Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་དང་པོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་བུ་མང་པོ་སོ་སོར་འབྲང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་བུ་མང་པོ་སོ་སོར་འབྲང་བ།next

འཕགས་པ་བུ་མང་པོ་སོ་སོར་འབྲང་བ།

༄༅། །འཕགས་པ་བུ་མང་པོ་སོ་སོར་འབྲང་བ་བཞུགས་སོ། །

རྒྱ་གར་སྐད་དུ། ཨཱརྻ་བ་ཧུ་པུ་ཏྲ་པྲ་ཏི་ས་ར་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་བུ་མང་པོ་སོ་སོར་འབྲང་བ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་དེང་འདིར་རྒྱལ་པོ་གསལ་རྒྱལ་དང་འཐབ་རྩོད་མཚང་འབྲུས་ཏེ་བཀྱེ་བར་གྱུར་ན། བཅོམ་ལྡན་འདས་དེ་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཁྱིམ་བདག་དེའི་ཕྱིར་ཁྱོད་ཀྱིས་བུ་མང་པོ་སོ་སོར་འབྲང་བ་ཞེས་བྱ་བའི་རིག་སྔགས་འདི་ཟུངས་ཤིག །ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །ཏདྱ་ཐཱ། ད་ཌེ་བ་ཌ་ཌེ། ཨུ་བ་ད་ཌེ་ད་ཌེ། ཨུ་པ་ད་ཌེ་ད་ཌ། གམ་བྷི་རི། ཨ་བརྟེ་ནེ། ནི་བརྟེ་ནེ། དྷ་ཧཱི་དྷ་ཧཱི། ཨ་བརྟ་ནི། བདག་གིས་ས་ཤཱ་ན་ཀརྨི་ཀཱ་ནཱན། པྲ་ཏྱ་ནྲི་ཀ་ནཱན། ཏྱརྠི་མོ་ཏྲ་ནཱན། ཙཀྵུ་མོ་ཧ་ནཾ་ཀ་རོ་མི། ཤྲོ་ཏྲཱ་མོ་ཀ་རོ་མི། ཛི་ཧཱ་གྲ་ཧཱ་ནཾ་ཀོ་ར་མི། ཏདྱ་ཐཱ། ད་ཌེ། བ་ད་ཌེ། བྷ་ནཱན། མོ་ཧ་ནཱན། ཕྲ་མོ་ཧ་ནཱན། ཁྱིམ་བདག་གང་ལ་ལ་ཞིག་བུ་མང་པོ་སོ་སོར་འབྲང་བའི་གཟུངས་འདི་སྐུད་པ་དམར་པོ་ལ་ལན་བདུན་བསྔགས་ཏེ། ལག་པ་གཡོན་པའི་སོར་མོ་གཅིག་ལ་བཅིངས་ན། དེའི་ལུས་ལ་དུག་དང༌། མཚོན་དང༌། ནད་དང༌། རིམས་ནད་དང༌། རིམས་དྲག་པོས་མི་ཚུགས་སོ། །འཐབ་པ་དང་མཚང་འབྲུ་བ་དང༌། རྩོད་པ་རྣམས་ཀྱི་ལན་ཐེབས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སོ་སོར་འབྲང་བ་ཞེས་བྱ་བའི་གཟུངས་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། དཱ་ན་ཤི་ལ་དང༌། ཞུ་ཆེན་གྱི་ལོཙྪ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


previousའཕགས་པ་བུ་མང་པོ་སོ་སོར་འབྲང་བ།next