Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
  expand section
  collapse section
  expand section
   
  collapse section
  expand section
  collapse section
  collapse section
  expand section
  collapse section
རྐང་ལོངས་དག་པར་བྱེད་ཚུལ།
   
  expand section
   
   
   
   
  expand section
   
  expand section
   
   
   
   
  expand section


 
previousརྐང་ལོངས་དག་པར་བྱེད་ཚུལ།next

རྐང་ལོངས་དག་པར་བྱེད་ཚུལ།

ཟླ་རྐང་ལ་བརྟེན་ནས་གཟའ་ཚེས་ཕྱེད་དག་ཏུ་བསྒྲུབ་པ།


MLP005_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་རྐང་ལོངས་དག་པར་བྱེད་ཚུལ་ལ། ཟླ་རྐང་ལ་བརྟེན་ནས་གཟའ་ཚེས་ཕྱེད་དག་ཏུ་བསྒྲུབ་པ། ཉི་རྐང་ལ་བརྟེན་ནས་གཟའ་ཉི་རྣམ་དག་ཏུ་བསྒྲུབ་པ། ཉི་མ་དང་ཚེས་ལ་བརྟེན་ནས་རེས་འགྲོགས་ཀྱི་ཟླ་སྐར་བསྒྲུབ་པ། ཟླ་ཉི་ལ་བརྟེན་ནས་སྦྱོར་བ་བསྒྲུབ་པ། ཕྱི་ཆའི་བྱེད་པ་བརྩི་བའོ། །དང་པོ་ནི། རིལ་པོའི་ངེས་པ་ད་ལྟར་བ་དེ་ལ། ༡༤བཅུ་བཞིས་བགོ་དགོས་ཏེ། ཟླ་རྐང་གི་རིམ་རིམ་མིན་གང་རུང་རེ་ལ་རྐང་གནས་ཀྱི་གྲངས་བཅུ་བཞི་རེ་ངེས་པའི་ཕྱིར། ཐོབ་ནོར་ཟུར་དུ་འཇོག་པ་ནི། བསྣོན་འབྲིད་བྱེད་པའི་མཚན་མ་སྟེ། འོག་ཏུ་རྐང་ལོངས་རྣམས་གཟའ་བར་པ་ལ་ནོར་མཉམ་ན་བསྣན་ཞིང་། མི་མཉམ་ན་དབྲི་དགོས་པའི་ཕྱིར། ལྷག་མས་རྐང་པ་འཛིན་པའི་བྱ་བ་བྱེད་པ་སྟེ། ཟོས་མ་ཟོས་ཀྱི་རྐང་མཚམས་ཡིན་པའི་ཕྱིར། གཟུང་བྱའི་རྐང་གནས་ནི་བཅུ་བཞིར་ངེས་ཏེ། མདའ་དབང་འབྱུང་མཚོ་མེ་མིག་གཟུགས་ཏེ་བདུན་པོ་ལུགས་འབྱུང་ལྡོག་ཏུ་གནས་པའི་ཕྱིར། འཛིན་ཚུལ་ནི། འཛིན་བྱེད་སྟོང་ན་རྐང་སྡོམ་དུ་ཐིག་ལེ་བྲི་སྟེ། རྐང་པ་མ་ཟོས་པ་ཡིན་པའི་ཕྱིར། གལ་ཏེ་འཛིན་བྱེད་གཅིག་ནས་བཅུ་གསུམ་གྱི་བར་གང་བྱུང་ཡང་། སྔ་རྐང་ལ་ཟོས་ཟིན་དང་། ཕྱི་རྐང་ལ་ཟ་རྒྱུ་སྡོམ་སྟེ། དཔེར་ན། བཅུ་བཞིས་བགོས་པའི་ལྷག་མར་བཅུ་གསུམ་བྱུང་ན། མ་ཟོས་པའི་རྐང་པ་ལྔ་པ་དང་། གཅིག་བྱུང་ན་ཟོས་པའི་རྐང་པ་ལྔ་པ་བསྡོམས་པ་བཞིན་ནོ། །ཆོ་
ག་དེས་ནི་རིལ་ཆ་གཉིས་སྡོམ་པའི་ལོངས་སྤྱོད་ཚེ་རེ་ལ་སུམ་སྟོང་བདུན་བརྒྱ་བརྒྱད་ཅུ་རྩ་གཅིག་རེ་སྤྱོད་པ་ལས། སུམ་སྟོང་བདུན་བརྒྱ་བརྒྱད་ཅུ་སྤྱོད་པ་དེ་རྟོགས་མོད་ཀྱི། འོན་ཀྱང་ད་དུང་ཆ་གཅིག་པོ་མ་ཚང་བ་དེ་ཤེས་པའི་ཕྱིར་ཆ་ཤས་སོ་སོར་བརྩི་དགོས་ཏེ། ཆ་ཤས་ཀྱི་གནས་ན་གང་འདུག་རྐང་བཟུང་མདུན་མས་བསྒྱུར་ལ། དུས་ཉིས་ཐོབ་པ་ཡང་དག་རྒྱུ་བའི་ཆུ་ཚོད་དང་། ལྷག་རྣམས་སྲང་དབུགས་རི་མཁའ་རིར་བྱས་ཏེ། ཐོབ་ནོར་རྣམས་ཀྱིས་སྔར་གྱི་རྐང་སྡོམ་ཆུ་ཚོད་ལ་སྔ་རྐང་ལ་ནོར་དང་ཕྱི་རྐང་ལ་བུ་ལོན་དུ་བྱས་པའི་ཚོགས་ནི་ཟླ་རྐང་གི་ལོངས་སྤྱོད་དོ། །དེས་གཟའ་བར་པའི་ལོངས་སྤྱོད་ལ་སྔར་གྱི་ནོར་མཉམ་མི་མཉམ་གྱིས་བསྲེ་སྦྱངས་བྱ་བ་ཡིན་ནོ། །འདིར་ཆ་ཤས་ཀྱི་འཁོར་ལོ་དུས་ཉིས་མཛད་པ་ནི་རགས་པ་སྟེ། ཞག་གི་ཆ་ཤས་སུམ་ཅུའི་བར་ཆད་པས་ཉེས་པ་ཆེར་མི་བསྐྱེད་ཅིང་། སུམ་ཅུར་ལོངས་ནས་དུས་ཉིའི་ཆ་རེ་བསྲེས་པས། ཆ་ཤས་སུམ་ཅུ་པོ་བསྲེས་པར་འགྱུར་བའི་ཕྱིར། རྒྱུན་ལ་བརྟེན་པའི་ཉེས་པ་ནི་དེ་བས་ཀྱང་མེད་དོ། །དེ་ལྟར་ནའང་། བློ་ལྡན་དག་ཞིབ་རྩིས་བྱ་བར་འདོད་ན། དྷྲཱུ་བའི་ཆ་ཤས་ཀྱི་གནས་ན་གང་འདུག་སུམ་ཅུས་བསྒྱུར་ལ། གང་རྩིའི་ཚེས་བསྲེས་ཏེ། རྐང་བཟུང་མདུན་མས་བསྒྱུར། དེ་ལ་ཆ་ཤས་ཀྱི་ཞག་གི་འཁོར་ལོ་སུམ་སྟོང་བདུན་བརྒྱ་བརྒྱད་ཅུས་བགོ་བ་སོགས་ཀྱིས་རྐང་ལོངས་བརྟག་པར་བྱ་བ་ཡིན་ནོ། །དཔེར་ན། ནག་དྷྲཱུ་སྟོང་པའི་ཚེས་གཅིག་གི་རྩིས་བྱེད་པ་ན། རིལ་ཆ་གཉིས་ཀའི་གནས་སུ་ཚེས་གྲངས་གཅིག་རེ་སྦྱིན་པས། རིལ་པོ་གཅིག་གིས་རིམ་རྐང་དང་པོ་ཆུ་ཚོད་ལྔ་པ་ཟིན་ཅིང་། ཆ་ཤས་གཅིག་གིས་རྐང་བཟུང་མདུན་མ་ཆུ་ཚོད་ལྔ་པ་དེའི་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་གཅིག་ལ། དབུགས་ཀྱི་ཉེར་གཅིག་ཆ་བཅུ་བྱུང་བ་གཉིས་མཉམ་དུ་བྱས་ཏེ། གཟའ་དྷྲཱུ་སྟོང་པའི་གནས་སུ་ཚེས་གཅིག་གི་རྟག་ལོངས་༠བསྣན་པ་ལ་རིམ་པའི་སྔ་རྐང་ཡིན་པའི་ཕྱིར་སྦྱིན་པས། ཆུ་ཚོད་དྲུག་ཅུ་རྩ་བཞི། སྲང་གསུམ། དབུགས་བཞི། ཉེར་གཅིག་ཆ་བཅུ། རི་མཁའ་རི་ཆ་སུམ་བརྒྱ་སོ་དྲུག་རྣམས་འབྱུང་བ་ཡིན་ནོ། །དེ་དག་གི་ལག་ལེན་ཡང་། གཟའ་དྷྲཱུར་གང་རྩིའི་རྟག་ལོངས་སྦྱིན། །རིལ་པོར་ཚེས་བསྲེས་མ་ནུས་བགོ། ཐོབ་པ་གཟུགས་མེ་
མི་མཉམ་ཞིང་། །མིག་མཚོ་ཐིག་ལེ་མཉམ་པ་ཡིན། །ལྷག་མས་ཟླ་བའི་རྐང་པ་བཟུང་། །མདའ་དབང་འབྱུང་མཚོ་མེ་མིག་གཟུགས། །ལྡོག་པ་དང་བཅས་ཡིད་ཀྱི་གནས། །སྔ་ཕྱི་ཟོས་དང་མ་ཟོས་སྡོམ། །རྐང་བཟུང་མདུན་མས་ཆ་ཤས་བསྒྱུར། །མ་ཟིན་རྐང་པ་དང་པོ་དང་། །མཁའ་རོ་དུས་དང་རི་མཁའ་རིས། །བསྒྱུར་ལ་དུས་ཉིས་རིམ་ཐོབ་ནོར། །རྒྱུ་བའི་དབྱུག་སྲང་དབུགས་ཆ་སྟེ། །དེ་ཡིས་རྐང་སྡོམ་ཆུ་ཚོད་ལ། །སྔ་རྐང་བསྲེ་ཞིང་ཕྱི་རྐང་དམན། །ཚོགས་དེ་གཟའ་ཡི་ལོངས་སྤྱོད་དུ། །ནོར་མཉམ་བསྣན་ལ་མི་མཉམ་དབྲི། །གལ་ཏེ་ཞིབ་མོར་རྩི་འདོད་ན། །དྷྲཱུ་བའི་ཆ་ཤས་མཁའ་མེ་ཡིས། །བསྒྱུར་ལ་གང་རྩིའི་ཚེས་གྲངས་བསྲེ། །དེ་ཉིད་རྐང་བཟུང་མདུན་མས་བསྒྱུར། །མཁའ་ཀླུ་རི་མེས་བགོས་ཐོབ་པ། །ཡང་རྒྱུའོ་ལྷག་རྣམས་མཁའ་རོ་དུས། །གཟུགས་མིག་གིས་བསྒྱུར་ཐོབ་པའི་ཚོགས། །སྔ་ཕྱི་རྐང་དང་གཟའ་ལོངས་ལ། །མཉམ་དང་མི་མཉམ་དབྲི་བསྣན་རྣམས། །སྔར་བཞིན་བྱས་པས་གཟའ་ཕྱེད་དག །ཅེས་སོ། །

ཉི་རྐང་ལ་བརྟེན་ནས་གཟའ་ཉི་རྣམ་དག་ཏུ་བསྒྲུབ་པ།

ཉི་མའི་རྒྱུན་བཅས་ཀྱི་ལོངས་སྤྱོད།


MLP005_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཉི་རྐང་ལ་བརྟེན་ནས་གཟའ་ཉི་རྣམ་དག་ཏུ་བསྒྲུབ་པ་ལ། ཉི་མའི་རྒྱུན་བཅས་ཀྱི་ལོངས་སྤྱོད་དང་། ཞག་རེའི་ལོངས་སྤྱོད་དག་པར་བྱེད་པའི་ཚུལ་གཉིས། དང་པོ་ནི། ཉི་མའི་ངེས་པ་ད་ལྟར་བ་དེ་གནས་གཉིས་སུ་བཀོད་པའི་ཕྱོགས་གཅིག་ལ་སྐྱེས་ཁྱིམ་སྦྱང་དགོས་ཏེ། དུས་ཀྱི་ཐོག་མ་ལུག་ཁྱིམ་ནས་རྩོམ་ལ། ཉི་མ་ནི་ཀརྐ་ཊ་ཡི་ཁྱིམ་གྱི་ཐོག་མར་སྐྱེས་པས། རང་མ་སྐྱེས་གོང་གི་ཁྱིམ་ལུག་གླང་འཁྲིག་གསུམ་གྱི་རྒྱུ་སྐར་སྒང་པོ་དྲུག་དང་། རྐང་པ་གསུམ་གྱི་ཆུ་ཚོད་ཞེ་ལྔ་པོ་སྦྱངས་དགོས་པའི་ཕྱིར་ཏེ། རང་སྐྱེས་པ་ན་རྐང་ལོངས་ཀྱི་ཐོག་མ་རྩོམ་པ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས། ཁྱིམ་གྱི་ཐོག་མ་ལུག་ཁྱིམ་ནས་རང་མ་སྐྱེས་གོང་གི་ཁྱིམ་གསུམ་མ་སྦྱངས་ན་རང་གི་རྐང་མཚམས་མི་རྟོགས་པའི་ཕྱིར་རོ། །གལ་ཏེ་སྐྱེས་ཁྱིམ་སྦྱོང་དུ་མ་ལྡང་ན་ནི་སྐར་གནས་སུ་རྒྱུ་སྐར་གྱི་འཁོར་ལོ་བསྲེས་ནས་གོང་བཞིན་སྦྱངས་དགོས་ཏེ། འཁོར་ལོ་ནི་བགྲོད་བྱའི་ཡུལ་ཡིན་པ་གང་ཞིག །རང་གི་དང་པོར་གང་བསྐྱེད་དྷྲཱུ་བའི་སྐབས་སུ་འཁོར་ལོ་དོར་བ་དེའི་སྟེང་ནས་སྦྱངས་པས། རྐང་རྒྱུན་རྟོགས་པའི་ཆེད་ཡིན་པའི་


MLP005_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། སྦྱངས་རྗེས་འཁོར་ལོ་ཕྱེད་ལྷག་ན་དོར་བས་ཆོག་སྟེ། རང་སྐྱེས་པའི་ཁྱིམ་ནས་འགོ་བཟུང་བའི་ཀརྐ་ཊ་སེང་གེ་བུ་མོ་གསུམ་དུ་རིམ་པའི་སྔ་རྐང་ལ་སྤྱད་པའི་གུན། སྲང་སྡིག་གཞུ་གསུམ་དུ་རིམ་པའི་ཕྱི་རྐང་ལ་སྤྱད་པ་དེས་བསབས་པས་ནོར་བུ་ལོན་ཁ་དག་ནས་རྟག་པའི་ལོངས་སྤྱོད་ལ་བྲི་གང་མེད་པར་གནས་པའི་ཕྱིར། དེ་བས་ན་འཁོར་ལོ་མ་བསྣན་པར་འཁོར་ཕྱེད་དོར་ན་རིམ་མིན་གྱི་སྔ་རྐང་ཆུ་བུམ་ཉ་གསུམ་དང་། བསྣན་ནས་དོར་ན་རིམ་མིན་གྱི་ཕྱི་རྐང་ལུག་གླང་འཁྲིག་གསུམ་གང་རུང་ལ་གནས་ཤིང་། གལ་ཏེ་འཁོར་ཕྱེད་མ་དོར་ན་རིམ་པའི་སྔ་རྐང་ཀར་སེང་བུ་མོ་གསུམ་དང་། དེའི་ཕྱི་རྐང་སྲང་སྡིག་གཞུ་གསུམ་གང་རུང་ལ་གནས་པ་ཡིན་ནོ། །དེ་ལྟར་སྐྱེས་ཁྱིམ་སྦྱངས་པ་སོགས་བྱས་པའི་ལྷག་མ་ནི་རྐང་འཛིན་དག་པ་སྟེ། དེའི་སྐར་གནས་ཆུ་ཚོད་ཀྱི་གནས་སུ་གསིལ་བ་ལ་ཁྱིམ་རེའི་ཆུ་ཚོད་ཀྱི་གྲངས་བརྒྱ་སོ་ལྔས་བགོད་དགོས་ཏེ། རྐང་མཚམས་ནས་བགྲངས་པའི་ཁྱིམ་ཇི་ཙམ་འདས་བརྟག་དགོས་པའི་ཕྱིར། དེའང་འཁོར་ཕྱེད་དོར་ནས་ཆུ་སྲིན་དང་། མ་དོར་ན་ཀརྐ་ཊ་ནས་རྐང་མཚམས་འཛིན་དགོས་པས། འདིར་དོར་བའི་དབང་དུ་བྱས་ཏེ། ཐོབ་པ་ལ་བཞི་ལྟ་བུ་བྱུང་བའི་ཚེ། དེ་བཞི་ནི་ཆུ་བུམ་ཉ་ལུག་བཞི་ཡིན་ལ། ཐོབ་པ་དེས་རྐང་པ་འཛིན་པའི་ཚེ། མ་འོངས་པ་ན་སྤྱོད་རྒྱུའི་གླང་གི་ཆུ་ཚོད་བཞི་དང་། འཁྲིག་པའི་དྲུག་སྡོམ་པའི་ཆུ་ཚོད་བཅུ་སྡོམ་པ་ཡིན་ཏེ། སྔ་རྐང་ལ་སྤྱད་ཟིན་དང་། ཕྱི་རྐང་ལ་སྤྱོད་འགྱུར་སྡོམ་དགོས་པ་གང་ཞིག །འདིར་དོར་བ་རིམ་མིན་གྱི་ཕྱི་རྐང་ཡིན་པའི་ཕྱིར། དེའི་རྗེས་སུ་ལྷག་མ་རྣམས་རྐང་བཟུང་མདུན་མས་བསྒྱུར་ནས་རང་རང་གི་འཁོར་ལོས་ཆུ་ཚོད་དུ་དྲིལ་བ་ལ། བརྒྱ་སོ་ལྔས་བགོས་པས་ཐོབ་པ་ནི་ཡང་དག་རྒྱུ་བའི་ཆུ་ཚོད་དེ། རང་ཟ་བཞིན་པའི་རྐང་པ་དེའི་སྟེང་དུ་ཉི་མས་སླེབ་ནས་གང་རྩིས་ཚེས་དེ་རྫོགས་པ་ཡན་ལ་སྤྱད་པའི་རྐང་པའི་ཆུ་ཚོད་དོ། །ལྷག་མ་དྲུག་ཅུ་དང་། དྲུག་དང་། རི་རོས་བསྒྱུར་ནས་རང་རང་གི་ཆ་བཅུག་ལ་བརྒྱ་སོ་ལྔས་བགོས་པའི་ཐོབ་པ་རྣམས་ནི་ཡང་དག་རྒྱུ་བའི་ཆུ་སྲང་ལ་སོགས་པའོ། །དེ་ནས་ཡང་དག་རྒྱུ་བའི་ལོངས་སྤྱོད་དེ་རྣམས་ཀྱིས་སྔ་རྐང་ཡིན་ན་རྐང་སྡོམ་ལ་བསྣན་ཅིང་། ཕྱི་རྐང་ཡིན་


MLP005_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྐང་སྡོམ་ནས་དབྲི་དགོས་ཏེ། རྐང་སྡོམ་ནི་སྔ་རྐང་ལ་སྤྱད་ཟིན་དང་། ཕྱི་རྐང་ལ་སྤྱོད་འགྱུར་ཡིན་པས། སྔ་རྐང་དུ་ནོར་རམ་བུ་ལོན་འཕེལ་བ་དེ། ཕྱི་རྐང་དུ་དབྲི་བས་དག་ཚད་ཡིན་པའི་ཕྱིར། དེ་ལྟར་བྱས་པའི་རྐང་རྒྱུན་རྣམས་རེས་གཟའ་ཕྱེད་དག་དང་། ཉི་བར་ཅིག་ཤོས་ལ་འཁོར་ཕྱེད་དོར་ན་བྱིན་ཞིང་། མ་དོར་ན་དབྲི་དགོས་ཏེ། ཀརྐ་ཊ་ནས་གཞུའི་བར་རིམ་པའི་ཁྱིམ་དྲུག་ལ་རྐང་ལོངས་རྣམས་རྟག་ལོངས་ལ་བུ་ལོན་དང་། ཆུ་སྲིན་ནས་འཁྲིག་པའི་བར་རིམ་མིན་གྱི་ཁྱིམ་དྲུག་ལ་ནོར་དུ་འགྲོ་བའི་ཕྱིར། འོ་ན་འདིར་གཟུང་བྱའི་རྐང་པ་ལ་དུས་མཚོ་ཟླ་བ་འོང་བའི་རྒྱུ་མཚན་གང་ཞེ་ན། ཚེས་ཞག་སོ་གཅིག་ཅུང་མེད་རེ་ལ་ཉི་ཁྱིམ་ལོངས་པའི་དོན་གྱིས་ཡིན་ཏེ། ཚེས་ཞག་གཅིག་༠གི། ཟླ་༠ཆུ་༠དུས་༠འབྲས་རྣམས་སུམ་ཅུས་བསྒྱུར་བའི་སྟེང་དུ། ཚེས་ཞག་གཅིག་གི་བཅུ་གསུམ་ཆ་བཅུ་གཉིས་པའི། ཟླ་༠ཆུ་༠དུས་༠འབྲས་སོ་སོར་བསྣན་པས་ཆུ་ཚོད་ཀྱི་སར་རང་རང་གི་རྐང་པའི་ཆུ་ཚོད་ཀྱི་གྲངས་གསལ་པོར་སྟོན་པའི་ཕྱིར། དེ་དག་གི་ལག་ལེན་ཡང་། ཉི་བར་གནས་གཉིས་གཅིག་ལ་ནི། །སྐར་དྲུག་ཆུ་ཚོད་ཞེ་ལྔས་སྦྱངས། །མ་ལྡང་འཁོར་ལོ་བསྣན་ལ་སྦྱངས། །སྦྱངས་ཤུལ་འཁོར་ཕྱེད་ལྷག་ན་དོར། ༡༣། ལྷག་མའི་སྐར་མ་མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་ལ་མདའ་ཡོན་ཟླས། །བགོས་ཐོབ་ནོར་གྱིས་ཉི་རྐང་བཟུང་། །དུས་མཚོ་ཟླ་བ་སྔ་རྐང་སྟེ། །ཕྱི་རྐང་དེ་ལྡོག་རོ་ཡི་གནས། །སྔ་ཕྱི་ཟོས་དང་མ་ཟོས་སྡོམ། །རྐང་བཟུང་མདུན་མས་ལྷག་རྣམས་བསྒྱུར། །མ་ཟིན་དང་བཟུང་རང་འཁོར་དྲིལ། །མདའ་ཡོན་ཟླས་ཐོབ་ཡང་རྒྱུའི་དབྱུག །ལྷག་མ་མཁའ་རོ་དུས་རི་རོས། །བསྒྱུར་བཅུག་ཐོབ་པ་སྲང་དབུགས་ཆ། །སྔ་རྐང་ཆུ་ཚོད་གཉིས་བསྲེ་ཤིང་། །ཕྱི་རྐང་རྒྱུ་བས་སྦྱངས་ལྷག་རྣམས། །གཟའ་ཉི་ཕྱེད་དག་ལོངས་སྤྱོད་དུ། །འཁོར་ཕྱེད་དོར་བསྣན་མ་དོར་ཕྲི། །དེ་ཡིས་གཟའ་ཉི་རྣམ་པར་དག །རེས་གཟའ་གང་ཤར་ཉིན་ཞག་རེར། །སྤྱད་པས་སང་གི་ནམ་ལངས་འཕོ། །དེ་ལོངས་གནས་སུ་གང་ཤར་བ། །རྫོགས་ཚེ་ཕྱི་མའི་ཚེས་ཞག་འཇུག །གཟའ་གཅིག་ལན་གཉིས་ལྡབ་གྱུར་ན། །ཆུ་ུཚོད་མང་བའི་ཚེས་དེ་ཆད། །མཆོངས་ན་ཆུ་ཚོད་ཉུང་བ་ལྷག །ཉི་མའི་ལོངས་སྤྱོད་
རང་ཉིད་ཀྱིས། །སྐར་གནས་དེ་སྟེང་སླེབ་པ་ན། །དེ་ཉིད་ཚེས་ལོངས་རྫོགས་རྫོགས་ཡན། །སྤྱད་ཟིན་འདས་པའི་ལོངས་སྤྱོད་འཆར། །ཞེས་སོ། །

ཞག་རེའི་ལོངས་སྤྱོད་དག་པར་བྱེད་པའི་ཚུལ།


MLP005_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཁྱིམ་རང་རང་གི་ཞག་རེའི་ཉི་མའི་རྐང་ལོངས་དག་པར་བྱེད་པའི་ཚུལ་ནི། ཉི་མའི་ཚེས་ཞག་རེའི་ཡུལ་ལོངས། ༠རྣམས་གནས་གསུམ་དུ་བྱས་པའི། གཅིག་གི་གནས་ཐམས་ཅད་རྐང་པ་དྲུག་པས་བསྒྱུར་ནས་ཆུ་ཚོད་དུ་དྲིལ་བ་ལ་བརྒྱ་སོ་ལྔས་རིམ་པར་བགོས་པའི་རྐང་ལོངས་༠རྣམས། རྟག་ལོངས་གནས་གཉིས་མ་ལ་སྦྱིན་པས། ཉི་བར་གཞུ་ཆུ་སྲིན་གྱི་ཁྱིམ་ན་གནས་པའི་ཚེ་ཚེས་ཞག་རེ་ལ་སྤྱོད་པའི་ལོངས་སྤྱོད་༠དང་གནས་གསུམ་པ་ལ་ཕྲི་བས་འཁྲིག་ཀར་གཉིས་ཀྱི་ལོངས་སྤྱོད་༠དེ་རྐང་པ་དྲུག་པའི་བྱ་བའོ། །ཡང་རྟག་ལོངས་གནས་གསུམ་གྱི་དང་པོ་རྐང་པ་བཞི་པས་བསྒྱུར་ནས་བརྒྱ་སོ་ལྔས་བགོ་བ་སོགས་སྔར་བཞིན་བྱས་པའི་རྐང་ལོངས་༠རྣམས། གནས་གཉིས་པ་ལ་སྦྱིན་པས་སྡིག་བུམ་གྱི་ལོངས་སྤྱོད་༠དང་། གསུམ་པ་ལ་ཕྲི་བས་གླང་སེང་གི་ལོངས་སྤྱོད་༠དེ་རྐང་པ་གཉིས་པའི་བྱ་བའོ། །ཡང་རྟག་ལོངས་གནས་གསུམ་གྱི་དང་པོ་རྐང་པ་གཅིག་པས་བསྒྱུར་ལ་བརྒྱ་སོ་ལྔས་བགོ་བ་སོགས་བྱས་པའི་རྐང་ལོངས་༠རྣམས། གནས་གཉིས་པ་ལ་སྦྱིན་པས་སྲང་དང་ཉ་ཁྱིམ་གྱི་ལོངས་སྤྱོད་༠དང་། གསུམ་པ་ལ་ཕྲི་བས་ལུག་དང་བུ་མོའི་ལོངས་སྤྱོད་༠དེ་རྐང་པ་གཅིག་པའི་བྱ་བའོ། །དེ་དག་གི་སྡོམ་ཡང་། རྐང་པ་དྲུག་པའི་ལོངས་སྤྱོད་དག །ཆུ་སྲིན་གཞུར་སྦྱིན་འཁྲིག་ཀར་དམན། །བཞི་པའི་ལོངས་སྤྱོད་བུམ་སྡིག་ལ། །བསྣན་ཅིང་གླང་སེང་གཉིས་ལ་ཕྲི། །གཅིག་པའི་རྐང་ལོངས་ཉ་སྲང་ལ། །སྟེར་ཞིང་ལུག་དང་བུ་མོར་དམན། །ཞེས་སོ། །

ཉི་མ་དང་ཚེས་ལ་བརྟེན་ནས་རེས་འགྲོགས་ཀྱི་ཟླ་སྐར་བསྒྲུབ་པ། #div6 ཟླ་ཉི་ལ་བརྟེན་ནས་སྦྱོར་བ་བསྒྲུབ་པ།


MLP005_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཉི་མ་དང་ཚེས་ལ་བརྟེན་ནས་རེས་འགྲོགས་ཟླ་སྐར་བསྒྲུབ་པ་ནི། ཉི་དག་གནས་གཉིས་སུ་བྱས་པའི་གནས་གཅིག་ལ་ཆུ་ཚོད་ང་བཞི་གང་བརྩིའི་ཚེས་ཀྱིས་བསྒྱུར་ནས་སྟེར་དགོས་ཏེ། ཉི་མས་ཡུལ་སྟེང་ནས་ཞག་རེ་ཞིང་སྤྱོད་པའི་ཆུ་ཚོད་བཞི། སྲང་ཉེར་གཅིག་སོགས་ཟླ་བས་ཀྱང་སྤྱོད་པ་གང་ཞིག །དེའི་སྟེང་དུ་རང་གི་ཐུན་མོང་མ་ཡིན་པའི་རྟག་ལོངས་ཆུ་ཚོད་ང་བཞི་རེས་ཉི་མ་ལས་ལྷག་པོར་སྤྱོད་པའི་ཕྱིར། དེས་ན་རང་གི་ཐུན་མིན་
རྟག་ལོངས་ནི་ཆད་ལྷག་མེད་པར་རྣམ་པ་ཐམས་ཅད་དུ་སྤྱོད་ལ། ཐུན་མོང་པའི་རྟག་ལོངས། ཆུ་ཚོད་བཞི། སྲང་ཉེར་གཅིག་སོགས་ནི་རྒྱུན་ལ་ལྟོས་ནས་གཅིག་གུན་གཅིག་གིས་བསབས་པས། སྤྱད་པ་ལྟར་སྣང་བ་མ་གཏོགས་ཉི་རྐང་འཕེལ་འགྲིབ་ཀྱི་དབང་གིས་རྟག་ཏུ་ཆད་ལྷག་མེད་པར་སྤྱོད་པ་མ་ཡིན་ཏེ། ཟླ་ཉི་གཉིས་གནམ་སྟོང་ལ་གཞི་གཅིག་ཏུ་གནས་ནས་ཉི་འོད་ཀྱིས་ཟླ་འོད་ཐམས་ཅད་ཟིལ་གྱིས་མནན་པ་ལས། ཚེས་གཅིག་ནས་ཉི་མ་ལས་དཀར་ཆ་གཅིག་འཆར་བའི་འགོ་རྩོམ་པའི་ཚེ། ཉི་རྐང་གི་འཕེལ་འགྲིབ་དང་བཅས་པའི་རྟག་ལོངས་ཉི་མ་དང་ཐུན་མོང་དུ་སྤྱད་པའི་སྟེང་དུ་རང་གི་ཐུན་མིན་རྟག་ལོངས་ཆུ་ཚོད་ང་བཞི། ཉིན་རེ་བཞིན་སྤྱད་པས་ཚེས་བཅོ་ལྔའི་རང་གི་རྟག་ལོངས་སྤྱད་མཐར་དཀར་ཆ་རྫོགས་ནས་ཉ་གང་བར་སྣང་བ་གང་ཞིག །ཡང་ཚེས་བཅུ་དྲུག་ནས་ཐུན་མིན་ལོངས་སྤྱོད་ཀྱི་དབང་གིས་ཉི་མ་དང་ཅུང་ཟད་ཉེ་བའི་འགོ་རྩོམ་པས་ནག་ཆ་རེ་འཕེལ་བར་སྣང་བའི་ཕྱིར་རོ། །དེ་ལྟར་ཡང་དབང་མདོར་བསྟན་ལས། ཇི་ལྟར་ཟླ་ཤར་རིམ་པ་ཡིས། །ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར། །གྲིབ་མ་མཉམ་པ་རྫོགས་པ་སྟེ། །ཟླ་བ་ཆད་དང་རྫོགས་པ་མིན། །ཞེས་དང་། མཛོད་ལས་ཀྱང་། ཉི་མ་དང་ནི་ཉེ་བ་ལས། །རང་གི་གྲིབ་མས་འགྲིབ་པར་སྣང་། །ཞེས་སོ། །རྒྱུ་མཚན་དེའི་ཕྱིར་ཟླ་བ་ལ་རང་སྟོབས་ཀྱི་རྐང་པ་མེད་ཀྱང་། ཉི་རྐང་གི་ནོར་བུ་ལོན་ལ་བརྟེན་ནས་འཕེལ་འགྲིབ་ཡོད་པར་འདོད་དགོས་ཏེ། དཔེར་ན་ཉི་རྐང་གིས་ཚེས་ལ་ནོར་བུ་ལོན་དུ་འགྱུར་བ་བཞིན་ནོ། །དེ་ལྟར་ཉི་དག་ལ་རང་གི་ཐུན་མིན་གྱི་རྟག་ལོངས་བསྣན་པ་ནི་ཚེས་འཁྱུད་ཟླ་སྐར་ཞེས་བྱ་སྟེ། ཚེས་དེ་ཟད་ཚུན་ཆད་ཀྱི་ལོངས་སྤྱོད་ཡིན་ཞིང་། ཉིན་ཞག་སྔ་ཕྱི་གཉིས་ཀའི་རེས་གཟའ་དང་འགྲོགས་པའི་ཆ་ཡོད་དོ། །དེའི་སྟེང་ནས་གང་བརྩིའི་ཚེས་ཀྱི་ལོངས་སྤྱོད་མན་ཆད་ཀྱིས་སྦྱངས་པས། ཞག་དེའི་ནམ་ལངས་ཕན་ལ་སྤྱད་ཟིན་ལོངས་སྤྱོད་འཆར་བའི་ཕྱིར། ལྷག་དེས་བརྩི་བཞིན་པའི་ཉིན་ཞག་དེའི་ཚད་དྲུག་ཅུ་ལ་སྦྱངས་ལྷག་རྣམས་ནི་རི་མོར་ཤར་བའི་སྐར་མ་དེའི་སྟེང་དུ་ཟླ་བས་སྤྱད་ནས་འཕོ་བ་ཡ ིན་པས་རེས་འགྲོགས་ཟླ་སྐར་ཞེས་བྱའོ། །དེ་ལྟ་ནའང་ཚེས་ཀྱི་དུས་ལོངས་དང་ཟླ་བའི་ཡུལ་
ལོངས་གཉིས་སྟོབས་མི་མཚུངས་པའི་སྐྱོན་ཡོད་དོ་ཞེ་ན། ཟླ་བ་རང་གི་དཀར་ཆ་འཕེལ་འགྲིབ་རེ་བཞག་པའི་ལོངས་སྤྱོད་ལ་ཡུལ་དུས་གཉིས་ལས། དུས་ཀྱི་ཚེས་ལོངས་ང་དགུ་སོགས་ཀྱི་ཡུན་ཚད་དང་། ཡུལ་སྟེང་ནས་བགྲོད་པའི་ལོངས་སྤྱོད་ང་བརྒྱད་སོགས་རགས་རྩིས་ལ་སྟོབས་མཚུངས་པས་སྐྱོན་མེད་དེ། ཞིབ་མོར་འདོད་ན་ཡུལ་དུས་ཀྱི་ཆ་རྩིས་ནས་བརྟགས་པས་ཤེས་པར་འགྱུར་རོ། །དེ་དག་གི་ལག་ལེན་ནི། ཉི་དག་གནས་གཉིས་གཅིག་ལ་ནི། །ཆུ་ཚོད་མཚོ་དབང་ཚེས་བསྒྱུར་སྦྱིན། །འཁོར་དྲིལ་ཚེས་འཁྱུད་ཟླ་སྐར་ཏེ། །དེ་ལ་ཚེས་ཀྱི་ལོངས་སྤྱོད་ཀྱིས། །སྦྱངས་ལྷག་རེས་འགྲོགས་ཟླ་སྐར་ཡིན། །ལྷག་དེས་དྲུག་ཅུ་ལ་ཕྲི་ལྷག །ཟད་ཚེ་ཕྱི་མའི་སྐར་མས་སླེབས། །ཞེས་སོ། །

ཟླ་ཉི་ལ་བརྟེན་ནས་སྦྱོར་བ་བསྒྲུབ་པ།


MLP005_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ཟླ་ཉི་ལ་བརྟེན་ནས་སྦྱོར་བ་བསྒྲུབ་པ་ནི། ཉི་དག་དང་རེས་འགྲོགས་ཟླ་སྐར་གཉིས་གནས་མཚུངས་སུ་བསྲེས་ནས་རང་འཁོར་དྲིལ་ལ། སྟེང་མ་ཉེར་བདུན་གྱིས་དོར་ལྷག་ནི་སྦྱོར་བ་དག་པ་སྟེ། ཉི་ཟླ་གཉིས་ཀྱི་རྟག་ལོངས་བསྲེས་པའི་ཆུ་ཚོད་རེ་གཉིས་རྗེས་འབྲང་དང་བཅས་པ་ནི་སྦྱོར་བའི་༠རྟག་ལོངས་ཡིན་པ་གང་ཞིག་དེ་ཉི་རྐང་གིས་ཉི་ཟླའི་ལོངས་སྤྱོད་གཉིས་ཀ་ལ་ནོར་བུ་ལོན་དུ་བྱས་པས་དེ་ཙམ་ཞིག་སྦྱོར་བའི་རྟག་ལོངས་དེའི་སྟེང་ནས་ཀྱང་འཕེལ་འགྲིབ་བྱེད་པས་རྒྱུན་ལ་ལྟོས་ནས་སྤྱོད་པའི་རྟག་ལོངས་ཡིན་པའི་ཕྱིར་ཏེ། ཚེས་ཞག་རེ་ལ་ཉི་མ་དང་ཟླ་བས་གང་སྤྱད་སྡོམ་པའི་གྲངས་དེ་ཙམ་ཞིག་སྤྱོད་པར་སྣང་བའི་ཕྱིར། དེ་ཡང་ཆུ་ཚོད་མན་ཆད་ནས་ནམ་ལངས་ཕན་ལ་འདས་པའི་གྲངས་ཏེ། རེས་འགྲོགས་ཟླ་སྐར་དང་ཉི་དག་བསྲེས་པའི་གནད་ཀྱིས་སོ། །ལག་ལེན་ནི། ཉི་དག་རེས་འགྲོགས་ཟླ་སྐར་དག །བསྲེས་ནས་སྟེང་དྲིལ་འཁོར་ལོས་དོར། །སྦྱོར་བའི་རི་མོ་རྣམ་པར་དག །ཅེས་སོ། །འདིར་སྦྱོར་བ་ཉེར་བདུན་གྱི་མིང་གང་ཞེ་ན། དེའི་སྡོམ་ནི། སེལ་མཛའ་ཚེ་ལྡན་སྐལ་བཟང་བཟང་། །ཤིན་སྐྲངས་དུས་ལས་བཟང་འཛིན་ཟུག་རྔུ། །སྐྲངས་འཕེལ་ངེས་པ་ཀུན་འཇོམས་དགའ། །རྡོ་རྗེ་གྲུབ་དང་ཤིན་ཏུ་ལྟུང་། །མཆོག་ཅན་ཡོངས་འཇོམས་ཞི་གྲུབ་པ། །བསྒྲུབ་བྱ་དགེ་དཀར་ཚངས་དབང་པོ། །འཁོར་འཛིན་རྣམས་ཏེ་ཉི་ཤུ་བདུན། །ཞེས་སོ། །

ཕྱི་ཆའི་བྱེད་པ་བརྩི་བ།


MLP005_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་ཕྱི་ཆའི་བྱེད་པ་བརྩི་བ་ནི། གང་བརྩིའི་དུས་ཀྱི་ཚེས་གྲངས་གང་ཡིན་གཉིས་ཀྱིས་བསྒྱུར་དགོས་ཏེ། བྱེད་པ་བཅུ་གཅིག་པོ་ཐམས་ཅད་ཚེས་ཀྱི་ཆ་སྔ་ཕྱི་ལ་སྤྱོད་པའི་ཚེས་རེ་ལ་བྱེད་པ་གཉིས་གཉིས་འཆར་བའི་ཕྱིར་རོ། །དེ་ལས་རྟག་བྱེད་བཞི་པོ་ལ་རྟོགས་བྱེད་ཀྱི་རི་མོ་བྱ་མི་དགོས་ཏེ། ཉེར་དགུའི་ཕྱི་ཆ་ནས་ཚེས་གཅིག་གི་སྔ་ཆའི་བར་ཚེས་ཞག་ཕྱེད་ཆ་བཞི་ལ་ལོངས་སྤྱོད་པ་ལས་གཞན་དུ་མི་འཕོ་བའི་ཕྱིར། དེ་ཡང་རྟག་བྱེད་བཞི་ནི། བཀྲ་ཤིས་རྐང་བཞི་ཀླུ་མི་སྡུག །ཅེས་སོ། །གཉིས་ཀྱིས་བསྒྱུར་རྗེས་སུ་གཅིག་གིས་འབྲིད་དགོས་ཏེ། དེ་ལྷག་གིས་ཚེས་ཀྱི་སྔ་ཆ་ཕྱི་ཆ་ལ་འཕོ་བྱེད་བདུན་ལན་གྲངས་བརྒྱད་འཁོར་བའི་ཐོག་མ་ཚེས་གཅིག་གི་ཕྱི་ཆ་ནས་འཆར་བའི་ཕྱིར་སྔ་ཆའི་བྱེད་པ་ཕྲི་བའོ། །དེ་ལ་བདུན་གྱིས་བགོད་དགོས་ཏེ། འཕོ་བྱེད་ལ་བདུན་དུ་གྲངས་ངེས་པའི་ཕྱིར་ཏེ། གདབ་བྱིས་རིགས་ཅན་ཏིལ་བརྡུང་དང་། །ཁྱིམ་སྐྱེས་ཚོང་པ་བིཥྚིའོ། །དེ་དག་གི་ལག་ལེན་ནི། ཚེས་གྲངས་མིག་བསྒྱུར་གཟུགས་ཀྱིས་དམན། །ཐུབ་པས་དོར་ལྷག་ཕྱི་བྱེད་དེ། །སྔ་བྱེད་ཤུགས་ལས་རྟོགས་པར་འགྱུར། །དེ་ཡང་རྐང་པར་བཅས་པ་ཡི། །གང་བརྩིའི་ཚེས་ལོངས་དེ་དང་དེའི། །ཕྱེད་མར་བཅས་པའི་ཆ་རེ་ནི། །བྱེད་པ་རེ་ཡི་ལོངས་སྤྱོད་དེ། །བརྟགས་ཐབས་ཚེས་ལོངས་སྔ་མ་ཡིས། །མཁའ་རོར་ཕྲི་བའི་ལྷག་མ་དེ། །ཉིན་ཞག་སྔ་མར་འདས་པ་ཡིན། །ལྷག་དེ་དེ་རིང་ཚེས་ལོངས་སྟེང་། །བསྣན་ལ་མིག་གིས་བགོས་པའི་ནོར། །དུས་དེའི་བྱེད་པའི་ལོངས་སྤྱོད་དེ། །སྔ་ཆར་སྔ་མའི་ཚེས་ལོངས་དག །རྫོགས་ནས་དེ་ཡི་ཡུན་དུ་སྤྱོད། །ཕྱི་ཆར་ཚད་དེ་རྫོགས་པ་ནས། །བྱེད་པ་འཆར་བར་ཤེས་པར་བྱ། །ཞེས་སོ། །


previousརྐང་ལོངས་དག་པར་བྱེད་ཚུལ།next