Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཝ༽


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་ཉི་ཤུ་པའི་རྣམ་པར་བཤད་པ།
   
   


 
previousལེའུ་ཉི་ཤུ་པའི་རྣམ་པར་བཤད་པ།next

ལེའུ་ཉི་ཤུ་པའི་རྣམ་པར་བཤད་པ།

༈ སྤྱི་དོན་ལྔ་པ་དམ་ཚིག་ཅན་གྱི་ཕྲིན་ལས་ཇི་ལྟར་བསྒྲུབ་པའི་ཚུལ་ལ་གསུམ་སྟེ། དོན་གྱི་འབྲེལ་དགོད། ཚིག་གི་དོན་བཤད། སྐབས་ཀྱི་དོན་བསྡུ་བའོ། །

དང་པོ་ནི། དམ་ཚིག་གི་རིམ་པ་བཤད་པ་དེ༵་ནས༵་དམ་ཚིག་ཅན་གྱི་ཕྲིན་ལས་འགྲུབ་པའི་ཕྱིར་བཅོམ༵་ལྡ༵ན་འད༵ས་ཡེ་ཤེས་ཀྱི་དགྱེས༵་པ༵་ཆེན༵་པོ༵་ཉིད་ཡེ་ནས་རང་བཞིན་ལྷུན༵་གྱིས༵་གྲུབ༵་པ༵འི་དམ༵་ཚི༵ག་ཕྲིན་ལས་སུ་བྱིན༵་གྱི༵ས་རློ༵བ་པ༵་ཞེས༵་བྱ༵་བ༵འི་ཏིང༵་ངེ༵་འཛི༵ན་ལ༵་སྙོམ༵ས་པར༵་ཞུག༵ས་ན༵ས་ལས་ཐམས་ཅད་འགྲུབ་པའི་ཆེ༵ད་དུ༵་བརྗོད༵་པ༵་འདི༵་དག་བརྗོ༵ད་དོ༵། །

གཉིས་པ་གསུམ་སྟེ། ཕྲིན་ལས་(༣༢༣)བཞིའི་རིམ་པ་སྤྱིར་བསྟན། ལས་ཀྱི་རྗེས་སུ་བཀའ་བསྒོ་ཞིང་བྲོ་གར་གྱི་ཕན་ཡོན་བྱེ་བྲག་ཏུ་བཤད་པ། ལས་བཞི་སྒྲུབ་པའི་གནས་དང་ཏིང་ངེ་འཛིན་གྱི་ཁྱད་པར་རོ། །དང་པོ་ལ་བཞི་སྟེ། དྲག་པོའི་ལས། དབང་གི་ལས། རྒྱས་པའི་ལས། ཞི་བའི་ལས་སོ། །

དང་པོ་ལ་གསུམ་ལས། བསྲེག་པ་མེའི་ལས་ནི་དྲག་པོའི་ཐབ་ཁུང་གྲུ་གསུམ་གྱི་ཨེ༵འི༵་རྣམ་པ་ཅན་མཚན་ཉིད་རྣམས་ཚང་བའི་ཚོག༵ས་ཀྱི༵་དབུས་སུ་ལྷ་སོ་སོའི་དཀྱི༵ལ་འཁོ༵ར་གྱི་མཆོ༵ག་དམ་ཚིག་པ་བསྐྱེད་ལ་ཡེ་ཤེས་པ་བཅུག་སྟེ། གཉིས་སུ་མེད་པའི་རང་བཞིན་དྲག་པོའི་མེ་དཔུང་འབ༵ར་བའི༵་མེ་ལྷ་གཏུམ༵་ཆེ༵ན་རྔམ༵ས་པ༵འི་ཆ་བྱད་ཅན་ལ༵་སྔགས་མཁན་བསྒྲུབ་བྱ་ལ་རབ་ཏུ་ཁྲོས༵་པ༵འི་ཡི༵ད་ཀྱིས༵་དྲག་པོའི་མཆོ༵ད་པ་དང་བསྲེག་རྫས་སྦྱིན༵་པར་བྱས༵་ན། ཚོགས་གཉིས་ལས་གྲུབ་པའི་སང༵ས་རྒྱས༵་བསོ༵ད་ནམ༵ས་བརྒྱའི་མཚན་གྱིས་བརྒྱན་པའི་སྐུ༵་ཡ༵ང་འཇི༵ག་ན་འཇིག་རྟེན་ཕལ་པ་རྣམས་ལྟ་ཅི་སྨོས་པའོ། །ཡང་ན་སེམས་ཅན་ཐམས་ཅད་སངས་རྒྱས་སུ་བཤད་པས་བསྒྲུབ་བྱ་དེ་ཉིད་འཇིག་ཅེས་སྦྱར་རོ། །

གཉིས་པ་གདབ་པ་ཕུར་བུའི་ལས་ནི་ལིང་གའི་རྒྱུ་བདུད༵་རྩི༵་ལྔ༵འ༵མ་ཡང་ན་ཉ་ཤ་བུ་རམ་ཏིལ་ནག་སྦྲང་རྩི་འབྲས་སྟེ་ཟ༵ས་ལྔ༵་དེའི་གསེབ་ཏུ་བསྒྲུབ་བྱའི་དྲི་མ་རྐང་རྗེས་ཀྱི་ས་དང་བཅས་པ་ལ༵་བསྒྲུབ་བྱའི་མཚ༵ན་མ༵་སྟེ། གཟུགས་ལ་དཔྲལ་བར་མི༵ང་སྙིང་གར་རུས༵་འདོམས་སུ་བླ་བཏགས་གང་ཡོད་དང་མཱ་ར་ཡ་ཕཊཿདང་བཅ༵ས་པ༵ར་བྲི་ཞིང་ཐ་མ་འགུགས་བྱེད་ཀྱི་ཡི་གེ་ཛཿས་བསྐོར་བ་གྲོ་གའམ་རས་སམ་ཤོག་བུ་ལ་བྲིས་ཏེ་དེའི་ནང་དུ་གཞུག་པའམ་མདུན་རྒྱབ་གང་རུང་དུ་གླན་པར་བྱ༵འོ། །དེ་ལ་བསྒྲུབ་བྱ་སྔགས་ཏིང་ངེ་འཛིན་ཕྱག་རྒྱ་གསུམ་གྱིས་བཀུག༵་ན༵ས་ལྕགས་ལ་སོགས་པ་རྡོ༵་རྗེ༵་ཕུར༵་པ༵་བཛྲ་ཀཱི་ལ་ཡར་བསྐྱེད་པས༷་སྙིང་ག་ལ་སོགས་པའི་གནས་སུ་གད༵བ་པར་བྱ་སྟེ། ལུས་ངག་རྡུལ༵་ཕྲན་བཞིན་དུ༵་བྱས༵་པར་བསམས་ནས༵་ཀརྨ་ཧེ་རུ་ཀའི་ཚོག༵ས་སམ། སྔ་མའི་ཐབ་ཁུང་དུ་དྲག་པོའི་ལྷ་བསྐྱེད་པའི་ཚོགས་ལ༵་འབུལ༵་ཞིང་སྦྱིན་སྲེག་བྱའོ། །

གསུམ་པ་མནན་པ་བྲོ་ལས་ནི་ཨེ༵འི༵་ཚོག༵ས་ཀྱི༵་སྟེ་དྲག་པོའི་དཀྱི༵ལ་འཁོ༵ར་རམ་ཐབ་ཁུང་དེའི་འཁོར་ཡུག་ཏུ༵་རྣལ་འབྱོར་པ་དེས་གུང་སྲིན་གཉིས་མཐེ་བོས་མནན་མཛུབ་མོ་གཉིས་བརྐྱངས་པ་བཀན་པའི་མཐེའུ་ཆུང་གཉིས་ལུ༵་གུ༵་རྒྱུད༵་དུ༵་སྦྲེལ༵་ཞིང་བསྡ༵མས་ན༵ས། ཕྱག་རྒྱ་དེ་ལྟར་བཅི༵ངས་པར་གྱུར༵་པས་ལུས་བསྐྱོད༵་ན༵ས་རྡོ་རྗེའི་འགྲོས་སུ་གོམ་པ་དོར་ཞིང་ལུས་དང་ཕྱག་རྒྱ་ཕྱོག༵ས་བཅུར༵་གཡོ༵་བས། ཧཱུྃ་ཧཱུྃ་ཧཱུྃ། ཞེ་སྡང་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །སྐད་ཅིག་ཡུད་ལ་བརླག་མཛད་དེ། །བརླག་པར་མ་གྱུར་གང་ཡང་མེད། །མཱ་ར་ཡ་ཕཊཿཞེས་བརྗོད་ཅིང་། ལིང་གའི་སྟེང་(༣༢༤)དུ་རྐང་བས་བྲོ་བརྡུངས་པས་བསྒྲུབ་བྱ་རྡུལ་དུ་སོང་བར་བསམ་མོ། །དེས་ནི་གང་དམིགས་དེ་ཉིད་དྲན་པ་མྱོས༵་ན༵ས་སྙིང་གས༵་ཏེ་ལུས་ཚིག༵་ཅིང་དངོས་པོ་མེད་པ༵ར་འགྱུར༵་རོ། །ཁ་ཅིག་སྔར་གྱི་སྦྱིན་སྲེག་གི་ལས་ཟིན་པ་དང་ས་གཞི་བསུབས་ལ། དེའི་སྟེང་དུ་རྣལ་འབྱོར་ཕོ་མོ་རྣམས་གྲལ་གྲུ་གསུམ་དུ་བྱས་ཏེ་མེ་དཔུང་གི་དབུས་སུ་ཀརྨ་ཧེ་རུ་ཀའི་རྣམ་པར་བསྐྱེད་ལ། ཐམས་ཅད་སྲིན་ལག་སྦྲེལ་ཏེ་དབུས་སུ་ལིང་ག་བཞག་པའི་མཐར་བྲོ་བརྡུང་ཞེས་ཟེར་རོ། །དེའང་སྲེག་མནན་བྲོ་གསུམ་པོ་འདི་གང་རུང་རེ་རེས་ཀྱང་ལས་འགྲུབ་ལ། གསུམ་ཀ་ཚང་ན་མཆོག་ཏུ་འགྲུབ་བོ། །

གཉིས་པ་དབང་གི་ལས་ལའང་གསུམ་ལས། དང་པོ་སྲེག་པ་མེ་ཡི་ལས་ནི་ཝ༵ྃ་གྱི༵་དབྱིབས་དང་དེས་མཚོན་ཞིང་བྲིས་པའི་ཐབ་ཁུང་ཟླ་གམ་མོ། །ཚོག༵ས་ཀྱི༵་དཀྱི༵ལ་འཁོ༵ར་མཆོ༵ག་ནི་ཐབ་ཀྱི་མཚན་ཉིད་དང་ལྷའི་གཙོ་འཁོར་གཉིས་ཀ་ལ་འཇུག་སྟེ་ཐམས་ཅད་ལ་དེ་བཞིན་དུ་སྦྱར་རོ། །དེའི་ནང་དུ་ཐབས་ཀྱི་མེ་དང་མེ་ལྷ་རབ་ཏུ་འབར༵་བ༵་དབང་གི་ཆ་བྱད་ཅན་གཟི༵་བརྗི༵ད་ཆེ་ཞིང་སྐུ་བོང་གི་ལྷུན༵་ཆེ༵ན་པོ་བཞུགས་པ་ལ༵་སྔགས་མཁན་བསྒྲུབ་བྱ་ལ་རྗེས་སུ་ཆག༵ས་པའི༵་ཡི༵ད་ཀྱི༵ས་དབང་དང་མཐུན་པའི་རྫས་མེ་ལ་མཆོ༵ད་སྦྱིན༵་བྱ༵ས་ན་རྡོ༵་རྗེ༵་གསུང༵་སྟེ་སྣང་བ་མཐའ་ཡས་ཡ༵ང་དབ༵ང་དུ༵་འགྱུར༵་རོ། །

གཉིས་པ་གདབ་པ་ཕུར་པའི་ལས་ནི། བདུད༵་རྩི༵་ལྔ༵འ༵མ་ཡང་ན་ཟ༵ས་ལྔ༵་བསྒྲུབ་བྱའི་གོས་དང་དྲི་མར་བཅས་པ་ལ༵་གང་དབང་དུ་བྱ་བ་དེའི་མཚ༵ན་མ༵་གཟུགས་བྱས་པའི་ནང་དུ་ཤོག་བུ་ལ་སོགས་པའི་བྱང་བུ་ལ་མི༵ང་རུས་མཚན་གསུམ་དུ༵་བཅ༵ས་པ་བྲིས་ལ་གཞུག་པ༵ར་བྱ༵་ཞིང་། ཟངས་ལ་སོགས་པའི་ཕུར༵་པ༵་རྡོ༵་རྗེ༵་ཆག༵ས་པ༵་སྟེ་པདྨ་ཀཱི་ལ་ཡར་བསྐྱེད་པས༷་གད༵བ་ཅིང་། བཏབ་པའི་ལིང་ག་དེ་ཉིད་ཆག༵ས་པའི༵་ཚོ༵གས་པདྨ་ཧེ་རུ་ཀ་འཁོར་བཅས་སམ་སྔར་གྱི་ཐབ་ཀྱི་ལྷ་ལ༵་གཉིས་སུ་མེད་པར་ཐིམ༵་པ༵ར་དབུལ༵་ལོ། །

གསུམ་པ་མནན་པ་བྲོའི་ལས་ནི། ཝ༵ྃ་གྱི༵་ཚོག༵ས་ཀྱི༵་དཀྱི༵ལ་འཁོ༵ར་ཐབ་ཁུང་གི་མཐའ་འམ་དབང་གི་དཀྱིལ་འཁོར་དུ༵་རྣལ་འབྱོར་པ་ལུ༵་གུ༵་རྒྱུད༵་དུ༵་སྦྲེལ༵་ནས་བསྡ༵མས་ཏེ༵་བྲོ་བྱས་ན་འགྲོ་བ་ཐམས་ཅད་འགུག༵ས་པར་འགྱུར༵་བས་རྡོ༵་རྗེ༵་པདྨ་དང་དབང་ཆེན་མཛེས་པའང༵་ཕྱི༵་བཞི༵ན་འབྲ༵ང་ན་མིའི་འགྲོ་བ་ཕལ་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཡིད་ལ་ཅི༵་འདོ༵ད་པ་དེ༵་བཞི༵ན་འོང༵་བ༵ར་འགྱུར༵་རོ། །

གསུམ་པ་རྒྱས་པའི་ལས་ལའང་གསུམ་ལས། དང་པོ་ནི། མ༵་ཡི༵་ཚོ༵གས་ཀྱི༵་དཀྱི༵ལ་འཁོ༵ར་མཆོ༵ག་སྟེ་ཐབ་གྲུ་བཞི་པར་མེ་དང་མེ་ལྷ་གཉིས་པོ་འོད་ཟེར་འབ༵ར་བའི༵་ཚོགས་ནང་དུ་འདུ༵་བས་ལོངས་སྤྱོད་སྡུད་ཅིང་ཕྱིར་འཕྲོ༵་བའི་གཟི༵་བརྗིད་ཆེ༵ན་པོས་རེ་བ་སྐོང་བར་བསམ་པ་ལ༵་སྔགས་(༣༢༥)མཁན་དག༵འ་ཞིང་སྤྲོ་བའི༵་ཡི༵ད་ཀྱི༵ས་རྒྱས་པར་མཆོ༵ད་སྦྱིན༵་བྱ༵ས་ན། ཚེ་དང་དཔལ་དང་འབྱོར་པ་འཕེལ་བ་ལ་སོགས་པའི་ཡོན༵་ཏན༵་ནམ༵་མཁའི༵་མཐ༵འ་དང༵་མཉ༵མ་པ་འཐོབ་བོ། །

གཉིས་པ་ནི། བདུད༵་རྩི༵་ལྔ༵འམ༵་ཟ༵ས་ལྔ༵་གང་རུང་གི་གསེབ་ཏུ་འབྲུ་དང་རིན་པོ་ཆེ་ལ༵་སོགས་པ་བསྲེས་ལ་ནོར་བུ་གསེར་དངུལ་མུ་ཏིག་རྟ་གླང་ལ་སོགས་པ་གང་རྒྱས་ཤིང་འཕེལ་བར་འདོད་པ་དེའི་གཟུགས་ཀྱིས་མཚན་མ་མིང་སྤེལ་བྲིས་པ་དང་བཅས་པ་བྱས་ཏེ། འདོད་པའི་ཡོ༵ན་ཏན༵་གང་དགོས་འབྱུང་བ་ཡི༵ད་བཞི༵ན་གྱི་ནོར་བུ་རིན་པོ་ཆེའི་གཏེར༵་དུ༵་བསྒོམ་པ་ནི་བརྟ༵ག་པའོ། །དེ་ལ་གསེར་ལ་སོགས་པའི་ཕུར་པ་ང༵་རྒྱལ༵་དག༵འ་སྤྲོ༵་སྟེ་རཏྣ་ཀཱི་ལ་ཡ་དངོས་གྲུབ་ཀྱི་ཆར་འབེབས་པར་བསྐྱེད་ལ་ཕུར༵་པ༵་གད༵བ་ཅིང་། ཡོན་ཏན་རྡོ༵་རྗེ༵འི་གཟི༵་བརྗི༵ད་ཆེན་པོ་འཕེ༵ལ་བ༵ར་རཏྣ་ཧེ་རུ་ཀའི་ཚོགས་སམ་གོང་གི་རྒྱས་པའི་མེ་ཐབ་ཏུ་དབུ༵ལ་ལོ། །

གསུམ་པ་ནི། མ༵་ཡི༵་ཚོ༵གས་ཀྱི༵་དཀྱི༵ལ་འཁོ༵ར་དུ༵་རྒྱས་པར་བྱེད་པའི་དཀྱིལ་འཁོར་རམ་ཐབ་ཁུང་གི་ཐ་མར་རྣལ་འབྱོར་པ་ལུ༵་གུ༵་རྒྱུད༵་དུ༵་སྦྲེལ༵་ཅིང་བསྡ༵མས་པ་ཕྱོགས་བཅུར་བསྐྱོ༵ད་ནས་བྲོ་བརྡུངས་བའི་འོད་ཟེར་གྱིས་ལོངས་སྤྱོད་སྤྲིན་ཕུང་དཔལ་དང་གཟི༵་བརྗི༵ད་འབ༵ར་བ༵འི་རྣམ་འཕྲུལ༵་ཆེ༵ན་པོ་རང་གི་གནས་དེར་ཆར་དུ་འབབ་པའི་ཏིང་ངེ་འཛིན་སྤྲོ༵་ཞིང་དེས་སེམས་ཅན་གྱི་དབུལ་བ་བསལ་བར་བསམས་ན། ཡོན་ཏན་འདོད་དགུ་འབྱུང་བའི་ཡི༵ད་བཞིན༵་གྱི་ནོར་བུས་ན༵མ་མཁ༵འ་གང༵་བར༵་འགྱུར༵་ཞིང་བསམ་པ་ཐམས་ཅད་འགྲུབ་པའོ། །

བཞི་པ་ཞི་བའི་ལས་ལའང་གསུམ་ལས། དང་པོ་ནི། ཡ༵་ཡི༵་ཚོ༵གས་ཀྱི༵་དཀྱི༵ལ་འཁོ༵ར་མཆོ༵ག་སྟེ་ཐབ་ཁུང་ཟླུམ་པོའི་ནང་དུ་མེ་དང་མེ་ལྷ་གཉིས་ཀ་འོད་གས༵ལ་བ༵འི་གཟི༵་བརྗི༵ད་འཚེ༵ར་བ༵་ཞི་བའི་རྣམ་པར་བསྐྱེད་ལ༵་སྔགས་མཁན་སེམས་རབ་ཏུ་དྭང༵ས་པ༵འི་ཡི༵ད་ཀྱི༵ས་ནད་དང་གནོད་པ་དང་འཇིགས་པ་ཞི་བའི་མཆོ༵ད་སྦྱིན༵་བྱས༵་ན། ཤིན་ཏུ་མ་རུངས་པའི་གཏུམ༵་ཆེ༵ན་རྔ༵མ་པ༵་བདུད་དང་རཱུ་ཏྲ་ལ་སོགས་པའ༵ང་སེམས་རབ་ཏུ་ཞི་བ་བྱང་ཆུབ་ཀྱི་སེམས་སུ་ལྷན༵་ནེ༵ར་འགྱུར༵་ན་འཇིག་རྟེན་ཕལ་བ་རྣམས་ལྟ་ཅི་སྨོས་པའོ། །

གཉིས་པ་ནི། བདུད༵་རྩི༵་ལྔ༵་ད༵ང་ཟ༵ས་ལྔ༵འི་གསེབ་ཏུ་གང་ཞི་བར་འདོད་པ་དེའི་གོས་དང་དྲི་མ་ལ་སོགས་པ་བསྲེས་ལ༵་སྔར་བཞིན་ལིང་ག་བྱས་པ་དེ་ཉིད་ལུས་གཏུམ༵་ངག་རྔ༵མ་སེམས་འཁྲུག༵ས་པ༵འི་རྣམ་པ་ཅན་དགྲའམ་བགེགས་ལ་སོགས་པ་གང་ཡིན་པ་དེའི་ངོ༵་བོ༵ར་བརྟག༵་ཅིང་དངུལ་ལ་སོགས་པའི་ཕུར་བུ་དེ་ཉིད་ལྷན༵་ནེར༵་གས༵ལ་བ་བུདྡྷ་ཀཱི་ལ་ཡར་བསྐྱེད་པ༵འི་ཕུ༵ར་བུ༵་གད༵བ་ཅིང་དཔལ་དང་གཟི་བརྗིད་འབར༵་བ༵་ལྷན༵་ནེ༵འི་ཚོ༵གས་བུདྡྷ་ཧེ་རུ་ཀ་འཁོར་བཅས་སམ་ཞི་བའི་མེ་ལྷ་ལ༵་དབུ༵ལ་ལོ། །

གསུམ་པ་ནི། ཡ༵་ཡི༵་ཚོ༵གས་ཀྱི༵་དཀྱི༵ལ་འཁོ༵ར་དུ༵་ཞི་བའི་དཀྱིལ་འཁོར་རམ་(༣༢༦)ཐབ་ཁུང་གི་མཐར་རྣལ་འབྱོར་པ་རྣམས་ལུ༵་གུ༵་རྒྱུད༵་དུ༵་སྦྲེལ༵་ནས་བསྡ༵མས་ཏེ༵་བྲོ་བྱས་ན། ཕ་རོལ་ཁྲོ་བོའི་མེ་འབ༵ར་བ༵་ཡང་ཞི་བས་ལྷན༵་ནེ༵འི་བྱིན༵་བརླབས་ཀྱི༵ས་ཁྱ༵བ་ནས་སྡིག་པ་དང་གདུག་སེམས་ཐ༵མས་ཅ༵ད་ཡིད་ལ་ཅུང་ཟད་ཀྱང་མི་འགྱུ་བས་གཡོ༵་བ༵་མེད༵་པ༵ར་བྱེ༵ད་པའོ། །དེ་ལྟར་ཨེ་ཝྃ་མཱ་ཡཱ་བཞི་ནི་ཡི་གེའི་དབྱིབས་ཀྱིས་ཐབ་ཁུང་གི་དབྱིབས་མཚོན་པར་བྱེད་པའོ། །བླ་མ་རོང་པ་ནི་བྃ་བྷན་དྷའི་སྒྲས་སྡུད་ཅིང་འཆིང་བས་ཞི་བ་དང་དབང་དུ་སྦྱོར་བ་ནི་ཡུལ་ཐ་དད་ཀྱི་ཡི་གེའི་དབྱིབས་མི་འདྲ་བ་རྣམས་ལ་གཟིགས་པར་སྣང་ངོ་། །

གཉིས་པ་ལས་ཀྱི་རྗེས་སུ་བཀའ་བསྒོ་ཞིང་བྲོ་གར་གྱི་ཕན་ཡོན་བཤད་པ་ལ་གཉིས་ཏེ། དམ་ཅན་ལ་བཀའ་བསྒོ་བ་དང་། བྲོ་གར་གྱི་ཕན་ཡོན་བསྟན་པའོ། །

དང་པོ་ལ་གཉིས་ལས། དང་པོ་ལས་ལ་བསྒོ་བའི་ཚུལ་བརྗོད་པ་ནི། དེ་ལྟར་ཕྲིན་ལས་བཞི་པོ་གང་ཡང་རུང་བའི་རྗེས་ཐོག་ཏུ་ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱོད་དེ། བཟའ་བཏུང་གི་ལྷག་མ་བསྡུས་ལ་རྡོ་རྗེ་སློབ་དཔོན་གྱི་ཁ་ཕྲུས་བྱིན་གྱིས་བརླབས་ཏེ། དཔལ་ཆེན་པོའི་དཀྱིལ་འཁོར་དུ་འདུས་པའི་སླས༵་ལྷ་ཆེན་པོ་རྣམས་ཀྱི་ཆུང་མ་དང༵་བྱི༵་མོ༵་མཛའ་མོ་དང་བྲ༵ན་མོ༵འི་ཚོག༵ས་རྣམས་ལྷག༵་མ༵འི་མཆོ༵ད་སྦྱིན༵་འདོ༵ད་པ༵འི་མགྲོན་ཡིན་པས་སྦྱིན༵་ཏེ་ཟ་ལམ་བདུན་ཅུའི་སར་བསྐྱལ་ཞིང་སྔོན་དཔལ་ཆེན་པོའི་སྤྱན་སྔར་ཁས་བླངས་པའི་ར༵ང་རང་གི༵་དམ༵་ཚི༵ག་རྣམས་ར༵བ་ཏུ་བསྒྲག༵ས་ན༵ས་ཞི་བ་ལ་སོགས་པ་ག༵ང་འདོ༵ད་པའི་ལ༵ས་དེ༵་བྱེད༵་པ༵ར་བསྒོ༵་བར་བྱའོ། །

གཉིས་པ་ཇི་ལྟར་བསྒོ་བ་དངོས་ནི། སྔོ༵ན་དྲེགས་པའི་དབང་ཕྱུག་རྣམས་བཏུལ་བའི་ཚེ༵་དཔ༵ལ་ཆེ༵ན་པོ་ཧེ༵་རུ༵་ཀ༵་ཤིན༵་ཏུ༵་གདུག༵་ཅི༵ང་གཏུམ༵་བ༵ག་ཅ༵ན་མཛད་དེ། འཇིག་རྟེན་གྱི་ཁམས་ཐམ༵ས་ཅ༵ད་ཀྱི་དྲེགས་པ་མ༵་ལུས༵་པ་རྣམས་འདུལ༵་བར་མཛ༵ད་པ༵འི་དབ༵ང་ཕྱུག་ད༵ང་བྱིན༵་རླབ༵ས་རྨད༵་པོ༵་ཆེ༵་མངའ་བས་ལྷ༵་དབང་ཕྱུག་ཆེ༵ན་པོ་ལ༵་སོག༵ས་པ་ཐམས་ཅད་དབ༵ང་དུ༵་བསྡུས༵་ནས་དེ་དག་གི་འཁོ༵ར་དང་ཆུང་མ་དང་བུ་མོ་དང་མ་དང་ཕུ་ནུ་མོ་མ་ལུས་པ་རྣམ༵ས་ལོངས་སྤྱོད་ཀྱི་ཕྱིར་དབ༵ང་ཕྱུག༵་དང་སླས༵་སུ༵་བྱིན་གྱིས་རློབ་པ་བྱས༵་ཏེ། དགུགས་པ་དང་བཅིང་བ་དང་གསོད་པ་ལ་སོགས་པའི་སོ༵་སོ༵འི་ལ༵ས་རྣམ༵ས་དཔལ་ཆེན་པོས་རང་རང་ལ་བསྐོ༵ས་པ༵་དེ༵་ཉིད་སྔོན་ཇི༵་ལྟར༵་ད༵མ་བཅ༵ས་ཤིང་ཁས༵་བླང༵ས་པ༵འི་ལུགས་བཞིན་སྐད་ཅིག་ཀྱང་མ༵་ཐོ༵གས་པར་ལུས་ཀྱི་འབྲས་བུ་མྱུར༵་དུ༵་མངོ༵ན་པ༵ར་ཕྱུང༵་བར་མཛོད་ཅིག །རང་རང་གི་དམ༵་བཅ༵ས་པ་བཞི༵ན་དུ༵་མ༵་བྱ༵ས་ན༵་སྔོན་ཇི༵་ལྟར༵་དམ་བཅས་ཤིང་རང༵་རང་གི༵་མན༵འ་ཚིག་བོ༵ར་བའི༵་སྡོམ༵་པ་དམ་བཅ༵ས་པ་དེ༵་ལ༵ས་འད༵འ་བར༵་འགྱུར༵་ལ། གལ་ཏེ་ད༵མ་ཚི༵ག་དེ༵་ལ༵ས་འད༵ས་པར་གྱུར༵་ན༵་ཁྱེད་ཅག་གི་མགོ༵་ལུས༵་དང་སྙིང༵་ཡ༵ང་ཚལ༵་པ༵་བདུན༵་དུ་ཡ༵ཀྴ༵་མེ་འབར་གྱི་ཁྲོ༵་བོ༵ས་དུམ་བུར་(༣༢༧)གཏུ༵བ་པ༵ར་འགྱུར༵་རོ། །རྒྱུ་མཚན་དེ༵་བ༵ས་ན་རྣལ༵་འབྱོ༵ར་སྔག༵ས་འཆ༵ང་བདག་གིས༵་ཇི༵་ལྟར༵་བཅོ༵ལ་བ༵་བཞི༵ན་དུ༵་བྱོ༵ས་ཤིག །གལ་ཏེ་ལ༵ས་དེ༵་མངོ༵ན་དུ༵་མ༵་བྱ༵ས་ན༵་རང༵་རང་གི༵ས་མན༵འ་བོ༵ར་ཞིང་ཁ༵ས་བླང༵ས་པ༵འི་དམོད་པ་བཞིན་རུལ༵་མྱག༵ས་ཚི༵ག་ན༵ས་རྡོ་རྗེའི་དམྱ༵ལ་བར༵་འགྲོ༵་བར་འགྱུར་རོ། །དེས་ན་རྣ༵ལ་འབྱོ༵ར་པ་ད༵མ་ཚིག་ལ༵་གན༵ས་པར་གྱུར༵་པ༵འི་ཕྲིན་ལ༵ས་ཅི་འདོད་པ་རྣམ༵ས་ཡོང༵ས་སུ༵་བྱ༵་བ༵་དང༵་རྣལ་འབྱོར་པ་བདག་ཅག་གི་འཁོ༵ར་རྣ༵མས་ཀྱང་རང་གི་བུ༵་གཅི༵ག་པ་བཞིན༵་དུ་སྐྱོང༵ས་ཤིག་དང་། དེའི་མཐུས་ཁྱེད་ཅག་ཕྲ༵་མེ༵ན་མ༵་ཡ༵ང་མཆོག་དང་ཐུན་མོང་གི་དངོ༵ས་གྲུབ༵་འཐོ༵བ་པར་འགྱུར་རོ། །དེ་བས་ན་རྣལ་འབྱོར་པས་ཇི་ལྟར་བཅོ༵ལ་བ༵འི་ལ༵ས་རྣམ༵ས་མངོ༵ན་དུ༵་བྱོ༵ས་ཞེ༵ས་བཀའ་བསྒོ༵འོ༵། །

གཉིས་པ་བྲོ་གར་བྱི་ཕན་ཡོན་ལ་གཉིས་ཏེ། དོན་ངོས་གཟུང་བ་དང་། དེ་རྒྱས་པར་བཤད་པའོ། །

དང་པོ་ནི། ཁྲོ༵་བོ༵འི་དཀྱིལ་འཁོར་སྒྲུབ༵་པ༵འི་ཕྲིན་ལ༵ས་ཀྱི༵་གཙོ༵་བོ༵་ནི༵་བྲོ་གར་འདི༵་ཡི༵ན་ནོ༵་ཞེས་པའོ། །

གཉིས་པ་ལ་བཞི་ལས། གཙོ་བོ་ལྔའི་བྲོ་གར་གྱི་ཕན་ཡོན་ནི། ཁྲ༵ག་འཐུང༵་ཆེ༵ན་ཆེ༵་བུདྡྷ་ཧེ་རུ་ཀ་ལ༵་སོ༵གས་པ་བཙུན་མོ་དང་བཅས་པ༵འི་བྲོ༵་གར༵་ལས་བཞིའི་སྐབས་སུ་བསྟན་པ་ལྟར་གླུ༵་ཚི༵ག་གི་ང་རོ་ཆེ༵ན་མོ༵ས་ནི༵་ཞི་རྒྱས་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཐམ༵ས་ཅ༵ད་དང་མཆོག་གི་དངོས་གྲུབ་ཐམས་ཅད་ཅི༵་འདོ༵ད་པ༵ར་འཕྲིན་ལས་ཐམ༵ས་ཅད༵་དང་དངོས་གྲུབ་ཐ༵མས་ཅ༵ད་འགྲུབ་པར་བྱེ༵ད་པ༵་ཡི༵ན་ནོ། །

གཉིས་པ་གནས་ཀྱི་མ་མོ་བརྒྱད་ཀྱི་བྲོ་གར་གྱི་ཕན་ཡོན་ནི། ཀཽ་རཱིའི་སྒྲ་ལས་བསྒྱུར་བས་མཛོ༵ད་ལྡ༵ན་ཏེ་དཀར་མོ་ཆེན༵་མོ༵་ལ༵་སོག༵ས་པ༵་ཕྱོགས་མ་བཞིའི་རྣམ་པར་གསལ་བའི༷་བྲོ༵་ག༵ར་དང་གླུ༵་ཚི༵ག་ཆེ༵ན་མོ༵ས་ནི༵་སྐྱེ་འགྲོ་དབང་དུ་འདུ༵་བ༵ར་འདོ༵ད་ན་དབང་དུ་འདུ༵་བ༵ར་བྱེད༵་ཅིང་ཚེ་དང་ཡོ་བྱད་ལ་སོགས་པ་འཕེ༵ལ་བ༵ར་འདོ༵ད་ན༵་འཕེ༵ལ་བ༵ར་བྱེ༵ད་དོ། །སྤོས༵་མོ༵་ཆེ༵ན་མོ༵་པུཀྐ་སཱི་ལ༵་སོ༵གས་པ༵་མཚམས་མ་བཞིའི༷་བྲོ༵་ག༵ར་གླུ༵་ཚི༵ག་ཆེ༵ན་མོ༵ས་ནི༵་དགྲ་བགེགས་ལ་སོགས་པ་ལྷན༵་ནེ༵་སྟེ་ཞི་བར་འདོ༵ད་ན༵་ཞི་ཞིང་ལྷན༵་ནེ༵ར་བྱེ༵ད་ལ་སེམས་རྨུག༵ས་ཤིང་མི་གསལ་བར་འདོ༵ད་ན༵་རྨུག༵ས་པ༵ར་བྱེ༵ད་དོ། །

གསུམ་པ་ཡུལ་གྱི་ཕྲ་མེན་བརྒྱད་ཀྱི་བྲོ་གར་གྱི་ཕན་ཡོན་ནི། སེང༵་གདོ༵ང་ཆེ༵ན་མོ༵་ལ༵་སོག༵ས་པ༵་ཕྱོགས་མ་བཞིའི༷་བྲོ༵་ག༵ར་དང་གླུ༵་ཚི༵ག་ཆེ༵ན་མོ༵ས་ནི༵་གདུག་པ་ཅན་ཐམ༵ས་ཅ༵ད་དེ་དགྲ་བགེགས་ཀུན༵་གྱི་ལུས་སྲོག་ལ༵་ཟ༵་བ༵ར་བྱེད༵་ཅིང་རྡུལ༵་ཕྲ་རབ་ཀྱི་ཆ༵་ཤས་ཙམ༵་ཡ༵ང་མེ༵ད་པ༵ར་བྱེ༵ད་དོ། །བཞ༵ད་གདོ༵ང་ཆེ༵ན་མོ༵་ལ༵་སོ༵གས་པ༵་མཚམས་མ་བཞིའི༷་བྲོ༵་ག༵ར་དང་གླུ༵་ཚི༵ག་ཆེ༵ན་མོ༵ས་ནི༵་གདུག་པ་ཅ༵ན་ཐམ༵ས་ཅད༵་ཀྱི་ལུས༵་ཀུན༵་ལས་ནང་ཁྲོལ་དང་དོན་སྙིང་འབྱི༵ན་པ༵ར་བྱེད༵་ཅིང་དེ་དག་གི་སྲོག་ལ་སོགས་པ་ཕུན་སུམ་ཚོགས་པ་ཀུན༵་ལ༵ས་ར༵བ་ཏུ༵་ཉམ༵ས་པ༵ར་བྱེ༵ད་དོ། །

བཞི་པ་དབང་ཕྱུག་(༣༢༨)མ་ཉི་ཤུ་རྩ་བརྒྱད་ཀྱི་བྲོ་གར་གྱི་ཕན་ཡོན་ནི། སླས༵་ད༵ང་བྱི༵་མོ༵་བྲ༵ན་མོ༵་ཡི༵་བྲོ༵་ག༵ར་དང་གླུ༵་ཚི༵ག་ཆེ༵ན་མོ༵ས་ནི༵་ཕོ་ཉ་དགྲ་ལ་རྦད༵་ཅིང༵་མངག་གཞུག་ལས་ལ་གཏང༵་བ༵ར་བྱ༵་བ༵་སྟེ༵་ཕྱིར་འགལ་བྱེད་ཆམ་ལ་འབེབས་པའི་ལས་ཐམ༵ས་ཅ༵ད་དང་། ནང་དུ་དངོས་གྲུབ་ཡིད་བཞིན་དུ་འགྲུབ་པའི་ལས་ཐམ༵ས་ཅ༵ད་བྱེད༵་པ༵་ཡི༵ན་ནོ། །

གསུམ་པ་ལས་བཞི་བསྒྲུབ་པའི་གནས་དང་ཏིང་ངེ་འཛིན་གྱི་ཁྱད་པར་ནི། ཤིང་ལྗོན༵་པ༵འི་ནགས་ཚལ་ད༵ང་ནི༵་ལྕུག༵་ཕྲ༵ན་གྱི་ཚ༵ལ་སྐྱེད་ཤིང་གི་ར་བ་དང་། ཤིང་སྡོང༵་གཅི༵ག་གི་དྲུང་དང༵་ནི༵་མེ༵ས་རེ༵ག་སྟེ་ནགས་མེས་ཚིག་པའི་གནས་རྣམས་སུ༵་ཞི་བ་དང་རྒྱས་པ་དང་དབང་དང་དྲག་པོ་རྣམས་བསྒྲུབ་པའི་ཕྱིར་དང་བ༵་དང་དག༵འ་བ༵་དང་ཆག༵ས་པ༵་དང༵་ཁྲོས༵་པའི་ཡིད་བཞི་རིམ་པ་ལྟར་ལྡན་པས༵་ཀཱ༵་ལི༵་སྟེ་ཐབས་ཀྱི་ཕྲིན་ལས་བཞི་པོ་ར༵བ་ཏུ༵་བསྒྲུབ་པར་བྱ༵འོ། །ཁ་ཅིག་ཡུམ་བཞི་དང་སྦྱར་ནས་འཆད་པ་ན་ཨཱ་ལིའི་སྒྲ་ལ་འཇུག་པ་སྟེ་སྐབས་མ་ཡིན་ནོ། །

གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། དེ་སྐད་ཅེ༵ས་བརྗོ༵ད་པ༵ས་གཙོ་བོ་དེ༵་བཞི༵ན་གཤེ༵གས་པ༵་ཉིད༵་ལ༵་འཁོར་གྱི་དེ༵་བཞི༵ན་གཤེ༵གས་པ༵་ཉིད༵་ཕྲིན་ལས་རྣམ་པ་བཞིའི་དོན་རྟོགས་པ་སྟེ་ལུང་ནོད་པའི་ཚུལ་གྱིས་བསྒྲུ༵བ་པར༵་གྱུར༵་ཏོ༵། །རང་བཞིན་གས༵ང་བའི༵་སྙིང༵་པོ༵་ཡེ་ཤེས་ཀྱི་དེ༵་ཁོ༵་ན༵་ཉིད༵་ངེ༵ས་པ༵་ལ༵ས། སངས་རྒྱས་ཀྱི་མཛད་པ་ཆེན་པོ་ཡེ་ནས་ལྷུན༵་གྱིས༵་གྲུབ༵་པ༵འི་ཕྲི༵ན་ལ༵ས་རྣམ་པ་བཞིར་གནས་པ་དེ་ཉིད་དུ་གདུལ་བྱའི་དོན་དུ་བྱིན༵་གྱི༵ས་རློ༵བ་པ༵་ཞེ༵ས་བྱ༵་བ༵འི་ལེ༵འུ༵་སྟེ༵་ཉི༵་ཤུ༵་པའི་རྣམ་པར་བཤད་པ༵འོ༵།། །།


previousལེའུ་ཉི་ཤུ་པའི་རྣམ་པར་བཤད་པ།next