Nitartha Digital Library
Tibetan
ཨ་རིག་པཎ་ཆེན་བླ་མ་པདྨ་ཚེ་དབང་ལྷུན་གྲུབ་གྱི་གསུང་འབུམ།


   
  expand section
  expand section
  expand section
  collapse section
   
   
   
   
   
  expand section
   
   
   
ཀར་གླིང་ཞི་ཁྲོའི་སྐུ་གསུམ་གསོལ་འདེབས་ཀྱི་སྐབས་ལ་དཔྱད་པ།
   
   
   
  expand section
  expand section
  expand section
   
   
   
  expand section
   


 
previousཀར་གླིང་ཞི་ཁྲོའི་སྐུ་གསུམ་གསོལ་འདེབས་ཀྱི་སྐབས་ལ་དཔྱད་པ།next

ཀར་གླིང་ཞི་ཁྲོའི་སྐུ་གསུམ་གསོལ་འདེབས་ཀྱི་སྐབས་ལ་དཔྱད་པ།

ན་མོ་གུ་ར་ཝེ། རྨད་བྱུང་ཟབ་གཏེར་རིན་ཆེན་བུམ་བཟང་ལས། །ཆོས་ནོར་རྫས་ཀྱི་འདོད་དགུ་ཅིར་ཡང་སྩོལ། །བསིལ་ལྡན་འགྲོ་བ་གསང་ཆེན་ཐེག་པར་བཀྲི། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེར་སྙིང་ནས་དད། །ཤིན་ཏུ་རབ་ཟབ་ཡོ་ག་སྡེ་གསུམ་བཅུད། །མན་ངག་ཁྲིགས་སུ་བསྡེབས་པའི་ནོ་པི་ཀ །འཛོལ་མེད་དུས་སུ་འདྲེན་པའི་ཤིང་རྟ་ཆེ། །གྲུབ་མཆོག་གཏེར་ཆེན་ཀརྨ་གླིང་པར་འདུད། །རྡོ་རྗེའི་ཚིག་གི་དགོངས་དོན་འདབ་སྟོང་རྒྱ། །ལེགས་པར་འབྱེད་པའི་འོད་སྣང་འབུམ་བརྡལ་པའི། །ནམ་མཁའི་མཚན་དང་རིག་པའི་རྡོ་རྗེ་དང༌། །པདྨའི་མཚན་ཅན་སོགས་ལ་གུས་པས་འདུད། །དེ་ཡང་ཇི་སྐད་དུ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བསྐལ་བཟང་མཛད་པ་རྨད་བྱུང་བའི། །དུས་གསུམ་རྒྱལ་བས་རྣམ་སྤྲུལ་བས། །ངོ་མཚར་པདྨའི་སྡོང་པོ་ལ། །རིག་པ་འཛིན་པ་དེར་སྣང་ངོ༌། །ཞེས་དང༌། ལྷ་མོ་དྲི་མ་མེད་པ་ལུང་བསྟན་པའི་མདོ་ལས། ཕྱོགས་དུས་རྒྱལ་བ་མ་ལུས་པའི། །ཕྲིན་ལས་གཅིག་ཏུ་བསྡུས་པ་ནི། །ངོ་མཚར་མཆོག་བརྙེས་རྒྱལ་བའི་སྲས། །ཨོ་རྒྱན་གནྡྷོའི་ནུབ་བྱང་འབྱུང༌། །ཞེས་སོགས་རྒྱལ་བའི་བཀའ་མདོ་རྒྱུད་མང་པོ་ནས་རྡོ་རྗེའི་ལུང་གིས་བསྔགས་ཤིང་། རིག་འཛིན་གྲུབ་ཐོབ་ཡོངས་ཀྱི་གཙུག་རྒྱན། དཔའ་བོ་མཁའ་འགྲོ་འབུམ་གྱི་ཚོགས་དཔོན། གསང་སྔགས་རྒྱུད་སྡེ་ཀུན་གྱི་མངའ་བདག གངས་ཅན་འགྲོ་བ་མཐའ་དག་གི་སྐྱབས་གཅིག ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ཞེས་ཤྲཱི་ཧེ་རུ་ཀ་ཆེན་པོ་རིག་སྔགས་འཆང་བའི་སྐུར་བཞེངས་པ་གང་དེས། དགོས་པ་ཆེན་པོ་བཞི་ལ་གཟིགས་ནས་སྙིགས་མའི་དུས་ཀྱི་གདུལ་བྱ་དག་གི་ཆེད་དུ། གངས་ཅན་གྱི་ཁྱོན་མ་ལུས་པ་ཟབ་གཏེར་རྒྱ་མཚོ་ལྟ་བུས་ཕྱུར་བུར་གཏམ་པ། དུས་ལ་བབས་ཚེ་གཏད་རྒྱ་མངོན་དུ་སད་པའི་བརྒྱུད་པ་དགུ་ལྡན་གྱི་སྤྲུལ་པའི་གཏེར་ཆེན་རྣམས་ཀྱིས་རིམ་བཞིན་སྤྱན་དྲངས་པ་ལས། འདིར་སྒམ་པོ་གདར་གྱི་རི་ནས་གཏེར་ཆེན་གླིང་པ་བརྒྱད་ཀྱི་ཡ་གྱལ་འགྲོ་མགོན་ཀརྨ་གླིང་པས་སྤྱན་དྲངས་པའི་ཞི་ཁྲོ་དགོངས་པ་རང་གྲོལ་ཞེས་འགྲོ་དོན་དང་ཕྲིན་ལས་བྱིན་རླབས་ནུས་པའི་ཁྱད་པར་རྨད་དུ་བྱུང་བའི་རྡོ་རྗེའི་གསུང་འདིའི་གསོལ་འདེབས་ཆེ་བར། ཀྲི་ཡ་ཨུ་པ་ཡ་དང་ཡོ་ག་གསུམ༔ ལོངས་སྐུའི་གསུང་མཆོག་གསུམ་ལ་གསོལ་བ་འདེབས༔ བསྐྱེད་རྫོགས་དབྱེར་མེད་ངང་ནས་བྱིན་གྱིས་རློབས༔ ཞེས་པའི་རྡོ་རྗེའི་ཚིག་འདིའི་ཟབ་དོན་ཇི་ལྟར་སློང་ནུས་གཞིག་ཕྱིར། དོགས་བསླང་གི་ཚུལ་གསུམ་ཞིག་ཉམས་མཚར་དུ་བཀོད་པ་དེ་ལ། དཔྱོད་ལྡན་འགས་དོགས་གཅོད་ཀྱི་བཀའ་ལན་གནང་བ་ལ་ལེགས་པར་བཤད་པའི་སྐབས་ཀྱང་དུ་མ་ཡོད་ལ། འོན་ཀྱང་བརྟགས་གཞིར་འོས་པ་ཡང་དུ་མ་མཆིས་མོད། རེ་ཞིག་བཏང་སྙོམས་སུ་བྱས་པས་གལ་ཏེ་འཚལ་ན་ངག་ལས་བླང་ངོ༌། །དེ་ཡང་དབང་བརྟུལ་དད་པའི་རྗེས་འབྲངས་ཙམ་མིན་པར། དབང་རྣོན་ཤེས་རབ་ཀྱི་རྗེས་སུ་འབྲངས་པ་རྣམས་མི་འཕྲོག་པའི་ངེས་པ་རྙེད་ཕྱིར། བསླུ་མེད་རྒྱལ་བའི་བཀའ་ལ་ཡང་ཚད་མ་གསུམ་གྱིས་བརྟགས་ནས་གཏན་ལ་དབབ་དགོས་པར། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་བྱར་མིན། །ཞེས་བསྟན་པའི་བདག་པོ་ཉིད་ཀྱིས་བཀས་གནང་ཞིང༌། དེ་ལྟར་ཚད་མས་ལེགས་པར་དྲངས་པའི་ངེས་ཤེས་ཀྱི་ཉི་མ་སྙིང་ལ་ཤར་བའི་བློ་ལྡན་མཆོག་དེ་ནི། མགོན་པོ་བྱམས་པས། ཆོས་བཟང་རིག་པའི་རྣམ་དཔྱོད་བསམ་པ་ཅན། །རྟག་ཏུ་བདུད་ཀྱིས་བར་ཆད་བྱེད་མིན་ཏེ། །ཁྱད་པར་རྙེད་དང་གཞན་གྱི་ཕྱོགས་སུན་འབྱིན། །མི་འཕྲོག་ཡོངས་སུ་སྨིན་པའི་མཚན་ཉིད་ཅན། །ཞེས་གསུངས་པའི་དོན་ལ་གནས་པར་འགྱུར་རོ། །དེས་ན་གོང་གི་རྡོ་རྗེའི་ཚིགས་བཅད་དེའི་དོན་རང་གིས་གོ་ཚུལ་ཟུར་ཙམ་སྨོས་ན། དེ་ཡང་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། གང་འཇིག་རྟེན་གྱི་ཆུ་ཀླུང་ཐམས་ཅད་རྒྱ་མཚོ་ཆེན་པོ་ལས་བྱུང་ཞིང་སླར་དེ་རུ་རིམ་གྱིས་གཞོལ་བ་ལྟར། རྒྱལ་བའི་ཆོས་ཚུལ་ཐམས་ཅད་རིམ་བཞིན་མཐར་ཐུག་དགོངས་དོན་ཐེག་པ་གཅིག་ཏུ་འབབ་པར་གསུངས་པ་དང༌། ཁྱད་པར་དུ་སྒྱུ་འཕྲུལ་རྒྱ་མཚོ་ལས། སོ་སོར་བསྟན་པ་རྒྱ་མཚོའི་རྒྱུད། །འདི་སྟོན་འདིས་སྟོན་འདིའི་ཕྱིར་སྟོན། །དོན་ཀུན་འདི་ལ་ཡོངས་རྫོགས་པས། །ལུང་གི་སྤྱི་ཞེས་བཤད་པ་ཡིན། །ཞེས་གསུངས་པའི་དོན་ལྟར། ཀྲི་ཡ་ཨུ་པ་ཡོ་ག་སྟེ་ཕྱི་རྒྱུད་སྡེ་གསུམ་གྱི་དགོངས་གཞི་མཐར་ཐུག་ནང་རྒྱུད་སྡེ་གསུམ་ལ་རིམ་གྱིས་གཞོལ་ཞིང་འབབ་པས་བླ་མེད་ཡོ་ག་གསུམ་གྱི་ཟབ་དོན་བསྐྱེད་རྫོགས་དབྱེར་མེད་དེ་ནི་སངས་རྒྱས་ལོངས་སྐུའི་དགོངས་པ་ཡིན་ལ། དེས་ན་བསྐྱེད་རྫོགས་དབྱེར་མེད་ལོངས་སྤྱོད་རྫོགས་སྐུའི་དགོངས་པ་དང་དགོངས་བརྒྱུད་དབྱེར་མེད་གཅིག་ཏུ་བྱིན་གྱིས་རློབས་ཤིག་ཅེས་སྨོན་པ་ཡིན་ནོ། །དེ་ལྟར་མ་རྟོགས་པར་ལོངས་སྐུའི་དགོངས་པ་བསྐྱེད་རྫོགས་དབྱེར་མེད་ཡིན་པ་དེ་རྟོགས་པར་ཡང་མི་སྨོན། དེའི་གསུང་མཆོག་ཀྲི་ཡོག་སྡེ་གསུམ་གྱི་དགོངས་དོན་མཐར་ཐུག་གང་དུ་འབད་ཀྱང་མ་འཚལ་བར། ལོངས་སྐུའི་དགོངས་དོན་ལས་ཐ་དད་དུ་གྱུར་པ་ཞིག་ཏུ་བྱིན་གྱིས་རློབས་ཞེས་གསོལ་བ་འདེབས་པ་ནི་གཞུང་གི་དགོངས་དོན་མིན་པར་སེམས་སོ། །མ་ཟད་རྒྱལ་བ་སྐུ་གསུམ་གྱི་སྟོན་པས། རང་གི་བསྟན་པའི་ཆོས་རྣམས་སྟོན་པ་རང་གི་དགོངས་པ་ལས་ཐ་དད་དུ་གྱུར་བར་སྟོན་པར་འདོད་པ་ནི་བློ་ལྡན་རྣམས་ལ་ཆེས་མི་མཛེས་སོ། །དེ་ལྟར་མཐར་ཐུག་གི་དགོངས་དོན་གང་ལ་བབས་པའི་སྟེང་ནས་མ་བཤད་ན། ཀྲི་ཡོག་སྡེ་གསུམ་དེ་བསྐྱེད་རྫོགས་དབྱེར་མེད་མཐར་ཐུག་ཁ་སྦྱོར་བདུན་ལྡན་གྱི་ལོངས་སྐུའི་གསུང་ཡིན་པའི་སྒྲུབ་བྱེད་ཀྱང་རྙེད་དཀའོ། །གཞན་ཡང་འདི་སྐབས་ཀྱི་དོན་ལ། ཁ་ཅིག་གིས། རྫོགས་རིམ་ལ་གཉིས་ལས། ཕྱི་རྒྱུད་དུ་ཡང་ལྷར་སྣང་ལ་སྟོང་ཉིད་ཀྱིས་རྒྱས་འདེབས་ཡོད་པས། བསྐྱེད་རྫོགས་དབྱེར་མེད་ལོངས་སྐུའི་དགོངས་པ་དེ་ཡིན་པར་སེམས་ན། དེ་འདྲའི་བསྐྱེད་རྫོགས་དབྱེར་མེད་ཀྱི་ཡ་གྱལ་གྱི་རྫོགས་རིམ་དེ་རྫོགས་རིམ་མཚན་ཉིད་པ་ཡིན་ནམ་མིན། མིན་ན་ར་གན་ལ་གསེར་དུ་འདོགས་པ་ལྟ་བུ་དེས་ཁྱེད་ཀྱི་ཞེ་འདོད་སྒྲུབ་མི་ནུས་ལ། ཡིན་ན་ཕྱི་རྒྱུད་སྡེ་གསུམ་གྱི་ལམ་ཉམས་སུ་ལེན་པ་ལ་ཟབ་དབང་གསུམ་བསྐུར་དགོས་པར་ཐལ། རྫོགས་རིམ་མཚན་ཉིད་པ་བསྒོམ་དུ་ཡོད་པའི་ཕྱིར། རྟགས་ཁས། ཁྱབ་པ་ཚད་མས་གྲུབ། འདོད་ན་གཙང་རྨེ་སོགས་སུ་ལྟ་བ་ཡང་མེད་པར་གྲུབ་པ་ཡིན་ནོ། །ཡང་གོང་གི་གསོལ་འདེབས་ཀྱི་ཚིགས་བཅད་དེའི་དེ་མ་ཐག་པར། འདུལ་བ་མདོ་སྡེ་མངོན་པ་སྡེ་སྣོད་གསུམ༔ སྤྲུལ་སྐུའི་གསུང་མཆོག་གསུམ་ལ་གསོལ་བ་འདེབས༔ འགྲོ་དོན་ལྷུན་གྲུབ་ངང་ནས་བྱིན་གྱིས་རློབས༔ ཞེས་པའི་སྐབས་ཉན་ཐོས་ཀྱི་ཐེག་པ་དེ་འགྲོ་དོན་ལྷུན་གྲུབ་ཏུ་འདོད་པ་མིན་ཏེ། གོང་གི་ཤེར་ཕྱིན་གྱི་ལུང་དོན་ལྟར་ཀླུ་སྒྲུབ་ཡབ་སྲས་ཀྱིས་མཐར་ཐུག་ཐེག་གཅིག་སྒྲུབ་པའི་རིགས་པ་དང༌། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོའི་རིགས་ཁམས་ནོར་བུ་སྦྱོང་པའི་དཔེ་དང༌། མགོན་པོ་བྱམས་པའི་རྒྱུད་བླ་མ་སོགས་ཀྱི་དགོངས་དོན་ལྟར་ཐེག་པ་འོག་མ་གཉིས་གནས་སྐབས་ཐེག་པ་ཆེན་པོའི་ལམ་སྟེགས་དང༌། མཐར་ཐུག་རིམ་བཞིན་ཐེག་པ་ཆེན་པོའི་དགོངས་དོན་ལ་གཞོལ་བ་དེས་ན། ཐེག་གསུམ་གྱི་དགོངས་དོན་མཐར་ཐུག་སངས་རྒྱས་སྤྲུལ་བའི་སྐུའི་དགོངས་པ་འགྲོ་དོན་ལྷུན་གྲུབ་ཏུ་འབྱུང་བ་དེ་དང་དགོངས་བརྒྱུད་གཅིག་ཏུ་བྱིན་གྱིས་རློབས་པར་གསོལ་བ་འདེབས་པ་ཡིན་ནོ། །དེ་བཞིན་དུ། མ་ཧཱ་ཨ་ནུ་ཨ་ཏི་ཡོ་ག་སྟེ༔ ཆོས་སྐུའི་གསུང་མཆོག་གསུམ་ལ་གསོལ་བ་འདེབས༔ ཁྱབ་བརྡལ་ལྷུན་གྲུབ་ངང་ནས་བྱིན་གྱིས་རློབས༔ ཞེས་པའི་དོན་ཡང་མ་ཧཱ་དང་ཨ་ནུ་ཡོ་ག་གཉིས་ཁྱབ་བརྡལ་ལྷུན་གྲུབ་ཀྱི་ཐེག་པར་བཞེད་པ་མིན་ཏེ། དེ་གཉིས་ཀྱང་མཐར་རྩོལ་མེད་རང་བྱུང་ཆོས་སྐུའི་དགོངས་པ་ཨ་ཏི་ཡོ་ག་ཁྱབ་བརྡལ་ལྷུན་གྲུབ་ཆེན་པོའི་དོན་ལ་འབབ་པས་དགོངས་པ་དེ་དང་དབྱེར་མེད་དུ་བྱིན་གྱིས་རློབས་པར་གསོལ་བ་འདེབས་པའོ། །མདོར་ན་ཐེག་པ་རིམ་དགུའི་དགོངས་དོན་རྣམས་འོག་མ་གོང་མར་འདུ་ཞིང༌། དེ་ཐམས་ཅད་སྐུ་གསུམ་རྒྱལ་བའི་དགོངས་པ་དང་དབྱེར་མེད་པས། དེ་ལྟ་བུའི་ཟབ་དོན་རྟོགས་པར་གསོལ་བ་འདེབས་པ་ནི། རྡོ་རྗེའི་ཚིག་གི་དོན་ཡིན་པར་ངེས་སོ། །དེ་ལྟར་གོ་ན་ཐེག་པ་ཐམས་ཅད་ཀྱི་དོན་རྫོགས་ཆེན་ཨ་ཏི་ཡོ་ག་ལ་འདུ་ཞིང་དེར་མཐར་ཕྱིན་པ་དང༌། རྒྱལ་བ་ཐམས་ཅད་ཆོས་སྐུ་ཐིག་ལེ་ཉག་གཅིག་ཁྱབ་བརྡལ་ལྷུན་གྲུབ་ཆེན་པོར་དབྱེར་མེད་ཡིན་པའི་ཟབ་མོའི་དགོངས་དོན་ཀྱང་ལེགས་པར་ཁོང་དུ་ཆུད་ནུས་སོ། །དེ་ལས་གཞན་དུ། ཐེག་དགུའི་དགོངས་པ་རྟོགས་པར་ཐུགས་རྗེས་ཟུངས༔ ཞེས་པའི་དོན་འགྲོ་དོན་ལྷུན་གྲུབ་སོགས་སྐུ་གསུམ་གྱི་དགོངས་པ་ལས་ཐ་དད་དུ་གོ་ནས་ལམ་ཕྱོགས་རེ་བ་དགུ་ལ་བཟུང་ན། སྲིད་ཞི་གཉིས་འདས་ཐེག་ཆེན་དང་སྔགས་རྫོགས་ཀྱི་དགོངས་དོན་ལ་གནས་བཞིན། ཞི་བ་ཕྱོགས་གཅིག་ཉན་ཐོས་རང་རྒྱུད་པའི་ལམ་ལ་གནས་པར་སྨོན་པ་འདི་ནི་རང་ལ་ཅོ་འདྲི་བའི་མེ་ཆུ་སྣོད་གཅིག་སྡུད་པའི་ངལ་བ་དང་དུ་ལེན་པ་ཙམ་མོ། །ཡང་ན་ཟབ་ཆོས་འདི་ཉམས་སུ་ལེན་པའི་གང་ཟག་དེས་རང་གི་ཐེག་དགུའི་དགོངས་དོན་རྟོགས་པར་གསོལ་བ་མི་འདེབས་ཞེས་ཁས་ལེན་ནམ་ཅི། དེས་ན་ལམ་ཟབ་འདི་ཉམས་སུ་ལེན་པ་པོ་དེས་རང་གཞན་གཉིས་ཀས་ཐེག་དགུའི་དགོངས་དོན་རྟོགས་པར་གསོལ་བ་འདེབས་པ་ཡིན་ལ། རང་དོན་དུ་སྔར་བཤད་པའི་དགོངས་དོན་ཁོ་ན་ལྟར་དང༌། གཞན་དོན་དུ་གནས་སྐབས་རིགས་ཅན་སོ་སོར་རང་རང་གི་ལམ་ལ་བཀོད་ནས་མཐར་དེ་ཐམས་ཅད་སྐུ་གསུམ་རྒྱལ་བའི་གོ་འཕང་ལ་འགོད་པར་སྨོན་ཞིང་གསོལ་བའི་དོན་དུ་གོ་ན། འོག་ཏུ་སྐུ་གསུམ་གྱི་གདུལ་བྱ་རྫོགས་པར་ཐོབ་པའི་སྨོན་པའི་ཟབ་མོའི་དགོངས་དོན་ཡང་ལེགས་པར་རྙེད་ནུས་པ་ཡིན་ནོ། །འོན་ཀྱང་ད་དུང་སྐབས་འདིར་ཟབ་པའི་གནས་སྨྲ་བར་འོས་པ་དུ་མ་ཡོད་ཀྱང་རེ་ཞིག་དེ་ཙམ་གྱིས་ཆོག་ཤེས་སོ། །གསང་ཆེན་རྒྱུད་སྡེ་འབུམ་གྱི་ཉིང་ཁུ་ཆེ། །ཤིན་ཏུ་རབ་ཟབ་རྡོ་རྗེའི་ཚིག་གི་རྒྱ། །འཆིང་བ་ཀུན་ལྡན་བདག་འདྲ་བྱིས་པའི་བློས། །གཞལ་བར་འོས་མིན་ཆོས་སྤྱན་ལྡན་ལ་འཆགས། །འོན་ཀྱང་ཉུང་ངུའི་ངག་གི་ས་བོན་འདི། །བློ་མཆོག་ཞིང་ས་བཟང་པོས་ལེགས་བཟུང་སྟེ། །རྣམ་དཔྱོད་གསེར་གྱི་སྙེ་མ་གསར་བའི་རྩེར། །ལེགས་བཤད་རིན་ཆེན་འབྲས་བཟང་སྤེལ་ན་འོས། །ཟབ་གཏེར་རྡོ་རྗེའི་དགོངས་དོན་ཡིད་བཞིན་དབང༌། །བཤད་དང་སྒྲུབ་པའི་ལྷ་གོས་རྩེར་བཀོད་དེ། །ལུང་རིགས་དཔུང་པའི་སྟོབས་ཀྱིས་ཡོངས་བཟུང་ནས། །རྒྱལ་བསྟན་ཀུན་གསལ་མཛེས་པའི་རྒྱན་དུ་སྨོན། །དེ་ལྟར་ཅུང་ཟད་ཙམ་བརྗོད་པ་པོ་མཁས་ཤིང་གྲུབ་བརྙེས་ཀྱི་དམ་པ་རྣམས་ཀྱི་ཞལ་མཐོང་གསུང་ཐོས་ཙམ་ཡོད་ཀྱང༌། ལས་ཤུགས་བཙན་པོས་སྲིད་པའི་གདོན་ཆེན་སྙིང་ལ་ཉལ་བའི་རྨོངས་པ་དགེ་ལེགས་ཆོས་འཕེལ་དུ་འབོད་པས་སུག་བྲིས་སུ་བགྱིས་པ་དགེའོ། །


previousཀར་གླིང་ཞི་ཁྲོའི་སྐུ་གསུམ་གསོལ་འདེབས་ཀྱི་སྐབས་ལ་དཔྱད་པ།next