆོག་དབང་དྲག་གྲུབ་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །
བླ་མ་པདྨ་ཐོད་འཕྲེང་དང་། །དབང་ཆེན་རྟ་མཆོག་ལ་བཏུད་ནས། །གནོད་སྦྱིན་ཡ་བ་སྐྱ་བདུན་གྱི། །མདོས་ཀྱི་འཕྲིན་ལས་རིམ་པ་འདྲི། །དེ་ཡང་བྱིན་གྱིས་བརླབས་ལ་རིམ་པ་བཞི་ཡོད་པའི་གཞན་གསུམ་མ་མོ་དང་དམིགས་གསལ་གྱི་བསྒྱུར་ཁ་མ་གཏོགས་འདྲ་ལ། རྟེན་བསྐྱེད་པ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རྟེན་མདོས་རི་རབ་ཀྱི་སྟེང་གཞལ་ཡས་ཁང་གི་ནང་བཙན་ཡུལ་ཟངས་ཐང་དམར་པོ་ཟངས་བྲག་གནམ་ཁ་བསྙེག་གོ །རྩེ་ལ་རྒོད་སྨུག་ལྡིང་བ། ལོགས་ལ་བཙན་སྐྱ་རྒྱུ་བ། རྐེད་ན་གཅན་གཟན་ངུར་བ། རྩ་བར་དུག་ཆུ་ཁོལ་བ། བྲག་རི་དམར་པོའི་ནང་དུ་ཁྲག་མཚོ་ཁོལ་ཞིང་བསེ་མཁར་སྨུག་པོ་ཟངས་ཀྱི་སྒོ་ལྕགས་ཅན་བཙན་མཁར་འཇིགས་སུ་རུང་བའི་དབུས་ན་ཏྲི་བདུན་ཡོངས་སུ་གྱུར་པ་ལས་ལྷ་བཙན་དགྲ་ལྷའི་རྒྱལ་པོ་ཙེ་དམར་བ་སྐུ་མདོག་དམར་ལྗང་རལ་པ་དམར་པོ་མེ་འོད་འཁྲིགས་པ། སྤྱན་ནས་མེའི་སྐར་མདའ་འཁྲུག་པ། ཞལ་ནས་ཁྲག་གི་སེར་ཆེན་འབེབས་པ། མཆེ་བ་རྣོན་པོ་གངས་རི་ལྟར་གཙིགས་པ། ལྗགས་གློག་ལྟར་འཁྱུག་པ། ཁྲོ་ཞིང་(༢ན)
འཇིགས་ལ་རྔམ་ཞིང་གཏུམ་པ། །སྐུ་ལ་དར་དམར་གྱི་བེར་ཆེན་ཟ་འོག་སྔོ་ཁྲའི་གོང་ལག་ཅན་གསོལ་བར་རིན་ཅེན་གསེར་གྱི་སྐ་རགས་བཅིངས་པ། དབུ་ལ་དར་དམར་གྱི་འགྱིང་ཐོད་ཅན། སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། བསེ་ཕུབ་དམར་པོ་རྒྱབ་ཏུ་འཁྱིལ་བ། ཕྱག་གཡས་བཙན་གྱི་ཞགས་པ་དམར་པོས་དགྲ་བོ་འཆིང་ཞིང་། གཡོན་བསེ་མདུང་དམར་པོ་དར་དམར་གྱི་རུ་མཚོན་ཅན་སྙིང་ལ་བསྣུན་པ། རྟ་བྲ་བོ་སྒབ་ནག །དར་གདན་དམར་པོ་སྒ་ཁྲ་བོ། དངུལ་གྱི་ཡོབ་ཐག །ཟངས་ཀྱི་ཡོབ་ཆེན་གསེར་གྱི་སྲབ། གཡུའི་མཐུར་མདའ། དར་དམར་གྱི་སྲབ་སྐྱོགས། སྦྲུལ་ནག་གི་གོང་རྨེད་བྱས་པ་ལ་བཅིབས་ནས་སྟོང་གསུམ་བསྐོར་བ། སྐུ་ལ་ཞལ་གྱི་ལྷ་བཙན་སྐུ་མདོག་དཀར་སེར་ཁྲོ་གཏུམ་ཅན་སྐུ་ལ་ཟ་འོག་དམར་ཁྲའི་གོས་དང་དར་དམར་གྱི་ཐོད་གསོལ་བ། གཡས་སུ་སྟག་དོང་དང་གཡོན་གཟིག་ཤུབས་འཕྱང་བ། ཕྱག་གཉིས་གསེར་མདའ་གསེར་གཞུ་རེ་བཀང་སྟེ་དགྲ་བོའི་སྙིང་ལ་བརྡེག་པ། སྨུག་པོ་ཤ་གདོང་སྒ་སྲབ་ཅན་ལ་བཅིབས་པ། གྲོ་ཤོད་བོད་ཀྱི་སྒང་དམག་རྗེ་སྐུ་མདོག་དམར་པོ་མེ་འོད་འབར་བ་རྔམ་ཞིང་(༢བ)
འཇིགས་པ་སྐུ་ལ་ལེ་བརྒན་གྱི་འཇོལ་བེར་དང་དར་དམར་གྱི་ཐོད་བཅིངས་པ། སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡོན་ཟངས་ཞགས་དམར་པོས་དགྲ་བོ་བཅིངས་ཏེ་གཡས་ཀྱིས་ཤང་ལང་བརྡེག་པ། མཚའ་ལུ་རྟིང་དཀར་སྒ་སྲབ་ཅན་ལ་བཅིངས་པ། ར་ཙ་གོས་སྔོན་གྱི་ཀླུ་བཙན་སྐུ་མདོག་དམར་ནག་འཇིགས་སུ་རུང་བ། སྐུ་ལ་ཆུ་དར་སྔོན་པོའི་རལ་གུ་ལ་དུག་སྦྲུལ་གྱི་སྐ་རགས་བཅིངས་པ། དར་སྔོན་གྱི་ཐོད་ཅན། སྟག་དོང་གཡས་དང་གཟིག་ཤུབས་གཡོན་དུ་འཕྱང་བ། ཕྱག་གཡས་ལྕགས་མདུང་ནག་པོ་དང་གཡོན་དུག་སྦྲུལ་གྱི་ཞགས་པ་འཕེན་པ། རྟ་སེར་པོ་སྒ་སྲབ་ཅན་བཅིབས་པ། རྡོ་རེངས་དམར་པོའི་གྲིབ་བཙན་སྐུ་མདོག་དམར་པོ་འཇིགས་པའི་གཟུགས་ཅན་བེར་དམར་གྱི་སློག་པ་དང་དར་དམར་གྱི་ཐོད་གསོལ་བ། སྟག་དོང་གཡས་དང་གཡོན་དུ་གཟིག་ཤུབས་འཕྱང་བ། ཕྱག་གཡས་བསེ་མདུང་དམར་པོ་དང་གཡོན་བཙན་གྱི་རྒྱུ་ཞགས་བསྣམས་པ། རྐྱང་དམར་སྦོ་དཀར་སྒ་སྲབ་ཅན་ལ་བཅིབས་པ། ཀཾ་ཀ་ཐོད་ནག་བདུད་བཙན་སྐུ་མདོག་ལྗང་ནག་ཤིན་ཏུ་འཇིགས་པ། སྐུ་ལ་དར་ནག་བེར་ཆེན་དང་བདུད་དར་ནག་པོ་ཐོད་དུ་བཅིངས་པ། སྟག་དོང་གཡས་དང་གཡོན་དུ་གཟིག་ཤུབས་འཕྱང་བ། ཕྱག་གཡས་དར་ནག་གི་རུ་མཚོན་འཕྱར་ཞིང་། གཡོན་པས་འབྲེང་ཞགས་བླ་ལ་འདེབས་པ། རག་པ་གཞུང་ནག་སྒ་སྲབ་ཅན་ལ་བཅིབས་པ། རྩལ་ཐོག་རྒྱུག་གི་གྲི་བཙན་སྐུ་མདོག་ཁྲག་ལྟར་དམར་བ་སྐུ་ལ་ཟངས་ཁྲབ་དམར་པོ་དང་དབུ་ལ་དར་དམར་གྱི་ཐོད་བཅིངས་པ། སྟག་དོང་གཡས་དང་གཡོན་དུ་གཟིག་ཤུབས་འཕྱང་བ། ཕྱག་གཡས་བསེ་མདུང་དམར་པོ་མེ་འོད་འཕྲོ་བ་(༣ན)
གསོར་ཞིང་། གཡོན་ཟངས་ཀྱི་རལ་གྲི་གློག་ལྟར་འཁྱུག་པ། རྟ་མཆོག་རླུང་གི་གཤོག་པ་སྒ་སྲབ་ཅན་ལ་བཅིབས་པ། བདུན་ཀའང་རི་ཁྱི་སྤྱང་ཀི་རོལ་དུ་ཁྲིད་པ། རི་བྱ་ཕོ་རོག་སྟེང་དུ་ལྡིང་བ། བཙན་དམག་འབུམ་སྡེའི་འཁོར་གྱིས་བསྐོར་བ་དང་བཅས་བཞུགས་པར་མོས་ལ། གསོལ་མཆོད་གཞུང་བཞིན་གཏོང་། མདོས་བསྔོ་བ་ནི། སྔོན་ཚེ་སངས་རྒྱས་འོད་སྲུངས་བསྟན་པའི་མཇུག །བྱང་ཕྱོགས་ལི་ཡུལ་ལྕང་ར་སྨུག་པོ་ན། ཕ་ནི་རྗེ་བཙུན་མ་ནི་ཨུཏྤལ་རྒྱན། །སྲས་སུ་འཁྲུངས་པའི་འཕྱོར་པ་ཞེས་བྱ་བས། །དགེ་སློང་ཙནྡྲ་བྷ་ཧར་སྡོམ་པ་བླངས། །ནགས་ཚལ་ཁྲོད་གནས་མཆོད་སྦྱིན་བྱེད་པའི་ཚེ། །ལྷ་ལྕམ་དེ་བྱིན་དུག་སྦྲུལ་འཇིགས་པ་ལས། །བསྐྱབས་ཚེ་བློན་པོས་མཐོང་ནས་ཡ་ག་བསྒྲགས། རྒྱལ་པོ་ཁྲོས་ཏེ་གསོད་དུ་ཆས་པ་ན། །ལྷ་ལྕམ་ལྕེབས་སོགས་རྒྱུ་མཚན་ཐོས་པ་ཡིས། །སྲས་དེས་ཁ་བ་ཅན་གྱི་ཕྱོགས་སུ་བྲོས། །ནམ་ཞིག་དམག་གིས་ལི་སྲས་གྲི་རུ་བཀྲོངས། །གདུག་སེམས་སྨོན་ལམ་བཏབ་པའི་འབྲས་བུ་ལས། །བཙན་རྗེ་ཟླ་བ་ཐོད་ཀར་རིགས་བརྒྱུད་དུ། ཁྲག་གི་སྒོ་ང་སྐྱེས་པ་བརྡོལ་བའི་ནང་། །བཙན་རྒོད་གནོད་སྦྱིན་ཆེན་པོ་ཙེ་དམར་བ། །ཞེ་སྡང་མཐུ་ཡིས་མགོ་ལས་བདུད་བཙན་ནག །རུས་ལས་ལྷ་བཙན་དྲོད་ལས་བྲག་གི་བཙན། ཁྲག་ལས་གྲིབ་བཙན་ཆུ་སེར་ཀླུ་ཡི་བཙན། །ཤ་ཡི་རས་ལས་གྲིབ་བཙན་དྲུག་བྱུང་བས། །བཙན་རྒོད་འབར་བ་སྤུན་བདུན་ཞེས་གྲགས་པས། །སྲིད་གསུམ་ཚེ་སྲོག་ཟ་ཞིང་འཕུང་བྱེད་ཚེ། །དཔལ་ཆེན་རྟ་མགྲིན་དབང་གིས་དམ་བཏགས་པའི། །ལྷ་(༣བ)
བཙན་དགྲ་ལྷའི་རྒྱལ་པོ་སྤུན་བདུན་པོ། །སློབ་དཔོན་ཆེན་པོ་པདྨ་ཐོད་འཕྲེང་གིས། །ཆོས་འཁོར་གཉན་པོའི་སྲུང་མར་བཀའ་བསྒོས་པ། །འདིར་སྤྱོན་འདིར་སྤྱོན་རྟེན་པའི་མདོས་ལ་བཞུགས། །རྣལ་འབྱོར་བཅོལ་པའི་འཕྲིན་ལས་སྒྲུབ་པར་མཛོད། །ལྷ་ཁྱོད་དགྱེས་པ་བསྐྱེད་པའི་མཆོད་རྫས་ནི། །ཤེལ་དང་བཻཌཱུར་པད་རཱག་གསེར་སྦྱངས་ལས། །གྲུབ་པའི་ལྷུན་པོ་བང་རིམ་བཞི་ལྡན་སྟེང་། །ཕོ་བྲང་སྐུ་མཁར་རྒྱ་ཕུབས་ལྕོག་གིས་མཛེས། །གླིང་བཞི་གླིང་ཕྲན་མཐའ་ན་ལྕགས་རིས་བསྐོར། །ཉི་ཟླའི་འོད་ཀྱིས་འཇིག་རྟེན་མུན་པ་སེལ། །དཔག་བསམ་ཤིང་དང་འདོད་པ་འཇོ་བའི་བ། །མ་རྨོས་ལོ་ཏོག་རིན་ཅེན་རི་བོ་མཐོ། །བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་གྱིས། །གནོད་སྦྱིན་མཆེད་བདུན་འཁོར་བཅས་ཐུགས་དམ་བསྐང་། །རྟེན་མདོས་འདི་ལ་རྟག་ཏུ་བརྟན་བཞུགས་ནས། །སྔགས་འཆང་བདག་གིས་བཅོལ་བའི་ལས་ཀུན་སྒྲུབས། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བརྒྱའི་ཟས། །འཇམ་མཉེན་གོས་དང་ཁྲག་ཆང་མཆོད་ཡོན་སྦྲང་། །དབང་པོའི་མེ་ཏོག་གསུར་ཆེན་དུད་སྤྲིན་འཁྲིགས། །ཞུན་ཆེན་མར་མེ་མཁྲིས་པའི་དྲི་ཆབ་འཁྱིལ། །ཤ་རུས་ཞལ་ཟས་རོལ་མོ་སྣ་ཚོགས་ལྡིར། །རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ། །ཤ་ལྔ་བདུད་རྩི་ལྔ་ལྡན་གཏོར་མའི་ཚོགས། །དམར་ཆེན་རཀྟའི་རྦ་རླབས་མཁའ་ལ་འཕྱོ། །འཛད་མེད་ནམ་མཁའ་མཛོད་ཀྱི་མཆོད་སྤྲིན་འདིས། །གནོད་སྦྱིན་མཆེད་བདུན་འཁོར་བཅས་ཐུགས་དམ་བསྐང་། །རྟེན་མདོས་འདི་ལ་རྟག་ཏུ་བརྟན་བཞུགས་ནས། །སྔགས་འཆང་བདག་གིས་བཅོལ་བའི་ལས་ཀུན་སྒྲུབས། །སྟེང་ན་འཇའ་ལྟར་བཀྲ་བ་དར་ཟབ་གདུགས། །སྒྲོ་ཕོད་གང་བཟང་ཕྱག་མཚན་ཏོག་གིས་མཛེས། །སྣ་ཚོགས་དར་གྱི་འཕན་དང་ཅོད་པན་གཡོ། །འཇམ་མཉེན་འདབ་ཆགས་(༤ན)
སྒྲོ་སྤུས་ཐོད་བཅིངས་བའི། །ནམ་མཁའ་རྒྱང་བུ་དབང་པོའི་གཞུ་རིས་ཅན། །མདའ་ཁྲ་འཕང་ཁྲ་གྲངས་ཚད་བསྣོལ་མར་བཀོད། །ལྕགས་ཟངས་བསེ་ཡི་ཁྲབ་རྨོག་སྤ་བསེའི་ཕུབ། །སྣ་ཚོགས་རྔ་མའི་རྒྱན་ལྡན་ཞོལ་བཏགས་སོགས། །རང་བསྲུང་རྡོ་རྗེ་གོ་ཆའི་ཚོགས་རྣམས་ཀྱིས། །གནོད་སྦྱིན་མཆེད་བདུན་འཁོར་བཅས་ཐུགས་དམ་བསྐང་། །རྟེན་མདོས་འདི་ལ་རྟག་ཏུ་བརྟན་བཞུགས་ནས། །སྔགས་འཆང་བདག་གིས་བཅོལ་བའི་ལས་ཀུན་སྒྲུབས། །དམར་ནག་ལྕགས་མདུང་བསེ་མདུང་དར་ལྕེ་ཅན། །ཟངས་ལྕགས་རལ་གྲི་དགྲ་སྟ་མདའ་དང་མདུང་། །འཆིང་བྱེད་རྒྱུ་མ་འབྲེང་བ་དུག་སྦྲུལ་དང་། །ཞགས་པ་དམར་པོ་ལྕགས་ཀྱི་ཨ་ལོང་ཅན། །དར་དམར་ཟ་འོག་དམར་ཁྲ་ལེ་བརྒན་ལས། །གྲུབ་པའི་འཇོལ་བེར་རྩེ་བེར་དམར་ནག་དང་། །རལ་གུ་སྔོན་པོ་སྔོན་དམར་དར་གྱི་ཐོད། །སག་ལྷམ་དམར་པོ་གསེར་གྱི་སྐ་རགས་ལ། །རིན་ཅེན་སྣ་ཚོགས་ཕྲ་ཡིས་རབ་སྤྲས་པས། །གནོད་སྦྱིན་མཆེད་བདུན་འཁོར་བཅས་ཐུགས་དམ་བསྐང་། །རྟེན་མདོས་འདི་ལ་རྟག་ཏུ་བརྟེན་བཞུགས་ནས། །སྔགས་འཆང་བདག་གིས་བཅོལ་པའི་ལས་ཀུན་སྒྲུབས། །ཅང་ཤེས་རྟ་མཆོག་བླ་བོ་སྒབ་ནག་དང་། །ཤ་གདེང་སྨུག་པོ་མཚའ་ལུ་རྟིང་དཀར་ཅན། །གསེར་གྱི་མདོག་ལྡན་རྐྱང་དམར་སྦོ་དཀར་དང་། །རག་པ་གཞུང་ནག་རླུང་གི་ཤུགས་ཅན་ལ། །དར་གདན་སྟེང་དུ་རྟ་སྒ་ཁྲ་བོས་མཛེས། །དངུལ་གྱི་ཡོབ་ཐག་ཟངས་ཀྱི་ཡོབ་ཆེན་དང་། །གསེར་སྲབ་གཡུ་ཟབ་དར་དམར་སྲབ་སྐྱོགས་ཅན། །དུག་སྦྲུལ་ནག་པོའི་གོང་རྨེད་རྒྱན་སྤྲས་ནས། །སྟོང་གསུམ་སྐད་ཅིག་མྱུལ་པའི་བཞོན་པ་འདིས། །གནོད་སྦྱིན་མཆེད་བདུན་འཁོར་བཅས་ཐུགས་དམ་བསྐང་། །རྟེན་མདོས་འདི་ལ་རྟག་ཏུ་བརྟེན་བཞུགས་ནས། །སྔགས་འཆང་བདག་གིས་བཅོལ་པའི་ལས་ཀུན་སྒྲུབས། །གླང་ཆེན་སྟག་གཟིག་ལྤགས་(༤བ)
པ་ཞིང་ཆེན་གོས། །མི་མགོ་སྐམ་རློན་དོ་ཤལ་རིན་ཅེན་རྒྱན། །གཡག་རྒོད་ར་ལུག་ཁྱི་འཕྱོ་བྱ་ནག་ལྡིང་། །གནམ་ལ་འཕུར་དགུ་ས་ལ་འཛུལ་དགུ་དང་། །རི་དྭགས་འཕྱོར་དགུ་རྒྱལ་མཚན་བ་དན་བསྒྲེང་། །སྐྱེས་པ་ཕོ་དང་ཟ་མ་མོ་ཡི་གླུད། །ཕོ་གདོང་མོ་གདོང་ཤིང་གྲི་ཡུལ་མཁར་རིས། །སྨན་སྣ་དར་ཟབ་ཤིང་ཏོག་ཇ་སྣ་དང་། །ཤ་རིགས་བཟའ་བཅའ་སྣ་མང་འབྲུ་ཚོགས་ཀྱིས། །གནོད་སྦྱིན་མཆེད་བདུན་འཁོར་བཅས་ཐུགས་དམ་བསྐང་། །རྟེན་མདོས་འདི་ལ་རྟག་ཏུ་བརྟེན་བཞུགས་ནས། །སྔགས་འཆང་བདག་གིས་བཅོལ་པའི་ལས་ཀུན་སྒྲུབས། ཁ་དོག་ལྔ་ལྡན་རྔ་མའི་ཆུན་པོ་དང་། །སྣམ་རས་དཀར་དམར་སྔོ་དང་སྟག་གཟིག་རས། །ཛོ་ཀེ་མོན་པ་བུད་མེད་ཟློས་གར་བསྒྱུར། ཁྱད་པར་རིན་ཅན་ལས་གྲུབ་ག་འུའི་ནང་། །བླ་རྡོ་གསང་བ་སྲོག་གི་འཁོར་ལོ་བཅས། །སྣ་ཚོགས་རིན་ཅེན་དུ་མས་ལེགས་གཏམས་དང་། །དྲེགས་པ་རང་བཞིན་འདུ་བའི་རྟེན་རྫས་སོགས། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོའི་ཚོགས། །དངོས་བཤམས་ཡིད་སྤྲུལ་ནམ་མཁའ་ཁྱོན་གང་བས། །གནོད་སྦྱིན་མཆེན་བདུན་འཁོར་བཅས་ཐུགས་དམ་བསྐང་། །རྟེན་མདོས་འདི་ལ་རྟག་ཏུ་བརྟེན་བཞུགས་ནས། །སྔགས་འཆང་བདག་གིས་བཅོལ་པའི་ལས་ཀུན་སྒྲུབས། །བཙན་རྒོད་འབར་བ་སྤུན་བདུན་འཁོར་བཅས་ཀྱིས། །ཐུབ་བསྟན་འཕེལ་ཞིང་དེ་འཛིན་ཚོགས་རྣམས་བརྟན། །འཇིག་རྟེན་སྤྱི་དང་ཡང་སྒོས་བོད་ཡུལ་འདིར། །རྒུད་པ་ཀུན་ཞི་བདེ་སྐྱིད་འཕེལ་བར་མཛོད། ཁྱད་པར་རིགས་འཛིན་བདག་ཅག་དགོན་གནས་སྡེ། །རྒྱུ་སྦྱོར་སྦྱིན་པའི་བདག་པོ་བཅས་པ་ལ། །སྔ་དགྲ་ལག་དར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་ཚེར་ལྟར་རྩུབ་པ་སྡེ་དཔུང་གི །སྟོབས་འབྱོར་མངའ་ཐང་ཚེ་དང་བསོད་ནམས་སྣུབས། །བླ་ཚེ་དུག་ལ་སྲོག་རྩ་དམར་པོ་ཆོད། །མདོར་ན་མིང་དང་བརྡ་ཙམ་མ་ལུས་པར། །ཐལ་(༥ན)
བའི་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །བདག་སོགས་དཔོན་སློབ་ཡོན་བདག་འཁོར་བཅས་ཀྱི། །ཚེ་དཔལ་བསོད་ནམས་དབང་ཐང་སྟོབས་འབྱོར་དང་། །ལུང་རྟོགས་ཡོན་ཏན་ལ་སོགས་སྲིད་ཞི་ཡི། །ལེགས་ཚོགས་མ་ལུས་རྒྱས་པའི་འཕྲིན་ལས་མཛོད། །མདོར་ན་སངས་རྒྱས་གཉིས་པ་ཐོད་འཕྲེང་རྩལ། །པདྨ་དབང་རྒྱལ་གནམ་ལྕགས་མེ་འབར་རྗེ། །རིགས་འཛིན་བརྒྱུད་པའི་དམ་ཚིག་ཉེར་དགོངས་ལ། །བསམས་པའི་ཇི་བཞིན་ལྷུན་གྱིས་གྲུབ་པར་མཛོད། །གནོད་སྦྱིན་ཡ་བ་སྐྱ་བདུན་གྱི་མདོས་ཆོག་གི་རིམ་པ་དབང་དྲག་གྲུབ་པའི་དགའ་སྟོན་ཞེས་པ་འདི་ནི་ཟ་ཧོར་སྔགས་སྨྱོན་གྱིས་སྦྱར་བའི་ཡི་གེ་པ་ནི་གནས་བན་འཇམ་དབྱངས་སོ། །