དཔའ་འོག་ཡུལ་ལྷ་སྤྱི་བསྡུས་ཀྱི་བསང་མཆོད།
ཨོཾ་སྭ་སྟི། དཔའ་འོག་ཡུལ་ལྷ་སྤྱི་བསྡུས་ཀྱི་བསང་མཆོད་བྱ་བའི་ཚེ། དཀར་གཏོར་གསེར་སྐྱེམས། དམར་གཏོར་ཤ་ཆང་། ཕྱེ་མར་འོ་ཕུད་སོགས་ཇི་ལྟར་འབྱོར་བའི་མཆོད་རྫས་གཙང་མ་དང་། བསང་གི་མཆོད་པ་ལ་ཆབ་བྲན་ཏེ། རཾ་ཡཾ་ཁཾ། རྣམ་རྟོག་ཉེས་སྐྱོན་འབག་བཙོག་དྲི། །བསྲེགས་གཏོར་བཀླུས་ནས་སྟོང་པར་སྦྱངས། ཨོཾ་ཨཱཿཧཱུྃ། ལན་གསུམ། །སྟོང་ལས་ཡིད་མཐུན་སྣོད་མཆོག་ཏུ། །འབྲུ་གསུམ་ལས་བྱུང་བསང་མཆོད་དང་། །སྤྱན་གཟིགས་ས་དང་བར་སྣང་གང་། །མགྲོན་རྣམས་ཟག་མེད་བདེ་སྐྱེད་གྱུར། བཛྲ་སྥ་ར་་ཁཾ། ཀྱེ། པདྨཱ་ཀ་རས་བྱིན་བརླབས་ཤིང་། །དཔལ་ཆེན་ཧེ་རུ་ཀའི་གནས། །ཡན་ལག་ཚུལ་དུ་ཆགས་པ་ཡི། །དཔའ་བོ་དབང་ཆེན་བྲག་དཀར་དང་། །རག་ཆབ་བྲག་རྒྱ་ལ་སོགས་པར། །གཉུག་མར་གནས་པའི་མཐུ་སྟོབས་ཅན། །ལྷ་བཙན་བདུད་ཀྱི་དགེ་བསྙེན་སོགས། །ཡུལ་ལྷ་ཟོ་དོར་གཉེན་པོ་རྣམས། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །དགྱེས་པའི་གདན་ལ་བརྟན་པར་བཞུགས། །དཀར་མངར་འོ་ཞོའི་ཕུད་ཀྱིས་མཆོད། །རྒྱ་ཇ་གསེར་སྐྱེམས་བཏུང་བས་མཆོད། །དར་ཟབ་རིན་ཆེན་སྨན་སྣས་མཆོད། །རོ་བརྒྱ་ལྡན་པའི་བཟའ་བཅས་མཆོད། །ཕྱེ་མར་ཤེལ་ཚིག་འབྲུ་སྣས་མཆོད། །ཡིད་སྤྲུལ་དཀོར་
ནོར་དུ་མས་མཆོད། །བདུད་རྩི་ཅན་གྱི་བཟང་ཤིང་རྣམས། །གཙང་བྱེད་མེ་ལ་བསྲེགས་པ་ཡི། །དུད་སྤྲིན་བར་སྣང་གང་བ་འདིས། །དཔའ་བོ་རྡོ་རྗེ་དབང་ཆེན་བསང་། །རག་ཆབ་བཙན་རྒོད་ཆེན་པོ་བསང་། །བྲག་རྒྱ་སྔགས་འཆང་མཐུ་ཆེན་བསང་། །གཞན་ཡང་ཡུལ་ཕྱོགས་འདི་གནས་པའི། །ལྷ་ཀླུ་བཙན་བདུད་གཉན་དང་སྨན། །དཀར་པོའི་ཕྱོགས་སྐྱོང་དམ་ཚིག་ཅན། །འཁོར་དང་བཅས་པ་ཐམས་ཅད་བསང་། ཀྱེ། དཔལ་བྲག་ལྷ་ཡི་དགེ་བསྙེན་ཆེ། །མི་དཀར་རྟ་དཀར་དར་མདུང་ཕྱར། །སྙན་གྲགས་དུང་དཀར་གཡོན་ན་འབུད། །ལྷ་དམག་དཔུང་གི་རུ་སྣ་འདྲེན། །སྦས་པའི་གནས་དང་ཟབ་ གཏེར་སྲུང ་། །ཞི་བའི་ཕྲིན་ལས་སྒྲུབ་ལ་བསྟོད། །མུ་ན་མ་གཡས་ཀྱི་རུ་འདྲེན་པ། །བཙན་རྒོད་རག་ཆབ་གཉན་པོ་ནི། །མི་དམར་རྟ་དམར་གྲི་ཞགས་བསྣམས། །མི་དམར་སྔོན་རྒྱུག་རྟ་དམར་འབྲང་། །དམ་ལྡན་རྣལ་འབྱོར་སྐྱོད་ལ་བསྟོད། །བྲག་རྒྱ་སྔགས་པ་མཐུ་ལྡན་ཆས། །མ་ངེས་ཆིབས་ཤིང་རྔ་གཤང་ཐོགས། །མཆོད་ན་འགོ་ཞིང་བརྟེན་ན་འགྲོགས། །ཆོ་འཕྲུལ་སྣ་ཚོགས་སྟོན་ལ་བསྟོད། །ཡུལ་བདག་ས་བདག་མ་ལུས་པའི། །ཆེ་བའི་ཡོན་ཏན་ཅི་མཆིས་ལ། །བསྟོད་ཅིང་བསང་མཆོད་བརྔན་པའི་མཐུས། །དགྱེས་པའི་ཞལ་གྱི་འཛུམ་
ཕྱུངས་ལ། །བསྟན་དང་རྣལ་འབྱོར་སྐྱོང་བ་དང་། །ཡུལ་ཕྱོགས་འདི་རུ་བདེ་ལེགས་སྤེལ། །གཞི་བྱེས་ཀུན་ཏུ་སྡོང་གྲོགས་མཛོད། །ན་ཚ་གོད་ཁ་མ་བཏང་བར། །མི་ཕྱུགས་ཀུན་ལ་སྲུང་ཞིང་སྐྱོབས། །འགལ་རྐྱེན་བར་ཆད་ཕྱི་རུ་ཟློག །ཚེ་དཔལ་གཡང་བཅུད་ནང་དུ་བསྡུས། །མ་རིག་ནོངས་པ་བཟོད་བཞེས་ལ། །པདྨ་ཐོད་ཕྲེང་ལ་སོགས་པའི། །བཀའ་བསྒོས་ཐ་ཚིག་མ་བསྙེལ་བར། །འདོད་པའི་ཕྲིན་ལས་བསྒྲུབ་པར་མཛོད། །ཅེས་ཕྲིན་ལས་བཅོལ་ཞིང་། སརྦ་བྷཱུ་ཏ་ཡ་ཧི་གཙྪ། ཞེས་པས་གཤེགས། ཞེས་དཔའ་འོག་ཆོས་རྗེ་བླ་མ་ཀུན་དགའ་དཔལ་ལྡན་གྱིས་གསུང་བསྐུལ་མཛད་པ་ལྟར་པདྨ་གར་དབང་རྩལ་གྱིས་བྲིས་པ་དགེ་ལེགས་འཕེལ།། །། །།