མི་ཡུལ་དུ་འཕོས་པའི་ལྷ་ཡུལ། ཡི་དམ་རྡོ་རྗེ།
གནས་ཆེན་རྒྱལ་མོ་རོང་གི་སྟོད་ཀྱི་ཕྱོགས། །
མི་ཉག་ར་བ་སྒང་གི་གཡས་ཟུར་ན། །
འཛམ་གླིང་ས་ཡི་དྭངས་རྩེ་གཡུ༵་ཡི་མཁར། །
བདེ་སྐྱིད་ཀུན་འཛོམས་ལྷ་ཡི་གནས་མཆོག་ཡོད། །
དེར་ནི་སྙིང་སྟོབས་ལྡན་པའི་དཔའ་རྒོད་འབུམ། །
སྡང་དགྲའི་གྲོང་ཁྱེར་འཇོམས་ལ་ཟླ་མེད་པས། །
སྟ༵ག་མོ༵་འཕྲེ༵ད་ཉ༵ལ་སྨ༵ར་གྱི༵་ལག༵་བཟང་ཞེས། །
གནའ་བོའི་ངག་སྒྲོས་འཛིན་མའི་ཁྱོན་ན་སྙན། །
སྟོད་ན་ཡུལ་ལྷ་རྡོ་རྗེ་གཡུ་ཁྲོམ་ཆེ། །
ཁ་བའི་རྡུལ་མང་བརྩེགས་པའི་ཀཻ་ལ་ཤ །
འཇའ་སྤྲིན་དྲྭ་བས་མགུལ་བ་མཛེས་བྱས་པའི། །
དབུ་རྩེ་སྔོ་བསང་བུ་མོའི་ལྟོ་བའི་རྒྱན། །
བར་ན་གཡུ་ཐང་རང་བྱུང་མཛེས་ལྗོངས་སུ། །
ལྷན་སྐྱེས་དྲི་ཞིམ་སྤྲོ་བའི་སྨན་སྣ་དང་། །
དཀར་དམར་མེ་ཏོག་བཀྲ་བའི་འཛུམ་དཀར་གྱིས། །
ཡིད་མཐུན་རྭ་ཡིག་གཉིས་པ་གྲོགས་སུ་འགུགས། །
མཚམས་སུ་རྫ་སྤང་ནགས་ཚལ་ལྷུན་ཆགས་ཤིང་། །
རི་སྐྱེས་སྤུ་སྡུག་སྣ་ཚོགས་བག་ཡངས་རྒྱུ། །
མ་རྨོས་མ་བཏབ་ལྗོན་པའི་ཡལ་ག་ན། །
རོ་མཆོག་བརྒྱ་ལྡན་འབྲས་བཟང་གཡུར་དུ་ཟ། །
དཀར་ཡག་གངས་ཀྱི་རི་ནས་ལེགས་འོང་བའི། །
དྭངས་བསིལ་དལ་འབབ་གཡུ་ཆུ་རིང་མོའི་རྒྱུན། །
འབྲི་ཆུའི་ལང་ཚོར་འགྲོགས་པའི་སྒེག་ཉམས་ཀྱིས། །
མཐའ་བྲལ་མཐའ་ཡི་རྒྱ་མཚོར་སིམ་པ་སྟེར། །
གནས་དེར་ནམ་ཟླ་དུས་བཞིའི་རྣམ་འགྱུར་གསལ། །
སྐྱེ་འགྲོའི་སྲོག་ལ་འཚེ་བའི་གདུག་ཅན་ཉུང་། །
གསེར་དངུལ་རིན་ཆེན་སྣ་བརྒྱའི་གཏེར་ཁ་བདོ། །
འབྲེལ་ཚད་བདེ་ལ་འགོད་པའི་གནས་ཆེན་མང་། །
གནམ་ན་རྩིབས་བརྒྱད་འཁོར་ལོའི་རི་མོ་བཀྲ །
ས་ལ་འདབ་བརྒྱད་པདྨས་རང་མདངས་ངོམས། །
ལོག་ན་བཀྲ་ཤིས་རྟགས་ཀྱི་མཆོད་སྤྲིན་སྤྲོ། །
གསང་ཆེན་གསང་བའི་སྒྲུབ་རྫས་མ་ཚང་མེད། །
སྟེང་ན་རྩ་གསུམ་ལྷ་ཡིས་བྱིན་རླབས་དཀྲིགས། །
འོག་ན་ཆོས་སྐྱོང་སྲུང་མས་བར་ཆད་སེལ། །
ཕྱོགས་མཚམས་ཟོ་དོར་འབུམ་གྱིས་ཀུན་ནས་སྲུང་། །
བར་ན་དངོས་གྲུབ་རྣམ་གཉིས་སྦྲང་ཆར་འཇོ། །
བཤད་སྒྲུབ་ལས་གསུམ་འཛོམ་པའི་དགོན་སྡེ་བརྗིད། །
མཚམས་སྤྲིན་ས་ལ་འཕོས་འདྲའི་འདུས་སྡེས་ཕྱུག །
ལུང་རིགས་ངར་སྐད་སྒྲོག་པའི་མཁས་པ་དང་། །
དུས་གསུམ་སྒྲིབ་མེད་གཟིགས་པའི་སྐྱེས་ཆེན་མང་། །
པདྨའི་རྒྱལ་ཚབ་ལུང་རིག་གླིང་པ་དང་། །
གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་ཞབས། །
གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོ་སོགས། །
བསྟན་འཛིན་དམ་པའི་རྣམ་ཐར་བགྲང་ལས་འདས། །
ཟོ་དོར་འཕྲུལ་སྲས་ཀརྨ་དབང་དྲག་དང་། །
ཀུན་གཟིགས་དཔོན་བླ་དགེ་འདུན་རྒྱ་མཚོ་སོགས། །
ས་སྐྱོང་མི་རྗེ་གསེར་རིའི་ཕྲེང་བ་ཡིས། །
ལུགས་གཉིས་ཕ་ཆུས་བཟུང་བའི་ལོ་རྒྱུས་ཟབ། །
འཆི་མེད་མཚོ་འཁྲུངས་མ་ཧཱ་གུ་རུ་དང་། །
འཛམ་གླིང་སྐྱེས་མཆོག་སེང་ཆེན་སྐུ་འཁོར་སོགས། །
ལྷ་ཡི་ཡང་ལྷར་གྱུར་པ་གྲངས་མེད་ཀྱིས། །
ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཚུལ་སྙན། །
གནས་དེར་ཤེས་རྒྱ་ཅན་གྱི་ཕ་ཁུ་དང་། །
ལག་ལས་ཅན་གྱི་མ་སྲུ་མཛངས་མ་མང་། །
གནས་དེ་ཡ་རབས་སྐྱེ་བོའི་གྲོང་ཁྱེར་དང་། །
རྟ་ནོར་རྐང་བཞི་ཕྱུགས་ཀྱི་ཕ་ས་ལགས། །
གཡུ་ཁོག་སྟག་ཤར་དཔའ་སྙིང་སྟག་ལས་ངར། །
གཡུ་བཟའ་མཛེས་མའི་སྐྱེས་གཟུགས་ལྷ་ལ་འགྲན། །
གཡུ་རྟ་སྐེ་ཐུང་བང་རྩལ་རླུང་ལས་མྱུར། །
གཡུ་ཁོག་སྣོད་བཅུད་མཛེས་སྡུག་སུམ་རྩེན་ཡུལ། །
གནས་དེར་ཤ་མར་ཐུད་ཀྱི་ལྷུན་པོ་མཐོ། །
གནས་དེར་ཇ་ཆང་འོ་ཞོའི་རྒྱ་མཚོ་འཁྱིལ། །
གནས་དེར་འབྲུ་རིགས་སྣ་ལྔའི་གཏེར་ཁ་རྡོལ། །
གནས་དེར་དགའ་སྐྱིད་དགོད་སྒྲ་རྒྱུན་མི་འཆད། །
གནས་དེ་ཆོས་སྲིད་བསྟན་པ་དར་བའི་ལྗོངས། །
ཕ་མེས་སྲོལ་རྒྱུན་བཟང་པོ་སྐྱོང་བའི་ཡུལ། །
གངས་རིའི་རང་སྐད་གཙང་མ་བཤད་པའི་གླིང་། །
འདོད་དགུའི་འབྱོར་བ་ཀུན་ནས་རྒྱས་པའི་གནས། །
བདེ་སྐྱིད་དཔལ་གྱིས་མཛེས་པས་དག་པའི་ཞིང་། །
སྣ་བརྒྱའི་མེ་ཏོག་བཞད་པས་ལྷ་ཡི་ཚལ། །
སྟོབས་འབྱོར་མངའ་ཐང་དར་བས་ཀླུ་ཡི་གྲོང་། །
གཡུ་མཁར་བདེ་སྐྱིད་ནོར་བུའི་ར་བར་གྲགས། །
ཨེ་མ་སྣོད་ཀྱི་བཀོད་པ་ལྟ་ན་སྡུག །
ནང་བཅུད་བཙན་ཕྱུག་འཕན་དར་ཀུན་ནས་འཛོམས། །
ལྷ་ཡི་སྣོད་བཅུད་མི་ཡུལ་འཕོས་པ་འདྲའི། །
གནས་མཆོག་དེ་ནི་ང་ཡི་ཕ་ཡུལ་ལགས། །
འཛམ་གླིང་འཛིན་མའི་དབུ་རྩེ་བོད་ཀྱི་ཡུལ། །
གངས་ཅན་སྒེག་མོའིབཞིན་རས་མདོ་ཁམས་ལྗོངས། །
སྒང་དྲུག་མཛེས་མའི་སྤྱན་མིག་གཡུ་ཡི་མཁར། །
སྡེ་བཞིའི་དཔལ་གྱིས་ཀུན་ནས་ཤིས་གྱུར་ཅིག །
༢༠༠༥་༣་༡༢ ཉིན་ཡི་དམ་རྡོ་རྗེས་འཕགས་ཡུལ་ནས་བྲིས། །