འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་སྙིང་པོ་མངོན་པར་རྟོགས་པ་ཞེས་བྱ་བ།
གཉིས་མེད་རྡོ་རྗེ།
དོན་གྱི་རང་བཞིན་གཏན་ལ་ཕབ་པ།
རྒྱ་གར་སྐད་དུ། །ཨཱཪྻ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི་ཊཱི་ཀཱ་སཱ་ར་ནོ་པི་ཀ་ནཱ་མ། བོད་སྐད་དུ། །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་སྙིང་པོ་མངོན་པར་རྟོགས་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གཟུགས་སོགས་དབང་པོའི་ཡུལ་ལས་འདས་པ་ཡི། །རྣམ་དག་འདུས་མ་བྱས་པའི་ཆོས་ཀྱི་སྐུ། །དབང་པོའི་གཞུ་འདྲས་ས་ལམ་རབ་གྲོལ་ཞིང༌། །གཞོན་ནུའི་འོ་མས་བུ་ལྟར་གསོ་མཛད་ལྷ། །དམ་པའི་སྐྱེས་མཆོག་ངེས་སྟོན་མཛད་པ་ཡི། །ཞབས་ཀྱི་མཚོ་སྐྱེས་གནས་དེར་སྤྱིས་བཏུད་ནས། །ཚིག་རྒྱས་པ་ཡི་ལས་རབ་བསྡུས་པའི་དོན། །དཔག་མེད་འབྱུང་གནས་ཐབས་མང་སྟོན་པའོ། །བློ་ནི་རྨོངས་འགྱུར་རིག་པའི་གནས་མེད་ཀྱང༌། །རྗེ་བཙུན་དྲིན་གྱིས་རྒྱུད་རྣམས་ཀུན་གྱི་བཅུད། །རྟོགས་ཤིང་གསུང་རབ་ལ་སོགས་གཞུང་གཞན་ཡང༌། །མཐོང་བས་སྙིང་པོའི་མངོན་རྟོགས་བཤད་པར་བྱ། །རྒྱུད་གཞན་རིམ་པ་མ་ཡིན་པའི། །འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས། །ཐིག་ལེ་བཞིར་འགྱུར་དགུར་བཅས་པ། །མདའ་གཉིས་རབ་ཏུ་ཕྱེ་བ་ལ། །རིམ་གཉིས་རབ་ཏུ་སྦྱོར་བ་སྟེ། །རྒྱུད་ཀྱི་རྒྱུད་ཉིད་བཤད་ཀྱིས་ཉོན། །དེ་ལ་རྒྱུད་འདི་ནི་རིན་པོ་ཆེ་ལྟ་བུ་ཡིན་ཏེ། དབང་པོ་བཞི་དང་ཤིན་ཏུ་སྦྱོར་བའི་ཕྱིར་རོ། །ལ་ལ་དག་ནི་བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། །རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ཐབས་དང་ཤེས་རབ་ཀྱི་རྒྱུད་ཁོ་ནའོ་ཞེས་ཟེར་ཏེ། །དེ་དག་ནི་སྙིང་པོ་ལ་སྤྱོད་པའི་གང་ཟག་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་ཐམས་ཅད་ཀྱིས་དབེན་ཞིང་བརྟགས་པའི་རྟོག་པ་གང་གིས་ཀྱང་མ་གོས་པར་གཅིག་པས་དུ་མ་མི་གནས་ཀྱིས་ཀྱང་གདུལ་བྱའི་བློའི་ཁྱད་པར་གྱིས་དུ་མར་སྣང་ཞིང་རང་རང་གི་རྟོག་པ་ལ་བདེན་པར་འཛིན་པའི་ཕྱིར་རོ། །དེའི་ཕྱིར། སངས་རྒྱས་རྣམས་ཀྱིས་འགའ་ཞིག་ཏུ། །ཡི་གེ་གཅིག་ཀྱང་མ་གསུངས་པར།། ཆོས་ཀྱི་ཆར་གྱིས་ཚིམ་མཛད་པ། །སེམས་ཅན་གཞུག་པའི་ཆེད་དུ་གནས། །ཞེས་གསུངས་པས་སོ། །དེ་བས་ན་ཁོ་བོ་ནི་འོག་ནས་འབྱུང་བའི་འབྲས་བུ་ནི་གཙོ་བོར་སྟོན་ཏོ། །གཞན་གྱི་རིག་པ་མ་ཡིན་པའང༌། །ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོས་ཐེག་དབྱེ་མ་མཆིས་ཀྱང༌།།
གང་གིས་ཐེག་པ་གསུམ་བསྟན་པ། །ང་ནི་ཐབས་ལ་མཁས་པའི་དངོས། །ཞེས་གསུངས་པས་ན། དམན་པ་དང་འབྲིང་དང་རབ་ཀྱི་ཁྱད་པར་གྱིས་ཉན་ཐོས་དང༌། རང་སངས་རྒྱས་དང༌། ཐེག་པ་ཆེན་པོ་བསྟན་པ་ཡིན་ནོ། །རྒྱུད་དུ་སྟོན་པ་ཉིད་དུ་ཡང་རིགས་ཏེ། སྔོན་དུ་བྱུང་བས་ཡང་རྒྱུད་གཅིག་ཉིད་ལ་དུ་མར་གཞག་པ་ཉིད་དེ། དེ་ལྟར་ཡང་རྒྱུད་གཅིག་ཉིད་ལ་དུ་མར་གོ་བའོ། །དེ་ཡང་མཁའ་འགྲོ་མ་རྡོ་རྗེ་དྲ་བའི་གུར་ལས། སྐྱེས་བུ་བསྡུ་བར་བྱ་བའི་ཕྱིར། །རྣལ་འབྱོར་ཕ་ཡི་རྒྱུད་བཤད་དོ། །བཙུན་མོ་བསྡུ་བར་བྱ་བའི་ཕྱིར། །རྣལ་འབྱོར་མ་ཡི་རྒྱུད་བཤད་དོ། །དམན་པ་ལས་ནི་ལས་ཀྱི་རྒྱུད། །ལས་ཀྱི་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་ལྷག་རྣལ་འབྱོར། །བླ་མེད་རྣལ་འབྱོར་དེ་ལྟག་ལ། །ཞེས་གསུངས་པས་ན། རྟེན་ལ་སོགས་པའི་ཁྱད་པར་དུ་ཤེས་པར་བྱའོ། །གླིང་གཞི་བསྟན་པ་ཉིད་ཀྱིས་ཆོག་པ་མ་ཡིན་ཏེ། །སྔར་བཞིན་ནོ། །དབང་པོ་རབ་དང་ཡང་རབ་ཏུ་གྱུར་བ་ལ། ཨེ་ཝཾ་མ་ཡ་ཤྲུ་ཏ་ས་མ་ཡ་ཨེ་ཀ །ཞེས་གསུངས་པ་ཉིད་ཀྱིས་སྙིང་པོ་ལ་འགྲོ་བ་བརྩོན་པར་འགྱུར་རོ། །ཐམས་ཅད་ཀྱང་ལྡན་པ་ཡིན་ཏེ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང༌། །བཞི་སྟོང་གི་ནི་གྲངས་སྙེད་ཀྱི། །ཀུན་གྱི་གཞི་དང་ཕ་མ་ནི། །ཡི་གེ་གཉིས་སུ་ཡང་དག་བསྟན། །ཡི་གེ་ཨེ་ནི་མར་གྱུར་ལ། །ཝཾ་ནི་ཕ་ཞེས་བྱ་བར་གྲགས། །ཐིག་ལེ་དེ་གཉིས་སྦྱོར་བ་སྟེ། །སྦྱོར་དེ་ཤིན་ཏུ་རྨད་དུ་འབྱུང༌། །ཞེས་གསུངས་པས་སོ། །ཐམས་ཅད་དུ་མི་འགྱུར་བ་མ་ཡིན་ཏེ། ཐབས་དང་ཤེས་རབ་འདུས་བྱས་པའི་སྦྱོར་བ་ལས་ནམ་མཁའ་དང་མཉམ་པའི་སངས་རྒྱས་ཀྱི་ཆོས་གསུང་སར་གྱུར་ཏོ། །དེ་བས་ན་སྐྱེས་པ་དང་བུད་མེད་གཉིས་སྦྱོར་བ་ནི་མ་ནིང་སྟེ། དེ་འཇུག་པའི་ཁྱད་པར་གཅིག་པུ་པ་ལྷན་ཅིག་སྐྱེས་པའི་རང་བཞིན་ཕྱག་རྒྱ་ཆེན་པོ་བརྗོད་པ་ནི་ངེས་པ་སྟེ། དེ་བས་ན། །གཅིག་པུ་ཐམས་ཅད་མཁྱེན་པ་སྟེ། །ཀུན་དུ་འགྲོ་བ་ཤིན་ཏུ་ཕྲ། །ཞེས་གསུངས་པ་དང༌། གཞུང་གཞན་གྱིས་ཀྱང་ཤེས་པར་བྱའོ། །
ཚིག་གི་ཚོགས་བློ་ལ་རབ་ཏུ་སྦྱོར་བའི་དགོས་པས་དོན་བསྡུས་ནས་བསྟན་པ།
དེ་ལྟར་དོན་གྱི་རང་བཞིན་གཏན་ལ་བབ་ནས། །ཚིག་གི་ཚོགས་བློ་ལ་རབ་ཏུ་སྦྱོར་བའི་དགོས་པས་དོན་བསྡུས་ནས་བསྟན་པར་བྱ་སྟེ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་པ་ནས། །ཡང་དང་ཡང་དུ་གསོར་བྱེད་པ། །ཞེས་བྱ་བའི་པར་གྱིས་ཐུན་མོང་མ་ཡིན་པའི་འཁོར་བསྟན་
ཏོ། །ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ཞེས་པ་ནས། ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །ཞེས་པའི་བར་གྱིས་ཐུན་མོང་གི་འཁོར་བསྟན་ཏོ། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །ཞེས་པ་ནས། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཞེས་པའི་བར་གྱིས་མཆོད་པར་བརྗོད་པ་བསྟན་ཏོ། །ཁྱབ་བདག་བདག་ལ་སྨན་པ་དང༌། །ཞེས་པ་ནས། བྱང་ཆུབ་ཅི་ནས་བདག་ཐོབ་མཛད། །ཅེས་པའི་བར་གྱིས་བདག་གི་དོན་དུ་གསོལ་བ་བསྟན་ཏོ། །ཉོན་མོངས་པས་ནི་སེམས་དཀྲུགས་ཤིང༌། །ཞེས་པ་ནས། བླ་མེད་འབྲས་བུ་ཐོབ་བྱའི་བར་གྱིས་གཞན་གྱི་དོན་དུ་གསོལ་བ་བསྟན་ཏོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ་ནས། དབང་པོའི་བསམ་པ་མཁྱེན་མཆོག་གིས། །ཞེས་པའི་བར་གྱིས་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་གནས་བསྟན་ཏོ། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །ཞེས་པ་ནས། གླུར་བླངས་གང་ལགས་བཤད་དུ་གསོལ། །ཞེས་བྱ་བའི་བར་གྱིས་ཡང་དག་པའི་མཚན་གྱི་དོན་གསོལ་བ་བསྟན་ཏོ། །མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །ཞེས་པ་ནས། སེམས་ཅན་རྣམས་ལ་བཤད་པར་འཚལ། །ཞེས་པའི་བར་གྱིས་མི་གནས་པའི་མྱ་ངན་ལས་འདས་པའི་དོན་གྱི་གསོལ་བའོ།། དེ་དག་ནི་གླེང་གཞིའི་དོན་གླེང་བསླང་བ་དང་འབྲེལ་བར་བསྟན་པ་སྟེ་འཁོར་ཕུན་སུམ་ཚོགས་པའོ། །གསང་དབང་ལག་ན་རྡོ་རྗེ་ཡིས། །ཞེས་པ་ནས། །ལུས་བཏུད་ནས་ནི་སྤྱན་སྔར་འདུག །ཅེས་པ་རྒྱུད་ཉན་པ་ལ་གུས་པའི་སྦྱོར་བ་བསྟན་ཏོ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་པ་ནས། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཞེས་པའི་བར་གྱིས་ལྗགས་བྱིན་གྱིས་བརླབས་པ་བདུད་མཐར་བྱེད་པའི་སྦྱོར་བ་བསྟན་ཏོ། །ཚངས་པའི་གསུང་ནི་སྙན་པ་ཡིས། །ཞེས་པ་ནས། ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་པའི་བར་གྱིས་ཚངས་པའི་གསུང་གི་འཁོར་ལ་ཆེད་དུ་བརྗོད་པ་བསྟན་ཏོ། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །ཞེས་པ་ནས། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །ཞེས་པའི་བར་གྱིས་ཉན་པ་པོ་ཐོས་པ་དང་སྦྱར་བར་བསྟན་ཏོ། །རྐང་པ་ཡ་གཅིག་གིས་མཚམས་སྦྱར་བར་བསྟན་ཏོ། །འདི་དག་ནི་སྦྱོར་བ་ཕུན་
སུམ་ཚོགས་པའོ། །དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་པ་ནས། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་པའི་བར་གྱིས་རིགས་ལ་གཟིགས་པ་བསྟན་ཏོ། །ཚིག་གི་བདག་པོས་ཚིགས་སུ་བཅད། །ཅེས་པ་ནས། སྡེ་ཚན་བཞི་པ་དང་ལྔ་པའི་མཐས་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཏིང་ངེ་འཛིན་བསྟན་ཅིང་བཤད་དོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ་ནས། །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་པའི་བར་གྱིས་ཆོས་ཐམས་ཅད་ཡི་གེ་གཅིག་གི་ལུས་ལ་གནས་པར་བསྟན་ཏོ། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ཞེས་པ་ནས། ཆགས་པ་ཐམས་ཅད་སེལ་བར་བྱེད། །ཅེས་པའི་བར་གྱིས་ཉོན་མོངས་པ་དང་རིགས་རྣམ་པར་དག་པའི་མཆོད་པ་བསྟན་ཏོ། །འདོད་པ་ཆེན་པོ་བདེ་བ་ཆེ། །ཞེས་པ་ནས། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཆེ། །ཞེས་པའི་བར་གྱིས་ཁམས་དང་ཆེ་བ་བཅུ་དྲུག་གི་རྣམ་དག་བསྟན་ཏོ། །སྦྱིན་བདག་ཆེན་པོ་གཙོ་བོ་ཆེ། །ཞེས་པ་ནས། བསམ་པའི་ཡེ་ཤེས་རྒྱ་མཚོ་སྟེ། །ཞེས་པའི་བར་གྱིས་རྣམ་ཤེས་ཚོགས་དང་ལྷ་མོའི་རྣམ་དག་བསྟན་ཏོ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །ཅེས་པ་ནས། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་པའི་བར་གྱིས་ས་དང་བསྐལ་བཟང་བཅུ་དྲུག་གི་རྣམ་དག་བསྟན་ཏོ། །དེ་དག་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་རྣམ་དག་དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྟན་པའོ། །སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་པ་ནས། གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། ཞེས་པའི་བར་གྱིས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བསྟན་ཏོ། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཞེས་པ་ནས། རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་པའི་བར་གྱིས་ལམ་གྱི་ཡོན་ཏན་རྫོགས་པར་བསྟོད་པ་བསྟན་ཏོ། །ཐོག་མ་མེད་པ་སྤོས་མེད་བདག །ཅེས་པ་ནས། ཡང་དག་མཐའ་ལ་རྣམ་པར་གནས། །ཞེས་པའི་བར་གྱིས་ཐུགས་ཀྱི་བྱིན་རླབས་ལ་བསྟོད་པ་བསྟན་ཏོ། །བདག་མེད་སེང་གེའི་སྒྲ་དང་ལྡན། །ཞེས་པ་ནས། འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །ཞེས་པའི་བར་གྱིས་གསུང་གི་བྱིན་རླབས་ལ་བསྟོད་པ་བསྟན་ཏོ། །ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་བདག །ཅེས་པ་ནས། །ཚུལ་ཆེན་གཞན་གྱི་དྲིང་མི་འཇོག །ཅེས་པའི་བར་གྱིས་སྐུའི་བྱིན་རླབས་ལ་བསྟོད་པ་བསྟན་ཏོ། །ཚིག་རྗེ་ཚིག་བདག་
སྨྲ་མཁས་པ། །ཞེས་པ་ནས། བདེན་པ་བཞི་ནི་སྟོན་པ་པོ། །ཞེས་པའི་བར་གྱིས་འགྲོ་བའི་འདྲེན་སྟོན་དུ་གྱུར་པ་བསྟན་ཏོ། །ཕྱིར་མི་ལྡོག་པ་ཕྱིར་མི་འོང༌། །ཞེས་པ་ནས། །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །ཅེས་པའི་བར་གྱིས་ཐེག་པ་གསུམ་གྱི་ལུས་ཡེ་ཤེས་སུ་བསྟན་ཏོ། །བདག་གིར་མི་འཛིན་ངར་མི་འཛིན། །ཞེས་པ་ནས། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཅེས་པའི་བར་གྱིས་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཡེ་ཤེས་བསྟན་ཏོ། །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ཞེས་པ་ནས། །བསམ་གཏན་བསམ་བྱ་བློ་ལྡན་བདག །ཅེས་པའི་བར་གྱིས་དེ་ཐམས་ཅད་རྣལ་འབྱོར་གྱི་ཡེ་ཤེས་ཀྱི་བདག་ཉིད་དུ་བསྟན་ཏོ། །སོ་སོ་རང་རིག་མི་གཡོ་བ། །ཞེས་པ་ནས། སངས་རྒྱས་སྲས་པོ་དམ་པའི་མཆོག །ཅེས་པའི་བར་གྱིས་རང་རིག་ཏུ་གཞི་གཅིག་པར་བསྟན་ཏོ། །ཤེས་པ་སྲིད་འབྱུང་སྐྱེ་གནས་མེད། །ཅེས་པ་ནས། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པའི་བར་གྱིས་དེ་ཉིད་ལ་རྙོག་པ་བཅུས་མ་གོས་པར་བསྟན་ཏོ། །སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། །ཞེས་པ་ནས། །དྲང་སྲོང་ཆེ་དགུས་མཆོད་ཅིང་རྗེད། །ཅེས་པའི་བར་གྱིས་སྐུའི་འཁོར་ལོ་བསྟན་ཏོ། །རིགས་གསུམ་འཆང་བ་གསང་སྔགས་འཆང༌། །ཞེས་པ་ནས། ཐེག་པ་མཆོག་གསུམ་སྟོན་པ་པོ། །ཞེས་པའི་བར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་བསྟན་ཏོ། །དོན་ཡོད་ཞགས་པ་རྣམ་པར་རྒྱལ། །ཞེས་པ་ནས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་པའི་བར་གྱིས་རིགས་ཀྱི་འཁོར་ལོ་བསྟན་ཏོ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པའི་བར་གྱིས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་འཁོར་ལོ་བསྟན་ཏོ། །ཡང་དག་བདག་མེད་ལ་སོགས་པའི་རྐང་པ་གཉིས་ཀྱིས་དོན་གྱི་རྒྱུད་ལ་བསྟོད་པ་བསྟོན་ཏོ། །སྟོང་ཉིད་སྨྲ་བའི་ཁྱུང་མཆོག་སྟེ། །ཞེས་པ་ནས། །ཆོས་ཀྱི་གཎྜཱི་སྒྲ་བོ་ཆེ། །ཞེས་པའི་པར་གྱིས་ཚིག་གི་རྒྱུད་བསྟན་ཏོ། །མི་གནས་པ་ལ་སོགས་པ་རྐང་པ་གཉིས་ཀྱིས་རབ་ཏུ་བྱེད་པའི་རྒྱུད་བསྟན་ཏོ། །གཟུགས་མེད་གཟུགས་བཟང་དམ་པ་སྟེ། །ཞེས་པ་ནས། །གཟུགས་རྣམས་མ་ལུས་འཆང་བ་པོ། །ཞེས་པའི་བར་གྱིས་བདེ་བ་ཆེན་པོའི་རྒྱུད་བསྟན་ཏོ། །མཚུངས་
པ་མེད་ཅིང་ཆེ་བར་གྲགས། །ཞེས་པ་ནས། དར་བ་ཆེན་པོ་ཆོས་ཀྱི་ཏོག །ཅེས་པའི་བར་གྱིས་བསམ་གྱིས་མི་ཁྱབ་པའི་རྒྱུད་བསྟན་ཏོ། །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །ཅེས་པ་ནས། སྡུ་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་པའི་བར་གྱིས་འབྲས་བུའི་རྒྱུད་བསྟན་ཏོ། །འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །ཞེས་པ་ནས། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ཅེས་པའི་བར་གྱིས་ཐབས་ཀྱི་རྒྱུད་བསྟན་ཏོ། །ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། །ཞེས་པ་ནས། །འཁོར་བའི་རྒྱ་མཚོ་ཕ་རོལ་ཕྱིན། །ཞེས་པའི་བར་གྱིས་ཐབས་ཡེ་ཤེས་སེམས་དཔའི་རྒྱུད་བསྟན་ཏོ། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཞེས་པ་ནས། གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །ཅེས་པའི་བར་གྱིས་དྲི་མ་རྣམ་པར་དག་པའི་རྒྱུད་བསྟན་ཏོ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །ཞེས་པ་ནས། །ལུས་ཀུན་ལས་ནི་རྣམ་པར་གནས། །ཞེས་པའི་བར་གྱིས་བྱ་བ་དང་བྲལ་བའི་རྒྱུད་བསྟན་ཏོ། །ནམ་མཁའི་མཐའ་ལ་རབ་གནས་པ། །ཞེས་པ་ནས། ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཞེས་པའི་བར་གྱིས་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །ཆོས་ཤེས་བཀྲ་ཤིས་འབྱུང༌། །ཞེས་པ་ནས། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །ཞེས་བྱ་བའི་བར་གྱིས་རང་དོན་བཀྲ་ཤིས་རྒྱུད་ལས་སྐྱེ་བར་བསྟན་ཏོ། །མཆོག་ཏུ་དགའ་བ་གྲགས་བདག་དཔལ། །ཞེས་པ་ནས། འཇིག་རྟེན་སྒྲ་སྟེ་རབ་ཀྱི་མཆོག །ཅེས་བྱ་བའི་བར་གྱིས་རང་བཞིན་བརྟགས་པས་དབེན་པ་བསྟན་ཏོ། །འཇིགས་པ་མ་ལུས་སེལ་བ་པོ། །ཞེས་པ་ནས། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཞེས་པའི་བར་གྱིས་ཐ་མར་དགེ་བ་ཕྱག་རྒྱ་ཆེན་པོར་བསྟན་ཏོ། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །ཅེས་པ་ནས། །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །ཞེས་པའི་བར་གྱིས་བར་དུ་དགེ་བ་ཆོས་ཀྱི་ཕྱག་རྒྱ་བསྟན་ཏོ། །གཙང་གནས་དམ་པ་གཽ་ཏ་མ།། ཞེས་པ་ནས། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །ཞེས་པའི་བར་གྱིས་ཐ་མར་དགེ་བ་ལས་ཀྱི་ཕྱག་རྒྱ་བསྟན་ཏོ། །རྣམ་གྲོལ་ཞི་བ་ཞི་བ་ཉིད། །ཅེས་པ་ནས། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་བྱ་བའི་བར་གྱིས་བདེ་བ་ཆེན་པོའི་ལུས་ལྷན་ཅིག་སྐྱེས་པ་བསྟན་ཏོ། །ཚིག་གི་དབང་ཕྱུག་
སྨྲ་བ་ཆེ། །ཞེས་པ་ནས། སྨྲ་བའི་སེང་གེ་ཚུགས་པ་མེད། །ཅེས་བྱ་བའི་བར་གྱིས་ཚིག་ལ་མི་གནས་པའི་ཚིག་གི་གནས་སུ་བསྟན་ཏོ། །ཀུན་དུ་དགའ་བ་མཆོག་ཏུ་དགའ། །ཞེས་པ་ནས། ལག་ན་འོད་འབར་སྣང་བ་པོ། །ཞེས་པའི་བར་གྱིས་སྐུ་དང་ཡེ་ཤེས་ལ་སོགས་པའི་སྣང་བ་བསྟན་ཏོ། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཞེས་པ་ནས། ནད་དོ་ཅོག་གི་དགྲ་ཆེ་བ། །ཞེས་པའི་བར་གྱིས་འགྲོ་བ་ལ་སྨན་པར་སྣང་བ་བསྟན་ཏོ། །སྡུ་གུ་འཇིག་རྟེན་གསུམ་གྱི་མཆོག །ཅེས་པ་ནས། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །ཞེས་པའི་བར་གྱིས་ཆོས་ཀྱི་རྒྱལ་མཚན་དུ་སྣང་བ་བསྟན་ཏོ། །འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །ཞེས་པ་ནས། སངས་རྒྱས་ཀུན་གྱི་བསྟན་པ་གཅིག །ཅེས་པའི་བར་གྱིས་རིམ་པ་གཉིས་སུ་སྣང་བ་བསྟན་ཏོ། །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །ཞེས་པ་ནས། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །ཞེས་པའི་བར་གྱིས་རིགས་སུ་སྣང་བ་བསྟན་ཏོ། །རྡོ་རྗེའི་ཉི་མ་ནས་རྐང་པ་གཉིས་ཀྱིས་བཀླག་པའི་ཐབས་དང་མི་གནས་པ་བསྟན་ཏོ། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཞེས་པ་ནས། ཡི་གེ་མཆོག་སྟེ་རྣམ་པར་དག །ཅེས་པའི་བར་གྱིས་ལམ་གྱི་ཡེ་ཤེས་ལྷུན་གྱིས་གྲུབ་པ་བསྟན་ཏོ། །ཐེག་པ་ཆེན་པོ་སྡུག་བསྔལ་གཙོད། །ཅེས་པ་ནས། རྒྱུད་ཀུན་གྱི་ནི་བདག་པོ་མཆོག །ཅེས་པའི་བར་གྱིས་ཡེ་ཤེས་ལྷུན་གྱིས་གྲུབ་པ་བསྟན་ཏོ། །རྡོ་རྗེ་གདན་ནི་མ་ལུས་ལྡན། །ཞེས་པ་ནས། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང༌། །ཞེས་པའི་བར་གྱིས་གསང་དོན་ལྷུན་གྱིས་གྲུབ་པ་བསྟན་ཏོ། །དངོས་པོ་ཀུན་གྱི་རང་བཞིན་མཆོག །ཅེས་པ་ནས། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཞེས་པའི་བར་གྱིས་ཡེ་ཤེས་ལྷུན་གྱིས་གྲུབ་པ་བསྟན་ཏོ། །འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་པ་ནས། །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཅེས་པའི་བར་གྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་མདོར་བསྟན་ཏོ། །ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །ཞེས་པ་ནས། །ཚངས་པའི་གཡུལ་ས་རྩེ་ནས་གནོན། །ཞེས་པའི་བར་གྱིས་ལས་ཀྱི་ཕྱག་རྒྱ་བསྟན་ཏོ། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །ཞེས་པ་ནས། ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །ཞེས་པའི་བར་གྱིས་དཔེ་དོན་གྱི་འབྲེལ་བ་བསྟན་ཏོ། །སེན་མོའི་
འོད་ནི་ཤེས་ཆེར་དམར། །ཞེས་པ་ནས། སངས་རྒྱས་སྤྲུལ་པའི་རྒྱུད་དང་ལྡན། །ཞེས་པའི་བར་གྱིས་མཚན་དཔེ་བསྟན་ཏོ། །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །ཞེས་པ་ནས། ངེས་པར་འབྱུང་བ་ཀུན་སྟོན་པ། །ཞེས་པའི་བར་གྱིས་ཐུན་མོང་གི་ལམ་རྫོགས་པར་བསྟན་ཏོ། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །ཞེས་པ་ནས། །བྱེ་བ་དཔག་མེད་འགྱེད་པ་པོ། །ཞེས་བའི་བར་གྱིས་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །ཞེས་པ་ནས། ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པའི་བར་གྱིས་སྐད་ཅིག་གི་ཡེ་ཤེས་བསྟན་ཏོ། །ཉོན་མོངས་ཁམས་རྣམས་དག་པའི་བདག །ཅེས་པ་ནས། སྦྱོར་བའི་དགོན་པ་ལས་བྱུང་བ། །ཞེས་བྱ་བའི་བར་གྱིས་གསང་སྔགས་མཐའི་དོན་དུ་བསྟན་ཏོ། །ཉོན་མོངས་པ་ལ་སོགས་བ་རྐང་བ་གཉིས་ཀྱིས་འཁོར་བའི་ས་བོན་དང་བྲལ་བར་བསྟན་ཏོ། །སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །ཞེས་པ་ནས། །ནོར་པ་ཐམས་ཅད་རྣམ་པར་སྤངས། །ཞེས་པའི་བར་གྱིས་གཞན་དོན་མཛད་པ་བསྟན་ཏོ། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཞེས་པ་ནས། །སངས་རྒྱས་ཀུན་གྱི་རང་བཞིན་འཆང༌། །ཞེས་པའི་བར་གྱིས་དེ་ཉིད་ཀྱི་འཐད་པ་བསྟན་ཏོ། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ཅེས་པ་ནས། །ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་པའི་བར་གྱིས་ཡེ་ཤེས་གྱི་ལུས་ཀྱི་མཛད་པ་བསྟན་ཏོ། །སངས་རྒྱས་ལ་སོགས་པ་རྐང་པ་གཉིས་ཀྱིས་བྱ་བ་ནན་ཏན་གྱི་ཡེ་ཤེས་མདོར་བསྟན་ཏོ། །གསང་སྔགས་ལས་བྱུང་ཡི་གེ་མེད། །ཅེས་པ་ནས། ཐིག་ལེ་སྟོང་པ་ཡི་གེ་བརྒྱ། །ཞེས་པའི་བར་གྱིས་ཡི་གེ་ཐམས་ཅད་ཚོགས་གཅིག་པའི་སྟོང་པར་བསྟན་ཏོ། །རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་པ་ནས། །བསམ་གཏན་བཞི་ཡི་རྩེ་མོ་ཅན། །ཞེས་པའི་བར་གྱིས་ཨེ་ཝཾ་གྱིས་དབུགས་དབྱུང་བ་བསྟན་ཏོ། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང༌། །ཞེས་པ་ནས། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཅེས་པའི་བར་གྱིས་སྐུ་གསུམ་དུ་བསྟན་ཏོ། །དེ་བཞིན་འགྲོ་བའི་དོན་བྱེད་པ། །ཞེས་པ་ནས། །སྲིད་པའི་དགོན་པ་ལས་བརྒལ་བ། །ཞེས་པའི་བར་གྱིས་འགྲོ་བ་གསུམ་གྱི་གཙོ་བོར་སྣང་བ་བསྟན་ཏོ། །སྟོན་པ་གཅིག་པུ་འགྲོ་བའི་བླ། །ཞེས་པ་ནས། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །ཞེས་པའི་བར་
གྱིས་བདུད་ཕམ་པར་བྱེད་པ་བསྟན་ཏོ། །རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །ཞེས་པ་ནས། །ཕྱག་བྱར་འོས་པ་བྲ་མའི་རབ། །ཅེས་པའི་བར་གྱིས་བསྙེན་བཀུར་གྱི་གནས་སུ་བསྟན་ཏོ། །འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །ཙས་པ་ནས། །ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་པའི་བར་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྤྲུལ་པ་མངའ་བར་བསྟན་ཏོ། །གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཞེས་པ་ནས། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་པའི་བར་གྱིས་འཇུག་བསྡུ་བ་བསྟན་ཏོ། །དེ་དག་གིས་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བྱ་བའི་སྣང་བ་ཡེ་ཤེས་ལྔར་བསྟོད་པའོ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ནས། །ཡི་གེ་རེ་རེ་ཞིང་ཆོས་ཀྱི་དབྱིངས་ལ་གོས་པ་ལ་བསྟོད་པ་བསྟན་ཏོ། །རིགས་ཀྱི་བདག་པོ་ནས་བཟུང་སྟེ། ཨནྟསྠ་དང༌། ཨུཤྨཥའི་གཉིས་པ་དང༌། བཞི་པའི་བར་གྱིས་ཡེ་ཤེས་སྔགས་ཀྱི་རང་བཞིན་དུ་བསྟན་ཏོ། །རིགས་ཀྱི་བདག་པོ་ནས་བཅུ་དྲུག་པའི་བར་གྱིས་དེ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྔགས་ཀྱི་རང་བཞིན་དུ་བསྟན་ཏེ། དེ་དག་ནི་དོན་གྱི་སྙིང་པོ་ཡོན་ཏན་བསྡུས་པའི་དོན་གྱི་བསྟོད་པའོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་པ་ནས། རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཞེས་པའི་བར་གྱིས་འཁོར་གྱི་མཆོད་པ་བརྗོད་པར་བསྟན་ཏོ། །དེ་ནི་མགོན་པོ་གསང་བའི་བདག །ཅེས་པ་ནས། །རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །ཅེས་པའི་བར་གྱིས་ཆེད་དུ་བརྗོད་པའི་བསྟོད་པ་བསྟན་ཏོ། །དེ་དག་ནི་ཡེ་ཤེས་ཀྱི་རྗེས་སུ་མཐུན་པའོ། །མཚན་ནས་རྗོད་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ནི་སྒོ་ལྔའི་ཁྱད་པར་ཤེས་པར་བྱའོ། །དེ་ལྟར་བསྡུས་པའི་དོན་ཡོངས་སུ་ཤེས་ཤིང༌། དོན་ལྷག་པར་རྙེད་པའི་གང་ཟག་གིས་རྒྱུད་ཀྱི་རབ་ཏུ་བྱེད་པའི་དོན་འདི་ཉིད་ཀྱང་བདེ་བླག་ཏུ་རྙེད་པར་འགྱུར་རོ། །
ཚིག་གི་དོན་གསལ་བར་དབྱེ་བ།
ད་ནི་ཚིག་གི་དོན་གསལ་བར་དབྱེ་བར་བྱ་སྟེ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང། །ཞེས་བྱ་བ་ལ་སོགས་པ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འབྱུང་བའི་གནས་མཚོན་པ་ལ་གང་ནས་ཤེ་ན། མནྟྲའི་རང་བཞིན་ཤེས་ཤིང་སྐྱོབ་པའོ། །དེས་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པར་འགྱུར་བའི་ཕྱིར་དཔལ་ལྡན་རྡོ་རྗེ་འཆང་ངོ༌། །གདུལ་དཀའ་བ་ནི་ཐེག་པ་
གསུམ་སྟེ། སྤྲུལ་པ་དང༌། ལོངས་སྤྱོད་རྫོགས་པའི་འཁོར་ལོས་སྐྱར་བ་དང༌། ལོངས་སྤྱོད་རྫོགས་པའི་འདུལ་བ་རྣམས་སོ། །ཀྱི་ཞེས་པ་ནི་དྲུག་པའི་དོན་གྱི་གཉིས་པའོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམ་པར་དག་པ་ནི་ཐེག་པའི་ཡང་རྣམ་པར་དག་པ་སྟེ། བདེ་བ་དང༌། སྟོང་པ་དང༌། གཉིས་སུ་མེད་པས་ན་མཆོག་གོ །དཔའ་བོ་ནི་འཇིགས་ཤིང་ཐུབ་པ་མེད་པ་སྟེ་སྐུ་དང༌། གསུང་དང་ཐུགས་ཀྱི་ཁྱད་པར་གྱིས་ས་འོག་དང་ས་སྟེང་དང༌། །ས་བླ་ལས་རྒྱལ་བའོ། །རྡོ་རྗེ་ནི་སྟོང་པ་ཉིད་བདེ་པ་ཆེན་པོའི་སྙིང་པོ་ཅན་ཏེ། གང་ལ་ཡོང་བ་ནི་དབང་ཕྱུག་གོ །དེ་ལྔའི་གསང་བ་ལས་ཐོབ་པ་ནི་རྒྱལ་པོའོ། །པདྨ་དཀར་པོ་ནི་དཀར་བ་ལ་སོགས་པའི་ཡོན་ཏན་ལྔ་དང་ལྡན་པ་སྟེ། །འདིར་རྣམ་པར་རྟོག་པ་བཞི་པ་ལ་སོགས་པ་དང་ལྡན་པའོ། །ཡེ་ཤེས་ལ་ཆེད་དུ་བརྗོད་པ་ནི་རང་ལས་ཏེ། འགྲོ་བ་འཛིན་པའི་དོན་གྱིས་ན་ཡང་ཞེས་སྦྱར་རོ། །ཁྲོ་གཉེར་དང་སྐུ་དང༌། ཨོ་ག་སྤྲུ་སེར་ལ་བརྫེས་པ་དང༌། མིག་དམར་དང༌། ལྕེ་འདྲིལ་ཞིང་ཡ་སོས་མ་མཆུ་མནན་པ་དང༌། ཐུང་ཞིང་གེལ་བ་དང༌། གསུས་པ་ཆེ་བ་དང༌། ཡན་ལག་རབ་ཏུ་བགྲང་པ་དང༌། ཉིང་ལག་རྡོ་རྗེ་རྩེ་མོ་ལྟ་བུ་དང༌། དུར་ཁྲོད་དང༌། གདུག་པའི་རྒྱན་གྱིས་བརྒྱན་པ་དང༌། །མཚོན་ཆ་འབར་ཞིང་འཕྲོ་བ་དང༌། མགོ་བོའི་དོ་ཤལ་དང༌། མེ་འབར་བའི་གནས་ནི་རིམ་པར་ལྡན་པ་ལ་སོགས་པ་སྟེ། ལག་ན་རྡོ་རྗེ་དང་མཚུངས་པར་མཐའ་ཡས་པ་ལ་ཡོད་པ་ནི་མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ཟད་པའི་དོན་ཏོ། །དེ་སྙེད་ཀྱི་བ་སྤུའི་ཁུང་ནས་འཕྲོ་བ་ཡང་རྡོ་རྗེ་རྩེ་མོའི་གཟུགས་སོ། །རང་གི་ལག་གིས་གསོར་བར་བྱེད་པ་ནི་སྔ་མ་བཞིན་ཏེ། །དེའི་དོན་ཀྱང་སྙིང་ཆེན་པོ་དང་ཤེས་རབ་དང་ཞེས་པའོ། །ཐབས་ནི་སྔོན་རང་གི་དོན་དུ་གྱུར་པ་ཇི་ལྟར་དེ་ཉིད་ཀྱིས་གཞན་དོན་དུ་འགྱུར་བའོ། །དེ་ལྟར་སྤྲུལ་པ་དང་ཡང་སྤྲུལ་གྱི་གཟུགས་ཐམས་ཅད་བཅོམ་ལྡན་འདས་རྡོ་རྗེ་འཆད་གི་རང་བཞིན་ལུས་ངག་ཡིད་གསུམ་གྱིས་མཆོད་པའི་ཕྱིར། དགའ་མགུ་རངས་པའི་བསམ་པ་ཅན་ནོ། །ཁྲོ་བོ་བའི་ཞིག་མི་རིགས་པ་མ་ཡིན་ཏེ། སངས་རྒྱས་ཀྱི་ཕྲིན་ལས་སེམས་ཅན་གྱི་མགོན་དུ་གྱུར་པས་སོ། །དེ་དང་ལྷན་ཅིག་པ་ནི་ཕྱག་ན་རྡོ་རྗེའོ། །ཐམས་ཅད་བསམ་པ་མཐུན་པར་ཞེས་པའོ། །དེ་བཞིན་གཤེགས་པ་ནི་དེ་
བཞིན་ཉིད་སྣང་བ་མེད་པའི་ཡེ་ཤེས་ཐུགས་སུ་ཆུད་ནས་འགྲོ་བའི་དོན་ལ་གཤེགས་པས་སོ། །ཤེས་རབ་ཀྱིས་བཅོམ་པ་ཉིད་ཀྱི་ཕྱིར་དང༌། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པས་མི་གནས་པ་བརྙེས་པས་ན་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་ཞེས་བྱ་བའི་སྒྲ་ནི་བྱང་ཆུབ་སེམས་དཔའ་ལ་ཡང་གསུངས་ཤིང་བཤད་པ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོགས་པའི་ཡོན་ཏན་ནི་བདེ་བ་ཆེན་པོ་ཐོབ་པ་འབའ་ཞིག་ལའོ། །ཁྱབ་བདག་ནི་ཡོངས་སུ་དག་པའི་ཡེ་ཤེས་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་དོ། །ཡང་ན་སེམས་ཅན་ཐམས་ཅད་ཀྱི་སྙིང་པོར་གནས་པ་དང༌། ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གནས་པ་པ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་བྱེད་པའི་བྱེད་པ་པོ་ཉིད་ཀྱིས་འགྲོ་བ་བཞིའི་དབང་པོ་ལ་ཁྱབ་པའི་བདག་ཉིད་དོ། །བདག་ནི་བདག་ཉིད་ཁོ་ནའོ། །སྨན་པ་ནི་ཚིག་དང༌། དོན་དང་སྤོངས་པའི་གཟུངས་ཀྱིས་སོ། །བདག་དོན་ནི་མཐར་ཐུག་པའི་དོན་ཏོ། །ཕྱིར་ནི་དགོས་པའོ། །ཐབས་ཁྱད་པར་ཅན་གྱི་སྒྱུ་མ་དང་འཕྲུལ་གྱི་རྣམ་པ་ལྟ་བུ་སྟེ། ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་སྦྱོར་བར་བདེ་བ་ཆེན་པོའི་དྲ་བས་ཀུན་ལ་གཡོགས་པར་བྱ་བ་ཉིད་ཀྱིས་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བར་རོ། །ཅི་ནས་ཞེས་པ་ནི། ནན་ཏན་དུ་བྱ་བའི་ཐ་ཚིག་གོ །ཐེག་པ་ཆེན་པོར་འགྱུར་བ་ཉིན་ཡིན་ཏེ། དཔེར་ན་ས་བོན་གྱི་མ་གཏོགས་པར་མྱུ་གུ་ལ་སོགས་པའི་ཡོན་ཏན་འབྱིན་པར་ག་ལ་ནུས། དེ་བས་ན། །མ་རྫོགས་རྫོགས་བྱེད་མདའ་ཡིན་ནོ། །ཞེས་གསུངས་པས། རྒྱུའི་གནས་སྐབས་ཀྱི་ཐབས་ཀྱི་སྦྱོར་བ་ལ་ཡང་བཀག་ན། ཕུན་སུམ་ཚོགས་པའི་འབྲས་བུའི་ཕྱིར་ལྟ་སྨོས་ཀྱང་ཅི་དགོས། དང་པོར་ནང་གི་བདག་ཉིད་ལ་བཞག་ཅིང་སྦྱར་བར་བྱ་བའི་ཕྱིར། །སེམས་ཅན་མོས་པ་སྣ་ཚོགས་པ། །རྒྱལ་བས་ཀྱང་ནི་མ་གསུངས་ན། །བདག་འདྲ་ངན་པ་སྨོས་ཅི་དགོས། །དེ་བས་འཇིག་རྟེན་བསམ་པ་བཏང༌། །ཞེས་གསུངས་པའི་དོན་ཀྱང་དེའོ། །རྒྱུ་འབྲས་རྗེས་སུ་མི་མཐུན་པ་མ་ཡིན་ཏེ། བྱམས་པ་དང་སྙིང་རྗེ་སྔོན་དུ་སོང་བའི་བྱང་ཆུབ་ཀྱི་སེམས་སྨོན་པ་དང་འཇུག་པ་དང༌། ཤིན་ཏུ་འཇུག་པ་ལ་སོགས་པས་སེམས་ཅན་གྱི་དོན་གྱི་ཕྱིར་ནང་དུ་གཞག་པའོ། །དེ་བས་ན་རྣམ་པར་རྟོག་པ་གང་གང་གིས། གང་གང་བློ་ནི་བསྒོམས་
པ་དང། །བསྒོམས་པའི་སྟོབས་ནི་རྫོགས་པ་དང༌། །བདེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་པས་ཀྱང་ཤེས་པར་བྱའོ། །ཉོན་མོངས་པ་ནི་ཐམས་ཅད་རང་བཞིན་དངོས་པོ་དང༌། དངོས་པོ་མེད་པ་དང༌། བཏང་སྙོམས་ཀྱི་རྙོག་བས་སེམས་དཀྲུགས་པའོ། །མི་ཤེས་པ་ནི་བརྒྱུད་པའི་གཞུང་ལུགས་དང་བྲལ་བས་དོན་མ་ཕྲད་དེ་སྨིག་རྒྱུ་ལ་ཆུར་བཟུང་བས་ངལ་ཞིང་གདུངས་པ་བཞིན། འདིར་ཡང་བརྟགས་པའི་རྙོག་པའི་འདམ་དུ་བྱིང་བར་གྱུར་པ་རྣམས་སོ། །སྨན་པ་ནི་གཞན་ཤེས་རབ་གསུམ་ལ་སྦྱར་རོ། །ནང་གི་བདག་ཉིད་ལ་འཇུག་པའི་དགོས་པས་ན་ཕྱིར་རོ། །བླ་ནི་འབྲས་བུ་སྟེར་བའི་དོན་གྱིས་སོ། །སྟོན་པ་ནི་ལོག་རྟོག་བཟློག་པའོ། །དམ་ཚིག་ནི་སྡོམ་པ་སྟེ། བདེ་བ་དང་སྟོང་པའི་དྲ་བ་ཕྱེད་པ་དེ་ཉིད་ཇི་ལྟ་བ་མཁྱེན་ཅིང་ཐུགས་སུ་ཆུད་པའོ། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཀུན་གྱི་སྡོམ་པ་ནི། ཨེ་ཝཾ་ལས་ནི་རབ་ཏུ་ཞུགས། །ཞེས་གསུངས་སོ། །དབང་པོ་གདུལ་བྱའི་རྒྱུད་མཁྱེན་པའོ། །བསམ་པ་ནི་གདུལ་བྱའི་འདོད་པ་མཁྱེན་པའོ། །དེ་དག་ནི་གནས་སུ་གྱུར་པས་མཆོག་གོ །གིས་ནི་དྲུག་པའི་དོན་གྱི་གཉིས་པའོ། །ཡེ་ཤེས་སྐུ་ནི་ཡེ་ཤེས་ཕུང་པོ་ཅན་ཏེ་བདེ་བ་ཆེན་པོའི་རང་བཞིན་གྱིས་རྟག་པ་ཉིད་རྟག་ཏུ་འབྱུང་བའོ། །དེ་བས་ན། གང་གིས་ང་ལ་གཟུགས་སུ་མཐོང༌། །གང་གིས་ངལ་སྒྲར་ཤེས་པ། །ལོག་པར་རྟོག་པ་སྤང་བ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང༌། །སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ། །འདྲེན་པ་རྣམས་ཀྱི་ཆོས་ཉིད་ནི། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་གསུངས་པའི་ཕྱིར་རོ། །གཙུག་ཏོར་ནི་བལྟར་མི་མངོན་པ་སྟེ། །དེ་ཉིད་ཟིལ་གྱིས་མི་ནོན་པའི་རྟགས་ཡིན་པས་ན་གཙུག་ཏོར་ཆེན་པོའོ། །ཚིག་གི་རྗོད་པར་བྱེད་པ་སྟེ། མི་ཟད་པའི་གསུང་མངའ་བས་བདག་པོའོ། །ཡེ་ཤེས་ནི་མཐའ་དང་བྲལ་བ་སྟེ་མི་འགྱུར་བས་ན་སྐུའོ། །དེའི་མཚན་ཉིད་ནི་རང་འབྱུང་བ་སྟེ། འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་གྱི་དོན་བརྗོད་པའོ། །འབྲེལ་པ་གཅིག་པས་མཆོག་གོ །དོན་ཟབ་པ་ནི་རྟོགས་པར་དཀའ་བའོ། །དོན་རྒྱ་ཆེ་བ་ནི་བློའི་ཡུལ་མ་ཡིན་པས་སོ། །དོན་ཆེན་པོ་ནི་རང་གཞན་གྲུབ་པས་སོ། །མཚུངས་པ་མེད་པ་ནི་གཅིག་པུར་གྱུར་པས་སོ། །ཞི་བ་ནི་གློ་བུར་གྱི་དྲི་མ་དང་བྲལ་བས་སོ། །དགེ་བ་གསུམ་ནི་སྐྱེ་བ་དང༌། །གནས་པ་དང༌། འགག་པས་དབེན་པའོ། །ཡང་ན་ལུས་དང་ངག་དང༌། ཡིད་གསུམ་ལས་འབྱུང་བ་གསུམ་མོ། །ཡང་
ན་དུས་གསུམ་དུ་གསུངས་པ་དང༌། །གསུང་བར་འགྱུར་བ་དང་གསུང་བའོ། །དེ་ཉིད་ནི་ཡང་དག་པའི་ཤེས་པར་སྒྲུབ་པར་བྱེད་པར་ཡང་སྦྱར་བར་བྱའོ། །རྒྱུད་ནི་ཚིག་དང་དོན་ཏོ། །རྒྱུ་དང་ལམ་དང་འབྲས་བུ་ཆེན་པོ་སྟེ། དེ་རབ་ཏུ་རྒྱས་པར་གསལ་བར་བྱེད་པས་ཚིག་ལ་ཡང་ངོ༌། །ཐབས་ཀྱི་རྒྱུད་སྒྱུ་འཕྲུལ་དྲ་བ་མཚོན་པས་བཏགས་བ་སྟེ། ལྷ་སྦྱིན་ཞང་པོ་ཅན་ཞེས་བྱ་བ་ལྟ་བུའོ། །ལས་ནི་སྐལ་བའི་རྒྱུད་དེ་གོང་དུ་བསྟན་ཟིན་ཏོ། །རྡོ་རྗེ་འཆང་ཆེན་ནི་གྲགས་ཆེན་ལ། །གསང་སྔགས་འཆང་ནི་སྙིང་པོ་དོན་གྱི་སངས་རྒྱས་སོ། །ཇི་སྙེད་པ་ནི་དཔག་མེད་རྣམས་ཀྱིས་སོ། །དགྱེས་བཞིན་དུ་གླུར་བླངས་པ་བཤད་དུ་གསོལ་ཞེས་པ་ནི་ངེས་པའི་དོན་ཏོ། །གསང་འཛིན་ནི་རྒྱུད་འདི་ཉིད་སྔར་བཤད་པའི་དོན་ཡང་ངོ༌། །ཕྱིར་ནི་གཙོ་བོར་གྱུར་པ་གཞན་མེད་པའོ། །ངེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེར་མ་བྱུང་གི་བར་ལ་འབྱུང་གི་བར་ཞེས་བྱའོ། །གཟུང་བ་ནི་བདག་དོན་དུའོ། །གསང་བ་སྤང་བ་ནི་གཞན་གྱི་དོན་གྱི་ཕྱིར་རོ། །བསམ་པའི་ཁྱད་པར་ནི་དབང་པོའི་བྱེ་བྲག་ལའོ། །བཤད་པར་འཚལ་བ་ནི་དེ་ཁོ་ན་ཉིད་བཅུ་དང༌། རིམ་པ་གཉིས་དང་ཟུང་དུ་འཇུག་པའོ། །གསང་དབང་ནི་དུག་བཅོམ་པའི་དེ་ཉིད་ལ་དབང་བའི་ལག་ན་རྡོ་རྗེས་སོ། །དེ་སྐད་དུ་ཞེས་པ་ནི་ལྔའི་གསོལ་བ་གདབ་བོ། །སྤྱོད་ལམ་ནི་གུས་པའི་རྟགས་སོ། །དེ་ནས་དེ་མ་ཐག་ཏུའོ། །རིགས་དང་སྟོབས་མཚོན་པས་ཤཱཀྱ་ཐུབ་པའོ། །རྐང་གཉིས་ནི་ལྷ་དང་མིའི་སྟེ། དེའི་མཆོག་ཏུ་གྱུར་པའོ། །བཟང་བ་དང༌། ཁ་དོག་དང་དབྱིབས་ཕུན་སུམ་ཚོགས་བའོ། །རིང་ཞིང་ཡངས་པ་ནི་ཆུ་དང་ཞེང་ངོ༌། །བརྐྱང་བ་དང༌། འོད་ཕྱུང་བ་དང༌། །འཛུམ་པ་བསྟན་པའི་བདུད་བཏུལ་བ་དང༌། འཁོར་བག་དང་ལྡན་པ་ལ་དགོད་པ་དང༌། ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་ཡིད་དང་མཐུན་པར་བསྟན་པའོ། །ཚངས་པའི་གསུང་དབྱངས་ནི་ཡན་ལག་དྲུག་ཅུ་དང་ལྡན་པ་སྟེ། །འདིར་སྙན་པ་དང༌། ཆེ་བ་དང་གསལ་བ་དང༌། དོན་གོ་བར་ནུས་པར་འདུས་པ་སྟོན་པའོ། །བཀང་བ་ནི་གྲགས་པའོ། །གསང་བ་ནི་གསང་བ་ཆེན་པོ་ལའོ། །སླར་གསུངས་པ་ནི་ཞུས་པའི་ལན་ནོ། །སྙིང་རྗེ་ཆེན་པོ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དག་པར་བྱེད་པ་ནི་ཉོན་མོངས་པ་དག་པར་བྱེད་པ་སྟེ། བཀྲ་ཤིས་
པར་རོ། །སྡིག་སེལ་བ་ནི་རྡུལ་དང་བྲལ་བའོ། །བརྩོན་པ་ནི་མ་ཡེངས་པར་རྩེ་གཅིག་པའོ། །རང་དོན་ཉིད་ཀྱིས་ལེགས་སོ་ཞེས་པའོ། །གཉིས་པས་གཞན་དོན་གཟུང་བའོ། །ལེགས་པར་བསྟན་པ་ནི་འབྲས་བུ་དང་བཅས་པའི་ལམ་དུའོ། །ཉོན་ཞེས་པ་ནི། རྡོ་རྗེ་འཆང་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་བལྟ་བ་དང་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཡིད་བཞིན་གྱི་ནོར་བུ་རིན་བོ་ཆེས་བརྟན་པ་ལྟར་བལྟ་བ་དང༌། ཐུན་མོང་གི་འཁོར་རིན་པོ་ཆེ་ལྟ་བུའི་གང་ཟག་ཏུ་བལྟ་བ་དང༌། བཤད་བྱ་སེམས་ཀྱི་རང་བཞིན་ཤེས་རབ་དང་སྙིང་རྗེ་དབྱེར་མི་ཕྱེད་པར་བལྟ་བ་དང༌། གསུང་དྲི་མ་མེད་པའི་བདུད་རྩིས་དབང་པོ་ཚིམ་ཞིང་ཁྱབ་པར་འགྱུར་བའི་ཕྱིར། །གསང་སྔགས་ནི་འགྲོ་བ་འདུལ་བའི་དུམ་བུ་ལྷའི་འཁོར་ལོ་སྟེ། སྙིང་པོ་དང༌། ཕྱག་རྒྱ་དང༌། རིག་སྔགས་རྣམས་ལ་ཐམས་ཅད་ཅེས་བྱའོ། །དེ་དག་ནི་རྡོ་རྗེ་དབྱིངས་ལ་སོགས་པའི་ལྷའི་འཁོར་ལོ་གཟུང་ངོ༌། །དེ་ཉིད་ཀྱི་རིགས་ཤེས་པར་ཡང་བྱའོ། །རིགས་ཆེན་ནི་རྣམ་པར་སྣང་མཛད་ཆེན་པོའི་རང་བཞིན་ལྔ་པ་དང་དྲུག་པའོ། །ཁོ་བོ་ནི་རིགས་འཕོ་བར་འདོད་པ་སྟེ། དམ་པའི་ཞལ་ལས་འོངས་པ་ནི་རྒྱས་གདབ་གསུམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ་མདོར་བསྟན་པའོ། །གསང་སྔགས་རིག་སྔགས་འཆང་བའི་རིགས། །ཞེས་པ་ནི་གསང་སྔགས་ལ་སོགས་པ་ནི་རིག་སྔགས་ཀྱི་ལས་བྱེད་ཅིང༌། དོན་བསྒྲུབས་ན་འཆང་བ་སྟེ་ལས་ཀྱི་རིགས་སོ། །ཡང་ན་ཐམས་ཅད་ཤེས་རབ་ཀྱི་རྟགས་སུ་ཤེས་པར་བྱས་ལ། དེས་དེ་ལ་ནན་ཏན་དུ་བྱས་པས་དེ་འགྲུབ་ཅེས་པའོ། །སྐུ་དང་གསུང་དང་ཐུགས་ནི་རིགས་གསུམ་སྟེ། ལ་ནི་དེ་ཉིད་གཞིར་བྱས་པའོ། །དེ་བཞིན་གཤེགས་པའི་རིགས་ལ་ནི། །ཞེས་བྱ་བ་ལ་རྣམ་པར་གཟིགས་བ་ནི་སྐུའོ། །འཇིག་རྟེན་ནི་ལོག་པའི་ཤེས་པས་བརྟགས་པའི་འཁོར་བ་སྟེ། དེ་ཉིད་རང་གི་ངོ་བོ་རྣམ་པར་དག་པ་ནི་འཇིག་རྟེན་ལས་འདས་པའི་རང་བཞིན་ལ། འཁོར་བའི་སྐྱོན་གྱིས་མ་གོས་པས་ན་པདྨའི་རིགས་སོ། །དེ་བས་ན། དཔལ་དགྱེས་པའི་རྡོ་རྗེ་ལས་གཏི་མུག་ལ་སོགས་ཀྱིས་མི་འཆིང༌། །རང་རང་ཉིད་ནི་རྫོགས་བྱང་ཆུབ། །ཅེས་གསུངས་པའི་ཕྱིར་རོ། །འཇིག་རྟེན་གཟུགས་ལ་སོགས་པ་སྟེ། །སྣང་བའི་དབང་པོའི་ཡུལ་དུ་འགྱུར་བའོ། །དེའི་བྱེད་པ་པོ་ནི་མཉམ་པ་ཉིད་
ཀྱི་ཡེ་ཤེས་ཏེ། །རིན་པོ་ཆེའི་རིགས་ལ་ཕྱོགས་མེད་པས་ན་ཆེན་པོའོ། །ཕྱག་རྒྱ་ནི་ཁྱབ་ཅིང་མི་འདའ་བའི་དོན་གྱིས་ཏེ། འབྲས་བུ་འབའ་ཞིག་པས་ཆེན་པོའོ། །རིགས་མཆོག་ཅེས་བ་ནི། རིགས་ལྔ་དབྱེར་མི་ཕྱེད་པས་རྩོད་འདས་ཀྱི་རིགས་སོ། །རྡོ་རྗེའི་རིགས་ནི་ཆེན་པོ་སྟེ། རིགས་བཞིའི་བདག་ཉིད་ཡིན་པའི་ཕྱིར་འཁོར་རྣམས་ལ་ཟིལ་གྱིས་མི་གནོན་པའི་སྐྱེ་མཆེད་ཡོད་པ་དང་རང་ཉིད་ཀྱིས་ཟིལ་གྱིས་མི་གནོན་པའི་སྐྱེ་མཆེད་ཀྱི་འཁོར་རྣམས་རིགས་དྲུག་གི་རྒྱུད་དུ་མཁྱེན་པས་གཙུག་ཏོར་ཆེར་གཟིགས་ནས་ཞེས་བྱའོ། །གཙོ་བོ་རྡོ་རྗེ་དབང་ཕྱུག་ལ་དགོངས་པ་དང༌། འབྲས་བུ་ཁོ་ན་ལམ་དུ་བྱ་བའི་ཕྱིར། རིགས་དྲུག་གི་རང་བཞིན་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོ་ཉིད་བཤད་པར་བྱ་སྟེ། ཚིག་ཅེས་པ་ནི་ཚིག་གི་རྒྱུད་དོ། །བདག་པོ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྟེ་རྡོ་རྗེ་འཆད་དོ། །ཚིགས་སུ་བཅད་པ་ནི་རྐྱང་བ་བསྡུས་པའོ། །བཀའ་སྩལ་པ་ཤུགས་ཀྱིས་ཤེས་པར་བྱ་སྟེ། ལོངས་སྤྱོད་རྫོགས་པ་ཆེན་པོ་དང༌། འཁོར་ལོས་སྒྱུར་བ་དང༌། བསྟན་པའི་བདག་པོས་སོ། །གསང་སྔགས་ནི་སྐྱེ་བ་མེད་པའི་སྙིང་པོ་ཅན་ཡི་གེ་ཨའོ། །རྒྱལ་པོ་ནི་ཐམས་ཅད་ཀྱི་བདག་བོར་གྱུར་བས་སོ། །དྲུག་ནི་སྡེ་ཚན་ཤེས་རབ་ཀྱི་ཡི་གེའོ། །ལྡན་པ་ནི་སྡེ་ཚན་བདུན་པའི་ཐབས་ཀྱི་ཡི་གེའོ། །དེ་མཚོན་བྱེད་དུ་གྱུར་ཅིང༌། །ཐུན་མོང་དང་མཆོག་གི་ནུས་པ་འབྱུང་ཞིང་ཤེས་པར་བྱའོ། །གཉིས་སུ་མེད་པར་འབྱུང་བ་དང༌། །ཞེས་བྱ་བ་ནི་མ་ནིང་ཡི་གེའི་རང་བཞིན་མཚོན་བར་བྱའོ། །མི་སྐྱེ་བ་ནི་ངོ་བོ་སྟེ་ཆོས་སོ། །ཆོས་ནི་རྐྱེན་ལས་སྐྱེས་པ་སྟེ་ཆོས་ཅན་ནོ། །ཅན་ནི་ཐ་མི་དད་པའི་རང་བཞིན་འདི་གསུངས་པའོ། །དེ་ལྟར་གཉིས་སུ་མེད་པའི་ཡེ་ཤེས་ཡོངས་སུ་དག་ཅིང་དྲི་མ་མེད་པ་ཇི་ལྟར་གནས་ཤེ་ན། རིང་ཐུང་གི་བྱེ་བྲག་གིས་རིགས་དང་རིགས་ཀྱི་ཡེ་ཤེས་སོ། །དེ་བཞིན་གཤེགས་པའི་རིགས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། མཚན་དང་དཔེ་བྱད་ཀྱི་འཁོར་ལོར་སྣང་བ་དང༌། སྣ་ཚོགས་དཀར་དམར་གྱི་རྣམ་པར་སྣང་བ་ནི་གདུལ་བྱའི་སྣང་བའི་ཁྱད་པར་ཏེ། དེ་ཉིད་རྣམ་པར་དག་པ་དང་རྣམ་པས་རང་བཞིན་གྱིས་འོད་གསལ་བ་ཨི་ཨཱི་ཞེས་བྱའོ། །རིན་པོ་ཆེའི་རིགས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། ཐུན་མོང་མ་
ཡིན་པའི་དབང་པོའི་ལོངས་སྤྱོད་དུ་གྱུར་པ་དང༌། ཐུན་མོང་གི་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ནི་གདུལ་བྱའི་དབང་པོའི་ཁྱད་པར་ཏེ། རྣམ་པར་དག་པ་དང་རྣམ་པར་དག་པས་མཐའ་བཞི་ལ་མི་གནས་པ་ནི་ཨཽ་ཨཽ་ཞེས་བྱའོ། །པདྨའི་རིགས་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། ཁྲོ་བ་དང་མཉམ་པ་དང་ཞི་བའི་ཁྱད་པར་གྱི་རིགས་བསྡུས་རྒྱས་བྱེ་བྲག་ཏུ་སྣང་བ་དང༌། རྣམ་ཤེས་སྐྱེ་བའི་སྒོ་ཐ་དད་པར་སྣང་བ་ནི་གདུལ་བྱའི་དབང་པོའི་ཁྱད་པར་ཏེ། རྣམ་པར་དག་པ་དང་རྣམ་པར་དག་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་རྒྱུད་གཅིག་ཏུ་གནས་པ་ཨུ་ཨཱུ་ཞེས་བྱའོ། །ལས་ཀྱི་རིགས་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། ཐོགས་པ་མེད་པའི་སྐུས་རིགས་སོ་སོའི་ཕྲིན་ལས་རྟག་ཏུ་རྒྱུན་མི་འཆད་པར་མཛད་པ་དང༌། དག་པའི་ཀུན་རྫོབ་ཀྱི་མཚན་ཉིད་རང་དང་མཐུན་པའི་དོན་བྱེད། གདུལ་བྱའི་སྣང་བའི་ཁྱད་པར་ཏེ། རྣམ་པར་དག་པ་དང་རྣམ་པར་དག་པས་འབད་པ་མེད་པར་རང་གི་ངང་གིས་འབྱུང་བ་ནི་ཨཾ་ཨའོ། །རྡོ་རྗེའི་རིགས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། ཐམས་ཅད་གཅིག་ཏུ་གྱུར་པ་ཉིད་དང༌། སྒྲོ་སྐུར་དང་བྲལ་བ་ཉིད་ནི་དེ་བཞིན་གཤེགས་པ་དང་གང་ཟག་གི་ཁྱད་པར་ཏེ། རང་གི་ངོ་བོས་ནི་གཅིག་ལ་རྟག་ཏུ་འབྱུང་བ་དང་རྗེས་འཇོག་ཏུ་གནས་པས་རྣམ་པར་དག་པ་དང༌། རྣམ་པར་དག་པས་འདིའི་ཞེས་འགའ་ལ་ཡང་མི་གནས་པའི་ཨེ་ཨཻ་ཞེས་བྱའོ། །རྡོ་རྗེ་སེམས་དཔའི་རིགས་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། གཟུགས་ཅན་མ་ཡིན་པ་དང༌། སྐྱེ་འཇིག་མེད་པ་དང༌། ཡུལ་ལ་མི་གནས་པ་དང༌། འགྲོ་འོང་མེད་པ་དང༌། ཕྱི་དང་ནང་གི་ཆོས་ཐམས་ཅད་དེའི་ངོ་བོར་གཅིག་པ་དང༌། ཟུག་རྔུ་གང་གིས་ཀྱང་མ་གོས་པའི་ཡེ་ཤེས་སྣང་བ་མེད་པ་ལ་སོགས་པ་འབྲས་བུའི་ལུས་བརྒྱད་དང་ལྡན་པ་དང༌། མཚན་མ་ཐམས་ཅད་རང་གྲོལ་བས་དབང་པོ་རང་བཞི་ཞིང་མིང་གིས་དབེན་པའི་ཟུང་འཇུག་རྒྱུད་ལས་སྐྱེས་པ་ནི། རིགས་ཐམས་ཅད་ཡེ་ཤེས་ཐམས་ཅད་ཉིད་ཡིན་པས་རྩོད་འདས་ཞེས་བྱ་སྟེ། དབྱེ་བ་མེད་པ་ལ་ཨ་ཨཱ་ཞེས་བྱའོ། །དེ་རྟོགས་པར་བྱ་བ་ནི་རྣམ་པར་རྟོག་པའི་བློའི་ཁྱད་པར་ནང་རྟེན་ཅིང་འབྲེལ་ཏེ་འབྱུང་བས་འཇུག་པ་སྟེ། སྠི་ཏོ་ཧྲྀ་དེ་ཞེས་བྱ་བ་ནི་རེ་ཞིག་པའི་གནས་མཚོན་པ་སྟེ། སྙིང་ག་ཆོས་ཀྱི་འཁོར་
ལོ་ལ་སོགས་པའོ། །ཛྙཱ་ན་ཞེས་བྱ་བ་ནི་དགའ་བ་དང་མཆོག་ཏུ་དགའ་བ་དང༌། དགའ་བྲལ་དང༌། ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་གནས་དེ་དག་ཏུ་རྙེད་པར་འགྱུར་བའོ། །མཱུརྟི་ཞེས་བྱ་བ་ནི་སྤྱི་གཙུག་ལ་བྱ་སྟེ། ཕྲ་མོའི་རྣལ་འབྱོར་གྱི་སྦྱོར་བས་འཁྲུལ་འཁོར་གྱི་སྦྱོར་བས་ལམ་ངེས་པར་སྦྱངས་ནས་ཐིག་ལེའི་རྣལ་འབྱོར་གྱིས་ཤིགས་པ་མེད་པའི་ཡི་གེ་ཧཾ་ལས་བྱང་ཆུབ་ཀྱི་སེམས་འཛག་པ་འདྲེན་ཅིང་རོལ་པས་དེ་བ་རྙེད་པར་འགྱུར་བའོ། །ར་ག་ར་སྟེ་ཆགས་པ་ཆེན་པོའི་སྦྱོར་བས་འོག་ནས་འབྱུང་བའི་བཅོམ་ལྡན་འདས་མའི་ཡེ་ཤེས་དེ་ཉིད་ཧཾ་ངོ༌། །ཇི་ལྟར་རྣལ་འབྱོར་དུ་བྱ་བ་ནི་ར་སྟེ་རྡོ་རྗེ་དང་པདྨའོ། །དེ་ཡང་ཡེ་ཤེས་ཀྱི་བྱེད་པ་པོ་དང་ཕྲད་བ་ལས་བྱང་ཆུབ་ཀྱི་སེམས་གཉིས་ནི་ཨ་དང་བུདྡྷོའོ། །དེ་ཉིད་ནང་གི་འཇུག་པའི་རིམ་པས་རྟོགས་པར་གྱུར་པ་ནི་བུདྡྷ་ནཱཾ་ནོ། །དགའ་བ་གསུམ་ལྷན་ཅིག་སྐྱེས་པའི་ངོ་བོར་འབྱུང་བ་དང༌། ལྷན་ཅིག་སྐྱེས་པ་དུས་གསུམ་དུ་འབྱུང་བ་ནི་ཏྲྱ་དྷྭ་བརྟི་ནཱིའོ། །མན་ངག་བླ་མའི་ཞལ་ལས་ཤེས་པར་བྱའོ། །ཇི་ལྟར་ཉམས་སུ་བླང་བ་ཡང་དབྱེར་མི་ཕྱེད་པའི་ཡེ་ཤེས་བློའི་ཡུལ་རིང་དུ་གྱུར་བ་ནི་བཛྲ་ཏའི་ཀྵྞའོ། །དེ་ལྟར་ཡང་སྡུག་བསྔལ་གཅོད་པར་ནུས་པ་ཡང་མ་ཡིན་ཏེ། དམ་པའི་ཞབས་ཀྱི་པདྨོ་ལ་བཏུད་པའི་དྲིན་གྱིས། སྐད་ཅིག་ལ་རྙེད་པར་གྱུར་པས་དུཿ་ཁ་ཙྪེ་དའོ། །དེ་བས། ཀྱེ་ཧོ་གྲོགས་དག་ལྷན་ཅིག་སྐྱེས་པ་དེ། །གཞན་ནས་མི་རྙེད་བླ་མའི་ཞལ་ལས་དྲིས། །ཞེས་གསུངས་པས་སོ། །དེས་གནང་བར་གྱུར་པའི་རིམ་པ་ནི་པྲཛྙཱ་ཛྙཱ་ནའོ། །མཱུརྟི་ནི་རྒྱུན་ཏེ་བཞི་པའོ། །ཡ་ནི་ཡ་ཏེ་གནས་པའི་དོན་ཏོ། །དེ་ཉིད་གཉུག་མའི་ཡེ་ཤེས་རང་གི་མཚན་ཉིད་དུ་བྱས་པ་ནི་ཛྙཱ་ན་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ཉིད་ཡིན་པར་ཀཱ་ཡ་ཝཱ་ཀ་གོ །ཡང་ནི་བཱ་གཱི་ཤྭ་རི་ནི་གསུང་གི་དབང་ཕྱུག་གི་རྒྱུད་པས་དེ་ཉིད་ཤེས་པར་བྱ་སྟེ། ལུང་དང་རང་གི་རིགས་པ་དང་བླ་མའི་གདམས་ངག་གིས་ཞེས་གཞན་དུ་བསྟན་ཏོ། །ཨ་ལ་སོགས་པའི་དོན་ནི་སྐྱེ་བ་མེད་པའི་བདེ་བ་ཆེན་པོའི་སྙིང་པོ་ཞེས་དང༌། མངོན་པར་ཞེན་པ་དང་བྲལ་བའི་སྟོབས་ཀྱིས་དམ་ཚིག་གི་སྤྱོད་པ་དང༌། །རིགས་པས་ཐམས་ཅད་ཀྱང་དེ་བཞིན་དུ་བསྡུ་བ་དང༌། དེ་ཁོ་ན་ཉིད་
རེ་རེ་དང་བྲལ་བ་དང་ཞེས་བྱ་བའི་དོན་ལ་ཡང་མི་གནས་པའོ། །འདི་ལྟར་ནི་བཤད་ཟིན་པ་དང་སྦྱར་རོ། །ཨ་ལས་འབྱུང་བ་ནི་སངས་རྒྱས་ཀྱི་རྒྱུད་དོན་ཨཱའོ། །དོན་ཆེན་ལ་སོགས་པ་ནི་དོན་ཆེ་བས་ཕན་ཡོན་ཆེ་བ་འབྱུང་བས་ན་སྐྱེ་བ་མེད་པའི་སྙིང་རྗེའི་སྙིང་པོ་ཅན་ནི་ཡི་གེ་དམ་པ་ཨ་ལས་འབྱུང་བ་ཡིན་ནོ་ཞེས་བྱའོ། །མཆོག་ནི་མཆོད་པ་དང་རྗེད་གཞི་ཐམས་ཅད་ཀྱི་སྲོག་ཏུ་གྱུར་པ་སྟེ། ཁོང་ནས་འབྱུང་བས་ན་སྲོག་གོ །དེའི་ཕྱིར་སྐྱེ་བ་མེད་པ་མཚོན་པར་ནུས་ཏེ། དཔེར་ན་སྲོག་གི་རླུང་འགགས་ན་ཐམས་ཅད་འགག་པར་འགྱུར་བ་བཞིན་ནོ། །བརྗོད་པ་དང་བྲལ་བས་ཕུན་སུམ་ཚོགས་པ་འབྱུང་བ་སྟེ། བརྗོད་པ་ནི་མིང་ཡིན་ལ་དེ་ལས་བློ་སྐྱེ་བའི་ཕྱིར་རོ། །ཐམས་ཅད་དུ་བརྗོད་པ་མ་བཀག་པ་ནི་མ་ཡིན་ཏེ། སྲོག་ཡིན་པས་རྒྱུར་འགྱུར་ལ། ཡན་ལག་གི་གསལ་བར་བྱེད་པའོ། །དེ་ལྟར་ཡི་གེ་གཙོ་བོ་ལས་མངོན་པར་འཕེལ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ཀྱི་ས་བོན་དང༌། སྙིང་པོ་དང་སྔགས་སུ་གྱུར་པའོ། །གསལ་ཡིག་མ་འཕེལ་བ་མ་ཡིན་ཏེ། སྲོག་ཏུ་བརྗོད་པའི་ཕྱིར་དང༌། བཅུ་གཅིག་པའི་ཐིག་ལེགས་ཐབས་ཀྱི་རང་བཞིན་གཟུང་བའོ། །ཐབས་སུ་མི་འགྱུར་བ་མ་ཡིན་ཏེ། མཁའ་འགྲོ་མ་དྲ་བའི་གུར་ལས། བདེ་བ་ཆེན་པོ་འཁོར་བ་ཁྱབ། བདེ་བ་སྤངས་ནི་དེ་མ་ཡིན། །ཞེས་པས། ཐིག་ལེ་སྤངས་པ་ལ་རྙེད་པར་མ་གསུངས་སོ། །བདེ་བ་ཆེན་པོ་ནི་ཤེས་རབ་མ་ཡིན་ཏེ། དེ་ཉིད་ལས། བུད་མེད་བཟང་མོའི་རེག་བདེ་བ། །གླུ་ཐོས་པ་ཡི་ཞི་བ་བདེ། །དྲི་བསྣམས་པ་ཡི་བདེ་བ་ཆེ། །སྐྱེས་ནས་རེག་པའི་བདེ་བ་ཆེ། །བཅུད་ལེན་རབ་ཏུ་སྦྱོར་བ་ཡིས། །བདེ་བ་སུ་ཞིག་འགོག་པར་བྱེད། །ཅེས་གསུངས་པས་ན། ཤེས་རབ་དང་ཐབས་ཐ་མི་དད་པ་ཉིད་ལས་དཀྱིལ་འཁོར་པ་ཐམས་ཅད་རྫོགས་པར་འགྱུར་བའི་ཕྱིར་མཆོད་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་དང༌། འདུ་ཤེས་དང༌། མེའི་ཁམས་རྣམ་པར་དག་པ་ནི་མཆོད་པ་ཆེན་པོ་སྟེ་བདེ་བའོ། །དེས་རྒྱུ་དང་འབྲས་བུའི་སྐབས་སུ་སེམས་ཅན་ཐམས་ཅད་དགའ་བར་བྱེད་དོ། །ཞེ་སྡང་དང༌། རྣམ་པར་ཤེས་པ་དང༌། ཆུའི་ཁམས་རྣམ་པར་དག་པ་ནི་ཞེ་སྡང་ཆེན་པོ་སྟེ་མཆོད་པའོ། །དེས་ཉོན་མོངས་པ་དང་ཉེ་བའི་
ཉོན་མོངས་པ་གཅོད་པར་བྱེད་དོ། །གཏི་མུག་དང་གཟུགས་དང༌། སའི་ཁམས་རྣམ་པར་དག་པ་ནི་གཉིས་མེད་དེ། གཏི་མུག་ཆེན་པོའི་མཆོད་པའོ། །དེ་མི་ཤེས་ཤིང་ཤེས་པ་མེད་པས་ན་གཏི་མུག་བློ་སྟེ་མ་རིག་པའི་རྩ་བ་ཅན་གྱི་གཏི་མུག་སེལ་ཏོ། །ཕྲག་དོག་དང༌། འདུ་བྱེད་དང༌། རླུང་གི་ཁམས་རྣམ་པར་དག་པ་ནི་འགྲོ་འོང་མེད་པའི་རང་གྲོལ་དུ་གྱུར་པ་སྟེ། ཕྲག་དོག་ཆེན་པོའི་མཆོད་པའོ། །དེ་ཡང་ཐ་མལ་པའི་ཕྲག་དོག་གཅོད་པར་བྱེད་པས་ན་སྒྲ་ཆེ་བ་ཞེས་བྱའོ། །སེར་སྣ་དང༌། ཚོར་བ་རྣམ་པར་དག་པའི་ཁམས་ནི་བློ་ཡིས་མ་སྤགས་པ་སྟེ། ཆགས་པ་ཆེན་པོའི་མཆོད་པའོ། །དེས་མངོན་པར་ཞེན་པ་ཐམས་ཅད་སེལ་བར་བྱེད་དོ། །དེ་ལྟར་འཁོར་བའི་རྣམ་པར་དག་པ་རིགས་དང་དེ་བཞིན་གཤེགས་པར་བསྟན་ལ། དེ་ཡར་ཡེ་ཤེས་ཀྱིས་དག་པར་བྱས་ལ་རྩོད་འདས་སུ་ཤེས་པར་བྱའོ། །བསྟན་པ་ལ་དགོས་པ་མེད་པ་མ་ཡིན་ཏེ། ཕལ་བའི་རྣམ་པར་སྤངས་པའི་ཕྱིར། །བསྒོམ་པར་ཡང་དག་རབ་ཏུ་གྲགས། །ཕལ་བའི་རང་བཞིན་སྤངས་ནས་ནི། །བསྒོམ་པ་དེ་ནི་སྒོམ་པ་མིན། །ཞེས་གསུངས་པས་སོ། །འདོད་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལས་སེམས་བསྐྱེད་པའི་རང་བཞིན་དུ་བསྟན་པར་བྱ་སྟེ། དགའ་བ་དང་མཆོག་ཏུ་དགའ་བ་དང༌། ལྷན་ཅིག་སྐྱེས་པའི་དགའ་བ་དང༌། དགའ་གྲལ་གྱི་མཚན་ཉིད་ནི། འདོད་ཆགས་ཆེན་པོ་དང༌། བདེ་བ་ཆེན་པོ་དང༌། མགུ་བ་ཆེན་པོ་སྟེ། དེ་ཡང༌། སྣ་ཚོགས་རྣམ་པ་སྣ་ཚོགས་བརྗོད། །འཁྱུད་དང་འོ་བྱེད་ལ་སོགས་པ། །རྣམ་པར་སྨིན་པ་དེ་ལས་བཟློག །བདེ་བའི་ཡེ་ཤེས་ཟ་བ་ཉིད། །རྣམ་པར་ཉེད་པ་སྤྱོད་པ་མཛོད། །བདག་གིས་བདེ་བ་སྤྱད་དོ་ཞེས། །མཚན་ཉིད་བྲལ་ལ་གསུམ་ལས་གཞན། །ཆགས་དང་ཆགས་མེད་རྣམ་པར་སྤངས། །ཞེས་གསུངས་པས་ཤེས་པར་བྱའོ། །གཟུགས་ཆེན་ཞེས་བྱ་བ་ལ་སོགས་པས་ནི་དབང་བསྐུར་བའི་རང་བཞིན་དུ་བཤད་པར་བྱ་སྟེ། དེ་ཡང་ཡེ་ཤེས་ལ་དབང་བ་དང༌། ཉོན་མོངས་པ་ལ་དབང་བ་དང༌། རླུང་ལ་དབང་བ་དང༌། བདུད་ལ་དབང་བ་སྟེ། དེ་ཡང་གཟུགས་ལུས་ཆེ་བ་དང༌། ཁ་དོག་དང་དབྱིབས་ཆེ་བ་དང༌། མིང་དང་རྒྱ་ཆེ་བ་དང༌། དཀྱིལ་འཁོར་ཆེ་ཞིང་ཡངས་པ་སྟེ། བརྡ་དང་
ཉམས་སུ་མྱོང་བ་རྟོགས་པ་དང༌། དོན་གཅིག་པ་ཉིད་ཀྱིས་གཟུགས་དང་དོན་ལུས་ནི་སྣང་བ་ཐམས་ཅད་དེ་ཆེན་པོ་ནི་བརྡར་གྱུར་པའི་དོན་བསམ་གྱིས་མི་ཁྱབ་པ་ཉིད་དུའོ། །ཁ་དོག་དང་ལུས་ནི་བྱེ་བྲག་འཛིན་པའི་ཤེས་པ་སྟེ། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ངོ༌། །ཆེ་བ་ནི་མཆོད་པ་མཆོག་གི་དུས་སུའོ། །སྙིང་པོར་གྱུར་པ་ནི་དེ་བཞིན་ཉིད་རིག་པ་སྟེ། དེ་བས་ན། རང་རིག་པ་ཡི་བདག་ཉིད་དེ། །དག་པ་གཞན་གྱིས་གྲོལ་མི་འགྱུར། །ཞེས་གསུངས་པས་སོ། །མིང་དང་རྒྱ་ཆེ་བའི་ཇི་སྲིད་དུ་མིང་དུ་བཏགས་པ་དེ་སྲིད་དུ་བརྟགས་པའི་རྟོགས་པ་སྟེ། དེ་དག་ཐམས་ཅད་ཀྱི་བྱེད་པ་པོ་ནི་རླུང་ལྔའི་བདག་ཉིད་བཅུའི་མིང་ཅན་རྣམ་ཤེས་ཀྱི་བཞོན་པ་སྟེ། དེ་ཡང་དག་པར་བྱེད་པ་ནི་བླ་མའི་ཞབས་ཀྱི་པདྨོ་ལས་རྙེད་པའོ། །ཐམས་ཅད་ལྷན་ཅིག་སྐྱེས་པའི་འཇུག་པ་ཉིད་ཀྱི་ཆེ་བ་སྟེ། དེ་ནི་ཡང་དག་པ་མ་ཡིན་པའི་རྟོག་པའི་ཆོས་མཐའ་དག་གི་འོབས་ཀྱིས་བསྐོར་བའི་ནང་དུ་དྲི་མ་དང་བཅས་པའི་སྲིད་པའི་ཆུས་བཀང་བ་སྟེ། སྲིད་པའི་ཤིང་སྤངས་ཤིང་གཏོར་བས་བསྐྱེད་པ་ལས་ཤིན་ཏུ་རིང་དུ་སྐྱེས་ནས་འདོད་པའི་འབྲས་བུ་མིག་དགའ་བ་བསྐྱེད་པ་དང༌། རྣ་བ་བདེ་བ་བྱེད་པ་དང༌། དྲི་ཞིམ་པ་དང༌། རོ་ཞིམ་པ་མཁྲང་ཞིང་སྦོམ་ལ་སྣ་ཚོགས་རྣམ་པ་མང་བོ་ཉམས་སུ་མྱོང་བར་བྱེད་ཅིང༌། རྒྱུ་གསར་དུ་བསྐྱེད་པའི་སྲེད་པ་ལས་ལྡོག་པར་འགྱུར་ཞེས་གསུངས་པས་སོ། །དཀྱིལ་འཁོར་ཆེན་པོ་ནི་སྐུ་བཞི་དབྱེར་མེད་འཁོར་ལོ་སྟེ། བདེ་བ་ཆེན་པོར་གཅིག་པས་ཡངས་པའོ། །དེ་ཉིད་ལ་དངོས་གྲུབ་དང་བར་དུ་གཅོད་པ་མི་གནས་པའི་དོན་ཏོ། །དམན་པ་རྣམས་ཀྱིས་ནི་ལུས་ངག་གི་བརྡས་སོ། །ཤེས་རབ་མཚོན་ཆེན་པོ་ལ་སོགས་པས་ནི་ཆོས་བཤད་པའི་རང་བཞིན་དུ་བསྟན་པར་བྱ་སྟེ། དོན་གཅིག་པ་དང༌། མ་རྨོངས་པ་དང༌། ཐབས་མང་བ་དང༌། དཀའ་བ་མེད་པའོ། །དེ་ཉིད་དགག་སྒྲུབ་དང་བྲལ་བ་དང་ཉམས་སུ་མྱོང་བ་དང༌། ཕྱག་རྒྱ་བཞི་པ་དང༌། འབྲས་བུ་ལམ་དུ་བྱེད་པའོ། །དེ་ནི་འདི་ལྟར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིག་པས་དམུ་མར་བྱ་སྟེ། དེ་ནི་མཚོན་ཆེན་པོ་ཡིན་པས་།སྒྲོ་བཏགས་ཀུན་ལས་རྣམ་གྲོལ་བ། །དེ་ནི་དབུ་མ་པ་ཡིས་རིག །ཅེས་བཤད་པ་ཡང་མིང་
དུ་བཏགས་པ་དང༌། བློ་ཡིས་བརྟགས་པ་ཐམས་ཅད་གྲོལ་བ་ཡེ་ཤེས་ཀྱི་རྒྱུད་ཉིད་དུ་འཆང་བའོ། །ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་སྟེ། རླུང་གནས་སུ་ཞུགས་བའི་མན་ངག་ནི་ལྕགས་ཀྱུ་ཆེན་པོའོ། །དེ་ཡང་སྤྱིའི་རྣམ་པ་ལས་གྲོལ་བ་སྟེ། སྤྱིའི་རྣམ་པ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། །འོན་ཀྱང་སྒྲ་ལས་སྐྱེས་པ་ཡི། །རྣམ་རྟོག་གཟུགས་བརྙན་ཉིད་ཡིན་ནོ། །ཞེས་གསུངས་པས་སོ། །རང་གི་མཚན་ཉིད་ནི། །ལྷན་ཅིག་སྐྱེས་པའི་ངོ་བོ་དང༌། །མཆོག་མཐའ་དགའ་བྲལ་དང་པོ་ཅན། །མུན་པ་ལ་ནི་མར་མེ་བཞིན། །དེ་བཞིན་བུས་ཀྱང་ཡིད་ཆེས་གྱིས། །ཞེས་གསུངས་པའི་ཕྱིར་མཆོག་གོ །གྲགས་ཆེན་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། སྙན་པར་གྲགས་པ་ནི་ཐབས་ཆེ་བ་ལ་སོགས་པའོ། །སྣང་བ་ཆེན་པོ་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་འབྲས་བུ་སྟེ། དེ་ཉིད་རྒྱུའི་དུས་ཉིད་དུ་རང་གི་ངོ་བོར་གྱུར་པ་གསལ་བ་ཆེ་ཞེས་པའོ། །ཐ་དད་པ་མ་ཡིན་ཏེ། །དེ་ཡི་རང་བཞིན་དེ་ཡིན་ཕྱིར། །དེ་ཡི་ནུས་པ་དེ་ལ་གནས། །དེ་ཕྱིར་དེ་ཡི་རང་བཞིན་ནོ། །ལམ་ཉིད་ནས་ནི་བསྒོམ་པར་བྱ། །ཞེས་གསུངས་པས་སོ། །མཁས་པ་ལ་སོགས་པ་ཕྲིན་ལས་ཀྱི་རང་བཞིན་དུ་བཤད་པར་བྱ་སྟེ། དེ་ཡང་རིགས་མཐའ་ཡས་པ་རིགས་གཅིག་ཏུ་བྱེད་པ་ཡང་རིགས་མཐུན་པ་གཉེན་པོར་བྱེད་པ་དང༌། རིགས་ཀྱི་མཚན་མ་དངོས་གྲུབ་བསྒྲུབ་པ་དང་ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པར་བྱེད་པའི་ལས་སོ། །དེ་ནི་རྣམ་འཕྲུལ་སྣ་ཚོགས་པ་གཅིག་པ་ཉིད་དང༌། ཐབས་ཁྱད་པར་ཅན་ཉིད་དང་རྗེས་སུ་མཐུན་པས་བྱིན་གྱིས་བརླབས་པ་ཉིད་དང༌། འཁྲུལ་པ་ཞིག་པའི་རང་བཞིན་ཏེ། དེ་ནི་དཔེར་ན་ཆུ་ཟླ་དང༌། དུག་གིས་དྲུག་གསོ་བ་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་དང༌། ཆུ་རྣམས་རྒྱ་མཚོ་ཆེན་པོར་ལན་ཚྭར་རོ་གཅིག་པ་བཞིན་ནོ། །དེ་ལྟ་བས་ན། མཁས་པ་རྣམས་ནི་བདེ་བ་ཆེན་པོ་སྟེ། །བདེན་པ་གཉིས་ལས་ཡོངས་སུ་གྲུབ་པས་སོ། །སྒྱུ་འཕྲུལ་ཆེན་པོ་ནི་དེ་ཉིད་ལས་རིགས་སྣང་བའོ། །འཆང་བ་ནི་མངའ་བ་ཞེས་བྱ་བའི་དོན་ཏོ། །དེ་བས་ན། །གངྒའི་ཀླུང་བཅུའི་བྱེ་མ་དང་མཚུངས་པ། །རིགས་གཅིག་ལ་ནི་དེ་
བཞིན་གཤེགས་པའི་ཚོགས། །རིགས་ཀྱི་ཚོགས་ལས་རིགས་ནི་དུ་མ་སྟེ། །རིགས་དེ་ལས་ནི་རིགས་ནི་དུ་མ་བརྒྱ། །དེ་ལས་ཡང་ནི་རིགས་འབུམ་ཆེན་པོ་སྟེ། །རིགས་ནི་ས་ཡ་ཕྲག་མང་པོ་ཡིན་པས། །མི་ཡི་རིགས་ནི་གྲངས་མེད་དེ། །དམ་པ་དགའ་བའི་རིགས་ལས་འབྱུང་བའོ། །ཞེས་གསུངས་པའི་ཕྱིར་རོ། །སྒྱུ་འཕྲུལ་ཆེན་པོ་ནི་བསྐྱེད་པ་ལོངས་སྤྱོད་རྫོགས་པའི་འཁོར་ལོའོ། །དེ་དག་གི་དགོས་པ་ནི་ཀུན་དུ་བརྟགས་པར་བྱེད་པའི་དོན་ཏེ། དེ་ཡང༌། བསྐྱེད་པའི་རིམ་པའི་ཡི་གེ་ཕྱོགས། །གང་དང་གང་གིས་འཇིག་རྟེན་བཅིངས། །དེ་དང་དེ་ནི་བཅིངས་ལས་གྲོལ། །དེ་ཉིད་མི་ཤེས་འཇིག་རྟེན་འཆིང༌། །དེ་ཉིད་རྣམ་སྤངས་གྲུབ་མི་ཐོབ། །ཅེས་གསུངས་པས་སོ། །མཚན་མས་མཚན་མ་འཇིག་པ་མི་འཐད་པ་མ་ཡིན་ཏེ། དེ་ཡང༌། །ཞལ་ཕྱག་ཁ་དོག་དབྱིབས་ལས་ནི། །འོན་ཀྱང་ཐ་མ་ལ་བག་ཆགས་འཇིགས། །དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ཅད་འཆི་བ་སྟེ། །དུག་གི་དེ་ཉིད་ཤེས་དེ་ཡིས། དུག་གིས་དུག་ག་ནི་འཇོམས་པར་བྱེད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བས་ན་དོན་གྲུབ་པ་ཞེས་བྱའོ། །དགའ་བ་ནི་སྔར་བཞིན་ལ། དེ་བས་དགའ་བ་ནི་རིགས་ཀྱི་མཚན་མས་མཚན་པའོ། །དེའི་དགོས་པ་ནི་དགོས་པས་གཞན་ལྡོག་པ་དང༌། དངོས་གྲུབ་མྱུར་དུ་གྲུབ་པའི་ཕྱག་རྒྱའོ། །དེ་ཡང་དབང་བསྐུར་ནས་སྤྱི་བོར་རང་གི་རིགས་ཀྱི་བདག་པོར་གྱུར་པར་བསམ་མོ་ཞེས་གསུངས་པ་ནི་འཁོར་རྣམས་ཡེ་ཤེས་ལ་དམིགས་པ་ཡིན་པའི་ཕྱིར་ལུས་སྤངས་སེམས་སྤངས་ཀྱིས། བསྒྲུབ་བྱ་ཟུང་འཇུག་བསྒྲུབ་པར་བྱ་བའི་རྒྱུ་ཉིད་དུ་གསུངས་སོ། །མ་ངེས་པ་མ་ཡིན་ཏེ། ཡེ་ཤེས་མངོན་དུ་གྱུར་པ་ཉིད་ཀྱིས། གཙོ་བོས་ནི་བདེ་བ་ཆེན་པོ་མཚོན་པའོ། །སྒྱུ་འཕྲུལ་ཆེན་པོ་ནི་ཆོས་ཐམས་ཅད་དེ། དེའི་མཚན་ཉིད་ནི་མིག་འཕྲུལ་ལྟ་བུའོ། །ཅན་ཞེས་བྱ་བ་ནི་སེམས་ལྷན་ཅིག་སྐྱེས་པའི་ངོ་བོར་གྱུར་པ་ནི་སངས་རྒྱས་ཉིད་དེ། །འཇིག་རྟེན་ཁམས་ནི་གང་ནས་ཀྱང༌། །གཞན་དུ་སངས་རྒྱས་མི་རྙེད་དེ། །སེམས་ཉིད་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་དུ་མེད། །ཅེས་གསུངས་པས་སོ། །སྦྱིན་བདག་ཆེན་པོ་ལ་སོགས་པའི་ཕ་
རོལ་ཏུ་ཕྱིན་པའི་རྣམ་པར་དག་པ་བཤད་པར་བྱ་སྟེ། སྦྱིན་བདག་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚུལ་ཁྲིམས་ཆེན་པོ་ལ་སོགས་པ་ཡང་ངོ༌། །གཙོ་བོ་ཆེན་པོ་ནི་བདེ་པ་ཆེན་པོའི་ཉམས་མྱོང་གིས་སྒེག་པའོ། །འཆང་བ་ནི་བརྒྱུད་པའི་གཞུང་ལུགས་ཀྱི་ཕྲེང་བ་འཛིན་པ་སྟེ། དེ་ཉིད་ལས་མི་འདའ་བའི་དོན་གྱིས་ན་མཆོག་གོ །བསྟན་པ་ནི་རང་བྱུང་གི་ཡེ་ཤེས་ཀྱིས་རྒྱུད་ལ་གོམས་པའོ། །བརྟུལ་བ་ནི་སྣ་ཚོགས་པ་ཐམས་ཅད་རྡོ་རྗེ་འཆང་གི་བར་དུ་གོམས་པ་སྟེ། དེ་ཡང་ཁམས་གསུམ་སྣ་ཚོགས་པ་འདི་ཐམས་ཅད་སེམས་ཀྱི་རང་བཞིན་དུ་གནས་པ་སྟེ། དེ་ལྟར་ལ་ལར་ནི་སྙིང་རྗེ་དང་སྲིན་པོའི་བདག་ཉིད་དོ། །ལ་ལར་ནི་མི་སྣང་བ་དང༌། མུ་ཅོར་དུ་སྨྲ་བར་རོ། །ལ་ལར་ནི་སྲིད་པ་དང་ནོར་བུ་བཞིན་ནོ། །ལ་ལར་ནི་གཉིད་ལོག་པ་དང་སད་ཅིང་བསྡམས་པར་རོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པས་སོ། །ཏིང་ངེ་འཛིན་གནས་ནི་བློས་མ་བསླད་པའི་མེ་ཏོག་གོ །ལུས་འཆང་བ་ནི་དབང་པོ་རང་སྣང་བའི་འཇུག་པའོ། །སྟོབས་དང་ཐབས་ནི་ལྟོས་པ་མེད་པར་རང་ཉིད་གསལ་བ་སྟེ། དེ་ཡང༌། ཆུ་བོ་ཀླུང་འབབ་རྒྱུན་དང་ནི། །མར་མེ་འབར་བའི་རྩེ་མོ་བཞིན། །སྔགས་ཀྱི་དེ་རིག་རྣལ་འབྱོར་པས། རྒྱུན་མི་འཆད་པའི་བསམ་གཏན་བསྒོམ། །ཞེས་པ་གསུངས་པས་སོ། །རྒྱ་མཚོ་ནི་བདག་གཞན་གྱི་དབྱེ་བ་སྤངས་པའི་ཡེ་ཤེས་ཀྱི་བྱུག་པ་ཆེན་པོའོ། །མ་ཆགས་པ་དང༌། མི་འདའ་བ་དང༌། མི་འཁྲུག་པ་དང༌། བར་ཆད་མེད་པ་དང༌། རྩེ་གཅིག་པ་དང༌། རྒྱ་ཆེ་བ་དང༌། མི་ཐུབ་པ་པ་དང༌། ཚོགས་ཆུང་བ་དང༌། དོན་འབྱུང་བ་དང༌། ཟུང་དུ་འཇུག་པར་ཡང་སྦྱར་རོ། །གཉིས་ལྡན་པ་ནི་ཐམས་ཅད་ལ་ཁྱབ་པར་སྦྱར་བའི་ཐ་ཚིག་གོ །བྱམས་ཆེན་ལ་སོགས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་བཤད་པར་བྱ་སྟེ། ཕྱོགས་མེད་པར་སྣང་བ་དང༌། ཉམས་སུ་མྱོང་བ་དང༌། མཚན་མའི་རློམ་སེམས་དང་བྲལ་བ་དང༌། འབད་པ་ལ་རག་མ་ལས་པར་སྣང་བའོ། །དེ་ཡང་བྱམས་པ་ནི་བྱམས་པ་ཆེན་པོ་སྟེ། དེའི་རང་བཞིན་དཔག་ཏུ་མེད་པ་སྟེ་ཚད་མ་བཤད་པའོ། །སྙིང་རྗེ་ཆེན་པོ་ནི་བསམ་གྱིས་མི་ཁྱབ་པའི་ཉམས་མྱོང་སྟེ། བློ་ཐམས་ཅད་ལས་མཆོག་ཏུ་གྱུར་པའོ། །
ཤེས་རབ་ཆེན་པོ་ནི་མི་དམིགས་པ་དང་མི་གནས་པ་སྟེ། འབྲས་བུ་དང་ཤེས་རབ་དང་ལྡན་པའོ། །མཁས་པ་ཆེན་པོ་ནི་འཁྲུལ་བ་ཞིག་བ་སྟེ། རང་གི་ངང་གིས་འབྱུང་བས་ན་ཐབས་ཆེ་བ་ཞེས་བྱའོ། །རྫུ་འཕྲུལ་ཆེན་པོ་མཉམ་སྙོམས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བཤད་པར་བྱ་སྟེ། སྣང་བརྟགས་མཉམ་པ་ཉིད་དང༌། རྒྱུ་འབྲས་དང༌། དཔེ་དོན་དང༌། འཁོར་འདས་མཉམ་པ་ཉིད་དོ། །དེ་ཡང་རྫུ་འཕྲུལ་ཆེན་པོ་ནི་གཟུགས་ལ་སོགས་པ་སྟེ། རྒྱུ་རྐྱེན་ལ་རག་ལས་པའི་ཕྱིར་སྐྱེ་བ་མེད་པའི་སྟོབས་དང་ལྡན་པའོ། །ཤུགས་ཆེན་ཞེས་བྱ་བ་ནི་ཐེ་ཚོམ་མེད་པ་སྟེ། གཉུག་མའི་ཤེས་པར་གྱུར་བརྟགས་པ་ཉིད་ལ་འབྲས་བུ་ཡང་དེ་ཁོ་ན་ཉིད་ཡིན་པའི་ཕྱིར། བསྐལ་པ་དུ་མ་ལ་རག་མ་ལས་པས་མགྱོགས་པ་ཆེན་པོ་ཐ་དད་པ་མ་ཡིན་ཏེ། ཉེ་བར་ལེན་པའི་རྒྱུ་ནི་འབྲས་བུ་དང་རྗེས་སུ་མཐུན་པར་དགོས་པ་ལས་འདིར་མི་ལྡན་པའི་ཕྱིར་རོ། །རྒྱུ་དང་འབྲས་བུར་མ་གྲུབ་ཕྱིར། །བྱང་ཆུབ་མེད་ཅིང་བསྒོམ་པ་མེད། །ཅེས་གསུངས་པས་སོ། །རྫུ་འཕྲུལ་ཆེན་པོ་འདྲ་བས་འདྲ་བ་མཚོན་པར་ནུས་པ་སྟེ། དེ་ཡང་དངོས་མ་ཡིན་པ་ཉིད་དོ། །དེ་བས་ན་མེ་ལོང་གི་ནང་དུ་བྱེད་ཀྱི་གཟུགས་བརྙན་འབྱུང་བ་དེ་བྱེད་དུ་མི་འགྱུར་པ་དང་འདྲའོ་ཞེས་གསུངས་སོ། །གཞན་དག་ལ་ཁྱད་པར་ནི་དཔེ་དོན་དེ་དག་ཡོད་པ་མ་ཡིན་ཏེ། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས། །ཆོས་ཀྱི་ཕྱག་རྒྱ་རྣམ་པར་བསྒོམ། །དེ་ཡི་སྟེང་དུ་ཕྱག་རྒྱ་ཆེ། །གང་ལས་དམ་ཚིག་འབྱུང་བའོ། །ཞེས་བཤད་པ་ཡང༌། དེ་ལྟ་ན་ནི་རྣལ་འབྱོར་པའི། །ཉམས་སུ་མྱོང་བ་སྐྱེ་མི་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ཚད་མར་དབྱེ་བ་ཡང་བརྒྱལ་དུལ་བའི་སེམས་ཀྱི་མཚོན་ཆ་མངོན་སུམ་དུ་བྱས་ན་ནི། ཚེ་འདི་ཉིད་ལ་སངས་རྒྱས་སམ་རྡོ་རྗེ་སེམས་དཔའ་ཉིད་ཀྱང་འཐོབ་ལ་སེམས་ཅན་གང་གིས་མཚོན་བྱ་ཇི་ལྟར་བསྟན་པ་བཞིན་མཚོན་ནམ་བསྟན་པ་ཙམ་གྱིས་བསམ་གྱིས་མི་ཁྱབ་པའི་གནས་མ་རྙེད་ཀྱི་བར་དུ་མཐོ་རིས་དག་ཏུ་བདེ་བླག་ཏུ་འགྱུར་རོ་ཞེས་གསུངས་པས་ན་ཆེར་གྲགས་ཞེས་བྱའོ། །སྟོབས་ཆེན་པོ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་སྟེ། རྟོགས་པ་དང་མ་རྟོགས་པའི་ཁྱད་པར་གྱི་ཕ་རོལ་གནོན་པ་སྟེ། བདག་ཉིད་གཅིག་པུ་ཤེས་པར་བྱའོ། །སྲིད་པའི་རི་ལ་
སོགས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སུ་བཤད་པར་བྱ་སྟེ། སངས་རྒྱས་དང་སེམས་ཅན་རྒྱུ་གཅིག་པ་དང༌། རྟོགས་ཤིང་མྱོང་ནས་རྒྱུད་ལ་གོམས་པར་བྱ་བ་དང༌། བག་ཆགས་གཅིག་བཅད་པས་གཅོད་པ་དང༌། གཉིས་སུ་ཞེན་པས་གཉིས་མེད་དུ་རྟོགས་པའོ། །དེ་ཡང་སྲིད་པ་ནི་མ་རིག་པ་སྟེ། རི་བོ་ཆེན་པོ་ནི་ཁམས་གསུམ་པའོ། །འཇོམས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་འདིར་རིག་པའོ། །མཁྲེགས་ཤིང་ཞེས་བྱ་བ་ནི། །རྡོ་རྗེ་ཆེན་པོའི་མཚན་ཉིད་དེ། །སྙིང་པོ་བརྟན་ཞིང་ཁང་སྟོང་མེད། །མི་ཆོད་མི་ཕྱེད་མཚན་ཉིད་ཅན། །མི་ཤིགས་པ་ནི་མི་ཉམས་པས། །སྟོང་པ་རྡོ་རྗེ་ཞེས་བཤད་དོ། །ཞེས་གསུངས་པས་སོ། །འཆང་བ་ནི་བདེ་བ་དང་ཐ་མི་དད་པ་སྟེ། འབྲས་བུ་ཐམས་ཅད་པ་ཉིད་ཀྱི་བར་དུའོ། །དྲག་པོ་ཆེན་པོ་ནི་རྙེད་པར་གྱུར་པའོ། །དྲག་ཤུལ་ཆེ་ཞེས་པ་ནི་བག་ཆགས་ཐམས་ཅད་ཀྱི་ཡེ་ཤེས་ངོ་བོར་མཁྱེན་ནས་གཉེན་པོ་མེད་པ་སྟེ། དེ་བས་ན། བསོད་ནམས་སྡིག་པ་དག་དང་འབྲལ་མེད་པ། །ཞེས་གསུངས་སོ། །འཇིགས་པ་ཆེན་པོ་ནི་གཟུང་བ་དང་འཛིན་པ་སྟེ། དེ་ཡང་འཇིགས་པར་བྱེད་པ་ནི་དུས་གསུམ་གྱི་ཆ་དང་བྲལ་བའི་ཡེ་ཤེས་སོ། །མགོན་པོ་རིགས་མཆོག་ལ་སོགས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་བཤད་པར་བྱ་སྟེ། རིགས་གཅིག་ཏུ་ནན་ཏན་བྱ་བ་དང༌། བླ་མས་བསྟན་པའི་དོན་དང༌། དེ་ཉིད་ལམ་དུ་བྱ་བ་དང་རང་དང་གཞན་གྱི་དོན་དུ་ཕུན་སུམ་ཚོགས་པ་ལ་ནན་ཏན་དུ་བྱ་།དེ་ཡང་མགོན་པོ་ནི་སངས་རྒྱས་སོ། །རིགས་མཆོག་ནི་ལྔའོ། །ཆེན་པོ་སྟེ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་རིགས་སོ། །བླ་མ་གསང་སྔགས་ནི་བླ་མས་བསྟན་པ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་དེ། ཆོས་ཐམས་ཅད་ལ་རབ་ཏུ་མི་གནས་པའི་ཟུང་འཇུག་ནི་ཆེ་བའི་མཆོག་གོ །དེ་ཉིད་ལམ་དུ་བྱེད་པ་ནི་ཚུལ་ལ་གནས་པའོ། །དེ་ཇི་ལྟ་བུར་འགྱུར་ཞེ་ན། རང་དང་གཞན་གྱི་ཕུན་སུམ་ཚོགས་པ་སྟེ། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་བྱའོ། །དོན་མཆོག་མ་ཡིན་པར་བསྟན་པ་ཡང༌། གཞན་དོན་ཕུན་ཚོགས་སངས་རྒྱས་ཀྱི་འབྲས་བུ་གཙོ་བོར་བཤད་པ་སྟེ། སངས་རྒྱས་ལ་སོགས་གོ་འཕང་གཞན། །དེས་ན་དོན་དེ་འབྲས་བུར་
བརྗོད། །ཅེས་གསུངས་སོ། །མ་ནིང་གི་ཡི་གེ་ནི། སྡུད་པར་བྱེད་པ་ཉིད་ཀྱིས་ལྕགས་ཀྱུ་ལ་སོགས་པའི་རྣམ་པར་དག་པ་སྟེ། ཡེ་ཤེས་མཐར་ཐུག་པ་མཚོན་པའི་ཕྱིར་རོ། །སངས་རྒྱས་ལ་སོགས་པ་རྒྱུད་ཉིད་དུ་བཤད་པར་བྱ་སྟེ། །སངས་རྒྱས་ནི་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་བདག་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས་སོ། །རྣམ་པར་སྣང་བ་ནི་ལོངས་སྤྱོད་རྫོགས་པའི་འཁོར་ལོས་སྒྱུར་བའོ། །མཛད་པ་ནི་སེམས་ཅན་གྱི་དོན་དུ་སྤྲུལ་པའི་སྐུའོ། །དབྱེར་མི་ཕྱེད་པ་ནི་ཆེ་བ་སྟེ། རང་བཞིན་ཉིད་ཀྱིས་གནས་པའི་ངོ་བོ་ཉིད་ཀྱི་སྐུའོ། །ཐུབ་བ་ཆེན་པོ་ནི་ཡོན་ཏན་བརྗོད་ཀྱིས་མི་ལང་བ་དང་ལྡན་པའོ། །གང་གིས་མཐུ་དང་ལྡན་ཞེ་ན། ཐུབ་ཆེན་ལྡན་ཞེས་བྱ་སྟེ། དུས་རྟག་ཏུ་མཉམ་པར་གཞག་པ་དང་ལྡན་པས་སོ། །འབྲས་བུ་དེ་དང་ཉེ་བར་གྱུར་པ་ནི་གསང་སྔགས་ཀྱི་ཚུལ་ཆེན་པོ་སྟེ། དེ་ཡང༌། ཕྱི་རོལ་ནང་དང་གནས་འདི་ཀུན། །ཡང་དག་ཏུ་ནི་རང་བཞིན་མེད། །གཅིག་དང་དུ་མའི་རང་བཞིན་ནོ། །བྲལ་བའི་ཕྱིར་ནི་གཟུགས་བརྙན་བཞིན། །ཞེས་གསུངས་པ་ནི། མངོན་པར་ཞེན་པ་དང་བྲལ་བའི་གཟུགས་བརྙན་ཙམ་མམ། འདི་ནི་གཟུགས་བརྙན་ནོ་ཞེས་བརྟགས་པ་ཙམ་ཡང་བྲལ་བ་ནི་མཐའ་བཞིས་དབེན་པའི་དབུ་མ་ཆེན་པོའོ། །དེ་ཉིད་ལ་ཡང་གསུངས་པ། སྣ་ཚོགས་རྟག་པ་མ་ཡིན་ཞིང༌། །ཆད་པར་ཡང་ནི་ཁས་མི་ལེན། །རྟག་དང་ཆད་པ་གཉི་ག་མེད། །གཉི་ག་ཡིན་པ་མ་ཡིན་པ། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ནི་དབུ་མ་པ་ཡི་རིགས། །ཞེས་གསུངས་སོ། །རིག་པ་རྫས་ཡང་དག་ཏུ་འདོད་པ་དང་བཅས་པ་མ་ཡིན་ཏེ། དཔེར་ན་ཤིང་སྣ་ཚོགས་པ་ལས་མེ་བྱུང་བའི་དུས་ན་མེ་ལྕེ་གཅིག་ཏུ་གནས་སོ། །ཤིང་ཟད་པའི་དུས་ན་མེ་དེ་ཉིད་གནས་པ་བཞིན་དུ་མིང་དུ་བཏགས་པ་དང་བློ་ཡིས་བརྟགས་པ་སྣ་ཚོགས་པ་ལ་སྐྱེ་བ་མེད་པའི་མེ་ལྕེ་གཅིག་ཏུ་གྱུར་ནས་གང་གཞན་གྱི་སྒྲོ་འདོགས་ཟད་པ་དེའི་ཚེ། སྐྱེ་བ་མེད་པ་ཙམ་ཡང་མི་གནས་པ་སྟེ་ཁོ་བོ་ནི་འདོད་པས་སྟོང་པའི་ཕྱིར། དེ་ཡང་སེམས་རང་གི་སྐལ་བར་བྱ་བའི་ཕྱིར། སློབ་དཔོན་གསང་བ་ཤེས་རབ་དང༌། །དེ་ནས་དེ་ལྟར་ཡང་བཞི་པ། །ཞེས་གསུངས་པ་ཉིད་ཀྱིས། ཕྱིའི་ཚུལ་
ལ་འཇུག་པའི་སྦྱོར་བ་ནི་མ་ཡིན་ཏེ། །དབང་བསྐུར་བཞི་ཡི་གྲངས་ཀྱིས་ནི། །དགའ་བ་ལ་སོགས་རིམ་ཞེས་བྱ། །ཞེས་གསུངས་པ་ཉིད་ཀྱིས་ནང་གི་བདག་ཉིད་ཅན་དུ་བྱ་བའི་ཐ་ཚིག་སྟེ། གཞན་དུ་རྒྱས་པར་བསྟན་པས་འདིར་གྱ་ཆེར་མ་སྤྲོས་སོ། །འོན་ཀྱང་ཅུང་ཟད་ཙམ་ཞིག་བསྟན་པར་བྱ་སྟེ། དང་པོར་དགའ་བ་ཙམ་ཉིད་དེ། མཆོག་ཏུ་དགའ་བ་དེ་ལས་ལྷག །དགའ་བྲལ་དགའ་བ་གསུམ་པ་སྟེ། །བཞི་པ་ལྷན་ཅིག་སྐྱེས་པ་བརྗོད། །ཅེས་གསུངས་པས་གསུམ་པས་མཚོན་པའི་གཞི་པ་བསྟན་པའོ། །མཚོན་པར་བྱེད་པ་དགའ་བྲལ་ནི་མ་ཡིན་ཏེ། དང་པོ་དགའ་བ་འགྲོ་བའི་ཚུལ། །དེ་བཞིན་མཆོག་དགའ་འགྲོ་བ་ཉིད། །དགའ་བྲལ་དགའ་བ་འགྲོ་བ་སྟེ། །གསུམ་པ་ལྷན་ཅིག་སྐྱེས་མེད་དོ། །ཞེས་གསུངས་པས་སོ། །དེ་དག་ཏུ་ཇི་ལྟར་རིམ་པའི་ཚུལ་ནི། །དེ་ལྟར་སློབ་མའི་སྤྱོད་ཡུལ་དུ། །རོ་གཅིག་པར་ཡང་བྱ་བ་ཉིད། །རང་རིག་ཡེ་ཤེས་གྱུར་པ་ནི། །རང་བཞིན་རིག་པ་སྤངས་པ་ཡིན། །མཁའ་མཉམ་རྡུལ་བྲལ་སྟོང་པ་སྟེ། །དངོས་དང་དངོས་མེད་བདག་ཉིད་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞི་བའི་བདེ་བ་རྙེད་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་ཡེ་ཤེས་བརྟན་པར་བྱེད་པ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་པར་གྱིས། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །མ་བྱིན་པར་ཡང་བླང་པར་བྱ། །མི་ཚངས་པར་ཡང་སྤྱད་པར་བྱ། །བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །ཞེས་གསུངས་པ་ནི། ཤེས་པའི་གནས་སྐབས་ཀྱིས་ཤེས་པར་བྱའོ། །དེ་ལས་གཞན་པ་ཡང༌། ཤ་ཆེན་དམ་ཚིག་མཆོག་གིས་ནི། །རྡོ་རྗེ་གསུམ་མཆོག་བསྒྲུབ་པར་བྱ། །བཤང་གཅིའི་དམ་ཚིག་མཆོག་གིས་ནི། །རིག་པ་འཛིན་པའི་གཙོ་བོར་འགྱུར། །གླང་པོའི་ཤ་ཡི་དམ་ཚིག་གིས། །མངོན་ཤེས་ལྔ་ཡང་ཐོབ་པར་འགྱུར། །རྟ་ཤ་དག་གི་དམ་ཚིག་གིས། །མི་སྣང་བ་ཡི་བདག་པོར་འགྱུར། །ཁྱི་ཤ་དག་གིས་དམ་ཚིག་གིས། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །བ་ལང་ཤ་ཡི་དམ་ཚིག་གིས། །རྡོ་རྗེ་དགུག་པ་མཆོག་ཏུ་འགྱུར། །ཞེས་བྱ་བ་ལ་སོགས་པ་སྤྱད་པར་བྱའོ། །གལ་ཏེ་རྙེད་པར་དཀའ་བ་དང༌། །ལས་དང་པོ་པར་གྱུར་པ་ན། །ཤ་རྣམས་ཐམས་ཅད་མེད་ན་ཡང༌། །ཐམས་ཅད་བསམ་པ་རྣམ་
པར་དག །ཅེས་བསམ་པའི་སྟོབས་ཀྱིས་སྤྱད་པར་བྱའོ། །གཞན། འགྲུབ་པའི་ཐབས་ནི་འགྱུར་ཕྱིར་དང༌། །ནོར་ལ་སོགས་པ་བསྒྲུབ་ཕྱིར་དང༌། །སེམས་ཅན་དོན་དུ་དེ་ཉིད་བཅས། །བརྟུལ་ཞུགས་ཞལ་གྱིས་བཞེས་པ་ཡིན། །ཞེས་པས་དྲོད་དང་འབྲེལ་པར་སྤྱད་པར་བྱའོ། །གཞན་ཡང༌། །གང་གིས་ཤེས་ན་མིང་པོ་སྟེ། །སྲིད་མོ་ཡང་ནི་ཐེ་ཚོམ་མེད། །ཅེས་པས་བརྡ་དང་མཚན་མས་ཤེས་པར་བྱས་ལ། །གནས་ལ་སོགས་པ་ཕྱི་ནང་དུ་སྦྱར་བ་དང༌། སྐྱེ་བ་བདུན་པའི་བསྒྲུབ་པ་བརྩམ་པར་བྱའོ། །དེ་དག་ཐམས་ཅད་ཀྱི་བྱེད་པ་པོར་གྱུར་པ་ནི་བླ་མ་རྡོ་རྗེ་འཛིན་པས་མཉེས་པར་བྱའོ། །དེ་ལྟ་བུའི་རྒྱུད་སྦྱང་ཞིང་གྲོལ་བར་བྱ་བ་ནི། །རིམ་པ་གཉིས་ཀྱི་ཁྱད་པར་ཏེ། །དེ་ཡང་བསྐྱེད་པའི་རིམ་པ་དང༌། །རྫོགས་པ་ཡི་ནི་རིམ་པ་གཉིས། །རིམ་པ་གཉིས་ལ་བརྟེན་ནས་ནི། །རྡོ་རྗེ་འཆང་གིས་ཆོས་སྟོན་ཏོ། །ཞེས་གསུངས་པའི་ཕྱིར། ལས་དང་པོ་པ་རྣམས་ཀྱིས་བསྐྱེད་པའི་རིམ་པའོ། །རྣལ་འབྱོར་བས་བསྒོམ་པར་བྱ་བ་སྟེ། །དེ་ཡང༌། བསྐྱེད་པའི་རིམ་པའི་ངོ་བོ་ཉིད། །དང་པོར་རེ་ཞིག་ཤེས་བྱས་ལ། །ཞེས་གསུངས་པ་ཉིད་ཀྱིས་རེ་ཞིག་པའི་རྣལ་འབྱོར་ལ་གནས་པར་བྱའོ། །དེ་དག་གིས་སྦྱོར་བར་འགྱུར་བ་ཡང༌། །གཟུགས་སོགས་ཡུལ་ནི་གཞན་དག་ཀྱང༌། །རྣལ་འབྱོར་པ་ལ་གང་སྣང་བ། །དེ་ཀུན་དག་པའི་རང་བཞིན་ཏེ། །འགྲོ་བ་སངས་རྒྱས་རང་བཞིན་ཉིད། །ཅེས་གསུངས་པ་བསྒོམ་པར་བྱ་བ་ཁོ་ནའོ། །གཞན་ཡང་རྫོགས་པའི་རིམ་པ་ནི་དབང་པོ་མཆོག་གི་རྣལ་འབྱོར་གྱིས་བསྒོམ་པར་བྱ་སྟེ། དེ་ཡང༌། རྫོགས་པའི་རིམ་པའི་རྣལ་འབྱོར་གྱིས།། འབད་པ་ཐམས་ཅད་སྤང་བར་བྱ། །ཞེས་གསུངས་པས། །འབད་པ་མེད་པའི་རྣལ་འབྱོར་བསམ་གཏན་དུ་བྱའོ། །གཞན་ལ་ནི་སེམས་གཞག་པར་བྱ་བའི་ཕྱིར། རིན་ཆེན་ཆེན་པོའི་ཁ་དོག་ལྔ། །ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། རྣལ་འབྱོར་པ་ཡིས་རྟག་ཏུ་བསྒོམ། ཞེས་གསུངས་སོ། །དེ་ལ། །བརྟན་པ་ཅུང་ཞིག་ཐོབ་པ་ཡིས། །རང་བཞིན་གྱིས་འོད་གསལ་བ། །ཐམས་ཅད་མ་སྐྱེས་ཟག་པ་མེད། །བྱང་ཆུབ་མེད་ཅིང་མངོན་རྟོགས་མེད། ཅེས་གསུངས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་རྗེས་སུ་དྲན་པའི་མཆོད་པའོ། །
གཞན་ཡང༌། །ཐམས་ཅད་རང་བཞིན་འོད་གསལ་བ། །མཚན་མེད་མི་འགྱུར་ནམ་མཁའ་བཞིན། །གཉིས་མེད་གཉིས་སུ་མེད་མིན་བཞིན། །ཞེས་གསུངས་པས། །གོང་དུ་བཤད་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རྣལ་འབྱོར་དུ་བྱ་བའོ། །དེ་ཡང་ནང་གི་སྤྱོད་པ་ལ་མཉམ་པར་མ་བཞག་ན། ཡེ་ཤེས་ཆེན་པོ་ལས་སེམས་ཐོགས་པ་མེད་པར་མི་འགྱུར་པའི་ཕྱིར། །ཡིད་ཕམ་པར་འགྱུར་བའི་གནས་གསུངས་པ་ནི། །ས་ཕྱོགས་གཙང་ཞིང་རྣམ་པར་དབེན་པའམ། །རྒྱལ་ཉིད་སྐྱེ་ཞིང་ཞི་བའི་གནས་རྣམས་ཀུན། །བཤང་གཅི་ཁུ་བ་སོགས་པས་བྱུགས་བའམ། །རྒྱལ་བ་མཆོད་ཕྱིར་རྟག་པར་རབ་ཏུ་བྱ། །ཞེས་པས་ན། དང་པོ་པས་ཆད་དུ་བརྗོད་པའི་གནས་བར་དུ་གཅོད་པ་དང་བྲལ་བ། །འཚོ་བ་རྙེད་པར་སླ་བ་རྟག་ཏུ་མཆོད་པར་བྱ་བ་ནི། །བུད་མེད་སེམས་ནི་རབ་བརྟན་པ། །ལོ་གྲངས་བཅུ་གཉིས་ལོ་རྙེད་པ། །རིགས་ཀྱི་སྦྱོར་བ་རབ་བསྒོམས་ཏེ། །བདག་གི་ཁུ་བས་མཆོད་པར་བྱ། །ཞེས་གསུངས་པའི་དོན་ནི། །དབང་པོ་གཉིས་ནི་མཉམ་གཞག་སྟེ། །མཁས་པས་རང་གི་ཁུ་བདག །རྣལ་འབྱོར་བས་ནི་རྟག་ཏུ་དབྱུང༌། །དཀྱིལ་འཁོར་དཀྱིལ་འཁོར་ཚུལ་དུ་བྱ། །ཞེས་གསུངས་པས། །དེ་ལ་དངོས་གྲུབ་ཏུ་འགྱུར་པ་ནི། དབང་པོ་གཉིས་ནི་མཉམ་སྦྱོར་བས། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་པ་དང༌། །སྐྱེ་བ་མེད་པའི་ཡིད་ངལ་སོས་པའི་བདེ་བས་ནི་ཐམས་ཅད་སྤྱད་པར་བྱ་བ་ཁོ་ན་སྟེ། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཇི་ལྟར་འདོད་པ་བསྟེན་ན་ནི། །འདི་ལྟ་བུ་ཡི་སྦྱོར་བ་ཡིས། །བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར། །ཞེས་བྱ་བ་འདིས་ནི་རྟེན་གྱི་སྐྱེ་འཇིག་མེད་པའི་རྣལ་འབྱོར་དུ་འགྱུར་རོ། །གཞན་ཡང་རིམ་པ་གཉིས་ཀྱི་གནས་སྐབས་འགའ་ལ་ཡང་བདག་དང་གཞན་གྱི་དོན་དུ་དངོས་གྲུབ་སྒྲུབ་པ་དང༌། ཞི་བ་ལ་སོགས་པའི་ལས་སྣ་ཚོགས་པ་ནི་རྫས་འབའ་ཞིག་གིས་འབྱུང་བ་དང་བསམ་གཏན་ཙམ་གྱིས་འགྲུབ་པ་དང༌། སྔགས་དང་ལྡན་པས་འགྲུབ་པ་དང༌། དེ་ཡང་འཁྲུལ་འཁོར་དང་ལྡན་པས་འགྲུབ་པ་སྟེ། དེ་བས་ན། བྱང་ཆུབ་མེད་པར་དགེ་མི་འཇུག །ཅེས་གསུངས་པས། འགྲོ་བའི་དོན་དུ་དོན་ཆེན་པོ་ལ་དམིགས་པར་བྱ་པ་སྟེ། དེ་ལས་འབྱུང་བ་ནི་
འབྲས་བུའོ། །དེ་ལྟར་གསང་སྔགས་ཀྱི་ཚུལ་ཆེན་པོའི་བདག་ཉིད་ཅན་ནི་དམན་པའི་གང་ཟག་གིས་མི་འགྲུབ་སྟེ། དེ་ཡང༌། །ཐོས་པ་ཆུང་ཞིང་ང་རྒྱལ་ལྡན། །སྦ་བ་མེད་པར་མང་དུ་སྨྲ། །རྗེས་སུ་གཟུང་བར་མི་ནུས་པ། ཙནྡན་ཞེས་བྱ་བའི་གང་ཟག་གོ །ཞེས་བྱ་བ་ལ་སོགས་པ་ནི་མ་ཡིན་ཏེ། །དེ་ཡང་གང་ལ་བཤད་པར་བྱ་བ་ནི། །རྫོགས་པའི་རིམ་པའི་སྐལ་ལྡན་ཞིང༌། །རྟག་ཏུ་སྤྱོད་པས་རྣམ་བརྒྱན་པ། །དེ་ནི་རིན་ཆེན་གང་ཟག་སྟེ། །སློབ་མ་ལ་བཤད་སྣོད་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟ་བུའི་གང་ཟག་ནི་ཁྱུ་མཆོག་དང་མཚུངས་པ་སྟེ། མངོན་པར་རྙེད་པའི་དོན་དུ་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཐམས་ཅད་རྫོགས་པར་བཤད་པར་བྱ་སྟེ། །བཅུ་ནི་སྦྱིན་པ་ལ་སོགས་པ་ལ་བྱ་ལ། །དེ་ཡང༌། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་དང་ནི་ཤེས་རབ་ཐབས། །སྟོབས་དང་སྨོན་ལམ་ཡེ་ཤེས་དང༌། །འདི་དག་ཕ་རོལ་ཕྱིན་བཅུར་འདོད། །ཅེས་གསུངས་པས་ཁོ་བོ་སངས་རྒྱས་ཀྱི་གསུང་གི་སྡོམ་པ་ལས་མ་རྨོངས་པར་བྱ་བའི་ཕྱིར་རབ་ཏུ་དབྱེ་བར་བྱས་ཏེ། ཟང་ཟིང་དང༌། སྐྱབས་དང༌། ཆོས་ཀྱི་སྦྱིན་པའོ། །སྡོམ་པ་དང༌། དགེ་བ་ཆོས་སྡུད་པ་དང༌། སེམས་ཅན་དོན་བྱེད་པ་ནི་ཚུལ་ཁྲིམས་སོ། །སྡུག་བསྔལ་དང་དུ་ལེན་པ་དང༌། གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དང༌། ཟབ་མོའི་ཆོས་ལ་བཟོད་པའི། །གོ་ཆ་དང༌། སྦྱོར་བ་དང་མཐར་ཕྱིན་པ་ནི་བརྩོན་འགྲུས་སོ། །ཡོན་ཏན་མོང་པར་གྲུབ་པ་དང༌། མི་གཡོ་བ་དང༌། སེམས་ཅན་གྱི་དོན་བྱེད་པ་ནི་བསམ་གཏན་ནོ། །ཐོས་པ་དང་བསམ་པ་དང༌། བསྒོམ་པ་ནི་ཤེས་རབ་བོ། །རང་གི་སྐྱོན་མི་སྡུག་པ་དང༌། སེམས་ཅན་གྱི་དོན་བྱེད་པ་དང༌། མྱུར་དུ་བྱང་ཆུབ་པ་ནི་ཐབས་སོ། །རང་གི་ཚོགས་རྒྱུན་དུ་སོགས་པ་དང༌། དེ་སེམས་ཅན་གྱི་དོན་དང་འབྲེལ་བ་དང༌། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྨོན་པ་ནི་སྨོན་ལམ་མོ། །ལས་དང་ལས་ཀྱི་རྣམ་པར་སྨིན་པ་མི་འཇུག་པ་དང༌། ཉོན་མོངས་པ་མི་སྡུད་པ་དང༌། བདུད་དང་རྒོལ་བས་མི་ཚུགས་པ་ནི་སྟོབས་སོ། །རྟོག་པ་དང་མི་རྟོག་པ་མཉམ་པར་འབིགས་པ་དང༌། རོ་གཅིག་པ་དང༌། ཐམས་ཅད་ལས་མི་འདའ་བ་ནི་ཡེ་ཤེས་སོ། །ཐོབ་པ་ནི་
དེ་ཐམས་ཅད་ཤེས་རབ་ཀྱིས་ཟིན་པར་ཐུགས་སུ་ཆུད་པའོ། །སྟེ་ཞེས་པས་གཞན་སྡུད་པའོ། །བཅུ་ལ་གནས་པ་ནི་ལེགས་པར་སྦྱངས་པ་དང༌། བཅུ་གནས་པ་ཞེས་བྱ་བར་ཡང་སྦྱར་ཏེ། སྟོང་ཉིད་བསྒོམས་པས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་གསུངས་པའི་དོན་ཡིན་ནོ། །བཅུ་པ་དག་ནི་འཁོར་གསུམ་ཡོངས་སུ་དག་པའི་བསོད་བ་སྟེ། ལྡན་པ་ཡང་སྦྱར་བར་བྱའོ། །ཤེས་བཅུ་ནི་ཆོས་ཤེས་པ་དང༌། རྗེས་སུ་རྟོགས་པ་ཤེས་པ་དང༌། ཕ་རོལ་གྱི་སེམས་ཤེས་པ་དང༌། ཀུན་རྫོབ་ཤེས་པ་དང༌། སྡུག་བསྔལ་ཤེས་པ་དང༌། ཀུན་འབྱུང་ཤེས་པ་དང༌། འགོག་པ་ཤེས་པ་དང༌། ལམ་ཤེས་པ་དང༌། ཟད་པ་ཤེས་པ་དང༌། མིས་ཀྱེ་བ་ཤེས་པའོ། །རྣམ་པར་དག་པའི་བདག་ཉིད་ནི་ཤེས་པར་བྱས་ཤིང༌། དེ་ཉིད་དང་བྲལ་བས་དབུ་མར་འགྱུར་བའོ། །རྣམ་དག་འཆང་བ་པོ་ནི་སྤང་བྱ་དང་སྤོང་བྱེད་གཉིས་གཉིས་མེད་དུ་གྱུར་བའི་བདེ་བ་ཆེན་པོ་བརྙེས་པའོ། །རྣ་པ་བཅུ་པོ་ནི་འཇིག་རྟེན་པའི་ལྟ་བར་ཕལ་ཆེར་འགྱུར་བ་སྟེ། གཅིག་པུར་འཛིན་པ་དང༌། རྒྱུར་འཛིན་པ་དང༌། ཟ་བར་འཛིན་པ་དང༌། བྱེད་པ་པོ་འཛིན་པ་དང༌། རང་དབང་དུ་འཛིན་པ་དང༌། རྟག་པར་འཛིན་པ་དང༌། ཀུན་ནས་ཉོན་མོངས་པར་འཛིན་པ་དང༌། རྣམ་པར་བྱང་བར་འཛིན་པ་དང༌། རྣལ་འབྱོར་ཅན་དུ་འཛིན་པ་དང༌། མ་གྲོལ་བ་གྲོལ་བར་འཛིན་པའོ། །དོན་བཅུ་ཞེས་པ་ནི་འཛིན་པ་བཅུ་རྣ་པར་དག་བས་དེ་ཁོ་ན་ཉིད་བཅུར་འགྱུར་ལ། དེ་ཉིད་མིང་དང་བྲལ་བར་འགྱུར་བས་དོན་ཞེས་བྱ་བ་སྟེ། དེ་ཡང་རྩ་བའི་དེ་ཁོ་ན་ཉིད་དང༌། མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དང༌། ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་དང༌། འབྲས་བུའི་དེ་ཁོ་ན་ཉིད་དང༌། རྒྱུའི་དེ་ཁོ་ན་ཉིད་དང༌། རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཉིད་དང༌། བསྡུ་པའི་དེ་ཁོ་ན་ཉིད་དང༌། དབྱེ་བའི་དེ་ཁོ་ན་ཉིད་དང༌། མཁས་པའི་དེ་ཁོ་ན་ཉིད་དང༌། རགས་པ་དང་ཕྲ་བའི་དེ་ཁོ་ན་ཉིད་དོ། །ཐུབ་པའི་དབང་པོའི་དོན་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའོ། །སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་དང༌། བསམ་གཏན་དང་ཏིང་ངེ་འཛིན་མཁྱེན་པའི་སྟོབས་དང༌། རྣམ་པར་ཐར་པ་
པ་དང༌། སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བ་མཁྱེན་པའི་སྟོབས་དང༌། ལས་དང་ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང༌། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་འགྲོ་པའི་དོན་མཛད་པས་ན་ཁྱབ་པའི་སྟོབས་ཀྱི་བདག་ཅེས་བྱའོ། །དེ་དག་ལ་འཁོར་བའི་སྐྱོན་གྱིས་མ་གོས་པ་མ་ཡིན་ཏེ། རྣམ་བཅུ་དབང་ལྡན་ཞེས་བྱ་བ་ནི་དབང་རྣམ་པ་བཅུ་དང་ལྡན་པ་སྟེ། ཚེ་ལ་དབང་བ་དང༌། ལས་ལ་དབང་བ་དང༌། ཡོ་བྱད་ལ་དབང་བ་དང༌། མོས་པ་ལ་དབང་བ་དང༌། སྨོན་ལམ་ལ་དབང་བ་དང༌། རྫུ་འཕྲུལ་ལ་དབང་བ་དང༌། སྐྱེ་བ་ལ་དབང་བ་དང༌། ཆོས་ལ་དབང་བ་དང༌། སེམས་ལ་དབང་བ་དང༌། ཡེ་ཤེས་ལ་དབང་བའོ། །ཆེ་བ་པོ་ཞེས་བྱ་བ་ནི་དེ་ལྟར་ཐེག་པ་ཆེན་པོ་དང༌། ཐེག་པ་ཆུང་ངུ་དང༌། ཕྱི་རོལ་པ་དང༌། སངས་རྒྱས་ཀྱི་ཆེ་བ་ཐམས་ཅད་དང་ལྡན་པར་བསྟོད་པའོ། །ཐོག་མ་མེད་པ་ཞེས་བྱ་བ་ལ་སོགས་པས་ནི་བྱིན་རླབས་ཀྱི་རང་བཞིན་དུ་བཤད་པར་བྱ་སྟེ། རྒྱུས་སྟོང་བས་ན་ཐོག་མ་མེད་པའོ།། རྐྱེན་དང་བྲལ་བས་ན་སྤྲོས་མེད་བདག་ཅེས་བྱའོ། །དེ་བཞིན་ཉིད་བདག་ནི་མི་འགྱུར་བའི་ཡེ་ཤེས་སྣང་བ་མེད་པ་དེ་ཉིད་དོ། །དེ་ཡང༌། སྐུ་དང་གསུང་ཐུགས་རབ་ཏུ་དག །ནམ་མཁའ་དང་ནི་མཉམ་པ་ཉིད། །རྣ་པར་མི་འགྱུར་སྣང་བ་མེད། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་འདུད། །ཅེས་པ་གསུངས་པ་ཉིད་ཀྱིས་དག་པའི་བདག་ཉིད་དོ། །བདེན་པར་སྨྲ་ཞེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཟབ་མོ་དབང་པོ་མཆོག་ལས་གསུངས་པ་སྟེ། འདི་ལ་བསལ་བར་བྱ་བ་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་པ་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་པ་ལ་སོགས་པའོ། །ཞིང་ཞེས་པ་ནི་གང་དང་གང་འདུལ་བ་ལ་དེ་དང་དེའི་གཟུགས་ཀྱིས་རང་རང་གི་བསམ་པ་དང་རྗེས་སུ་མཐུན་པར་སྟོན་པའོ། །ཚིག་མི་འགྱུར་ཞེས་པ་ནི་ཇི་སྐད་སྨྲས་པ་དེ་བཞིན་དུ་མཛད་པ་སྟེ། ཆོས་ཐམས་ཅད་སྒྱུ་མ་
དང། སྨིག་རྒྱུ་དང༌། ཆུ་ཟླ་དང༌། བྲག་ཅ་དང༌། མིག་ཡོར་དང༌། སྤྲུལ་པ་ལྟ་བུར་མཁྱེན་ཅིང་གཞན་ལ་ཡང་སྟོན་པར་མཛད་པས། གཉིས་མེད་གཉིས་སུ་མེད་པར་སྟོན། །ཞེས་བྱའོ། །དེའི་རྒྱུས་ཡང་དག་པའི་མཐའ་ལ་རྣམ་པར་གནས་ཤིང༌། བྱིན་གྱི་རླབས་མངའ་ཡང་དེ་ཉིད་ཀྱི་མཐུར་རིག་པར་བྱའོ། །བདག་མེད་ཅེས་བྱ་བ་ནི་དབུགས་དབྱུང་བ་གཉིས་ཀྱིས་ལྟ་བ་གཉིས་མི་གནས་པ་སྟེ། དཔེར་ན་སེང་གེའི་སྒྲས་རི་དགས་ལ་སོགས་པ་ཐམས་ཅད་འཇིགས་པར་བྱེད་པ་ལྟར། བདག་མེད་པའི་སྒྲས་མུ་སྟེགས་ཀྱི་རྟག་ཆད་གཉིས་འཇིག་པར་བྱེད་དོ། །ཀུན་དུ་འགྲོ་བ་ནི་ཀུན་དུ་བཞུད་པའོ། །ཅི་མཛད་ཅེ་ན། དོན་ཡོད་པའི་སྟོབས་ཀྱིས་བཞུད་པའོ། །ཐམས་ཅད་དུ་མི་འབྱོན་པ་ཡང་མ་ཡིན་ཏེ། དེ་བཞིན་གཤེགས་པ་བཞུད་པ་ནི། དཔེར་ན་སྔོན་དུ་བགྲོད་པའི་ཡུལ་ཡིད་འཇུག་པ་ལྟར་མགྱོགས་པའོ། །ཐོག་མ་དང་བཅས་པ་མ་ཡིན་ཏེ། རྒྱལ་བ་ནི་འཁོར་བ་ལས་རྣམ་པར་རྒྱལ་བའོ། །བྱང་ཆུབ་སེམས་དཔའ་དང་མཚུངས་པ་མ་ཡིན་ཏེ། བདུད་བཞི་དང་ཉོན་མོངས་པའི་དགྲ་ལས་རྒྱལ་བའོ། །བྱང་ཆུབ་སེམས་དཔར་མཛད་པ་མ་ཡིན་ཏེ། རིགས་ཀྱི་འཁོར་ལོས་སྒྱུར་བས་ཆོས་སྟོན་པའོ། །འགལ་བར་དགོངས་པ་སྟོབས་པོ་ཆེ། །ཞེས་གསུངས་པ་སྟེ། སྤྲུལ་པ་དང་རང་རྒྱུད་ཀྱི་ཁྱད་པར་གྱིས་སོ། །དགོས་པ་རྣམ་པ་གཉིས་ལྟར་མ་ཡིན་ཏེ། གཅིག་གི་རང་བཞིན་གྱི་ནུས་པས་སྤྲུལ་བ་ཡིན། འདིར་རྟོགས་པ་དང་སྙིང་རྗེ་དང་སྨོན་ལམ་མངོན་དུ་གྱུར་པས་སྣང་བ་ཡིན་ནོ། །ཚོགས་ཞེས་བྱ་བ་ནི་འཕགས་པ་ཉོན་ཐོས་ཀྱི་དགེ་འདུན་དེའི་སློབ་དཔོན་དུ་གྱུར་པ་ནི་སྤྲུལ་པའི་སྐུའོ། །གཉིས་པ་ནི་རང་སངས་རྒྱས་ཀྱི་དགེ་འདུན་ཏེ། དེའི་བདག་པོ་ནི་འཁོར་ལོས་སྒྱུར་བའོ། །གསུམ་པ་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་ཏེ། དེའི་རྗེ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །བཞི་པ་ནི་དེ་བཞིན་གཤེགས་པ་སྟེ། དེའི་བདག་པོ་ནི་རྡོ་རྗེ་འཆང་ངོ༌། །དེ་དག་ཐམས་ཅད་ཀྱི་དབང་དང་ལྡན་པ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའོ། །ཁྱད་པར་བསྟན་པའི་དགོས་ཕ་ནི་མཐུ་ཆེན་པོ་དང་ལྡན་པའི་རྡོ་རྗེ་འཆང་གིས་སྣོད་དང་ལྡན་པའི་སློབ་མ་ནི་གཅེས་པ་སྟེ། དེ་འཛིན་པར་མཛད་པ་སྟེ། འདིར་ནི་གཞུང་ལུགས་ལ་ཡང་སྦྱར་བར་བྱའོ། །རྣམ་རྟོག་
མངའ་བ་མ་ཡིན་ཏེ། དཔེར་ན་དཔག་བསམ་ཤིང་ལ་རྣམ་པར་རྟོག་པ་མེད་ཀྱང་འདོད་ཡོན་མི་འདྲ་བར་འབྱུང་བའི་སོ་སོའི་བསམ་པའི་ཁྱད་པར་གྱིས་སོ། །དེ་བཞིན་དུ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་རྣམ་པར་རྟོག་པ་མི་མངའ་ཡང༌། སེམས་ཅན་གྱི་བསམ་པའི་སྟོབས་ཀྱིས་སྐུ་སྣ་ཚོགས་སུ་སྣང་བར་བགྱུར་རོ། །སྐྱོན་མེད་པ་མ་ཡིན་ཏེ། བློ་ཆུང་བ་རྣམས་ཟབ་མོ་ལ་འཇིགས་པ་དང༌། དངངས་པ་དང༌། སྐྲག་པ་དང༌། སྐྱི་གཡའ་བ་དང༌། སྐུར་པ་འདེབས་པ་དང༌། མི་འཇུག་ཅིང་གཞན་འཇུག་ཏུ་མི་སྟེར་བར་འགྱུར་བས་བསྟན་པར་མི་བྱའོ། །དེ་ཡང༌། ཆུང་ངུ་རྣམས་མི་བྲིད་པའི་ཕྱིར། །དེ་ཉིད་ཚོལ་བ་ཐོག་མ་ཡིན། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་མཚུངས་ཤིང་ཆགས་མེད་པ། །ཕྱིས་ནི་རྣམ་པར་བདེན་དོན་ཉིད། །ཅེས་གསུངས་སོ། །རློམ་སེམས་དང་བཅས་པ་མ་ཡིན་ཏེ། ཚུལ་དང་ཚུལ་ཆེན་པོ་འཆད་ཀྱང་གཞན་གྱིར་དྲིང་མི་འཇོག་གོ །ཡང་ན་མཆོག་ཏུ་གྱུར་བ་གཞན་མི་གནས་པའོ། །ཚིག་ཅེས་པ་ནི། ཨེ་ཝཾ་སྟེ་དེའི་རྗེ་བོ་ནི་བཅོམ་ལྡན་འདས་སོ། །གཉིས་པ་ནི་དབྱངས་དང་གསལ་བྱེད་དེའི་བདག་པོ་ནི་སྐུ་གཉིས་པའོ། །སྨྲ་བ་ནི་མིང་གི་ཚོགས་ཏེ། གཞུང་ལུགས་འཛིན་པས་ན་མཁས་པའོ། །ཚིག་ནི་གླེགས་བམ་གྱི་ཚིག་སྟེ་ལ་ཞེས་བས་དེ་ཉིད་གཞིར་བྱས་ལ། དབང་ནི་ཐབས་སྣ་ཚོགས་པ་སྟོན་པའོ། །ཚིག་ནི་འགྲོ་བ་མཐའ་ཡས་པའི་སྐད་ལ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་སྒྲོགས་པས་མཐའ་ཡས་སོ། །ཚིག་ནི་ཐེག་པ་ཆེན་པོར་གསུངས་ལ་བདེན་པར་སྨྲ་བ་ནི་བཤད་ཟིན་ཏོ། །སྟེ་ཞེས་པས་ཁྱབ་པར་སྟོན་པའོ། །དེ་ཡང་བརྟགས་པས་སྡུག་བསྔལ་གྱི་བདེན་པ་དང༌། རླུང་བཅུ་ཀུན་འབྱུང་གི་བདེན་པ་དང༌། སྒྱུ་མ་འགོག་པའི་བདེན་པ་དང༌། སྟོང་པ་ལམ་གྱི་བདེན་པའོ། །ཡང་ན་ལོག་པའི་ཀུན་རྫོབ་དང༌། ཡང་དག་པའི་ཀུན་རྫོབ་དང༌། རྣམ་གྲངས་པའི་དོན་དམ་པའི་བདེན་པ་དང། །རྣམ་གྲངས་མ་ཡིན་པའི་དོན་དམ་པའི་བདེན་པ་སྟོན་པའོ། །དེ་ལས་གཞན་པ་ནི་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་སྒོམ་པར་བྱ་བ་སྟོན་པའོ། །དེ་ལས་བྱུང་བའི་འབྲས་བུ་བཤད་པར་བྱ་སྟེ། ཕྱིར་མི་ལྡོག་པ་ཕྱིར་མི་འོང༌། །
ཞེས་པ་ནི་འབྲས་བུ་ཐོབ་པ་སྨོས་པས་རྒྱུ་ལ་ཞུགས་པ་ཤེས་པར་བྱ་སྟེ། ཉན་ཐོས་ཀྱི་ཐེག་པའི་འབྲས་བུའོ། །རང་རྒྱལ་བ་སེ་རུའི་ཚུལ་ཞེས་བྱ་བ་ནི་ཚོགས་ན་གནས་པ་ཡང་ཤེས་པར་བྱ་སྟེ། རང་སངས་རྒྱས་ཀྱི་འབྲས་བུའོ། །དེ་ཡང་ཁྱད་པར་ཇི་ལྟ་བུ་དང་ལྡན་ཞེ་ན། ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་སོ། །སྣ་ཚོགས་ནི་སོ་སོའི་སྒོའི་ཁྱད་པར་རོ། །སྤོང་བ་བདུན་དང་བཅུའོ། །དེ་ལས་འབྱུང་བ་ནི་དགེ་སློང་ལ་སོགས་པའི་ཡོན་ཏན་ནི་འབྱུང་བ་ས་ལ་སོགས་པའོ། །ཆེན་པོ་ནི་ནང་རྟེན་ཅིང་འབྲེལ་པར་འབྱུང་བའི་སྦྱོར་བའོ། །རྒྱུ་ནི་བྱེད་པ་པོ་སྟེ་གཅིག་པོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དེའི་ཁྱད་བར་ནི་བདེ་བ་ཆེན་པོ་རྙེད་པས་མཐའ་གཉིས་ལ་འཇིགས་པ་མེད་པ་ཐོབ་པའོ། །མངོན་ཞེན་གྱི་གདུང་བ་དང་བྲལ་བས། སྟོང་པ་དང༌། གསལ་བ་དང༌། བདེ་བ་ངང་གིས་འབྱུང་བས་དྲི་མས་མ་གོས་པ་ནི། གསལ་བར་འགྱུར་བས་རྙོག་པ་མེད་ཅེས་པ་སྟེ། ཐུན་མོང་མ་ཡིན་པའི་ཐེག་པ་ཆེན་པོའོ། །རིག་པ་དང་ནི་ཞེས་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའོ། །རྐང་པར་ལྡན་ཞེས་པ་ནི་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །དེ་ལས་བདེ་བར་གཤེགས་པ་ལ་སོགས་པའི་ཡོན་ཏན་འབྱུང་བ་ནི་ཐུན་མོང་གི་ཐེག་པ་ཆེན་པོ་སྟེ། དེ་ཐམས་ཅད་ཀྱི་སྟོན་པར་གྱུར་པའི་འདྲེན་པ་ཞེས་གསུངས་སོ། །བདག་གི་ལ་སོགས་པ་ནི་གཉིས་དང་བྲལ་བའོ། །བདེན་པ་ལ་སོགས་པ་ནི་གཉིས་སུ་མེད་པའོ། །འཁོར་བ་ལ་སོགས་པ་ནི་ཡོངས་སུ་དག་པའི་དྲི་མ་མེད་པའི་ཆའི་ཕུན་སུམ་ཚོགས་པའོ། །བྱ་བ་དང་བྲལ་བ་ནི་འབད་པ་དང་བྲལ་བའོ། །དེས་ཉོན་མོངས་པའི་འདམ་མི་གནས་པ་ནི་སྐམ་སར་གནས་ཞེས་བྱའོ། །ཡེ་ཤེས་འབའ་ཞིག་ལས་བྱུང་བ། །ཞེས་བྱ་བ་ནི་རྒྱུ་དང་ལམ་དང་འབྲས་བུ་ཐམས་ཅད་ལྷན་ཅིག་སྐྱེས་པ་སྟེ། དེས་གཟུགས་ལ་སོགས་པ་འཇོམས་པས་ཐམས་ཅད་དམ་པའི་ཆོས་སུ་འགྱུར་ཏེ། གཉུག་མ་འོད་གསལ་བའི་ཆོས་ཀྱི་རྒྱལ་པོ་དང་ལྡན་ནོ། །དེ་བས་ན་འཇིག་རྟེན་པ་ཐམས་ཅད་ལ་སྣང་བར་བྱེད་པ་ནི་མཆོག་རྒྱ་ཆེན་པོ་ཉིད་དོ། །ཁོ་བོ་ནི་མི་གནས་པའི་ས་བོན་ལས་མི་གནས་པའི་
འབྲས་བུར་འབྱུང་ཞེས་བརྟགས་པ་ལྟར་འདིར་ཡང་རྣལ་འབྱོར་གྱི་ཡེ་ཤེས་སུ་བྱ་བའི་ཕྱིར། ཆོས་ནི་སྣ་ཚོགས་ལ་ཆོས་ཀྱི་དབང་ཕྱུག་ནི་སེམས་སོ། །ཆོས་རྣམས་རིགས་བརྒྱད་ལ་མཆོག་གི་རྒྱལ་པོ་ནི་ལྷན་ཅིག་སྐྱེས་པ་སྟེ། དེ་ལེགས་པར་སངས་རྒྱས་ཀྱི་ལམ་སྟོན་པའི་ཕྱིར། ཐེ་ཚོམ་ལ་མི་གནས་སོ། །དོན་ནི་གཟུགས་ལ་སོགས་པ་སྟེ། གྲུབ་པ་ནི་རང་གི་ངོ་བོར་རོ། །བསམ་པ་ནི་མ་བཅོས་པ་སྟེ་གྲུབ་པ་ནི་བརྟགས་མི་གནས་པའོ། །རྣམ་པར་མི་རྟོག་པའི་དབྱིངས་ནི་བསྟན་པ་ཐོས་པ་དང་འཕེལ་བ་དང་འགྲིབ་པ་མེད་པས་མི་ཟད་པ་ཞེས་བྱའོ། །དེའི་ཕྱིར་ཟད་མི་ཤེས་ཞེས་གསུངས་ཏེ། རྒྱུན་ཆད་ལ་མི་གནས་སོ། །བསོད་ནམས་ལྡན་པ་ནི་རྡོ་རྗེ་སློབ་དཔོན་མཆོག་མ་ཡིན་ཏེ། བསོད་ནམས་ཀྱི་ཤུགས་ཀྱིས་བསྐྱེད་པའི་ཕྱག་རྒྱ་སྟེ། ཡེ་ཤེས་ནི་གཟུགས་བརྙན་གྱི་ལྷན་ཅིག་སྐྱེས་པ་བསྒོམས་པ་ལ་སོགས་པའོ། །ཡེ་ཤེས་ཁྱད་པར་ཆེ་ཞེས་བྱ་བ་ཡོངས་སུ་རྫོགས་པའི་རྣལ་འབྱོར་པ་སྟེ། ངོ་བོ་ཉིད་ཀྱི་རྣལ་འབྱོར་པ་ནི་ཡེ་ཤེས་ལྡན་པའོ། །དེ་ནི་དོགས་པ་མེད་པའི་བདེ་བ་དང༌། སྟོང་པ་ཉིད་ཆེན་པོ་གཉིས་ཟུང་འཇུག་ཏུ་ཐ་དད་པ་ཡོད་མེད་ཤེས་ཞེས་བྱའོ། །དེ་ལ་བློ་དང་རང་གི་བྱེ་བྲག་གིས་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལ་སྦྱར་བར་བྱ་སྟེ། སྤང་བྱ་དང་སྤོང་བྱེད་གཉིས་གཉིས་ལ་མི་གནས་ཞེས་བྱ་བ་དང༌། སྤང་བྱ་གཉིས་མེད་དང་སྤོང་བྱེད་གཉིས་མེད་ནི་གཉིས་སུ་མེད་པ་སྟེ། དེ་ཡང་མི་གནས་པ་ནི་ཚོགས་གཉིས་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །རྣལ་འབྱོར་ཅན་ཞེས་པ་ནི་བདེན་པ་ཡང་བྲལ་བའི་མི་གནས་པའོ། །བསམ་གཏན་ནི་རྩེ་གཅིག་པའོ། །བསམ་བྱ་ནི་བློ་སྟེ། དེ་རང་གི་ངོ་བོར་ལྡན་པས་མཆོག་ཅེས་བྱ་སྟེ། རང་བྱུང་བས་དུས་གསུམ་ལ་མི་གནས་སོ། །དེ་ཡང་རང་རིག་པའི་ངོ་བོར་གྶྟན་པའི་ཕྱིར། སོ་སོ་རང་རིག་ཅེས་པ་ནི་རྐྱེན་གཞན་ལ་རག་མ་ལས་པའོ། །མི་གཡོ་བ་ནི་མི་བསྐྱོད་པ་སྟེ། གཉིས་མེད་གཉིས་ལ་མི་བསྐྱོད་པ་དང༌། གཉིས་ཀྱིས་གཉིས་མེད་མི་བསྐྱོད་པ་སྟེ། །འཁྲུལ་པ་དང་མ་འཁྲུལ་པའི་བྱེ་བྲག་གིས་སོ། །དེ་ཉིད་ནི་དཔལ་མཆོག་དང་པོའི་སྐྱེས་བུ་སྟེ། བཅོམ་ལྡན་འདས་སོ། །དང་པོ་ཞེས་པ་ནི་ཟླ་བ་ཚེས་གཅིག་པ་ལྟ་བུ་སྟེ། འཇམ་དཔལ་ཡེ་ཤེས་སེམས་
དཔའ་དང་པོའོ། །སྐུ་གསུམ་ལ་སོགས་བ་ནི་དེ་ཉིད་ལ་ཐམས་ཅད་མངའ་བའོ། །ཅོད་པན་ཞེས་པ་ནི་དཀྱིལ་འཁོར་པ་ཐམས་ཅད་དོ། །སྐྱེད་པ་པོ་ཞེས་པ་ནི་ཐམས་ཅད་ཀྱི་བྱེད་པ་པོའོ། །སྲས་པོ་ཞེས་བྱ་བ་ནི་རྒྱལ་པོའི་ཕྲུ་གུ་ལྟ་བུ་སྟེ། མངོན་སུམ་དུ་མ་གྱུར་པ་ལ་དགོངས་པའོ། །དམ་པའི་མཆོག་ཅེས་པ་ནི་སྲས་ལ་ཁྱད་པར་དུ་གྱུར་པའོ། །སྐྱེ་གནས་ཀྱི་རྙོག་པ་ཅན་མ་ཡིན་ཏེ། ཤེས་པ་སྲིད་པ་གསུམ་དུ་འབྱུང་ལ། སྲིད་གསུམ་སྐྱེ་བ་མེད་པའི་སེམས་ཀྱི་རང་བཞིན་དུ་རིག་པས་སྐྱེ་གནས་མེད་པའོ། །དངོས་པོའི་རྙོག་པ་ཅན་མ་ཡིན་ཏེ། ཆོས་ནི་གཟུགས་ལ་སོགས་པའོ། །དེ་ལས་འབྱུང་བ་ནི་སྲིད་པ་གསུམ་མོ། །དེ་རྟེན་འབྲེལ་ལས་སྐྱེས་པའི་སྦྱོར་བའི་རང་བཞིན་མེད་པ་ནི་སེལ་ཞེས་བྱའོ། །དུ་མའི་རྙོག་པ་ཅན་མ་ཡིན་ཏེ། གཅིག་བུ་ཞེས་བྱ་བའི་དོན་བཤད་ཟིན་ཏོ། །ལམ་གྱི་རྙོག་པ་ཅན་མ་ཡིན་ཏེ། སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ཅེས་བྱ་བའི་དོན་ནི། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བུ་བཞིན་དུ་ཆོས་ཐམས་ཅད་ཀྱི་བདག་པོར་གྱུར་པས་སོ། །བཅོས་མའི་རྙོག་པ་ཅན་མ་ཡིན་ཏེ། ནམ་མཁའ་ལས་བྱུང་ཞེས་བྱ་བ་ནི་རྒྱུ་ལས་མ་སྐྱེས་པ་སྟེ། རྐྱེན་ལ་རག་མ་ལས་པར་རང་འབྱུང་བའོ། །བཏང་སྙོམས་ཀྱི་རྙོག་པ་ཅན་མ་ཡིན་ཏེ། དཔེར་ན་མེས་བསྲེགས་ཤིང་གསལ་བར་བྱེད་པ་ལྟར། འདིར་ཡང་མི་བོ་ཆེ་ཞེས་པ་ནི། མུན་པ་ལ་ནི་མར་མེ་བཞིན། །ཞེས་བྱ་བ་སྟེ་བཤད་ཟིན་ཏོ། །དངོས་པོའི་རྙོག་པ་ཅན་མ་ཡིན་ཏེ། འོད་ཆེན་ལ་སོགས་པའོ། །མ་རིག་པའི་རྙོག་པ་ཅན་མ་ཡིན་ཏེ། ཡེ་ཤེས་སྐར་མ་ལམ་མེ་བ། །ཞེས་བྱ་བ་ལ་རྩོད་གཞི་ཐེ་ཚོམ་མེད་པར་བྱེད་པའོ། །ཕྱོགས་ཀྱི་རྙོག་པ་ཅན་མ་ཡིན་ཏེ། འགྲོ་བའི་ལ་སོགས་པས་སོ། །གཟི་བརྗིད་ཆེན་པོ་ཞེས་བྱ་བ་ནི་ཡེ་ཤེས་ལྔར་དབྱེར་མི་ཕྱེད་པ་སྟེ། རང་བཞིན་གྱིས་འོད་གསལ་བས་བརྟགས་པའི་རྙོག་པ་ཐམས་ཅད་དང་བྲལ་བའོ། །ད་ནི་དེ་ཉིད་མྱ་ངན་ལས་འདས་པའི་འཁོར་ལོར་སྣང་བར་བཤད་པར་བྱ་སྟེ། སྔགས་མཆོག་ནི་ཡེ་ཤེས་ལ་གསུངས་ལ། མངའ་བདག་ནི་རིགས་ཐམས་ཅད་ཀྱིའོ། རིག་སྔགས་ལ་སོགས་པ་ནི་བཤད་ཟིན་ཏོ། །དེས་ཅི་མཛད་ཅེ་ན། འགྲོ་བ་ཀུན་དགའ་བར་བྱེད་པའི་སྙིང་རྗེའི་དམིགས་པ་དང་ལྡན་བས་སོ། །དྲང་སྲོང་ནི་རྒྱུན་
དག་བ་སྟེ་ཆེ་དགུ་ནི་དེ་བཞིན་གཤེགས་པ་ལ་སོགས་པས་སོ། །དེས་མཆོད་ཅིང་བརྗོད་པའི་གནས་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའོ་ཞེས་དགོངས་སོ། །དེ་ལ་རྣལ་འབྱོར་མཆོག་གི་མཆོད་བརྗོད་ཇི་ལྟར་བྱ་བའི་ཚུལ་བཤད་པར་བྱ་སྟེ། རིགས་གསུམ་ནི་སྐུ་གསུང་ཐུགས་འཆང་བ་ནི་གསང་བ་གསུམ་ཐ་མི་དད་པར་རོ། །གསང་སྔགས་ནི་ཐབས་དང་ཤེས་རབ་སྟེ། ནང་གི་བདག་ཉིད་དུ་ལྡན་པ་ལ་ཅན་ཞེས་བྱའོ། །དེ་ལ་ཡང༌། ལ་ལ་ཤེས་རབ་རང་བཞིན་ཏེ། །ར་ས་ཐབས་སུ་ཡང་དག་གནས། །ཨ་ཝ་དྡྷཱུ་ཏཱི་དབུས་ནས་སུ། །གཟུང་དང་འཛིན་པ་སྤངས་པའོ། །ཞེས་གསུངས་པས་སོ། །དམ་ཚིག་ཆེན་པོ་ནི་ལྷན་ཅིག་སྟེ། གསང་སྔགས་འཛིན་པ་ཡང་ཨེ་ཝཾ་གྱི་རྣམ་གྲངས་ཐམས་ཅད་ཐ་མི་དད་པའོ། །གཙོ་བོ་ནི་འཇིག་རྟེན་གྱི་སྐྱབས་སུ་གྱུར་པའོ། །དཀོན་མཆོག་གསུམ་འཛིན་པ་ནི་ནང་གི་དཀོན་མཆོག་གསུམ་སྟེ། དེ་ཡང༌། །སྟོང་པ་སྙིང་རྗེ་ཐ་དད་མེད། །སེམས་ནི་གང་དུ་རབ་བསྒོམ་པ། །དེ་ཉིད་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱི་ཡང་བསྟན་པའོ། །ཞེས་གསུངས་པའི་ཕྱིར་རོ། །ཐེག་པ་ཉན་ཐོས་ལ་སོགས་པ་སྟེ། དཀོན་མཆོག་གསུམ་ནི་རྣམ་དག་ཏུ་སྟོན་པའོ། །དོན་ཡོད་ཞགས་པ་ནི་རྣམ་པར་སྣང་མཛད་དོ། །རྣམ་པར་རྒྱལ་བ་ནི་རིན་ཆེན་འབྱུང་ལྡན་ནོ། །འཛིན་པ་ཆེན་པོ་ནི་མི་བསྐྱོད་པའོ། །རྡོ་རྗེ་ཞགས་པ་ནི་སྣང་བ་མཐའ་ཡས་སོ། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ་ནི་དོན་ཡོད་གྲུབ་པའོ། །རྡོ་རྗེ་ཆེན་པོ་ཞགས་པས་ནི་སེམས་ཅན་བསྐྱེད་པ་དང་དབང་བསྐུར་བའི་ཡེ་ཤེས་ཀྱིས་འཁོར་བ་ལས་རྒྱལ་བ་དང༌། དེ་ཁོ་ན་ཉིད་ཆེན་པོ་འཛིན་པ་དང། །སྙིང་རྗེའི་ཞགས་པས་འཁོར་བར་འཇུག་ཀྱང་སྐྱོན་གྱིས་མ་གོས་པ་དང༌། དམ་ཚིག་གི་ལྕགས་ཀྱུས་འགྲོ་བའི་དོན་དུ་ཕྲིན་ལས་མཛད་པའི་རིགས་ཀྱི་འཁོར་ལོ་བརྗོད་པ་སྟེ། དེ་དག་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བསྟོད་པའོ། །རྡོ་རྗེ་འཇིགས་བྱེད་ལ་སོགས་པའི་རྒྱུད་ནས་བཤད་པའི་བར་གྱིས་ཡོན་ཏན་གྱི་རྣམ་གྲངས་སུ་བཤད་པར་བྱ་སྟེ། དེ་ལ་རྡོ་རྗེ་འཇིགས་བྱེད་ནི་རྟགས་སོ། །གཉིས་པ་ནི་ཞེ་སྡང་ལ་སོགས་པ་དག་པར་བྱེད་པས་དོན་དེ་ཉིད་ཀྱི་རྒྱུད་ལས་སོ། །ཁྲོ་བོའི་རྒྱལ་པོ་ནི་མ་རྟོགས་པ་དང་རྟོགས་པའི་ཁྱད་པར་གྱིས་བདེ་བ་དང་སྡུག་བསྔལ་
གཅོད་པ་སྟེ། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ལས་སོ། །གདོང་དྲུག་ལ་སོགས་པ་ནི་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་གསུངས་སོ། །དེ་ཡང་སྐུ་དང༌། གསུང་དང༌། ཐུགས་དང༌། ཡེ་ཤེས་དང༌། དམ་ཚིག་དང༌། ཡོན་ཏན་གྱི་མཚན་ཉིད་ཀུན་རྫོབ་ཀྱི་ཐིག་ལེ་དང༌། དབྱངས་ཡིག་བཅུ་གཉིས་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། བསམ་གྱིས་མི་ཁྱབ་པ་དང༌། དམིགས་པ་མེད་པའི་སྙིང་རྗེ་དང༌། དེ་དང་ཐ་མི་དད་པའི་དམ་ཚིག་ནི་བདེ་བ་དང༌། དུས་ཀྱི་རླུང་ཟིན་པ་དང༌། ཟུང་དུ་འཇུག་པ་དང༌། ཐམས་ཅད་རོ་གཅིག་པ་དང༌། རེ་བ་མེད་པའི་སྨོན་ལམ་དང༌། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་མིག་གིས་བལྟས་ལ་ཟུང་རྔུ་མེད་པ་དང༌། རྒྱུན་མི་འཆད་པ་དང༌། སྒྲོ་མ་བཏགས་པ་དང༌། རང་ཉིད་འབྱུང་བ་དང༌། རེ་བ་མེད་པ་དང་སྒྲོ་འདོགས་ཆོད་པའི་ལག་ཏུ་ཐོགས་པས་ཕྱག་རྒྱ་ཆེན་པོའི་སྟོབས་དང་ལྡན་པའོ། །རིག་པ་མཆོག་གི་རྒྱུད་ལས་སོ། །ཀེང་རུས་ནི་སྙིང་པོ་མཚོན་པ་སྟེ། འཁོར་ལོ་བདེ་མཆོག་གི་རྒྱུད་ལས་སོ། །མཆེ་བ་གཙིགས་པ་ནི་བདུད་བཞི་བཅོམ་ནས་ཡེ་ཤེས་བཞི་སྣང་བར་གྱུར་པ་སྟེ། །རྡོ་རྗེ་གསང་ལུས་ཀྱི་རྒྱུད་ལས་སོ། །ཧ་ལ་ཧ་ལ་ནི་གཉིས་མེད་ཀྱི་བཅུད་ཀྱིས་འབིགས་པ་སྟེ། དོན་ཡོད་ཞགས་པའི་རྒྱུད་ལས་སོ། །གདོང་བརྒྱ་པ་ནི་གདུལ་བྱའི་རྣམ་རྟོག་དང་མཐུན་པར་འབྱུང་བས་རྒྱལ་བ་རྣམས་ནི་ཆོས་ཀྱི་སྐུ་ཡིན་ཏེ། རྡོ་རྗེ་ཐོད་པའི་རྒྱུད་ལས་སོ། །གཤིན་རྗེ་གཤེད་པོ་ནི་འཇིག་རྟེན་པ་དང༌། ཐེག་པ་དང༌། ཐེག་པ་ཆེན་པོ་ལ་གནས་བ་སྟེ། དེ་རྟགས་དང་ལམ་དང༌། རྣལ་འབྱོར་གྱི་འཇོམས་པ་ནི་གསང་བ་འདུས་པ་ལས་སོ། །བགེགས་ནི་ཉོན་མོངས་པ་དང༌། སྣང་བ་དང༌། རྣམ་བར་རྟོག་པ་དང༌། བདུད་དེ་དག་ལྷན་ཅིག་སྐྱེས་པ་དང༌། སྐྱེ་བ་མེད་པ་དང༌། གཉུག་མ་དང༌། དོན་གཅིག་པ་ཉིད་ཀྱིས་རྒྱལ་བ་ནི་རྣམ་པར་སྣད་མཛད། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་སོ། །རྡོ་རྗེ་ཤུགས་ཆེན་ནི་རྒྱུ་འབྲས་དབྱེར་མེད་པ་སྟེ། དམ་ཚིག་ཆེན་པོའི་རྒྱུད་ལས་སོ། །འཇིགས་པར་བྱེད་པ་ནི་རིགས་པའི་མཐུས་གཏི་མུག་ཉིད་དེ་བཞིན་ཉིད་དུ་གྱུར་པ་སྟེ། ཟླ་གསང་ཐིག་ལེའི་རྒྱུད་ལས་སོ། །རྡོ་རྗེ་གྲགས་པ་ནི་ཡེ་ཤེས་ཉིད་སྣ་ཚོགས་སུ་གྲགས་པ་སྟེ། གཉིས་མེད་རྣམ་པར་རྒྱལ་བའི་རྒྱུད་ལས་སོ།།
རྡོ་རྗེ་སྙིང་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་བསྙེན་པར་གྱུར་བ་སྟེ། ཟླ་གསང་ནོར་བུ་ཐིག་ལེ་རྒྱན་གྱི་རྒྱུད་ལས་སོ། །སྒྱུ་འཕྲུལ་ཞེས་པ་ནི་ཐམས་ཅད་སྒྱུ་མ་དང་འཕྲུལ་གྱི་རྣམ་པ་དང་འདྲ་བར་བསྟན་བ་སྟེ། ཁྲི་དྲུག་སྟོང་པ་འདི་ཉིད་ལས་སོ། །རྡོ་རྗེ་གསུས་པོ་ཆེ་ནི་ཟུང་འཇུག་གིས་ཡིད་རྒྱས་པ་སྟེ། གསང་བ་མཆོག་གི་རྒྱུད་ལས་སོ། །རྡོ་རྗེ་ལས་སྐྱེས་ནི་སེམས་བདེ་བ་ཆེན་པོ་ལས་སྣ་ཚོགས་སྐྱེས་པ་སྟེ། འབྱུང་ཕྱོགས་བཞག་པའི་རྒྱུད་ལས་སོ། །རྡོ་རྗེ་བདག་ཅེས་པ་ནི་སྣ་ཚོགས་བདེ་བ་ཆེན་པོ་ཉིད་དུ་བསྟན་པ་སྟེ། །རྡོ་རྗེས་འོག་གི་རྒྱུད་ལས་སོ། །རྡོ་རྗེ་སྙིང་པོ་མཁའ་འདྲ་བ། །ཞེས་པ་ནི་སྐྱེས་པ་དང༌། ཐག་པ་གཉིས་ཀྱིས་གཅིག་པ་ནི་ནམ་མཁའ་དང་འདྲ་བ་སྟེ། ནམ་མཁའ་འཛིན་གྱི་རྒྱུད་ལས་སོ། །མི་གཡོ་བ་ཞེས་བྱ་བ་ནི་སྔར་བཤད་དོ། །ཧེ་རུ་ཀ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་སོ། །རལ་བ་གཅིག་གིས་བསྒྱིངས་ཞེས་པ་ནི། རང་གི་ངོ་བོར་འཁོར་འདས་ཐམས་ཅད་ཡེ་ཤེས་གཅིག་གིས་བསྒྱིངས་ཤིང༌། དབང་པོ་ཐམས་ཅད་ཉམས་མྱོང་གཅིག་གིས་བསྒྱིངས་པ་སྟེ། རྡོ་རྗེ་ཅོད་པན་གྱི་རྒྱུད་ལས་སོ། །གླང་ཆེན་ཀོ་རློན་གོས་སུ་གྱོན། །ཞེས་པ་ནི། རྟོགས་པ་ལ་སེམས་བརྟན་པ་དང༌། ཐབས་དང་ཤེས་རབ་རྒྱུད་ལ་གོམས་པར་བྱ་བ་སྟེ། འཁོར་ལོ་བདེ་མཆོག་གི་རྒྱུད་ལས་སོ། །དྲག་ཆེན་ཧ་ཧ་ཞེས་སྒྲོགས་པ། །ཞེས་པ་ནི་མཐའ་གཉིས་སེལ་བ་དང༌། ཐབས་དང་ཤེས་རབ་ཀྱི་གསང་བ་གཞན་ལ་བསྒྲག་པར་བྱ་སྟེ། ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས་སོ། །ཧི་ཧི་ཞེས་སྒྲོགས་ཞེས་པ་ནི། །རང་རྒྱུད་ལ་སྦྱོར་བ་སྟེ། ཁྲོ་བོ་ཐིག་ལེ་ཟླ་བའི་རྒྱུད་ལས་སོ།། འཇིགས་པར་བྱེད་པ་ཞེས་པ་ནི། རྟག་ཆད་དང་ཀྱི་མཐའ་དང་བྲལ་བ་སྟེ། ཀུན་ལས་བཏུས་པའི་རྒྱུད་ལས་སོ། །གད་མོ་ཆེན་པོ་ནི་རང་འབྱུང་གསང་བ་མཐོང་བ་སྟེ། སྐུ་ཁྲོས་པའི་རྒྱུད་ལས་སོ། །གད་རྒྱངས་ཅན་ནི་ཟིལ་གྱིས་གནོན་པའི་གསུང་སྟེ། རྡོ་རྗེ་ཐོད་པའི་རྒྱུད་ལས་སོ། །རྡོ་རྗེ་གད་མོ་ཆེར་སྒྲོགས་བས་ཞེས་པ་ནི། །རྡོ་རྗེ་ཙཎྜ་ལཱིར་འབར་བ་སྟེ། རྡོ་རྗེ་བསམ་གཏན་གྱི་རྒྱུད་ལས་སོ། །རྡོ་རྗེ་སེམས་དཔའ་ནི་ཆོས་ཀྱི་སྐུ་སྟེ། དེ་ཁོ་ན་ཉིད་བསྡུས་བའི་རྒྱུད་ལས་སོ། །སེམས་དཔའ་ཆེ་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དགྱེས་པ་རྡོ་རྗེ་ལས་སོ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །ཞེས་
པ་ནི་བདེ་བ་ཆེན་པོའི་སྐུ་སྟེ། པདྨ་དང་རྡོ་རྗེ་སྙོམས་པར་འཇུག་པའི་རྒྱུད་ལས་སོ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །ཞེས་པ་ནི་སྤྲུལ་པའི་སྐུ་སྟེ། རྟོག་པ་བཞི་པའི་རྒྱུད་ལས་སོ། །རྡོ་རྗེ་ཧཱུཾ་སྟེ་ཞེས་བྱ་བ་ནི་རྒྱུ་མེད་པ་དང༌། ཚིག་དང་བྲལ་བ་དང༌། མི་གནས་པ་རང་རྒྱུད་ལ་སྦྱངས་པ་སྟེ། ཧེ་རུ་ཀ་མངོན་པར་འབྱུང་བའི་རྒྱུད་ལས་སོ། །ཧཱུཾ་ཞེས་སྒྲོགས་ཞེས་པ་ནི། དེ་ཉིད་གཞན་ལ་སྟོན་པ་སྟེ། རྡོ་རྗེ་མཆོག་གི་རྒྱུད་ལས་སོ། །མཚོན་དུ་རྡོ་རྗེ་མདའ་ཐོགས་པ། །ཞེས་པ་ནི་ཚོགས་དྲུག་ཐུག་ཕྲད་ཡེ་ཤེས་རང་ཆས་སུ་སྟོན་པ་སྟེ། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ལས་སོ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །ཅེས་པ་ནི་ཏིང་ངེ་འཛིན་གྱིས་གོམས་པའི་མཐུ་བསྟན་པ་སྟེ། དཔལ་མཆོག་དང་པོའི་རྒྱུད་ལས་སོ། །རྡོ་རྗེ་ཀུན་འཆང་རྡོ་རྗེ་འཆང༌། །ཞེས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པའི་དུས་ཏེ། དགོངས་པ་འདུས་པའི་ལུང་བསྟན་གྱི་རྒྱུ་ལས་སོ། །རྡོ་རྗེ་གཅིག་པུ་ཞེས་པ་ནི་སྔར་བཤད་ཟིན་ཏོ། །འཇམ་དཔལ་ལུང་བསྟན་པའི་རྒྱུད་ལས་སོ། །གཡུལ་སེལ་ནི་ཕུང་པོ་ལ་སོགས་པའི་ཚོགས་བཟློག་པ་སྟེ། དམ་པ་དང་པོའི་རྒྱུད་ལས་སོ། །རྡོ་རྗེ་འབར་བ་ཞེས་པ་ནི། བདེ་བ་ཆེན་པོ་ཉིད་རིགས་ཀྱི་སྐུ་སྣ་ཚོགས་སུ་སྣང་བའི་སྙིང་རྗེའི་སྤྱན་ཏེ། དམ་ཚིག་བཀོད་པའི་རྒྱུད་ལས་སོ། །མིག་མི་བཟད་ཅེས་པ་ནི། སྐུ་སྣ་ཚོགས་ཉིད་བདེ་བ་ཆེན་པོའི་སྐུར་གཅིག་པ་ཡེ་ཤེས་ཀྱི་སྤྱན་ཏེ། བསམ་གཏན་རྩེ་མོའི་རྒྱུད་ལས་སོ། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །ཞེས་པ་ནི་སྙིང་པོ་སྲིད་པ་གསུམ་ལ་ཁྱབ་པ་སྟེ། མངོན་པར་མཐོང་བའི་རྒྱུད་ལས་སོ། རྡོ་རྗེ་འབེབས་པ་ནི་སྐུ་གསུང་ཐུགས་རབ་ཏུ་གནས་པས་ཕྱག་གི་འོས་སུ་གྱུར་པ་སྟེ། བདུད་རྩིའི་མཆོག་གི་རྒྱུད་ལས་སོ། །འབེབས་པ་ཆེ་ཞེས་པ་ནི། དམ་པའི་དྲིན་གྱིས་བླ་མའི་བླ་མ་དང༌། རྡོ་རྗེ་འཆང་གི་བྱིན་རླབས་ཞུགས་པ་སྟེ། ཐུགས་ཁྲོས་པ་རྡོ་རྗེའི་རྒྱུད་ལས་སོ། །མིག་བརྒྱ་པ་སྟེ་ཞེས་པ་ནི། འགྲོ་བ་ཐམས་ཅད་ཀྱི་རྒྱུད་གཟིགས་པ་སྟེ། སྤྱན་རས་གཟིགས་སྙིང་གུར་གཅིག་པའི་རྒྱུད་ལས་སོ། །རྡོ་རྗེ་མིག་ཅེས་བྱ་བ་ནི། སངས་རྒྱས་སྤྱན་དང་ལྡན་པ་སྟེ། རྡོ་རྗེ་ཞི་བའི་བདེ་བའི་རྒྱུད་ལས་སོ། །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །ཞེས་པ་ནི། རྡོ་རྗེ་ཡེ་ཤེས་ཀྱི་རྣལ་འབྱོར་རྒྱུད་ལས་སྐྱེས་པའི་བ་
སྤུའི་བུ་ག་རེ་རེ་ཞིག་ནས་སངས་རྒྱས་ཐམས་ཅད་ཀྱི་ཐབས་དང་ཤེས་རབ་ཀྱི་ཁ་སྦྱོར་བའི་སྡོམ་པ་བཞུགས་སོ། །ཀུན་དུ་ཁ་སྦྱོར་བའི་རྒྱུད་ལས་སོ། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །ཞེས་པ་ནི་ས་བཅུའི་ཡེ་ཤེས་ཐུགས་སུ་ཆུད་པའམ། སྟོབས་བཅུ་དང་ལྡན་པ་སྟེ། གཤིན་རྗེ་གཤེད་བཞི་བརྒྱ་ལྔ་བཅུའི་རྒྱུད་ལས་སོ། །རྡོ་རྗེ་སྙིང་པོ་ཞེས་པ་ནི་འཁོར་བ་བདེ་ཆེན་གྱི་སྙིང་པོ་ཅན་ཏེ། མངོན་པར་བྱང་ཆུབ་པའི་རྒྱུད་ལས་སོ། །པགས་པ་མཁྲེགས་ཞེས་པ་ནི། གོ་ཆ་གསུམ་དང་ལྡན་པ་སྟེ། སྒྱུ་མ་བསྒྲགས་པའི་རྒྱུད་ལས་སོ། །རྡོ་རྗེ་ཕྲེང་ཐོགས་ཞེས་པ་ནི། ཚོགས་གཅིག་པ་དང༌། རྒྱུ་གཅིག་པ་དང༌། མཚན་ཉིད་གཅིག་པ་སྟེ། ལྷ་མོ་བཞིའི་རྒྱུད་ལས་སོ། །དཔལ་དང་ལྡན་ཞེས་པ་ནི་མི་སློབ་པའི་སྐུ་སྟེ། རྡོ་རྗེ་ཕྲེང་བའི་རྒྱུད་ལས་སོ། །རྡོ་རྗེ་རྒྱན་གྱིས་བརྒྱན་པ་སྟེ། །ཞེས་པ་ནི་ཕུང་པོ་ལ་སོགས་པ་ཐམས་ཅད་ཡེ་ཤེས་རང་ཆས་སུ་ལྡན་པ་སྟེ། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས་སོ། །གང་རྒྱངས་ཧ་ཧ་ངེས་པར་སྒྲོགས། །ཞེས་པ་ནི་ཟིལ་གྱིས་མི་གནོན་པའི་ཕུང་པོ་ལ་སོགས་པ་སྟེ། དཔལ་རྡོ་རྗེ་མཁའ་འགྲོ་མའི་རྒྱུད་ལས་སོ། །ཡི་གེ་དྲུག་པ་ཞེས་པ་ནི་འགྲོ་བ་དྲུག་དང༌། རིགས་དྲུག་གི་རྣམ་པར་དག་པ་ནི་ཨོཾ་ཝཱ་གཱི་ཤྭ་རི་མུཾ་ཞེས་པ་སྟེ། དེ་ཡང་ཆོས་ཐམས་ཅད་མ་སྐྱེས་པ་སྟེ། སྙིང་རྗེ་ཆེན་པོའི་རང་བཞིན་གྱིས་ཨོཾ་མོ། །བསམ་གྱིས་མི་ཁྱབ་པའི་རང་བཞིན་གྱིས་ཨཾ་སྟེ། ཡིད་ཀྱི་རྣམ་པར་ཤེས་པའོ། །ཝ་ཞེས་པ་ནི་བཅོམ་ལྡན་འདས་སོ། །ཨ་ཞེས་པ་ནི་མཚན་དང་དཔེ་བྱད་ཀྱི་བར་དུ་བརྒྱན་པ་སྟེ་གཟུགས་སོ། །ག་ཞེས་པ་ནི་བདེ་བའོ། །ཨཱི་ཞེས་པ་ནི་རྣམ་པར་རྟོག་པས་དབེན་པ་སྟེ་ཚོར་བའོ། །ཤྭ་ཞེས་པ་ནི་མཚན་མའོ། །བ་ཞེས་པ་ནི་གསུང་སྟེ། ཨ་ཞེས་པ་ནི་མིང་དང་བྲལ་བ་སྟེ། འདུ་ཤེས་སོ། །མ་ཞེས་པ་ནི་ལམ་མོ། །ཨུ་ཞེས་པ་ནི་འགྲོ་བའོ། །ཨ་ཞེས་པ་ནི་གནས་ཏེ་འདུ་བྱེད་དོ། །ཨ་ཞེས་པ་ནི་མཉམ་པ་ཡེ་ཤེས་ཀྱི་ཕུང་པོ་ཅན་ནོ། །དེ་དག་ནི་ཁྲོ་བོའི་རྒྱལ་པོ་གདོང་དྲུག་གི་རྒྱུད་ལས་སོ། །རྡོ་རྗེ་སྒྲ་ཞེས་པ་ནི་གཉིས་མེད་ཀྱི་གསུང་སྟེ། དེ་གང་ལས་བསྟོད་ཅེ་ན། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་གསུངས་སོ། །སྒྲ་ཆེ་བ་ནི་ཐམས་ཅད་ལ་གྲགས་པའོ། །འཇིག་རྟེན་གསུམ་ན་སྒྲ་ཆེ་བ། །ཞེས་པ་ནི་དེ་དག་ཐམས་ཅད་
འཇམ་དཔལ་ཡེ་ཤེས་སེམས་དཔའི་རྣམ་གྲངས་ལ་ཆེད་དུ་བརྗོད་པའོ། །དེ་ལ་སོགས་པའི་ནམ་མཁའི་མཐས་ཀླས་པ་ནི། སྒྲ་སྒྲོགས་པ་ཐམས་ཅད་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་ལ་ཆེད་དུ་བརྗོད་པའོ། །གཞན་ཆེད་དུ་བརྗོད་པའི་གནས་སུ་མི་འགྱུར་བ་མ་ཡིན་ཏེ། འདི་ནི་མཆོག་གོ །དེ་ཅིའི་ཕྱིར་ཞེ་ན། ཡོད་པ་དང་ཡིན་པའི་ཁྱད་པར་ཏེ། འདོད་པའི་ཁམས་ལ་སོགས་པའི་ཐེག་པ་གསུམ་ཞེས་གྲགས་པ་ནི་ཡོད་ལ། དོན་ཇི་ལྟ་བ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན་ཕྱོགས་ན་གནས་པས་སོ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་ཡིན་ནོ། །ཡོད་པ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་ལྟར་དཔེར་ན་ནམ་མཁའ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་སྟེ། ཆོས་ཐམས་ཅད་ཀྱང་ནམ་མཁའི་ཁོང་སུ་གཏོགས་པའོ། །ཆོས་དེ་དག་ཐམས་ཅད་ཀྱང་འདོད་པའི་ཁམས་ན་མི་གནས། གཟུགས་ཀྱི་ཁམས་ན་མི་གནས། གཟུགས་མེད་པའི་ཁམས་ན་མི་གནས། འབྱུང་བ་ཆེན་པོ་བཞི་ལ་ཡང་མི་གནས་སོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱང་དེ་ལྟར་རྗེས་སུ་རིག་པར་བྱའོ་ཞེས་གསུངས་པས་སོ། །དེ་བས་ན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་གཟུགས་སྣ་ཚོགས་སུ་སྟོན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཡང་དག་བདག་མེད་ཅེས་པ་ལ་སོགས་པ་ལ་རགས་པའི་རྣམ་པར་རྟོག་པ་ལོག་བཞིན་པས་ན་ཡང་དག་གོ །ཡང་དག་བདག་མེད་ནི་གྲུབ་པའི་མཐའི་དོན་ལ་དམིགས་པ་མེད་པ་སྟེ། དེ་བཞིན་ཉིད་དོ། །དོན་གྱིས་མིང་མཚོན་པ་ནི་ཡང་དག་མཐའ་སྟེ། དེ་དག་དང་བྲལ་བས་ན། ཡི་གེ་མེད་ཅེས་བྱ་བའི་ཆ་རང་བཞིན་མེད་པ་དང༌། འཛིན་པས་ཀྱང་སྟོང་པ་སྟེ། དེ་ལས་ཀྱང་མཆོག་ཏུ་གྱུར་པ་ནི་གསང་སྔགས་ཀྱི་ཐེག་པ་ཆེན་པོའོ། །སྟེ་ཞས་པ་ནི་དེའི་ཡོན་ཏན་བསྡུ་བར་བྱ་བའི་དོན་ཏོ། ཟབ་ཅིང་ཞེས་པ་ནི་བདེ་བའོ། །རྒྱ་ཆེ་བ་ཞེས་བྱ་བ་ནི་སྟོང་པའོ། །སྒྲ་སྒྲོགས་པ་ཞེས་བྱ་བ་ནི་གཉིས་མེད་དུའོ། །དེ་ལ་སློབ་མ་ལ་བསྟན་པར་བྱ་བ་ཡིན་པས་ཆོས་ཀྱི་དུང་ཞེས་བྱའོ། །སྟེ་ཞེས་པས་མན་ངག་སྟོན་པ་སྟེ། དེ་ཉིད་ཀྱི་ཡུལ་སོ་སོར་ངེས་པ་ལ་ཡིད་ཆེས་པར་བྱས་ནས་སྤྲོས་པ་མི་གནས་པར་བྱ་བ་ནི། སྒྲ་ཆེ་ལྡན་ཞེས་གསུངས་ཏེ། བླ་མའི་ཞལ་ལས་རིག་པར་
བྱའོ། །ཆོས་ཀྱི་གཎྜཱི་སྒྲ་བོ་ཆེ། །ཞེས་པ་ནི། ཚོགས་འདུ་བའི་དོན་གྱིས་ན། ཐེག་པ་གསུམ་གྱི་ཚོགས་ལ་བཤད་པའོ། །མི་གནས་མྱ་ངན་འདས་པ་པོ། །ཞེས་པ་ནི། སློབ་མ་ལ་བཤད་པའི་སྙིང་པོ་སྟོན་པར་བྱེད་པ་སྟེ། དེ་ལས་བསྟན་པའི་བདག་པོ་ཉིད་ཀྱང་འབྱུང་བར་འགྱུར་ན། ཨེ་ནི་ཤེས་རབ་ཉིད་འགྱུར་ལ། །ཝཾ་ནི་རབ་དགའི་བདག་པོ་སྟེ། །ཐིག་ལེ་མི་ཤིགས་དེ་ཉིད་ལས། །དེ་ལ་ཡི་གེ་ཉིད་ཀྱང་སྐྱེས། །ཆོས་ཀྱི་ཕྱག་རྒྱའི་ཡི་གེ་གཉིས། །དེ་ཉིད་ཤེས་པ་གང་གིས་ཤེས། །དེས་ནི་སེམས་ཅན་ཐམས་ཅད་ལ། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །ཞེས་གསུངས་པའི་ཕྱིར། ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ། །ཞེས་པ་ནི་ཚོགས་ལ་བཤད་པས་བསྟན་པའི་གཟུགས་བརྟན་པར་བྱེད་པའོ། །དེ་ཡང༌། རྟགས་ཅན་གཟུགས་ལ་གནས་གྱུར་ན། །འཇིག་རྟེན་སྤྱོད་ལས་འདས་འགྱུར་ཏེ། །གང་ཞིག་ཆོ་ག་འདིར་གནས་པ། །དེ་ནི་བསྟན་པ་འཇིག་བྱེད་གསུངས། །ཞེས་གསུངས་པས། །ཐུན་མོང་བསྟན་པ་གཟུང་ངོ༌། །དེ་ཡང་རང་གི་རང་བཞིན་དུ་བྱ་བའི་ཕྱིར། །གཟུགས་མེད་ཅེས་བྱ་བ་ལ་སོགས་པ་བཤད་པར་བྱ་སྟེ། གཟུགས་མེད་ནི་ཕྱག་རྒྱ་ཆེན་པོའོ། །དེ་ཡང༌། །ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་རྣམ་པར་སྤངས། །སྟོང་དང་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བཤད་པ་ཡིན། །ཞེས་གསུངས་པས་སོ། །གཟུགས་བཟང་ཞེས་པ་ནི་ལས་ཀྱི་ཕྱག་རྒྱ་སྟེ། དེ་ཡང༌། ན་ཆུང་གཞོན་ནུ་མིག་ཡངས་ལ། །གཟུགས་བཟང་གཞོན་པས་བརྒྱན་པ་ཡིན། །ལོ་གྲངས་ཉི་ཤུ་ལྔ་ལོན་རྙེད། །བྱོལ་སོང་ལས་ཀྱང་རབ་ཏུ་བརྟག །ཅེས་གསུངས་པས་སོ། །དམ་པ་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། །དེ་ཡང༌། ཨེ་མ་ཀུན་དུ་བཟང་པོ་ཡི། །སྐུ་དང་གསུང་ཐུགས་རྡོ་རྗེ་ཅན། །སྐྱེ་བ་མེད་པའི་ཚུལ་གྱིས་སུ། །སྐྱེ་བ་དམ་པ་རབ་ཏུ་གྲགས། །ཞེས་གསུངས་པས་སོ། །སྣ་ཚོགས་གཟུགས་ཅན་ནི་དམ་ཚིག་ཕྱག་རྒྱ་སྟེ། དེ་ཡང༌། །ཡེ་ཤེས་ལ་གཞན་ཕྱོགས་པ་ཡང༌། །སངས་རྒྱས་སྐུ་ནི་ཇི་ལྟར་འགྱུར། །འདི་ལྟར་སངས་རྒྱས་གཟུགས་བརྙན་དུ། །དེ་ལྟར་རྣལ་འབྱོར་སྨྲ་བར་རིགས། །ཞེས་གསུངས་པས་སོ། །ཡིད་ལས་སྐྱེས་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་ཡིད་ཀྱི་རང་བཞིན་དུ་བསྟན་པ་སྟེ། དེ་བས་ན། དེ་ཉིད་གཟུགས་རྣམས་ཐམས་ཅད་དུ་སྣང་བའི་དཔལ་ཞེས་
བྱའོ། །གཟུགས་རྣམས་མ་ལུས་འཆང་བ་པོ། །ཞེས་པ་ནི་སྔར་གྱི་དོན་འདི་ཉིད་དེ་འབྲས་བུ་ཟུང་དུ་འཇུག་པ་འདི་ཉིད་དང༌། དོན་དང༌། དཔེ་དང༌། རྟགས་ཟུང་དུ་འཇུག་པའོ། །མཚུངས་པ་མེད་པ་ལ་སོགས་པ་ནི་བསམ་གྱིས་མི་ཁྱབ་པ་སྟེ། དེ་ཉིད་རྒྱུ་ཡིན་པས་འགྲན་ཟླ་མེད་ཅིང་བདག་པོ་དང་བྲལ་བས་ཆེ་བར་གྲགས་པའོ། །ཁམས་གསུམ་གྱི་དབང་ཕྱུག་ཆེན་པོ་ནི་ཡུལ་མེད་པའི་ཤེས་པ་སྟེ། བསམ་དུ་མེད་པའོ། །དེ་ཡང༌། བསམ་པ་བཞིན་དུ་མི་སེམས་པ། །དེ་ནི་བསམ་གྱིས་མི་ཁྱབ་བརྗོད། །ཅེས་གསུངས་པས་སོ། །འཕགས་པའི་ལམ་ནི་དྲང་པོའོ། །ཤིན་ཏུ་མཐོ་བ་ནི་རྡོ་རྗེ་འཛིན་པའི་སའོ། །དེ་ལ་གནས་པ་ནི་རང་འབྱུང་སྟེ། དེ་ཡང༌། རང་འབྱུང་རྟོགས་པས་བསམ་གཏན་མིན། སངས་རྒྱས་སྤྲུལ་པ་རྒྱུན་མི་འཆད། །ཅེས་གསུངས་པས་སོ། །དར་བ་ཆེན་པོ་ནི་རྒྱས་པ་སྟེ་དེ་ལས་རང་གི་དོན་དུ་འགྱུར་བའོ། །ཆོས་ཀྱི་ཏོག་ནི་རྒྱལ་མཚན་ཏེ་གཞན་དུའོ། །འཇིག་རྟེན་ལ་སོགས་པ་ནི་འབྲས་བུར་བཤད་པ་སྟེ། །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །ཅེས་པ་ནི། བགྲེས་པ་མི་མངའ་བའི་ཕྱིར་ཆོས་ཀྱི་སྐུའོ། །གནས་བརྟན་ནི་ཐེག་པ་གསུམ་གྱི་ལུས་སུ་གྱུར་པས་སོ། །རྒན་པོ་ནི་ཐོག་མ་མེད་པས་སོ། །སྐྱེ་དགུའི་བདག་ནི་འཁོར་འདས་ཀྱི་སྐྱེད་མར་གྱུར་པས་སོ། །སུམ་ཅུ་རྩ་གཉིས་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ། །དེ་གསལ་བའི་ཐབས་བསྟན་པའི་ཕྱིར། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་ཤེས་པ་ནི་རྣམ་པར་ཤེས་པ་སྟེ། ལུང་དང་རིགས་པས་སོ། །འཇིག་རྟེན་ལེགས་པར་ཤེས་པ་ནི་དེ་ཉིད་སེམས་ཀྱི་ཁྱད་པར་དུ་ཤེས་པ་སྟེ། རྡོ་རྗེ་སློབ་དཔོན་ལས་སོ། །སྟེ་ཞེས་པ་སློབ་དཔོན་གྱི་བྱེ་བྲག་གཞན་དུ་བསྡུ་བའོ། །འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །ཅེས་པ་སྣང་བ་སློབ་དཔོན་དུ་གྱུར་པ་སྟེ། མངོན་ཞེན་དང་བྲལ་བས་འཇིགས་པ་མེད་པའོ། །མགོན་སྐྱབས་འཇིག་རྟེན་ཡིད་གཅུགས་པ། །ཞེས་པ་ནི་རང་སེམས་བླ་མར་གྱུར་པས་མགོན་པོ་མྱ་ངན་ལས་འདས་པ་དང༌། འཇིག་རྟེན་འཁོར་བ་གཉིས་དང༌། ཡིད་ཕྱག་རྒྱ་ཆེན་པོ་ཐ་མི་དད་པར་གཅུགས་པའོ། །སྐྱབས་དང་ཞེས་པ་ནི། སྐྱབས་ནི་བླ་མ་སྟེ། དང་ཞེས་པས་དེའི་ཆེ་བ་དང་དྲིན་དྲན་པར་བྱའོ། །སྐྱོབ་པ་
ཞེས་པ་ནི་སྣང་བས་ཡིད་སྐྱོབ་པས་དབང་པོ་རང་སྣང་དུ་རོལ་པར་བྱའོ། །བླ་ན་མེད་ཅེས་པ་ནི་སེམས་ཉིད་བླ་མ་བླ་ན་མེད་པ་སྟེ། སྐྱོ་བར་མི་བྱ་བའི་ཐ་ཚིག་གོ །དེ་ཡང༌། །ཇི་ལྟར་སྐྱོ་བར་མི་འགྱུར་བར། །ཐམས་ཅད་རིམ་གྱིས་རིམ་གྱིས་བྱ། །སྐྱོ་བར་གྱུར་ནས་སངས་རྒྱས་ཉིད། །ནམ་ཡང་འགྲུབ་པར་མི་འགྱུར་རོ། །ཞེས་གསུངས་པས་སོ། །ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། །ཞེས་པ་ནི་ཐམས་ཅད་ཡེ་ཤེས་སེམས་དཔར་ཤེས་པར་བྱའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཐའ། །ཞེས་པ་ནི་དེ་ལྟ་བུ་ཉིད་རང་ལ་གནས་པར་བསྟན་པའོ། །མ་རིག་སྒོ་བའི་སྦུབས་འབྱེད་པ། །ཞེས་པ་ནི་བསྟན་པ་དང་དགེ་བའི་བཤེས་གཉེན་ལ་དགོས་པ་མེད་པ་མ་ཡིན་ཏེ། དབུལ་པོའི་གཏེར་བཞིན་དུ་མཚོན་དགོས་པའི་ཕྱིར་རོ། །དེས་ཇི་ལྟར་འགྱུར་ཞེ་ན། སྲིད་པའི་དྲ་བ་འཇོམས་པ་པོ། །ཞེས་བྱའོ། །དགོས་པ་བཟློག་པའི་ཕྱིར་དཔེར་ན་སཱ་ལུའི་ས་བོན་ལ་སྲིན་བུ་ག་སྔ་ཞུགས་པས་ལྗང་པ་སྐམས་པར་འགྱུར་བ་བཞིན། དྲ་བ་མ་རིག་པ་བཅོམ་པས་སྔར་བསྐྱེད་པའི་ཉོན་མོངས་པ་མ་ལུས་པར་ཡང་ཞི་བར་བྱེད་པའོ། །དེ་ལས་ཁྱད་པར་མེད་པ་མ་ཡིན་ཏེ། དཔེར་ན་དུག་ལ་སྔགས་ཀྱིས་བཏབ་པས་དུག་ཞི་བ་དང་སྨན་དུ་གྱུར་པ་གཉི་ག་འབྱུང་སྟེ། དེ་བཞིན་དུ་ཐབས་ཡེ་ཤེས་སེམས་དཔའི་དུས་ན་འཁོར་བཞི་པའམ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བས། །འཁོར་བའི་རྒྱུ་མཚོ་ཕ་རོལ་ཕྱིན། །ཞེས་བྱའོ། །ཡེ་ཤེས་ལ་སོགས་པ་ནི་དྲི་མ་དང་བྲལ་བར་བཤད་པར་བྱ་སྟེ། །ཡེ་ཤེས་དབང་བསྐུར་ཅོད་པན་ཞེས་པ་ནི། ཡེ་ཤེས་ཀྱི་བདུད་རྩི་བྱིན་གྱིས་བརླབས་པའི་བུས་དབང་བསྐུར་བའི་རིགས་ལྔའི་ཅོད་པན་དུ་གྱུར་ཏེ། ཅན་ཞེས་པ་ནི་རྡོ་རྗེ་སེམས་དཔའི་དབང་བསྟན་པ་དེ་དང་པོའོ། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །ཞེས་པ་ནི་སྐུ་གཉིས་ཀྱིས་སློབ་མའི་འཁོར་ལོ་བཞིར་བྱིན་གྱིས་བརླབས་ཤིང་ཐིག་ལེ་རྒྱན་དང་ལྡན་པ་སྟེ། དེ་བས་ན། ནི་རཾ་སུ་ཡིས་ཡན་ལག་བརྒྱན། །ཞེས་པ་དང་བླ་མ་ཅོད་པན་དུ་གཟུང་བར་བྱ་བའི་ཐ་ཚིག་ཀྱང་ངོ༌། །སྡུག་བསྔལ་གྱི་སྡུག་བསྔལ་ཞེས་པ་ནི། འདུ་བྱེད་དང༌། འགྱུར་པ་དང༌། སྡུག་བསྔལ་གྱི་སྡུག་བསྔལ་གྱིས་འདུས་པའི་འགྲོ་བ་སྟེ། དེ་ལས་གྲོལ་ཞིང་བདེ་བ་ཆེན་པོ་རྙེད་པར་འགྱུར་བས་ན། གསུམ་
སེལ་མཐའ་ཡས་ཞེས་བྱའོ། །གྲོལ་གསུམ་ཐོབ་ཅེས་པ་ནི། ཐེ་ཚོམ་དུ་འཛིན་པ་དང༌། དུ་མར་འཛིན་པ་དང༌། ཕྱོགས་ཆར་འཛིན་པ་ལ་སོགས་པ་ནི་བཞི་པའོ། །དེ་ལྟ་བུའི་རྣལ་འབྱོར་པ་བྱ་བ་དང་བྲལ་བ་སྟོན་ཏེ། སྒྲིབ་པ་ནི་ཉོན་མོངས་པ་ལ་སོགས་པའོ། །དུས་མེད་རྟོགས་པས་རྒྱུན་མི་འཆད་པའོ། །ཡོན་ཏན་ནི་སྒྲིབ་པ་སྤངས་པ་དང༌། ཡེ་ཤེས་ཐོབ་པ་སྟེ། ཅོད་པན་ནི་སངས་རྒྱས་སོ། །དེའི་ཡང་ཐོད་དུ་གྱུར་པ་ནི་བླ་མ་དང་རྡོ་རྗེ་འཛིན་པའོ། །དེ་ཅིའི་ཕྱིར་ཞེ་ན། དམ་ཚིག་དག་ནི་ཐམས་ཅད་ལས། །བླ་མ་མཆོད་པ་མཆོག་ཡིན་ཏེ། །སངས་རྒྱས་རིན་ཆེན་ཟ་མ་ཏོག། དཔལ་ལྡན་འདུས་པའམ་གཞན་དུ་བསྟན། །ཞེས་གསུངས་སོ། །དོགས་པ་བཟློག་པའི་ཕྱིར། ཁམས་གསུམ་རིན་པོ་ཆེར་གྱུར་པ། །སློབ་དཔོན་ལས་ནི་མཆོག་གཞན་མེད། །གང་ལས་བཀའ་དྲིན་ཐོབ་པ་ཡིས། །མཁས་པས་དངོས་གྲུབ་དུ་མ་ཐོབ། །ཅེས་གསུངས་པས་སོ། །ལུས་ཀུན་ལས་ནི་རྣམ་གྲོལ་བ། །ཞེས་པ་ནི་འཁོར་འདས་ཀྱི་བྱེ་བྲག་གིས་དཀར་པོའི་ཆོས་དང༌། དམ་ཚིག་གི་ནོར་དང༌། ཡུལ་ལ་འདོད་པ་དང༌། སྡུག་བསྔལ་གྱི་འཇིགས་པ་ལས་གྲོལ་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འཁྲུལ་པ་ཞིག་པས་གཉེན་པོ་མི་གནས་པའི་ཕྱིར་རོ། །ནམ་མཁའ་ལ་སོགས་པ་ནི་གཞན་གྱི་གཙོ་བོར་གྱུར་པའོ། །བཟང་ངན་ཤེས་པ་ནི་སྣོད་ཀྱི་བྱེ་བྲག་མཁྱེན་པའོ། །དུས་ཤེས་པ་ནི་བསྟན་པའི་གོ་རིམས་མཁྱེན་པའོ། །དམ་ཤེས་པ་ནི་འཁོར་བའི་སྐྱོན་གྱིས་མ་གོས་པའོ། །རྟག་ཏུ་དོན་མཛད་པ་ནི་དམ་ཚིག་དང་ལྡན་པའོ། །དབང་པོ་ཤེས་པ་ནི་དུས་ཤེས་པའོ། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཞེས་པ་ནི་དུས་གསུམ་ལས་རྣམ་པར་གྲོལ་བའི་ཐབས་གསུམ་ལ་མཁས་པའོ། །ཉིད་ཀྱི་ཐུགས་སུ་ཆུད་ཅིང་གཞན་ལ་སྟོན་པས། ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །གསུངས་པའོ། །སྭ་སྟི་རྒྱུད་ལས་སྐྱེས་པའི་རང་བཞིན་དུ་བཤད་པའི་ཕྱིར། ཤེས་པ་ལྔའི་ཁྱད་པར་ནི་བླ་མ་ལ་གུས་པར་འབྱུང་བ་དང༌། རྗེས་ཐོབ་མེད་པར་འབྱུང་བ་དང༌། འཁོར་བ་ལས་ནི་རིང་དུ་གྱུར་པར་འབྱུང་བ་དང༌། སེམས་ལ་དབང་བར་འབྱུང་བ་དང༌། ཟུག་རྔུ་མེད་པར་འབྱུང་བ་སྟེ། དེ་ཡང་གཞི་བླ་མ་དང༌། དབང་
དང། །སྒོམ་པ་དང༌། རྟོགས་པ་དང༌། བརྡ་ལས་ཆོས་ཀྱི་དེ་ཉིད་ཤེས་པ་དང༌། ཉམས་སུ་མྱོང་བ་དང༌། རྒྱུན་མ་ཆད་པ་དང༌། སྒྲོ་འདོགས་ཆོད་པ་དང༌། སྣ་ཚོགས་རོལ་མོ་ལས་འབྱུང་བར་འགྱུར་རོ། །དེ་རང་དབང་དུ་གྱུར་པ་སྟེ། སྤྱོད་པའི་ཁྱད་པར་ནི་འདིས་འགྲོ་བར་འགྱུར་ཏེ། སྙན་གྲགས་དགེ་དང་ཞེས་པ་ནི་ཀུན་བཟང་དགེ་བའི་སྤྱོད་པ་སྟེ། བླ་མ་ལ་བརྟེན་པར་བྱའོ། །དབུགས་འབྱིན་ཆེན་པོ་ཞེས་པ་ནི། སེམས་དབུགས་འབྱིན་པའི་གསང་སྤྱོད་དོ། །དགའ་སྟོན་ཆེ་ཞེས་པ་ནི་དགའ་བ་སྟོན་པའི་རིག་པའི་སྤྱོད་པའོ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །ཞེས་པ་ནི་དགའ་བ་ཆེན་པོའི་ཉམས་ཀྱིས་སྣང་བ་ལ་རོལ་མོ་ལྟ་བུར་སྤྱོད་པ་སྟེ། ཚོགས་ཀྱི་སྤྱོད་པའོ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །ཞེས་པ་ནི། དེ་ཁོ་ན་ཉིད་དང་ལྡན་པའི་སེམས་ལ་སྣ་ཚོགས་ཀྱི་སྤྱོད་པས་བསྙེན་བཀུར་བས་ཕུན་སུམ་ཚོགས་པ་རྙེད་པར་གྱུར་པ་སྟེ་བསྙེན་སྤྱོད་དོ། །དེ་ཡང༌། རྟག་ཏུ་དུ་བའི་སྤྱོད་པ་བཞིན། །མི་གཡོ་བ་ཡི་སེམས་ཀྱིས་ནི། །དངོས་གྲུབ་སྟེར་བའི་བླ་མ་ལ། །འགྲོ་བའི་མགོན་པོ་བསྙེན་བཀུར་བྱ། །ཞེས་པ་དང༌། །བུད་མེད་རབ་ཏུ་མ་དངས་བཟང་མ། །ལོ་གྲངས་བཅུ་གཉིས་ལོན་པ་ནི། །དྲི་དང་མེ་ཏོག་ཕྲེང་བརྒྱན་པའི། །ཡོན་ཏན་སྐེ་རགས་མཱ་མ་ཀཱི། །ཤེས་རབ་ཅན་གྱིས་བྱིན་བརླབས་ལ། །དེ་ཡི་དབུས་སུ་མཉེས་པར་བྱ། །ཞེས་གསུངས་པ་ལ་སོགས་པའི་རྒྱས་པར་བཤད་པ་སྟེ། རིག་མའི་བྱེ་བྲག་ནི། དབུགས་འབྱིན་མཆོག་དང་བར་མ་དང༌། །དྲི་ཡི་ཆུ་དང་བཅས་པས་ཀྱང༌། །རྟག་ཏུ་དུས་ཀྱི་ཁྱད་པར་གྱིས། །རིགས་ལྡན་རྣམས་ནི་མཆོད་པར་བྱ། །དོགས་པ་བཟློག་པའི་ཕྱིར་གསུངས་ལ། རིགས་ཀྱི་སྨན་པའི་འདུ་ཤེས་དང༌། །འཇིགས་པའི་འདུ་ཤེས་མ་བསྐྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། སྔགས་ཀྱི་སྤྱོད་པ་ནི་སྤྱོད་པའི་མཆོག་གོ །འདི་ལྟ་སྟེ། སྔགས་ཀྱི་སྤྱོད་པ་ནི་དེ་བཞིན་གཤེགས་པའི་སྤྱོད་པའོ་ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་རང་གི་དོན་དང་ཕལ་ཆེར་གཞན་གྱི་དོན་དུ། དག་ཅིང་ཡོན་ཏན་གྱི་ནི་གནས། །སྣ་ཚོགས་ཡོན་ཏན་ཕུན་སུམ་ཚོགས། །ཞེས་པ་ལ་སོགས་པ་ནུས་པ་དགུག་པ་དང༌། གྲུབ་པའི་རྣལ་འབྱོར་ལ་ཡང་རུང༌། །ཞེས་པ་ནི་བརྔ་མཚོན་པ་དང༌། མི་ཡི་བུ་མོ་མཐུ་ཆེན་གྱིས། །ཞེས་པ་ནི་ཡོན་
ཏན་གྱིས་དགུག་པ་དང༌། ལྷ་རྫས་བཙུན་མོ་དགུག་པའོ། །ནུས་པ་གལ་ཏེ་མེད་འགྱུར་རམ། །འདོད་པས་གནོད་པ་ཉིད་འགྱུར་ན། །དེས་ནི་མི་ཡི་བུ་མོ་བསྟེན། །ཞེས་པ་ལ་སོགས་པས་བྱེ་བྲག་ཤེས་པར་བྱས་ལ། བསྟེན་པར་བྱ་བའི་དགོས་པ་ནི། ནོར་ཞེས་པ་དང་འབྲེལ་ཏོ། །གཞན་ཡང༌། ལུས་ཀྱི་སྦྱིན་པ་བྱས་ནས་ནི། །ཕྱིས་ནི་སྤྱོད་པ་ཡང་དག་བརྩམ། །སྐལ་ལྡན་སྐལ་མིན་སྤྱད་ནས་ནི། །དེ་ཡི་སྦྱིན་པ་གཏང་མི་བྱ། །ཞེས་པས། ཅུང་ཟད་ནུས་པ་བསྐྱེད་ནས་ནི། རོལ་ཞིང་གྲོང་དུ་འཇུག་པར་བྱ། །ཞེས་པ་དང་འབྲེལ་ཏོ། །གཞན་ཡང་བཟའ་བཏུང་ཐོབ་པ་དང༌། བགྲོད་དང་བགྲོད་མིན་སྤང་པར་བྱ། ཁྲུས་དང་གཙང་སྦྲ་མི་བྱ་སྟེ། །གྲོང་གི་ཆོས་ནི་སྤང་མི་བྱ། །བློ་ལྡན་སྡགས་ནི་བཟླ་མི་བྱ། །བསམ་གཏན་དམིགས་པར་མི་བྱ་སྟེ། །གཉིད་ནི་སྤང་བར་མི་བྱའོ། །དབང་པོ་དགག་པར་མི་བྱ་སྟེ། །ཤ་རྣམས་ཐམས་ཅད་བཟའ་བའོ། །རིགས་ལྔ་ལ་ནི་མཉམ་པར་སྤྱོད། །ཅེས་པ་ལ་སོགས་པ་ནི། གཉིས་མེད་ཡེ་ཤེས་སེམས་ཀྱིས་ནི། །མི་བཟའ་ཅུང་ཟད་ཡོད་མ་ཡིན། །ཞེས་པས་འབྲེལ་ཏོ། །དེ་ལྟར་སྤྱོད་པ་བྱེ་བྲག་ནི་གང་ཟག་གི་རིམ་པས་རིམ་དང་ཅིག་ཅར་དང་རང་བཞིན་པའོ། །མཆོག་ཏུ་དགའ་བ་ལ་སོགས་པ་ནི་བཞི་པའི་དོན་དུ་བཤད་པར་བྱ་སྟེ། །མཆོག་ཏུ་དགའ་བ་ནི་དམ་པར་དགའ་བ་སྟེ། །རྣམ་གཅོད་ཡོངས་གཅོད་དང་བྲལ་བའོ། །དེ་སྟོན་པར་མཛད་པ་ནི། མཆོག་སྦྱིན་གཙོ་བོ་ཞེས་བྱ་སྟེ། སྙིང་པོ་ནི་དོན་གྱི་སངས་རྒྱས་སོ། །དེས་གང་ལ་བསྟན་པར་བྱ་བ་ཡང་གྲགས་བདག་དཔལ་ནི་བྱང་ཆུབ་སེམས་དཔའོ། །བཅོམ་ལྡན་ནི་དེ་བཞིན་གཤེགས་པའོ། །དེའི་ཡང་སྐྱབས་ཀྱི་དམ་པར་གྱུར་པ་ནི་བླ་མ་རྡོ་རྗེ་འཛིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། དངོས་གྲུབ་འབྱུང་བའི་གནས་གཞན་མེད་པའི་ཕྱིར་སྐྱབས་སུ་འོས་ཞེས་བྱའོ། །དེ་ཇི་ལྟར་འགྱུར་བ་ནི། འཇིག་རྟེན་སྒྲ་སྟེ་ཞེས་པས་མ་རྟོགས་པ་ལོག་པར་རྟོག་པ་དང༌། ཐེ་ཚོམ་མཐར་བྱེད་བའི་དོན་ཏོ། །དེ་ནས་གཉུག་མ་སྟོན་པའི་ཕྱིར་རབ་ཀྱི་མཆོག་ཅེས་བྱའོ། །ད་ནི་ཐ་མར་དགེ་བ་སྟོན་ཏེ། སེལ་བ་པོ་ནི་ཕྱག་རྒྱ་ཆེན་པོས་སོ། །གཙུག་ཕུད་ལ་སོགས་པའི་བྱེ་བྲག་ནི་ཡེ་ཤེས་ལྔ་དང་ལྡན་པའོ། །གདོང་ལྔ་ཞེས་པ་ནི་རིགས་ཀྱི་དེ་བཞིན་གཤེགས་པའོ། །གཙུག་ཕུད་ལྔ་
དང་ལྡན་ཞེས་པ་ནི་དེ་ཉིད་གཞན་གྱི་དོན་དུ་བསྟན་པའོ། །ངེས་པར་དུ་དགེ་བ་བསྟན་ཏེ། ཟུར་ཕུད་ལྔ་པ་ཞེས་པ་ནི་འདོད་ཡོན་ལྔ་པའོ། །མེ་ཏོག་ཅེས་པ་ནི་དབང་པོའོ། །ཐོད་ཅེས་པ་ནི་རྒྱན་ཏེ་བདེ་བ་ཆེན་པོར་རོ། །མགོ་ཟླུམ་དང་བརྟུལ་ཞུགས་ཆེན་པོ་གཉིས་ནི་ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག་གི་རྟགས་ཏེ། ཐེག་པ་ཐུན་མོང་བ་ཁྱད་པར་གྱི་བྱེ་བྲག་གིས་སོ། །འདིར་ནི་མཚན་མའི་རྟེན་ལ་ཕྱག་འཚལ་བ་ལ་སོགས་པས་ཏིང་ངེ་འཛིན་རྒྱུན་མི་འཆད་པར་འགྱུར་བའི་ཕྱིར། དཀའ་ཐུབ་མཐར་ཕྱིན་པ་སྟེ་ཚངས་པར་སྤྱོད་པ་ཞེས་བྱའོ། །དེ་ཡང༌། ཚངས་པ་མྱ་ངན་འདས་སངས་རྒྱས། །འཇུག་པས་ཁྱབ་འཇུག་ཏུ་ནི་བརྗོད། །རྟག་པར་དགེ་བ་བཞི་པ་སྟེ། །ཐམས་ཅད་བདག་ཉིད་གནས་པ་ཀུན། །དམ་པའི་བདེ་བདེ་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཉོན་མོངས་པ་མི་སྤོང་བ་ལ་སོགས་པ་ནི་དཀའ་ཐུབ་ཆེན་པོ་སྟེ། ཕྱག་རྒྱ་ཆེན་པོ་ཉིད་ནས་སྨྱོན་པའི་བརྟུལ་ཞུགས་མཆོག་གོ །དང་པོར་དགེ་བ་བསྟན་པར་བྱ་སྟེ། གཙང་གནས་ཞེས་པ་ནི་སྐུ་གསུང་ཐུགས་རྡོ་རྗེའོ། །གནས་པ་དམ་པ་ཞེས་པ་ནི་བཙུན་མོའི་བྷ་གའོ། །གཽ་ཏ་མ་ཞེས་པ་ནི་བཅོམ་ལྡན་འདས་སོ། །ཉོན་མོངས་པ་མི་མངའ་བ་བྲམ་ཟེའོ། །ཚངས་པ་ནི་གཟུང་བས་སྟོང་བ་སྟེ། དགའ་བའོ། །གཉིས་པ་ནི་འཛིན་པས་སྟོང་པ་སྟེ་མཆོག་ཏུ་དགའ་བའོ། །ཤེས་པ་ནི་བདེ་བ་ཆེན་པོ་སྟེ་རྙེད་པའོ། །མྱ་ངན་འདས་ཞེས་པ་ནི་དྲི་མ་དང་བྲལ་བའི་ལྷན་ཅིག་སྐྱེས་པའོ། །ཚངས་པ་ནི་བཏང་སྙོམས་དང་བྲལ་བ་སྟེ་སྙིང་པོ་ལེན་པས་ན་ཐོབ་པའོ། །གྲོལ་བ་ནི་བཞི་པའོ། །ཐར་པ་ནི་བཞི་པའི་མན་ངག་གོ །རྣལ་གྲོལ་ལུས་ནི་བཞི་པའི་དབང་ངོ༌། །མཚན་ཉིད་གསུམ་ནི་བཤད་ཟིན་ཏོ། །རང་གི་ངོ་བོ་འབའ་ཞིག་བསྟན་པར་བྱ་སྟེ། ཞི་བ་གཉིས་ནི་ནང་དང་ནང་དུ་ཡང་དག་པར་གཞག་པའོ། །མྱ་ངན་ལས་འདས་པ་གསུམ་ནི་གྲགས་ཆེན་དང་སྙིང་པོ་དོན་དང་རྡོ་རྗེ་འཆང་ངོ༌། །བདེ་སྡུག་སེལ་བ་ནི་འཁོར་བ་གཉིས་ཀྱི་སྐྱོན་དང་བྲལ་བའོ། །ཆགས་བྲལ་ལུས་ལས་འདས་པ་པོ། །ཞེས་པ་ནི་ཉན་ཐོས་ཞི་བའི་ས་ལས་འདས་པའོ། །ཐུབ་པ་མེད་པ་ནི་མེ་འཇིགས་པ་བཞི་དང་ལྡན་པའོ། །དཔེ་མེད་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ལྡན་པའོ། །མི་མངོན་པ་ནི་མི་འཇིགས་པའི་
ཤེས་པས་སོ། །མི་སྣང་བ་ནི་བློའི་ཡུལ་ལ་མི་སྣང་བའོ། །གསལ་བྱེད་མིན་ནི་ལུས་ཀྱིས་གསལ་བར་མི་ནུས་པའོ། །ཕྲ་བ་ནི་རྟོགས་པར་དཀའ་བའོ། །ཟག་མེད་ནི་མངོན་དུ་རྒྱུ་དང་བྲལ་བའོ། །ས་བོན་ཞེས་པ་ནི་མ་རིག་པའི་བག་ཆགས་དང་བྲལ་བའོ། །ཤིན་ཏུ་སད་པ་ནི་མ་རིག་པའི་གཉིད་སད་པའོ། །སད་པའི་བདག་ནི་རང་བཞིན་གྱིས་གྲོལ་བའོ། །ཀུན་ཤེས་ནི་ཆོས་ཐམས་ཅད་དོ། །ཀུན་རིག་ནི་དོན་ཐམས་ཅད་དོ། །རྣམ་པར་ཤེས་པ་ཆོས་ཉིད་འདས། །ཞེས་པ་ནི་རྟོག་དཔྱོད་དང་བྲལ་པའོ། །ལས་བྱེད་པ་ནི་གདུལ་བྱའི་བློ་ལ་སྣང་བའོ། །ཐོག་མ་ཐ་མ་མེད་པ་ནི་སྐྱེ་འཇིག་དང་བྲལ་བའོ། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་པ་ནི། ལོག་རྟོག་ཅན་ཁ་ཅིག་དང་པོའི་འདྲེན་པར་གྱུར་པ་ཐབས་གང་ལ་བརྟེན་ནས་སངས་རྒྱས་ཞེས་ཟེར་བའི་ལོག་རྟོགས་བཟློག་པར་བྱ་སྟེ། དཔེར་ན་ནམ་མཁའ་ལ་སྤྲིན་དང༌། འཇའ་ཚོན་དང༌། ན་བུན་དང༌། ཁུག་རྣ་དང༌། འབྱུང་བ་ཆེན་པོ་བཞི་འབྱུང་གི །ནམ་མཁའ་རྒྱུ་རྐྱེན་གང་ལས་སྐྱེ་རྟོགས་ཤིག །གལ་ཏེ་ནམ་མཁའ་ལས་བྱུང་ངོ་ཞེ་ན། ད་ལྟའི་རི་རབ་གླིང་དང་བཅས་པ་འདི་དག་གིས་གོ་ཕྱེ་སྟེ་གང་གིས་རྗེས་སུ་སོང་ཞིང་བསྐྱེད། གལ་ཏེ་བསྐྱེད་ན་ནམ་མཁའ་སྣང་བར་བསྟན་པ་ཡིན་ནོ། །གལ་ཏེ་མཚན་ཉིད་མི་མཐུན་ན་ཆོས་འདི་དག་ཐམས་ཅད་ཀྱི་མཚན་ཉིད་གང་དུ་ཡིན། གལ་ཏེ་མཚན་ཉིད་གཅིག་ན་ཐ་དད་པ་མེད་པར་འགྱུར་བ་ཉིད་དོ། །དེ་བཞིན་དུ་དང་པོར་རང་བཞིན་གྱི་ཆོས་ལས་ནུས་པ་སྣ་ཚོགས་སུ་འཆར་བར་འགྱུར་ཏེ། དེ་ཉིད་རྒྱུ་རྐྱེན་ལས་སྐྱེས་པར་སྣང་མོད་ཀྱི། རང་བཞིན་གྱི་ཆོས་རྒྱུ་དང་རྐྱེན་གང་གིས་བསྐྱེད་རྟོགས་ཤིག །གལ་ཏེ་ཐ་དད་ན་བརྟགས་པ་དང་བརྟགས་པ་ཐམས་ཅད་ཀྱི་རང་བཞིན་གང་དག་ཡིན། མཚན་ཉིད་གཅིག་ནི་འགལ་བ་གང་ལ་ཡོད་དེ་མེད་དོ། །དེ་བས་ན་རང་བཞིན་ཉིད་ལས་ལྷུན་གྱིས་གྲུབ་པ་དང༌། མངོན་དུ་གྱུར་པ་ནི་བདེ་བ་ཆེན་པོར་རོ་གཅིག་པ་ཉིད་དོ། །དེའི་ཕྱིར། དང་པོའི་སངས་རྒྱས་རྒྱུ་མེད་པ། །ཞེས་པས་རྒྱུ་ལ་མི་གནས་པ་ཉིད་དུ་བསྟན་པ་ཡིན་ནོ། །བློ་དངོས་གཅིག་ཏུ་འབྲེལ་པར་བྱེད་པ་ནི། ཡེ་ཤེས་ཀྱི་མིག་གཅིག་པ་སྟེ། དེ་ལ་དྲི་མ་མེད་པའོ། །དོན་མི་འབྱུང་བ་མ་ཡིན་ཏེ། །ཡེ་
ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་པ་ཡིན་ནོ། །མི་གནས་པ་ཉིད་དུ་བསྟན་པར་བྱ་སྟེ། ཚིག་གི་དབང་ཕྱུག་ནི་བཅོམ་ལྡན་འདས་སོ། །རྟོགས་པ་དང་མ་རྟོགས་པའི་བྱེ་བྲག་གིས་དོན་གཉིས་སུ་སྟོན་པ་ན་སྨྲ་བ་ཆེ་ཞེས་བྱའོ། །སྨྲ་པའི་སྐྱེས་མཆོག་གིས་ཐོགས་པ་མི་མངའ་བའོ། །སྨྲ་བའི་རྐྱེན་ནི་དབང་པོ་དང་སྦྱར་བས་སྟོན་པའོ། །སྨྲ་བའི་དམ་པ་ཞེས་པ་ནི་ཐམས་ཅད་སེམས་ཀྱི་རང་བཞིན་གཅིག་པུར་སྟོན་པའོ། །མཆོག་གི་གནས་ནི་མཆོག་གི་དངོས་པོ་གྲུབ་པའི་གསུང་འབྱུང་བའི་གནས་སོ། །སྨྲ་བའི་སེང་གེ་ནི་ཉམ་མིང་བས་སོ། །སྨྲ་བའི་རྒྱལ་ནི་ཚུགས་པ་མེད་པ་ཞེས་པ་ཕྱོགས་སུ་བལྟ་བའི་རིགས་ཀྱིས་སོ། །ད་ནི་སྣང་པའི་རང་བཞིན་དུ་བཤད་པར་བྱ་སྟེ། ཀུན་དུ་བལྟ་བ་ནི་ཡེ་ཤེས་བརྙེས་པས་ཀུན་དུ་བལྟ་བའོ། །མཆོག་ཏུ་བལྟ་བ་ནི་དོན་དང་ཆོས་སོ་སོ་ཡང་དག་པར་རིག་པའི་ཕྱིར་རོ། །གཟི་བརྗིད་ནི་ཡེ་ཤེས་སོ། །སྣང་བ་ནི་ཕུང་པོའོ། །བལྟ་ན་སྡུག་པ་ནི་ཉམས་མྱོང་དུའོ། །འོད་བཟང་དུ་ནི་སྙིང་པོ་ལེན་པའི་དཀྱིལ་འཁོར་དུའོ། འབར་བ་ནི་རང་གི་ཤེས་པ་ཉིད་དོ། །དཔལ་བེའུ་ནི་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་ཡེ་ཤེས་སོ། །ལག་ན་འོད་འབར་ནི་འཇིག་རྟེན་གྱི་ཁམས་ལག་པའི་འོད་ལ་སོགས་པ་རྣམས་སོ། །སྣང་བ་པོ་ནི་ཡང་དག་ཐམས་ཅད་ཡེ་ཤེས་ཀྱི་སྣང་བའོ། །སྨན་པ་ཆེ་མཆོག་ནི་མི་ཤེས་པས་ན་ནད་རབ་ཏུ་འཇོམས་པའོ། །གཙོ་བོ་སྟེ་ཞེས་པ་ནི་ཕྱིན་ཅི་མ་ལོག་པའི་སྨན་གྱིས་གསོ་བར་མཛད་པའོ། །ཟུག་རྔུ་ནི་དུག་གསུམ་སྟེ་སེང་ལྡེང་གི་ཚེར་མ་ལྟ་བུའོ། །འབྱིན་པ་ནི་དབང་པོ་ལ་སོགས་པ་གསུམ་གྱིས་སོ། །བླ་ན་མེད་པ་ནི་ཕྱིས་མི་འབྱུང་བས་སོ། །སྨན་རྣམས་མ་ལུས་པ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ངོ༌། །ལྗོན་པའི་ཤིང་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའོ། །འདིར་ནི་རྗེ་བཙུན་པས་གཟུང་བར་བྱའོ། །དེས་ཅི་འགྱུར་ཞེ་ན། ནང་དོ་ཅོག་གི་དགྲ་ཆེ་བ། །ཞེས་གསུངས་པ་ནི། ཉོན་མོངས་པ་དེ་སྙེད་ཀྱིའོ། །རྡོ་རྗེ་ཉི་མ་སྣང་བ་ཆེ། །ཞེས་པ་ནི། སེམས་ཡེ་ཤེས་ཀྱི་དཀྱིལ་དུ་སྣང་བ་སྟེ་ཐབས་སོ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་པ་ནི་དེ་ཉིད་རྣམ་པར་དག་པའི་ངོ་བོ་སྣང་བ་སྟེ་ཤེས་རབ་པོ། །དེ་གཉིས་ཐ་མི་དད་པ་ནི་བསྐྱེད་རྫོགས་
གཉིས་ཟུང་དུ་འཇུག་པ་སྟེ། ཁོ་བོའི་བླ་མ་རི་ཁྲོད་དགོན་པའི་གཞུང་ལུགས་སོ། །དེ་ཉིད་བཀླག་པའི་མན་ངག་ཏུ་བསྟན་པར་བྱ་སྟེ། བདག་ཉིད་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཞུགས་པའི་ཚེ། རིགས་ཀྱི་ལྷ་དང་མཐུན་པའི་ཆེད་དུ་བརྗོད་པར་བྱ་བ་ནི། དབང་བསྐུར་བ་དང་དངོས་གྲུབ་གྲུབ་པའི་བྱེ་བྲག་གིས་རང་རང་གི་ང་རྒྱལ་དུ་ཞུགས་ལ་ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབས་པ་བྱས་ནས་གཉིས་པའམ་སྒྲུབ་བྱེད་དུ་གནས་པའི་རྣལ་འབྱོར་པས་སོ་སོ་རིགས་ཀྱི་ཆེད་དུ་བརྗོད་པ་གདོན་པ་དང༌། རིགས་བསྡུས་པའི་ཆེད་དུ་བརྗོད་པ་བསྟན་པའོ། །ཡང་མཆོད་པ་ལ་སོགས་པས་མཉེས་པར་བྱས་ནས་ཕྱག་བརྒྱ་བཀྲོལ་བའོ། །དེའི་མན་ངག་ནི་རང་གི་སྦྱོར་བ་དང་ལྡན་པས་ཐབས་དང་ཤེས་རབ་ལ་གནས་ཏེ། དབྱངས་ཡིག་དང་པོའི་རང་བཞིན་ལས། །མཆོད་སྦྱིན་སྦྱོར་བར་བྱེད་པ་ཡིན། །ཞེས་གསུངས་པ་ནི་མན་ངག་སྟེ། བསྐྱེད་པའི་ཚུལ་ལོ།། སྡུ་གུ་འཇིག་རྟེན་གསུམ་གྱི་མཆོག །ཅེས་པ་ནི། རྟགས་དང་དོན་གྱི་ཁྱད་པར་གྱིས་སྲིད་པ་གསུམ་དང་ལུས་ངག་ཡིད་གསུམ་གྱི་མཆོག་གོ །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཞེས་པ་ནི་མི་འཆར་བ་མེད་པ་དང༌། དེ་མ་ཡིན་པའི་སྲིད་པའོ། །གང་དུ་ཞེ་ན། ཕྱོགས་བཅུ་ཞེས་པ་ནི་གནས་སོ། །ནམ་མཁའ་ནི་དུས་སོ། །མཐར་ཐུག་པ་ཞེས་པ་ནི་རྒྱ་དེ་སྲིད་དུ་ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས་པ་ནི་སྐལ་བ་དང་དབང་པོའི་བྱེ་བྲག་གིས་སྙིང་པོ་དང་སྐུན་པ་ལ་སོགས་པར་རོ། །འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །ཞེས་པ་ནི། བླ་ན་མེད་པ་ཐོབ་པར་འདོད་པ་ཞིག་རང་ལ་ཡོད་པའི་དེ་ཉིད་ཡོད་པར་ཤེས་པ་དང༌། ཇི་ལྟ་བ་བཞིན་རྟོགས་པའོ། །དེས་སྣང་བ་མེད་པ་དང་བརྟགས་པར་རང་གྲོལ་བར་གྱུར་པ་ནི་སྤངས་པ་སྟེ། དེའི་སྙིང་པོ་བྱམས་པ་དང་སྙིང་རྗེའི་དཀྱིལ་འཁོར་ཅན་ནོ། །དེའི་རྣལ་འབྱོར་ནི། །དཔལ་ལྡན་པདྨ་གར་གྱི་བདག་སྟེ། ནང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་ཐམས་ཅད་གར་གྱི་རྣམ་པ་ལྟ་བུར་མཐོང་བའོ། །དེ་གཉིས་ཀ་ལ་ཡང་ཁྱབ་བདག་ཆེན་པོ་རིན་པོ་ཆེས་ཁྱབ་པས་ན་གདུགས་སོ། །སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། །ཞེས་པ་ནི་སྣང་གྲགས་
ཐམས་ཅད་ལ་སྐྱེ་མེད་སྟོན་བར་ནུས་པའི་མཐུའི་རང་བཞིན་ཡོད་དེ། དེ་ཅིའི་ཕྱིར་ཞེ་ན། མ་སྐྱེས་པའི་སྙིང་པོ་ཅན་ཡིན་པའི་ཕྱིར་རོ། །དཔེར་ན་རྐུན་མོ་ཞིག་ཆང་གིས་རབ་ཏུ་མྱོས་ན། བདག་གིས་ཆེ་གེ་མོའི་ནོར་བརྐུས་སོ་ཞེས་སྔོན་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། རང་རྒྱུད་ཆང་གིས་བཟི་བ་ཡིན་པའི་ཕྱིར། །དེ་བས་ན་སངས་རྒྱས་ལ་སོགས་པའི་དོན་མཐོང་ནས་ཇི་ལྟར་བྱ་བའི་ཚུལ་ནི་དེ་ཉིད་སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེན་པོ་སྟེ་དེ་ཉིད་བསྒོམ་པར་བྱའོ། །སངས་རྒྱས་ལ་རང་རྒྱུད་མི་གནས་པའི་ཕྱིར་དགོངས་པ་གཅིག་སྟེ། སངས་རྒྱས་ཀུན་གྱི་བསྟན་པ་གཅིག །ཅེས་བྱའོ། །བསྒྲུབ་པར་མི་ནུས་པ་མ་ཡིན་ཏེ། ཐ་དད་པ་ནི་སེམས་ཅན་གྱི་རྒྱུ་ཡིན་ལ། དེ་ལ་མ་རིག་པ་དང༌། གློ་བུར་བ་དང༌། བློ་ཡིས་བརྟགས་པ་དང༌། ཕྱོགས་ན་གནས་པ་དང༌། འདུས་བྱས་པའོ། །དེ་ལ་སོགས་པའི་སངས་རྒྱས་ཏེ། རང་བཞིན་གྱིས་འོད་གསལ་བ་དང༌། གདོད་མ་ནས་ལྷུན་གྱིས་གྲུབ་པ་དང། བློ་ཡིས་མ་བརྟགས་པ་དང༌། དུས་དང་མཐའ་ལ་མི་གནས་པ་དང༌། འདུས་མ་བྱས་པའི་གཅིག་པའོ། །འགལ་བར་གྱུར་པ་མ་ཡིན་ཏེ། ལྡོག་ཆོས་ཐ་དད་ཀྱང༌། བདག་ཉིད་གཅིག་པའི་བུམ་པ་བཞིན་ནོ། །ད་ནི་དུ་མར་རིགས་པ་སྟོན་ཏེ། རྡོ་རྗེ་རིན་པོ་ཆེ་ནི་རིན་ཆེན་འབྱུང་ལྡན་ནོ། །དབང་བསྐུར་དཔལ་ནི་རིན་ཆེན་སེམས་མའོ། །རིན་ཆེན་ཀུན་བདག་ནི་མི་བསྐྱོད་པའོ། །དབང་ཕྱུག་སྟེ་ཞེས་པ་ནི་རྡོ་རྗེ་སེམས་མའོ། །འཇིག་རྟེན་དབང་ཕྱུག་ནི་སྣང་བ་མཐའ་ཡས་སོ། །ཀུན་གྱི་བདག་ཅེས་པ་ནི་ཆོས་ཀྱི་སེམས་མའོ། །རྡོ་རྗེ་འཆང་ཞེས་པ་ནི་དོན་ཡོད་གྲུབ་པའོ། །ཀུན་གྱི་རྗེ་ཞེས་པ་ནི་ལས་ཀྱི་སེམས་མའོ། །སངས་རྒྱས་ཀུན་གྱི་ཞེས་པ་ནི་རྣམ་པར་སྣང་མཛད་དོ། །ཐུགས་ཆེ་བ་ཞེས་པ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ། །འདྲེས་ཤིང་གཅིག་པ་ནི། རིགས་ནི་རྣམ་པ་དྲུག་ཏུ་བརྗོད། མདོར་བསྡུས་པ་ནི་རྣམ་པ་ལྔ། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིན།། ཕྱིས་ནི་རྣམ་པ་གསུམ་དུ་འགྱུར། །ཞེས་གསུངས་པས། སྐུ་གསུང་ཐུགས་རྡོ་རྗེ་འདུས་པ་སྟེ། དེ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁོ་ནར་བསྟོད་པའོ། །རྫོགས་པའི་རིམ་པའི་ཚུལ་གྱིས་ནི། སྤྲོས་པ་མེད་པའི་རང་བཞིན་དུ། །སྔགས་དང་ལྷར་ནི་ཡང་དག་གནས། །ཞེས་
གསུངས་པས་ན། དོན་དང་དོན་གྱི་ཁྱད་པར་བརླག་པར་བྱའོ། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཞེས་པ་ནི། ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་གཞུང་ལུགས་ནི་ཆོས་ཅན་དང་ཆོས་ཉིད་ཀྱི་ལམ་སྟེ། དེའི་དགོངས་པ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའ་སེམས་ཅན་རིག་པ་དང༌། བསམ་པ་དང་དབང་པོ་དང༌། མོས་པ་མཁྱེན་པས་ཁ་དོག་སྣ་ཚོགས་འབར་བའི་འོད་དུ་འཕྲོས་ནས་ཆོས་སྟོན་ཏོ། །གཉིས་ཀ་ཐེག་པ་ཆེན་པོར་འཐད་དེ། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་པས་གཅིག་ནི་བདེན་པ་རྣམ་པ་གཉིས་ལ། འདིར་ནི་པདྨའི་ནམ་མཁར་ཟེའུ་འབྲུ་གང༌། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་གནས་དག་ཏུ། །སེམས་ཀྱི་ནོར་བུ་ནང་དུ་ཆུད་པ་ལ། །ཡེ་ཤེས་གང་སྐྱེས་དེ་ནི་བརྗོད་མེད་གཟུགས། །ཞེས་གསུངས་པའི་མན་ངག་གིས་སངས་རྒྱས་པའོ། །དམན་པ་མ་ཡིན་ཏེ། སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་འགྲོ་བ་དང་མཐུན་པའི་ཚོད་འདོད་ཆགས་ལ་སོགས་པ་དེ་ཉིད་ཐབས་ཁྱད་པར་ཅན་གྱིས་བྱང་ཆུབ་ཀྱི་ཡན་ལག་ཏུ་འགྱུར་བའི་སྒོ་ནས་སེམས་ཅན་འཛིན་པར་མཛད་པ་སྟེ། དེ་ཡང༌། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །སྔགས་ཀྱིས་བསད་པའི་དུག་བཞིན་དུ། །འཁོར་བ་ཞི་བའི་བདག་ཉིད་དོ། །ཞེས་གསུངས་སོ། །དྲང་བའི་དོན་མ་ཡིན་ཏེ། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཞེས་གསུངས་སོ། །དེ་བས་ནི་ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པར་མཛད་པའོ། །རྒྱལ་པོ་ནི་བདེ་བར་གཤེགས་པ་སྟེ། སྒྱུ་འཕྲུལ་སྣ་ཚོགས་འཆང་བ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་མན་ངག་གོ ། ཆེ་བ་སངས་རྒྱས་རིག་སྔགས་རྒྱལ། །ཞེས་པ་ནི། ཆོས་ཆ་ཤས་དང་བཅས་པར་རིག་པ་དང༌། དོན་མ་སྐྱེས་པར་རིག་པ་དང༌། སྔགས་ཆོས་ཉིད་ལམ་དུ་རིག་པ་དང༌། བཟོད་པ་ཆོས་ཉིད་དུ་རིག་པ་དུས་ཀྱི་ཚེ་ཆེ་བ་སྟེ། སངས་རྒྱས་ཀྱི་རང་བཞིན་ནོ། །དེའི་ཕྲིན་ལས་ནི་རིག་སྔགས་ལ་སོགས་པའོ། །དེ་ཁོ་ན་མ་ཡིན་པ་ནི་རྡོ་རྗེ་རྣོན་པོ་ཞེས་པས་ཡིད་ལ་མི་བྱེད་པའོ། །རལ་གྲི་ཆེ་ཞེས་པས་དེ་དང་འདྲ་བའི་ཡེ་ཤེས་སོ། །ཡིག་ནི་ལྔ་སྟེ། སྐྱེ་མེད་བདེ་བའི་སྙིང་པོ་ཅན་ནི་མཆོག་སྟེ་ཞེས་པ་དེ་ཉིད་ཀྱང་བཅོས་པར་སྟོན་པའོ། །རྣམ་པར་དག་པ་ནི་སྙིང་རྗེ་ཆེན་པོའི་དམ་ཚིག་གོ །དེ་ཡང༌།
ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བཤད་པ་ཡིན། །ཞེས་གསུངས་པས། གང་ལ་ཟུང་དུ་འཇུག་པ་གནས་པ་ནི་ཐེག་པ་ཆེན་པོ་སྟེ། དེས་ཉེར་ལེན་གྱི་ཕུང་པོ་ལྔ་འཇོམས་པ་སྡུག་བསྔལ་གཅོད་ཅེས་བྱའོ། །མཚོན་ཆ་ཆེན་པོ་ནི་ལམ་གྱི་བདེན་པ་སྟེ། ལྡང་འཇུག་མེད་པའོ། །དེ་ཡང༌། གཟུགས་ལ་རྣམ་གསུམ་ཤེས་བྱ་སྟེ། །མཆོད་པ་བྱེད་པས་མཆོད་པར་བྱ། །ཞེས་བྱ་བ་ལ་སོགས་པས་སོ། །རྡོ་རྗེ་ནི་ཆོས་སོ། །རྡོ་རྗེ་ཟབ་མོ་ནི་ཐུགས་སོ། །ཛི་ན་ཛི་ཀ་ནི་སྐུ་སྟེ། དེ་གསུམ་དབྱེར་མི་ཕྱེད་པ་ནི་རྡོ་རྗེའོ། །བློ་གྲོས་ནི་ཤེས་རབ་སྟེ། དོན་བཞིན་རིག་པ་ནི་ཇི་བཞིན་པའོ། །ཕ་རོལ་ཏུ་ཕྱིན་པ་ནི་བཤད་ཟིན་ཏོ། །བརྩོན་ཆེན་ཞེས་པ་ནི་བརྩོན་འགྲུས་ཆེན་པོ་སྒྱུ་འཕྲུལ་དྲ་བར་རྫོགས་པར་མཛད་དེ། དེ་ཅིའི་ཕྱིར་ཞེ་ན། བྱ་བ་ལ་སོགས་པའི་རྒྱུད་ཀུན་གྱི་རྒྱལ་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་མ་ཡིན་ལ། དེའི་ཆེད་དུ་བརྗོད་པའི་མཆོག་འདིར་སྟོན་པའི་ཕྱིར་རོ། །རྡོ་རྗེ་གདན་ནི་མ་ལུས་ལྡན། །ཞེས་པ་ནི་གསེར་དང་གསེར་བཞིན་ནམ། རྒྱ་མཚོ་ཆུ་བོ་འབབ་པ་བཞིན་རིག་པར་བྱའོ། །ཡེ་ཤེས་ཀྱི་སྐུ་ནི་ཡེ་ཤེས་སྐུ་རྣམས་སོ། །ཀུན་དུ་བཟང་པོ་དང་བློ་གྲོས་བཟང་པོ་ནི་འཇམ་དཔལ་དང༌། སའི་སྙིང་པོ་དང་འགྲོ་བ་འཛིན་ནི་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་སྟེ། དེའི་རྣམ་པར་དག་པ་ནི་ཐབས་དུ་མ་སྤྲུལ་པའོ། །མཚན་མ་མི་དམིགས་པ་དང༌། ཐམས་ཅད་ཡོད་པ་དང༌། སྙིང་རྗེའི་སྙིང་པོ་ཅན་ཉིད་ཀྱིས་གསང་བ་ཆེན་པོའོ། །ཡང་ནས་དང་འགྲོ་བའི་རྟེན་གཞལ་ཡས་ཁང་དང༌། བརྟེན་པ་ལྷའི་འཁོར་ལོས་མཚོན་པའོ། །སངས་རྒྱས་ཀུན་གྱི་ཞེས་པ་ནི། རིགས་སོ་སོའི་དཀྱིལ་འཁོར་གྱི་འཁོར་ལོའོ། །སྙིང་པོ་ཆེ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ། །དེ་ལས་ཐམས་ཅད་དུ་སྣང་བས། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང༌། །ཞེས་སྟོན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ལྷའི་འཁོར་ལོར་སྣང་བའོ། །དངོས་པོ་ཀུན་གྱི་རང་བཞིན་མཆོག །ཅེས་པ་ནི་སྟོང་པའོ། །དངོས་པོ་ཀུན་གྱི་རང་བཞིན་འཛིན། །ཞེས་པ་ནི་སྣང་བའོ། །སྐྱེ་མེད་ཆོས་ཏེ་ཞེས་པ་དང༌། སྣ་ཚོགས་དོན་ཞེས་པ་ནི་རང་རང་གི་ངོ་བོ་སྟོན་པའོ། །ཆོས་ཀུན་ངོ་བོ་ཉིད་
འཆང་བ། ཞེས་པས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབྱེར་མེད་བསྟན་པའོ། །ཤེས་རབ་ལ་སོགས་པ་ནི་དུས་ཀྱི་མཐའི་སྐད་ཅིག་མའོ། །དེ་ཉིད་འདིར་རྣལ་འབྱོར་གྱི་ལམ་དུ་བྱ་བའི་ཕྱིར་མི་གཡོ་ཞེས་པ་ནི་ཏིང་ངེ་འཛིན་གྱི་སྐྱོན་དྲུག་དང་བྲལ་བའོ། །རབ་ཏུ་དང་བའི་བདག་ཅེས་པ་ནི། ལམ་གྱི་ལུས་ཀྱི་རྙོག་པ་བརྒྱད་པའོ། །མངོན་སུམ་པ་ཞེས་པ་ནི་མངོན་སུམ་པ་འདིར་རིག་པའོ། །ཇི་ལྟར་ན་ཡེ་ཤེས་ལ་སོགས་པའོ། །དེ་དག་གིས་ནི་སོ་སོར་རྟོག་པའི་ཡེ་ཤེས་ལ་བསྟོད་པའོ།། །།འདོད་པ་ལ་སོགས་པའི་འདིར་བཤད་བར་བྱ་སྟེ། འདོད་པ་ནི་མཐུན་པ་སྟེ་རབ་ཏུ་བསྟན་པའི་འདོད་པའོ། །དོན་ནི་བསྒྲུབ་པར་བྱ་སྟེ། རིན་ཆེན་འབྱུང་ལྡན་ནོ། །གྲུབ་པ་ནི་མ་ཆགས་པའོ། །དམ་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེར་སྣ་དག་པར་བྱས་པའོ། །ངན་སོང་ཐམས་ཅད་རྣམ་སྦྱོང་བ། །ཞེས་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མ་ཆགས་པའི་དམྱལ་བ་སྦྱོང་བར་བྱེད་དོ། །བྱིན་པས་ཡི་དགས་སྦྱོར་བར་བྱེད་དོ། །རེ་བ་མེད་པས་བྱོལ་སོང་སྦྱོང་བར་བྱེད་དོ། །ཡང་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་བས་ན། མགོན་པོ་སེམས་ཅན་ཀུན་གྱི་མཆོག །ཅེས་བྱ་སྟེ། གཞན་གྱི་དོན་ལ་དམིགས་པས་སོ། །ཇི་ལྟར་ན་སེམས་ཅན་ཐམས་ཅད་སྒྲོལ་བ་ཞེས་པ་ནི་མཛད་པ་སྟེ། རིགས་ལ་སྤྱོད་པ་དང༌། བག་ལ་ཉལ་བ་ལ་སྤྱོད་པ་དང༌། མོས་པ་ལ་སྤྱོད་པ་དང༌། ལས་དང་པོ་པ་རྣམས་ལ་གསང་སྔགས་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། བསླབ་པ་གཉིས་དང༌། བདེན་པ་བཞི་བསྟན་པའོ། །ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བཤད་པ་སྟེ། དེ་ཡང༌། འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་ཁོ་ན་ལྷག་པའི་དབྱེ། །ཞེས་གསུངས་པའི་ཕྱིར་རོ། །མི་ཤེས་པ་ནི་གཏི་མུག་གོ །དགྲའི་དྲེགས་པ་ནི་བདེན་པ་གཉིས་མེད་ལ་ཐེ་ཚོམ་ཟ་བའོ། །དེ་ཡང་རིག་པའི་ཡེ་ཤེས་ཀྱིས་འཇོམས་པའོ། །དཔལ་ལྡན་བློ་དང་སྟེག་པར་ལྡན། །ཞེས་པ་ནི། དཔལ་ནི་གཞུང་ལུགས་ཀྱི་བྱིན་གྱི་རླབས་སོ། །བློ་ནི་སངས་རྒྱས་ཀྱི་སྙིང་པོའི་ས་བོན་ནོ། །སྟེག་ནི་ལྷག་པ་བྱང་ཆུབ་ཀྱི་སེམས་སོ། །དེ་རྣམས་རོ་གཅིག་ཏུ་སྐྱེས་པ་ནི་ལྡན་པ་སྟེ། དེ་ཡང་བླ་
མའི་བརྒྱུད་ཐབས་བསྟེན་པ་དང༌། བསོད་ནམས་ལས་ནི་ཡང་དག་ཤེས། ཞེས་གསུངས་པའི་ཕྱིར་རོ། །བརྟན་པོ་མི་སྡུག་གཟུགས་འཆང་བ། །ཞེས་པ་ནི། རྟོག་པ་ལ་སེམས་བརྟན་པས་འཁོར་བ་བསྡིགས་པའི་བརྡའོ། །ལག་པ་བརྒྱད་པོ་ཀུན་བསྐྱད་ཅིང༌། །ཞེས་པ་ནི། ཕྱི་ནང་གསང་བའི་བྱེ་བྲག་གིས། རྟགས་དང་ཐབས་ཀྱི་བྱེ་བྲག་དང༌། ཡུལ་སྣ་ཚོགས་པ་ཐམས་ཅད་བདེ་བར་བསྐྱོད་པའོ། །གོམ་པའི་སྟོབས་ཀྱིས་གར་བྱེད་པ་ཡང་དེ་བཞིན་ཏེ། རྟགས་ལ་འབྱུང་བ་བཞི་བདེ་བས་ནོན་པ་དང༌། དགའ་བ་བཞི་དོན་གྱིས་ལྷན་ཅིག་སྐྱེས་པས་གནོན་པ་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐེ་བོ་གཅིག་གིས་གདན་ལ་རེག་པར་བཞེངས་སོ་ཞེས་པའི་དོན་ཏོ། །དེས་དོན་ཀུན་དུ་བསྒྲུབ་པའི་ཕྱིར་རྐང་མཐེ་བ་ལ་སོགས་པ་གསུངས་ཏེ། སྲིད་པ་དེ་ཉིད་དུ་བྱེད་པར་ཡང་སྦྱང་རོ། །དོན་གཅིག་ཅེས་པ་ལ་སོགས་པ་ནི་འབྲེལ་པ་སྟེ། དེ་ཡང་དོན་གཉིས་མེད་ནི་གཉུག་མའོ། །ཆོས་ཀྱི་དོན་ནི་དཔེའོ། །དེས་ཅིར་འགྱུར་ཞེ་ན། དམ་པའི་དོན་དེ་ཞེས་པ་ནི་མ་བཅོས་པ་སྟེ། འཁོར་བས་འཇིག་པ་མེད་པ་དེ་ནི་མཚོན་པའོ། །ཉམས་སུ་མྱོང་བ་ནི་རྣམ་པར་རིག་པ་ཉིད་ལས་སྣ་ཚོགས་པར་སྣང་བ་གཟུགས་ལ་སོགས་པའི་དོན་དང༌། གཉིས་སུ་མེད་པ་མྱོང་བས་ན་ཅན་ཞེས་བྱའོ། །རྣམ་པར་ཤེས་པའི་ཚོགས་ནི་ཐམས་ཅད་ལྷན་ཅིག་སྐྱེས་པའི་རྗེས་སུ་འཇུག་པར་འགྱུར་ཏེ། རྣམ་ཤེས་སྣ་ཚོགས་རྒྱུད་དང་ལྡན། །ཞེས་པས། ཐམས་ཅད་དོན་དམ་པ་བྱང་ཆུབ་ཀྱི་སེམས་སུ་ལྡན་ཞེས་བྱའོ། །དེ་བས་བླ་མ་མཉེས་པ་ལས་དེའི་བཀའ་ལུང་གིས་དེ་ལྟ་བུའི་རླུང་དབང་པོ་རྣམས་ལ་བཀུག་སྟེ། རྒྱུན་དུ་འཇུག་པ་དང་འབྱུང་བའི་བྱ་བ་བྱེད་པའི་རྣལ་མའི་ཡིད་ཉིད་དུ་འཇོག་པར་བྱེད་དོ་ཞེས་གསུངས་པས་སོ། །ཕྱིས་ཞེན་པར་མི་འགྱུར་བ་ནི། དངོས་དོན་མ་ལུས་རྣམས་ལ་དགའ། །ཞེས་བྱ་སྟེ། ཉམས་སུ་མྱོང་བའི་ཕྱིར་ན་དེས་ན་སྔོན་ཡོངས་སུ་བཏང་བའི་དབང་པོ་དེ་ཡང་ཡིད་དང་བྲལ་བར་བྱེད་པ་མེད་པར་འགྱུར་ཏེ། མས་བོར་བའི་བེའུ་ཉིད་རྗེས་སུ་འཆོལ་བ་བཞིན་དུ་འདིར་ཡང་དབང་པོ་རྣམས་ཡིད་ཀྱི་རྗེས་སུ་འབྲང་བར་འགྱུར་ཏེ། གང་དུ་ཡིད་འཇུག་པ་དེར་རབ་ཏུ་འཇུག་སྟེ། གང་གི་ཕྱིར་དེ་མ་
རྟོགས་པར་འདི་དག་རབ་ཏུ་སྦྱོར་བར་མེད་པ་མ་ཡིན་ཞེས་གསུངས་པས་སོ། །ཟུང་འཇུག་ཏུ་མི་འགྱུར་བ་མ་ཡིན་པ་ནི། སྟོང་པ་ཉིད་དགའ་འདོད་ཆགས་བློ། །ཞེས་བྱའོ། །སྲིད་པར་གྱུར་པ་མ་ཡིན་པ་ནི། །སྲིད་བའི་འདོད་ཆགས་སྤངས་པ་སྟེ། །ཞེས་བྱའོ། །ལོག་པར་རྟོགས་པ་བསལ་བའི་ཕྱིར་སྲིད་པའི་འདོད་ཆགས་ནི་སྲིད་པའི་འདོད་ཆགས་ཏེ། བརྒྱུད་ཐབས་བསྟེན་པ་ཉིད་ཀྱིས་འདྲ་བར་གྱུར་པ་སྟེ། ཟངས་ལས་ར་གན་དུ་གྱུར་ཏེ། གསེར་མ་ཡིན་པ་བཞིན་ནོ། །སྤངས་པ་ནི་སྤངས་པ་སྟེ་གསེར་རྙེད་པའི་དུས་ན་སྔར་གྱི་འདྲ་བ་ལ་དགོས་པ་མེད་པའོ། །བདེ་བ་དང་བྲལ་བ་མ་ཡིན་ཏེ། སྲིད་པ་གསུམ་གྱི་རང་བཞིན་དགའ་བ་ཡིན་ལ། དེ་ལ་ཡང་ཆེན་པོ་པས་དགོས་པ་མེད་པའི་ལྷན་ཅིག་སྐྱེས་བ་ཉིད་དེ། དཔེར་ན་ནམ་མཁའ་ལ་སྤྲིན་ནག་པོ་དང་སེར་པོ་ལ་སོགས་པ་བསལ་བའི་རྗེས་སྤྲིན་དཀར་ཡང་དག་པའི་དཀར་བ་བཞིན་དུ་དཀར་བའི་བདེ་བ་སྟོང་བ་ཕྲ་མོ་ཙམ་མི་གནས་ཀྱང་བདེ་བར་འཐད་དེ། །འོད་བཟངས་སྟོན་ཀའི་ཟླ་བའི་འོད། །ཅེས་པས་ཟླ་བ་དང་འོད་བཞིན་དག་པ་དང་བདེ་བ་ལ་ཐ་མི་དད་པར་འཆར་རོ། །ཕྱིའི་སྒྲོ་འདོགས་ཆོད་པའི་དག་པའི་འཆར་བ་མ་ཡིན་ཏེ། ནང་རྟེན་འབྲེལ་གྱི་དུས་ན་ཉི་མ་འཆར་ཀ་དང་ཤར་བའི་དཀྱིལ་འཁོར་ལྟར་མཛེས་སོ། །དེས་ཐ་དད་གྱུར་པ་མ་ཡིན་ཏེ། མཚོན་པར་བྱེད་པ་གཅིག་གིས་མཚོན་པའི་ཕྱིར་རོ། །ཕྱིས་རང་རྒྱུད་དུ་འགྱུར་བ་མ་ཡིན་ཏེ། འདི་ནི་ཐབས་དང་ཤེས་རབ་ལས་སྐྱེས་པའི་བདེ་བ་ཆེན་པོ་ཉིད་ཡིན་པས། །རྣམ་པར་རྟོག་པའི་ཚོགས་མཐའ་དག་ཡོངས་སུ་སྤངས་ནས་བླ་ན་མེད་པའི་ལོངས་སྤྱོད་དུ་ཉེ་བར་འགྲོ་ཞིང༌། །འགྲོ་བ་འདི་དག་ནི་བདེ་བ་ཆེན་པོའི་རྣམ་པར་འགྲོ་བར་འགྱུར་ཏེ། དཔེར་ན་ཉི་མའི་འོད་ཟེར་གྱི་ཚོགས་ཀྱིས་ཕོག་པའི་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བཞིན་དུ། འགྲོ་བ་རྣམས་སྙིང་པོ་མེད་པར་སྣང་ངོ་ཞེས་གསུངས་པས་སོ། །སེན་མོ་འོད་ལ་སོགས་པ་ལ་ཕྱི་ནང་སྦྱར་བར་བྱ་སྟེ། སྔར་བཤད་པ་དང་འཆད་པར་འགྱུར་བ་ཐམས་ཅད་གྲགས་པའི་མཚན་དཔེ་ལ་སྦྱར་བ་དང༌། དེ་ཉིད་རྣམ་པར་དག་པ་བདེ་བ་ལ་སྦྱར་བའོ། །དེ་ལྟར་ན་བདེ་བ་ཉམས་སུ་མྱོང་བའི་གནས་བསྟན་
པའི་ཕྱིར། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །ཞེས་གསུངས་ཏེ། ནོར་བུ་ནི་རིན་པོ་ཆེའོ། །ཆེན་པོ་ནི་པདྨའི་ཟེའུ་འབྲུའོ། །ཆགས་པ་ནི་ཐིག་ལེ་སྟེ་བདེ་བ་དང་ལྡན་པའོ། །དཔལ་ནི་དེས་གཞན་གྱི་དོན་དུ་འགྱུར་བའོ། །ཇི་ལྟར་འགྱུར་བ་བསྟན་པའི་ཕྱིར། །སངས་རྒྱས་ནི་ཤིགས་པ་མེད་པའི་ཧཾ་ངོ༌། །སྤྲུལ་པ་ནི་བྱང་ཆུབ་ཀྱི་སེམས་སོ། །རྒྱུད་ནི་དགའ་བ་བཞིའོ། །མཚན་ཉིད་མི་མཐུན་པས་མཚོན་པར་མི་ནུས་པ་མ་ཡིན་ཏེ། དད་ལྡན་ཞེས་པས་སྔ་མ་བཞིན་ནོ། །འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །ཞེས་པ་ནི། ཕྱི་ནང་གི་བྱེ་བྲག་གིས་སངས་རྒྱས་ཀྱི་རྫུ་འཕྲུལ་དང༌། ཡེ་ཤེས་མཐོང་བའི་དུས་ནི་ས་གཡོས་ལ་སོགས་པའི་རྟགས་འབྱུང་བར་བཤད་པ་བཞིན་ནོ། །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །ཞེས་པ་ནི། སྔར་བཞིན་གྱིས་ཀུན་རྫོབ་ཀྱི་རྫུ་འཕྲུལ་བསྟན་པ་ལས། དོན་གྱི་སྟོབས་ཆེན་པོ་ལྔ་དང་ལྡན་པ་ཐོབ་པར་འགྱུར་རོ། །དེ་ཉིད་དྲན་པ་ཆེན་པོ་འཆང༌། །ཞེས་པ་ནི། སྔར་གྱི་བྱེ་བྲག་གིས་དབང་པོ་དམན་པོས་མཚན་མའི་རྣལ་འབྱོར་དུ་བྱ་བ་དང༌། དེ་ལས་གཞན་པས་བདེ་བ་ཆེན་པོའི་དྲན་པ་འཆང་བ་པོ། དྲན་པ་བཞི་པོ་ཞེས་པ་ནི་སྔར་གྱི་བྱེ་བྲག་གིས་ཚོར་བ་དྲན་པ་ཉེ་བར་གཞག་པ་དང༌། དུས་ཀྱི་ཡེ་ཤེས་དྲན་པ་དང༌། ཆོས་དྲན་པ་ཉེ་བར་གཞག་པ་དང༌། དུས་ཀྱི་ཡེ་ཤེས་སྣང་བར་དྲན་པའོ། །སེམས་དྲན་པ་ཉེ་བར་གཞག་པ་དང༌། དུས་ཀྱི་ཡེ་ཤེས་སྡུགས་སྔལ་དུ་དྲན་པའོ། །ལུས་དྲན་པ་ཉེ་བར་གཞག་པ་དང༌། དུས་ཀྱི་ཡེ་ཤེས་བདེན་པར་དྲན་པའོ། །ཏིང་ངེ་འཛིན་རྒྱལ་ཞེས་པ་ནི་སྔར་བཞིན་གྱི་བྱེ་བྲག་གིས་སེང་གེ་རྣམ་པར་རྩེ་བ་དང༌། ནམ་མཁའ་མཛོད་དང༌། དྲི་མ་མེད་པ་དང༌། ཀུན་དུ་སྣང་བའི་ཏིང་ངེ་འཛིན་དང༌། འབྲས་བུ་དང་རྗེས་སུ་མཐུན་པའི་ཁ་སྦྱོར་བ་ལ་སོགས་པའི་ཡན་ལག་བརྒྱད་དོ། །བྱང་ཆུབ་ཀྱི་ཡན་ལག་གི་སྔར་བཞིན་གྱི་བྱེ་བྲག་གིས་བདུན་དང་རྣམ་པར་ཤེས་པའི་བདུན་གྱིས་ལུས་རྒྱུན་གྱིས་རྟག་པ་ཉིད་དོ། །མེ་ཏོག་སྤོས་ནི་དངོས་དང་མ་བཅོས་ཤིང་རང་སྣང་བའོ། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ཞེས་པ་ནི། སྔར་བཞིན་གྱི་བྱེ་བྲག་གིས་འཕགས་པའི་བདེན་པ་བཞི་ལ་སོགས་པ་ཐམས་ཅད་དང༌། ཡོན་ཏན་མཚོ་ཇི་སྙེད་ཀྱི་གནས་བྱང་ཆུབ་ཀྱི་སེམས་སོ། །ལམ་གྱི་ཡན་ལག་བརྒྱད་རིག་པ། །ཞེས་པ་ནི། སྔར་གྱི་
བྱེ་བྲག་གིས་དེ་ཉིད་དང་འཇིག་རྟེན་ལས་འདས་པའི་ལྟ་བ་གང་གིས་བདག་དང༌། སེམས་ཅན་དང༌། སྲོག་དང༌། གསོ་བ་དང༌། སྐྱེས་བུ་དང༌། གང་ཟག་དང༌། ཤེད་བུ་དང༌། ཤེས་ལས་སྐྱེས་པ་དང༌། བྱེད་པ་པོ་དང༌། ཚོར་བ་པོ་དང༌། མཐོང་བ་པོའི་ལྟ་བ་ཀུན་ནས་ལྡང་བར་མི་བྱེད་ཅིང་རྟག་པ་དང༌། ཆད་བ་དང༌། སྐྱེ་བ་དང༌། འགག་པ་དང༌། དགེ་བ་དང༌། མི་དགེ་བ་ཀུན་ནས་བསླང་བ་དང༌། སྲིད་པ་དང་བྲལ་བའི་ལྟ་བ་ཀུན་ནས་བསླང་བ་དང༌། སྲིད་པ་དང་བྲལ་བར་བསྟན་པས་ལྟ་བ་ཀུན་ནས་བསླང་བ་དང༌། འཁོར་བ་དང་མྱ་ངན་ལས་འདས་པའི་ལྟ་བ་ཀུན་ནས་ལྡང་བར་མི་བྱེད་པ་ནི་ཡང་དག་པའི་ལྟ་བའོ། །ཀུན་དུ་རྟོག་པ་གང་གིས་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་གི་ཀུན་ནས་ཉོན་མོངས་པ་སྐྱེ་བ་དང་མཐུན་པར་གང་དུ་མི་རྟོག་ཅིང་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང་ཤེས་རབ་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་སྐྱེ་བ་དང་མཐུན་པར་ཀུན་དུ་རྟོག་པ་འདི་ནི་ཡང་དག་པར་རྟོགས་པའོ། །ངག་གང་གིས་བདག་དང་གཞན་གདུང་བར་མི་འགྱུར་བ་དང༌། ཉོན་མོངས་པར་མི་འགྱུར་བ་དང༌། བསྣུན་པར་མི་འགྱུར་བ་དང༌། བཞད་གད་དུ་མི་འགྱུར་ཞིང༌། རིགས་པ་དང་བྲལ་བས་ཡང་དག་པའི་ངག་ལ་འཛུད་པར་བྱེད་པ་འདི་ནི་ཡང་དག་པའི་ངག་གོ །ལས་གང་ལས་ཀྱང་གང་ལ་རྣམ་པར་སྨིན་པ་ཡང་གནག་པའི་མངོན་པར་འདུ་མི་བྱེད་པ་དང༌། ལས་གང་ལས་ཀྱང་དཀར་བ་རྣམ་པར་སྨིན་པ་ཡང་དཀར་བ་དེ་མངོན་པར་འདུ་བྱེད་པ་དང༌། ལས་གང་ལས་དཀར་བ་ཡང་རྣམ་པར་སྨིན་པ་གནག་པ་དེ་མངོན་བར་འདུ་མི་བྱེད་ཅིང༌། ལས་གང་ལས་གནག་ཀྱང་རྣམ་པར་སྨིན་པ་དཀར་ན་ནག་པོ་ཟད་དེ། དཀར་པོའི་ཕྱོགས་འཕེལ་བར་བྱེད་ཅིང༌། མངོན་པར་འདུ་བྱེད་ཅིང་དམ་པའི་ལས་ཀྱི་རྗེས་སུ་འབྲང་བ་འདི་ནི་ཡང་དག་པའི་ལས་ཀྱི་མཐའོ། །གང་ལ་ཡང་འཕགས་པའི་རིགས་པ་ཅན་གྱི་སྦྱངས་པའི་ཡོན་ཏན་ཅུང་ཟད་ལ་གནས་ཤིང༌། ཚུལ་འཆོས་དང་ཁ་གསག་ལ་སོགས་པས་འཚོ་བ་སྤངས་ཏེ་རང་གི་སྤྱོད་པའི་ངང་ཚུལ་རིག་པ་དང་ལྡན་པས་སྐྱེ་བོ་གཞན་ལས་རྙེད་ཀྱང་རུང་སྟེ། ཅུང་ཟད་ཙམ་གྱིས་མ་གུས་ཤིང༌། ཁ་ན་མ་ཐོབ་མེད་པ་དང༌། འཕགས་པས་རྗེས་སུ་
གནང་བའི་འཚོ་བ་འདི་ནི་ཡང་དག་པའི་འཚོ་བའོ། །རྩོལ་བ་གང་གིས་བསགས་པ་རྗེས་སུ་གནང་བའི་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ལ་སོགས་པ་སྟོན་པར་མི་བྱེད་ཅིང༌། ཡང་དག་པའི་འཕགས་པའི་ལམ་གྱི་བདེན་པར་ཞུགས་ཏེ། མྱ་ངན་ལས་འདས་པའི་འདོད་པ་བསྟེན་ཅིང་རྗེས་སུ་འགྲོ་བ་འདི་ནི་ཡང་དག་པའི་རྩོལ་བའོ། །གང་དུ་ཉེ་བར་གནས་ན་སྐུ་མི་གཡོ་ཞིང་འཁྱོགས་པ་མ་ཡིན་པར་འགྱུར་བ་སྟེ། འཁོར་བའི་སྐྱོན་རྣམས་དང་མྱ་ངན་ལས་འདས་པ་དང༌། ལམ་ཡི་ཡོན་ཏན་རྗེས་སུ་དྲན་ཞིང་ལམ་གྱི་མཐར་ཐུག་པ་ལ་ཡང་དག་པར་སྦྱོར་བ་འདི་ནི་ཡང་དག་པའི་དྲན་པའོ། །དེ་ཉིད་ཀྱི་ཏིང་ངེ་འཛིན་གང་ལ་གནས་ནས་སེམས་ཅན་ཐམས་ཅད་རྣམ་པར་ཐར་པར་མཛད་ཅིང༌། མྱ་ངན་ལས་འདས་པར་བརྟན་པོར་གནོན་པ་འདི་ནི་ཡང་དག་པའི་ཏིང་ངེ་འཛིན་ཏེ་ཞེས་དགོངས་སོ། །དེ་ཉིད་གཅིག་ཏུ་བྱས་པའི་ཡེ་ཤེས་ནི། ཡང་དག་སངས་རྒྱས་ལམ་རིག་པ། །ཞེས་བྱ་སྟེ། ལྷན་ཅིག་སྐྱེས་པའི་ཆོས་ཀྱི་དབྱིངས་ཀྱི་ལམ་མོ། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ཞེས་པ་ནི་སྔར་བཞིན་གྱི་བྱེ་བྲག་གིས་སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་མཐུན་པ་དང༌། དོན་བྱེད་པའོ། །གཉིས་པ་ནི་ཐུན་མོང་མ་ཡིན་པའི་སྙིང་རྗེ་དང༌། དེ་སྐྱེ་བར་བྱེད་པའི་དབང་ལ་སོགས་པ་གསུམ་སྟོན་པའོ། །ནམ་མཁའ་ལྟ་བུར་ཆགས་པ་མེད། །ཅེས་པ་ནི། དམིགས་པ་མེད་པའི་སྙིང་རྗེ་དང༌། སེམས་ཅན་གྱི་ཡུལ་མི་སྣང་བའོ། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག །ཅེས་པ་ནི། ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་བསྟན་ཅིང༌། དེ་གསལ་བར་མཛད་པ་པོར་ཡང་འགྱུར་པའོ། །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །ཞེས་པ་ནི། སྔར་བཤད་པ་དང་བྱང་ཆུབ་ལ་མྱུར་བའོ། །དེའི་རྒྱུ་མཚན་ནི། སེམས་ཅན་ཀུན་གྱི་དབང་དོན་ཤེས། །ཞེས་བྱ་སྟེ། དེ་ཉིད་ཀྱི་ཕྱིར། དོན་མཛད་པ་དང༌། མྱུར་བ་དང༌། སྣང་བ་དང༌། སེམས་ལྷན་ཅིག་སྐྱེས་པ་ཤེས་པར་མྱོང་བའོ། །ལོག་རྟོགས་བཟློག་པའི་ཕྱིར། སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །ཞེས་གསུངས་པ་ནི། གདུལ་བྱའི་དབང་པོ་ལ་མི་བཟད་པའི་གཟུགས་སུ་གྱུར་པ་དང༌། ཡིད་རྣམ་པར་དག་ནས་ལྷན་ཅིག་སྐྱེས་པར་གྱུར་པ་ལ་འཕྲོག་ཅེས་བྱ་སྟེ། གསེར་འགྱུར་གྱི་རྩི་བཞིན་ནོ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས་
ཞེས་པ་ནི། ཇི་ལྟར་སྟོན་པ་བསྟན་པ་སྟེ། རིགས་ལྔ་དང་ཟག་པ་མེད་པའི་ཕུང་པོ་ལྔར་ཤེས་པ་དང༌། དེ་ཁོ་ན་ཉིད་དུ་དབྱེར་མེད་པའོ། །དེའི་ཕྱིར། རྣམ་དག་ཕུང་པོ་ལྔ་འཆང་བ། །ཞེས་པ་ནི་གཉི་ག་ལའོ། །ངེས་འབྱུང་ཀུན་ནི་ཐེག་པ་གསུམ་སྟེ། མཐའ་ལ་གནས་པ་ནི་ས་གཉིས་སོ། །གཞན་སྤངས་པ་མ་ཡིན་ཏེ། ངེས་པར་འབྱུང་བ་ཀུན་ལ་མཁས། །ཞེས་པས་སོ། །དེས་འབྱུང་ཀུན་གྱི་ལམ་ལ་གནས། །ཞེས་པས་ཐེག་པ་གསུམ་གྱི་ལམ་ལ་རིམ་གྱིས་སྦྱངས་པ་དང༌། གནས་ཞེས་པས་ལྡན་པ་སྟེ་སྐྱེ་བ་རིམ་པ་བཞིན་ནོ། །ངེས་པར་འབྱུང་བ་ཀུན་སྟོན་པ། །ཞེས་པ་དེ་ནི་བཤད་ཟིན་ཏོ། །ཡན་ལག་ལ་སོགས་པས་ཕུན་སུམ་ཚོགས་པ་བཤད་པར་བྱ་སྟེ། ཡན་ལག་བཅུ་གཉིས་ནི་མ་རིག་པ་ལ་སོགས་པའོ། །སྲིད་རྩ་བཏོན་པ་ནི་དུས་ཀྱི་གསུམ་པས་བྱིན་རླབས་ཐོབ་པ་དང༌། ལམ་གྱི་གསུམ་པ་རྟེན་མེད་པ་ལས་ཐོས་པས་ས་བོན་གྱི་བག་ཆགས་དང༌། མངོན་དུ་རྒྱུ་རྩ་བ་ནས་བཏོན་པའོ། །ཕྱིས་དེ་ལྟར་མི་འགྱུར་བ་ནི། །དག་པ་རྣམ་པ་བཅུ་གཉིས་འཆང༌། །ཞེས་པས། སྐྱེ་མཆེད་བཅུ་གཉིས་རང་གི་ངོ་བོ་དག་པ་སྟེ། དེ་ཡང་མིག་ཅེས་བྱ་བ་ནི་སྟོང་པ་སྟེ། དབུས་ན་རྣམ་ཤེས་ཇི་ལྟར་མཆིས། །ཞེས་པ་ལ་སོགས་པ་ལ། དེ་ལྟར་ན་གཟུགས་མ་མཆིས་པས་ལྟ་བ་མ་མཆིས་སོ་ཞེས་པས་སོ། །སྲིད་པའི་རྒྱུར་འགྱུར་བ་མ་ཡིན་ཏེ། བདེན་བཞིའི་ཚུལ་གྱི་རྣམ་པ་ཅན་ཞེས་པས། སྡུག་བསྔལ་གྱི་རྒྱུ་ཡེ་ཤེས་སུ་ཤེས་པ་དང༌། ཀུན་འབྱུང་བདེ་བར་སད་པ་དང༌། འགོག་པ་རང་འབྱུང་བ་དང༌། ལམ་འབྲས་བུ་རང་ཆས་སུ་ལྡན་པའོ། །ཉན་ཐོས་དང་མཚུངས་པ་མ་ཡིན་ཏེ། ཤེས་པ་བརྒྱད་པོ་རྟོགས་པ་འཆང༌། །ཞེས་པས་བརྒྱད་ལ་ཟད་པ་ཤེས་པ་དང༌། མི་སྐྱེ་བ་ཤེས་པས་ཁྱབ་པའི་ཕྱིར། དེ་ཉིད་དུ་བྱས་པའོ། །མན་ངག་གི་དྲིན་ཡིན་པས་བསྟན་པའི་ཕྱིར། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །ཞེས་པ་སྟེ། བདེན་པ་བཞིའི་ཚུལ་གསུམ་དགའ་བ་བཞིར་རབ་ཏུ་ལྡན་པས་སོ། །དེ་ཉིད་རྣམ་པ་བཅུ་དྲུག་རིག །ཅེས་པ་ནི། འདི་དང་ལྡན་པའི་ཕྱག་རྒྱ་ལས་རིག་པར་འགྱུར་བའམ། དགའ་བ་ཉིད་བྱེ་བྲག་གི་དོན་གྱིས་བཅུ་དྲུག་ཏུ་འགྱུར་བའམ། དགའ་བ་ཉིད་བཅུ་དྲུག་འགྱུར་དུ་བཤད་དེ། དེ་ཡང༌། ཡེ་ཤེས་སེམས་དཔའ་འཛིན་པའི་བདག །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པའི་དོན་གྱིས་སོ། །རྣམ་
པ་ཉི་ཤུས་བྱང་ཆུབ་པ། །ཞེས་པ་ནི། སྔར་བཞིན་གྱི་བྱེ་བྲག་གིས། ཇི་ལྟར་ས་གསེར་ཟླ་བ་མེ། །ཞེས་པ་ལ་སོགས་པ་དང༌། དེ་ཉིད་རྣམ་པར་དག་པའི་རིགས་ལྔ་དང༌། སངས་རྒྱས་ལྔ་དང༌། སྐུ་ལྔ་དང༌། ཡེ་ཤེས་ལྔ་དང་དབྱེར་མི་ཕྱེད་པར་གྱུར་པས། ཕུང་པོ་ལྔ་དང༌། འབྱུང་པ་ལྔ་དང༌། འདོད་ཡོན་ལྔ་དང༌། དུག་ལྔ་རང་བཞིན་གྱིས་ཞི་བར་གྱུར་པ་ལ་བྱ་སྟེ། དེ་ཡང་ས་དང་བཅས་པ་དང༌། ས་ཕྱོགས་པར་ཤེས་པར་བྱའོ། །དེའི་ཕྱིར་རྣམ་པར་དག་པས་སངས་རྒྱས་ཀུན་གྱི་ཡེ་ཤེས་རིག་པ་སྟེ། མཆོག་ཅེས་གསུངས་པ་ནི་རང་གི་དོན་ཏེ། སངས་རྒྱས་དང་ཆོས་ལ་སོགས་པ་ནི་གཞན་གྱི་དོན་ཏོ། །ད་ནི་སྐད་ཅིག་ལ་སོགས་པ་གཞན་གྱི་དོན་བསྟན་པར་བྱ་སྟེ། སྐད་ཅིག་ནི་མཚན་ཉིད་དང་བྲལ་བའོ། །ཐམས་ཅད་ནི་ཐམས་ཅད་ཀྱི་རང་བཞིན་ནོ། །མངོན་པར་རྟོགས་པ་ནི་ཐེ་ཚོམ་མེད་པའོ། །དེ་ཡང་ཡེ་ཤེས་ཐ་དད་པ་མ་ཡིན་པ་ནི་སེམས་ཀྱི་ཞེས་པ་ནི་ལྷན་ཅིག་སྐྱེས་པ་སྟེ། རང་གི་རང་བཞིན་དུ་བསྟན་པ་ནི་ཀྱི་ཞེས་བྱ། དེ་སྐད་ཅིག་གི་དུས་དམིགས་པ་ན། དགའ་བ་སྣ་ཚོགས་ཉིད་དུ་བརྗོད། །མཆོག་དགའ་རྣམ་པར་སྨིན་པ་ཉིད། །དགའ་བྲལ་རྣམ་པ་མེད་པ་སྟེ། ལྷན་ཅིག་དགའ་བ་མཚན་ཉིད་བྲལ། ཞེས་གསུངས་པས་སོ། །དོན་ཀུན་རིག་ཅེས་པ་ནི། གཞན་མི་དམིགས་པར་བསྟན་པའོ། །འགྲོ་བ་ལ་གདོད་མ་ནས་བསྟན་པར་རིག་པ་མ་ཡིན་ཏེ། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བ་འདོན་པར་མཛད་པ་ཡིན་གྱིས་དོན་ལ་རྟོགས་པ་བསྐྱེད་པའི་ཕྱིར་ཏེ་བཤད་ཟིན་ཏོ། །གོང་མ་ལ་འཇུག་པར་མི་འགྱུར་བ་མ་ཡིན་ཏེ། སྨོན་ལམ་གྱིས་དགེ་བའི་བཤེས་གཉེན་དང་ཕྲད་ལ། དེས་གོ་རིམས་བསྟན་པའི་ཕྱིར་ཐེག་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐེག་པ་བཞི་པོ་ཡོད་པར་ནི་མ་ཡིན་ཏེ། གཅིག་ཉིད་ཁྱད་པར་དུ་བྱས་པའོ། །ཉོན་མོངས་པ་ལ་སོགས་པ་བག་ཆགས་ཀྱི་ས་བོན་མི་གནས་པར་སྟོན་ཏེ། ཉོན་མོངས་པ་ནི་ལྔའོ། །ཁམས་རྣམས་ཞེས་པ་ནི་བཅོ་བརྒྱད་དོ། །དག་པའི་བདག་ཅེས་པ་ནི་རང་བཞིན་གྱིས་ལུས་སུ་གྱུར་པའོ། །ལས་ཀྱི་ཁམས་རྣམས་ཞེས་པ་ནི་གསུམ་སྟེ་ཟད་པར་བྱེད་པའོ། །ཆུའི་རྒྱ་མཚོ་ནི་འདོད་པ་དང༌། སྲིད་པ་དང༌། ལྟ་བ་དང༌། མ་རིག་པའོ། །བརྒལ་བ་ནི་ཐར་པའོ། །དེ་ཡང་སྦྱོར་བ་ནི་ནང་རྟེན་ཅིང་འབྲེལ་བར་འབྱུང་བའི་སྦྱོར་བའོ། །སེམས་
དབེན་པ་ཐོབ་པའི་དགོན་པ་ལས་འབྲས་བུ་འབྱུང་བས་ན། ཐེག་པའི་བྱེ་བྲག་བླ་ན་མེད་པ་ལ་དགོས་པ་ཡོད་དོ། །བག་ཆགས་དང་རྗེས་སུ་མཐུན་པར་ས་བོན་བྲལ་བ་ནི་མ་རིག་པ་དང༌། སྲེད་པ་དང༌། ལེན་པ་ལ་ཉོན་མོངས་པ་ཞེས་བྱའོ། །སྲིད་པ་དང༌། འདུ་བྱེད་ལ་ཉེ་བའི་ཉོན་མོངས་པ་ཞེས་བྱའོ། །རྣམ་པར་ཤེས་པ་དང༌། མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག་དང༌། རེག་པ་དང༌། ཚོར་བ་དང༌། སྐྱེ་བ་དང༌། རྒ་ཤི་ནི་ཀུན་ནས་ཉོན་མོངས་པ་ཞེས་བྱ་སྟེ། གཏན་སྤངས་པ་ནི་དུག་སྔགས་ཀྱིས་བཏུལ་བས་དུག་ཏུ་མི་འགྱུར་བ་བཞིན་ནོ། །བདེ་བ་ཆེན་པོའི་ཐབས་ཁོ་ནར་གྱུར་པ་མ་ཡིན་ཏེ། སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། ཞེས་པས་ཟུང་དུ་འཇུག་པའོ། །དེས་ཇི་ལྟར་འགྱུར་པ་ནི། དོན་ཆེན་འགྲོ་བའི་དོན་བྱེད་པ། །ཞེས་སོ། །དེ་ཡང་འགོག་པའི་སྙོམས་པར་འཇུག་པའི་དོན་དང༌། འདུ་ཤེས་མེད་པའི་སྙོམས་པར་འཇུག་པའི་དོན་དང༌། གཟུགས་ཀྱི་ཁམས་ཀྱི་དོན་དང༌། གཟུགས་མེད་པའི་ཁམས་ཀྱི་དོན་སྤོང་བས་ན། འདུ་ཤེས་ཀུན་གྱི་དོན་སྤངས་ཤིང༌། །ཞེས་པ་ནི་བཅོམ་ལྡན་འདས་སོ། །རྣམ་ཤེས་ནི་རྣམ་ཤེས་མཐའ་ཡས་ལ་སོགས་པ་སྟེ། གཟུགས་མེད་པའི་སྐྱེ་གནས་ཀྱི་དོན་ནི་འགོག་པར་བྱེད་པའོ། །གང་གི་དོན་བྱེད་པ་བསྟན་པའི་ཕྱིར། །སེམས་ཅན་ཀུན་གྱི་ཡུལ་དང་ལྡན། །ཞེས་གསུངས་ཏེ། ཡིད་དང་མཐུན་པར་རོ། །དེས་ཇི་ལྟར་འགྱུར་ཞེ་ན། སངས་རྒྱས་ཀུན་གྱི་ཐུགས་སེམས་ཅན་གྱི་རིགས་པར་ནུས་སོ། །དཔེ་ཉེ་བར་གྲུབ་པ་མ་ཡིན་ཏེ། སེམས་ཅན་ཀུན་གྱི་ཡིད་ལ་གདོང་མ་ནས་སངས་རྒྱས་ཀྱི་ཐུགས་གནས་པར་སེམས་ཅན་དེ་དག་གི་སེམས་དག་དང༌། སངས་རྒྱས་ཀུན་གྱི་ཐུགས་ཀྱི་རང་བཞིན་གཅིག་པས་མཐུན་པར་འཇུག་པའོ། །གཞན་གྱི་དོན་གྱིས་འགྱུར་བ་མ་ཡིན་ཏེ། །སེམས་ཅན་གྱི་ཡིད་ཚིམ་པར་མི་ནུས་པའི་ཕྱིར་རོ། །དེ་བས་ན་སེམས་ཅན་ཀུན་གྱི་ཡིད་ཚིམ་པར་བྱེད་པ་སྟེ། རྣམ་རྟོག་ཟད་པར་བྱེད་པའོ། །དེ་ཙམ་དུ་མ་ཟད་ཀྱི། སེམས་ཅན་ཀུན་གྱི་ཡིད་དགའ་བ། །ཞེས་པས་ལྷན་ཅིག་སྐྱེས་པ་ཐོབ་པའོ། །གཏན་ལ་ཕབ་པའི་ཡིད་མེད་པས་གྲུབ་པའི་མཐར་ཕྱིན་འཁྲུལ་བ་མེད་པའོ། །ནོར་པ་ཐམས་ཅད་རྣམ་པར་སྤངས། །ཞེས་པས། དོན་ཇི་ལྟ་བ་ལ་བློ་ཇི་ལྟ་བ་བཞིན་ཞུགས་པའོ། །དོན་གསུམ་ནི་འདས་པ་
དང་མ་འོངས་པ་དང༌། ད་ལྟར་བྱུང་བ་གསུམ་དུའོ། །ཐེ་ཚོམ་མེད་པའི་བློ་ཞེས་པ་ནི་རྒྱུན་གཅིག་པར་རོ། །ཀུན་དོན་ནི་གཡོ་བ་དང་མི་གཡོ་བ་ཀུན་གྱི་དོན་མཛད་པའོ། །དེའི་འཐད་པ་ནི། ཡོན་ཏན་གསུམ་གྱི་བདག་ཅེས་བྱ་སྟེ། རྡུལ་མུན་པ་སྙིང་སྟོབས་གསུམ་ཡང་འགྲོ་བའི་དོན་དུ་བསྟན་པའོ། །ཉན་ཐོས་ལ་ཕུང་པོ་དང་དོན་གསུམ་དུ་བདག་མེད་པར་སྟོན་པའོ། །ཐེག་པ་ཆེན་པོ་ལ། སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །ཅེས་པ་སྟེ། རྒྱུའི་དུས་སུ་དགེ་བའི་ཆོས་ཚོལ་བ་དང་ཐོས་པ་དང་བསམ་པ་དང་བསྒོམ་པ་ཐམས་ཅད་ཤེས་རབ་ཀྱིས་སོ་སོར་རིག་པས་སོ། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་པ་ནི་འབྲས་བུའི་དུས་ན་ཟད་པའི་ཡེ་ཤེས་དང༌། །མི་སྐྱེ་བའི་ཡེ་ཤེས་ཐོབ་པར་སྟོན་ཏོ། །རྒྱུ་འབྲས་རྗེས་སུ་མཐུན་ཏེ། ལྷན་ཅིག་སྐྱེས་པའི་རྐྱེན་ནི་དུ་མ་ཡིན་ལ། ཉེ་བར་ལེན་པའི་རྒྱུ་ནི་གཅིག་ཁོ་ནས། །སངས་རྒྱས་ཀུན་གྱི་རང་བཞིན་འཆང༌། །ཞེས་པས་རྒྱུ་འབྲས་རྗེས་སུ་མཐུན་པས་ཐམས་ཅད་གཅིག་པ་ཉིད་དོ། །ལུས་མི་འབྱུང་བ་མ་ཡིན་ཏེ། ལུས་མེད་ཅེས་པས་རྣམ་པར་སྨིན་པའི་ལུས་མེད་ཅེས་ནི་ཆོས་ཀྱི་སྐུ་ཅན་ནོ། །ལུས་ཀྱི་མཆོག་ཅེས་པས་ཡེ་ཤེས་ཀྱི་ཕུང་པོ་ཅན་དུ་སྣང་བའོ། །དུ་མ་དང་སྣ་ཚོགས་འབྱུང་བ་ནི་ལུས་ཀྱི་མཐའ་རྟོགས་པའི་ཕྱིར་རོ། །དེ་བས་ན་གཟུགས་ལ་སོགས་པའོ། །ཇི་ལྟར་འགྱུར་བ་ནི་ནོར་བུ་རིན་ཆེན་ལྟར་རོ། །དགའ་བ་མ་ཡིན་ཏེ། རིན་ཆེན་རྟོག་ཅེས་པས་ཁམས་གསུམ་གྱི་རྒྱལ་མཚན་ནི། །དེ་དག་གིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བསྟོད་པའོ། །ད་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པས་བསྡུས་ཏེ་བསྟན་པའི་ཕྱིར་རོ། །སངས་རྒྱས་ཀུན་གྱི་རྟོགས་པ་དང་མཁྱེན་པ་དང༌། མངོན་དུ་མཛད་པ་ནི་སངས་རྒྱས་ཀྱི་བྱང་ཆུབ་གསུམ་དང༌། བླ་ན་མེད་པའི་བདེ་བ་ཆེན་པོ་སྟེ། བྱ་བ་ནན་ཏན་དེ་བཞིན་དུ་འདིར་ཡང་སངས་རྒྱས་དང་སེམས་ཅན་རྒྱུད་གཅིག་ཏུ་རྟོགས་པར་བྱ་བ་དང༌། ཐམས་ཅད་སེམས་ཀྱི་ཁྱད་པར་དུ་ཤེས་པར་བྱ་བ་དང༌། འབད་པ་མེད་པ་རང་གི་རང་གིས་འབྱུང་བ་ལ་མངོན་དུ་བྱུང་བ་ནི་བླ་ན་མེད་པ་སྟེ། བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། གསང་སྔགས་འཆང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་ཡེ་ཤེས་ཉིད་དང༌། དེའི་རྣམ་འཕྲུལ་དང༌། མ་རིག་པའི་རླུང་དང༌། རླུང་བཅུ་དང༌། ངག་དང༌། ཡི་གེ་དང༌། མིང་དང༌། ཚོགས་རྣམས་ནི་བསམ་གྱིས་མི་ཁྱད་པའི་གསང་སྔགས་འབྱུང་བས་སྐྱེ་གནས་སོ། །ཡི་གེ་མེད་ཅེས་པ་ནི་དེ་ཉིད་གདོད་མའི་
གནས་སུ་ཐིམ་པས་སྤྲོས་པ་ལས་འདས་པའོ། །དེ་ཉིད་མཚན་པར་བྱེད་པ་ནི་ཡི་གེ་སྟེ། ཨོཾ་ཨཱཿ་ཧཱུཾ་ངོ༌། །དེ་ལ་གསང་སྔགས་ཆེན་པོ་ཞེས་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་རིགས་ཡིན་པའི་ཕྱིར་རོ། །དེ་ལས་རིགས་ལྔ་དང༌། དྲུག་ཏུ་འགྱུར་ཞིང་གསང་སྔགས་ཀྱི་དོན་མཆོག་དང་ཐུན་མོང་གི་དངོས་གྲུབ་དོན་ཀུན་སྐྱེད་པ་པོར་བྱེད་པ་ནི་བྱ་བ་ནན་ཏན་ནོ། །དེ་ཡང་ཐབས་དང་ཤེས་རབ་ཀྱི་རིགས་གཉིས་སུ་བསྡུ་བའི་ཕྱིར། ཐིག་ལེ་ཆེན་པོ་ཞེས་བྱ་སྟེ། ཨེ་ཝཾ། དེ་ཡང་བདེ་བ་ཆེན་པོའི་རིགས་གཅིག་ཏུ་བྱ་བའི་ཡི་གེ་མེད་ཅེས་བྱའོ། །དེ་ཉིད་ཡི་གེ་སྣ་ཚོགས་སུ་སྣང་བས་སྟོབས་པོ་ཆེ་ཞེས་བྱའོ། །དབྱངས་ཡིག་བཅུ་གཉིས་སོ། །ཡི་གེ་ལྔ་སྟེ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨའོ། །ཐིག་ལེ་རང་གི་ས་བོན་ཏེ། མུཾ་སེམས་ཀྱི་ངོ་བོའོ། །སྟོང་པ་ནི་རིག་པར་འཛིན་པ་མེད་པར་རོ། །ཡི་གེ་བརྒྱ་ཞེས་པ་ནི་ཕྱོགས་གཅིག་མཚོན་པ་ཙམ་དུ་ཟད་ཀྱི། རི་རབ་ཀྱི་རྡུལ་ཕྲ་རབ་རྙེད་དུ་ཡང་འགྱུར་ལ། ཡོན་ཏན་ཡང་དེ་སྙེད་དུ་འགྱུར་བ་སྟེ། དོན་སྔར་བཤད་པའི་ཡི་གེ་དྲུག་གི་རང་བཞིན་དུ་བསྡུ་བར་བྱའོ། །རྣམ་པ་ཀུན་ལྡན་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ། །རྣམ་པ་མེད་པ་དེ་ཉིད་གཟུགས་བརྙན་གྱི་རྣམ་པར་རོ། །བཅུ་དྲུག་གི་དབྱངས་ཡི་གོ །ཕྱེད་ནི་གྲོང་ཁྱེར་དཀྲུགས་པའོ། །གཉིས་པ་ནི་གླེང་བཞིའོ། །ཐིག་ལེ་ནི་རྡོ་རྗེ་འཆང་དང་མི་བསྐྱོད་པའོ། །འཆང་བ་ནི་དབྱུགས་དབྱུང་བའོ། །ཡན་ལག་མེད་པ་ནི་ཕྱི་རོལ་གྱི་རྫས་དགག་པའོ། །རྩིས་ནི་བརྟགས་པའོ། །དེ་ལས་འདས་པ་ནི་བདེ་བ་ཆེན་པོའོ། །བསམ་གཏན་བཞི་ནི་དགའ་བ་དང༌། བདེ་བ་དང༌། སེམས་རྩེ་གཅིག་པ་དང༌། དྲན་པ་སྟེ་དགའ་བ་ལ་སོགས་པ་ཉིད་དོ། །རྩེ་མོ་ཅན་ནི་རོ་གཅིག་པ་ཉིད་དོ། །འཇིག་རྟེན་པར་འགྱུར་བ་མ་ཡིན་ཏེ། བསམ་གཏན་ཡན་ལག་ཀུན་ཤེས་ཤིང༌། །ཞེས་པས་རྟོག་པ་དང༌། དཔྱོད་པ་དང༌། དགའ་བ་དང༌། བདེ་བ་ནི་དང་པོའོ། །རྟོག་པ་དང་བཅས་དཔྱོད་པ་མེད་པའི་དགའ་བ་དང༌། བདེ་བ་ནི་གཉིས་པའོ། །དགའ་བ་མེད་པའི་བཏང་སྙོམས་དང༌། དྲན་པ་ཡང་དག་པར་བརྗོད་པ་ནི་གསུམ་པའོ། །སྡུག་བསྔལ་དང༌། བདེ་བ་མེད་པ་བཏང་སྙོམས་ཀྱི་དྲན་པ་ཡོངས་སུ་དག་པ་ནི་བཞི་པའོ། །མཁྱེན་པས་དོན་ཡོད་པ་ནི་ཏིང་ངེ་འཛིན་གྱི་རིགས་དུ་མ་དང༌། གང་ཟག་གི་རྒྱུད་དུ་མ་རིག་པས་རྩེ་གཅིག་བསྒོམ་པའི་རིགས་ཀྱི་དབྱེ་བས་ཉན་ཐོས་ལ་སོགས་པའི་གཟུང་བའི་མཆོག་ལ་དབྱུགས་དབྱུང་གཉིས་ལྷག་པར་སྟོན་ཏེ། །ཏིང་ངེ་འཛིན་ལུས་ཅན་ནི་གང་ཟག་གོ །ལུས་ཀྱི་
མཆོག་ནི་ཆོས་སྐུའོ། །དེ་ཉིད་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྟེ། ལོངས་སྤྱོད་རྫོགས་པ་ལ་སོགས་པར་སྣང་ངོ༌། །ཐུན་མོང་འཕྲུལ་པ་ནི། དེ་བཞིན་འགྲོ་བའི་དོན་བྱེད་པ། །ཞེས་པ་སྟེ། ལྷའི་དབང་པོ་ནི་ཁྱབ་འཇུག་གོ །ལྷའི་ལྷ་ནི་ཚངས་པའོ། །ལྷའི་བདག་པོ་ནི་བརྒྱ་བྱིན་ནོ། །ལྷ་མ་ཡིན་གྱི་བདག་པོ་ནི་རཱ་ཧུ་ལའོ།། འཆི་མེད་དབང་པོ་ནི་ཉེ་དབང་ངོ༌། །ལྷའི་བླ་མ་ནི་ཕུར་བུའོ། །འཇོམས་བྱེད་ནི་ཐགས་བཟངས་རིས་སོ། །གཉིས་པ་ནི་སྲིན་པོའི་བདག་པོའོ། །དབང་ཕྱུག་ནི་མ་ཧཱ་དེ་བ་སྟེ། བཅོམ་ལྡན་འདས་ལ་སོགས་པའི་རང་རང་གི་རྒྱལ་པོར་བསྟོད་པའོ། །དེ་བས་སེམས་ཅན་ཐམས་ཅད་སྲེད་པའི་དགོན་པ་ལས་རྒལ་བར་མཛད་པ་ནི་སྟོན་པ་གཅིག་པུ་སྟེ། དེ་བས་ན་འགྲོ་བའི་བླ་མར་གྱུར་པའོ། །དེ་ལྟར་གྱུར་པར་བསྟན་པའི་ཕྱིར་འཇིག་རྟེན་ལ་སོགས་པའོ། །དགོངས་པ་ཇི་ལྟ་བུ་མངའ་བ་བསྟན་པའི་ཕྱིར། བྱམས་པའི་གོ་ཆས་ཆས་པ་སྟེ། །ཞེས་པ་ནི་ཕྱོགས་མེད་པའོ། །སྙིང་རྗེ་ཡི་ནི་ཡ་ལ་དབ་གོས། །ཞེས་པ་ནི་སྡུག་བསྔལ་དང་བྲལ་བར་བྱེད་བ་སྟེ་བསྲུང་བའོ། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཞེས་པ་ནི་རྟགས་དང་དོན་ཏེ་ཤེས་རབ་དང་རིགས་པས་ནང་དང༌། ཕྱིའི་སྒྲོ་འདོགས་མི་མངའ་བ་དང་ཁ་སྦྱོར་སྙོམས་པར་འཇུག་པའོ། །མི་ཤེས་པ་ནི་གཏི་མུག་གོ །གཡུལ་ངོ་ནི་སེམས་དང་པོ་བསྐྱེད་པའི་དུས་སོ། །སེལ་བ་ནི་དག་པར་མཛད་པའོ།། དཔའ་བོ་ནི་བཅོམ་ལྡན་འདས་སོ། །བདུད་ནི་བཞིའོ། །དགྲ་ནི་ལོག་པར་འདྲེན་པའོ། །བདུད་འདུལ་བ་ནི་བཏུལ་བ་སྟེ་རྡོ་རྗེ་གདན་ལའོ། །དེའི་མཐུ་ནི་བདུད་བཞི་ལ་སོགས་པའོ། །མཆོད་པའི་འོས་སུ་བསྟན་པའི་ཕྱིར། །དེ་བས་ན། རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །ཞེས་བྱ་སྟེ། ཁྱོད་ཉིད་ཐམས་ཅད་དུ་འཁྲུལ་ཞིང་རིམ་གྱིས་དབང་པོའི་བྱེ་བྲག་དང་མཐུན་པར་བསྟན་པ་ཁྱོད་ཉིད་དུ་མ་གྱུར་པ་དང༌། མི་འགྱུར་བ་མེད་ཅེས་བྱ་བའི་དོན་ཏོ། །དེ་བས་ན་འདི་དག་ལ་གཉིས་སྦྱར་ཏེ། རྟགས་ནི་གཞུང་ལྟར་རོ། །གཞན་པ་ཡང་མཆོད་འོས་ནི་ཐོས་པ་དང་དྲན་པ་མཐར་ཕྱིན་པའོ། །བསྟོད་འོས་ནི་རང་བཞིན་གཅིག་ཏུ་རྟོགས་པའོ། །ཕྱག་གི་གནས་ནི་ཐམས་ཅད་ཀྱི་སྐྱེ་གནས་སུ་གྱུར་པས་སོ། །རྟག་ཏུ་རི་མོར་བྱ་བའི་འོས་ནི་ཐེག་པ་གསུམ་གྱི་རང་རང་གི་ལམ་རྒྱུད་ལ་སྦྱངས་པའོ། །བཀུར་འོས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ། ལམ་དངོས་བསྟན་པའོ། །བརྗོད་པར་བྱ་བའི་མཆོག་ནི་ཐེག་པ་ཆེན་པོ་པ་རྣམས་
ཀྱི་སྟེ་རང་བཞིན་གྱིས་དོན་ཕུན་སུམ་ཚོགས་པ་སྣང་བས་སོ། །ཕྱག་བྱ་བའི་འོས་ནི་སྔགས་སྤྱོད་པ་རྣམས་ཀྱི་སྟེ་རང་རིག་སྟོན་པས་སོ། །བླ་མའི་རབ་ནི་དབང་ཐོབ་པ་རྣམས་ཀྱི་སྟེ། དེ་ཁོ་ན་ཉིད་མཐོང་བ་དང༌། ཆོས་ཐམས་ཅད་བྱིན་གྱིས་བརླབས་པས་སོ། །བྱ་བ་ནན་ཏན་གྱི་ཡེ་ཤེས་ཐུགས་སུ་ཆུད་པའི་རྫུ་ཕྲུལ་གྱིས་འཇིག་རྟེན་ལ་སོགས་པའོ། །གསུམ་རིག་ནི་དུས་མཁྱེན་པ། མཆོད་པ་མཁྱེན་པ་དང་མཉམ་པའི་མཚན་ཉིད་མཁྱེན་པ་ཡིན་ལ། གཙང་མ་དག་པ་སྟེ། ཞེས་བྱ་བ་ནི་མི་སླུ་ཞིང་རིག་པ་ལ་ཐེ་ཚོམ་མི་མངའ་བའོ། །མངོན་ཤེས་དྲུག་ལྡན་ནི་ལྷའི་མིག་ལ་སོགས་པའོ། །རྗེས་དྲན་དྲུག་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཡི་དམ་དང་ཚིག་དྲན་པ་མངའ་བའོ། །བྱང་ཆུབ་སེམས་དཔའ་ནི་ཐེག་པ་གཞན་གྱི་ཡབ་ཏུ་གྱུར་པའོ། །སེམས་དཔའ་ཆེན་པོ་ནི་ཐེག་པ་ཆེན་པོའི་ཡང་ཡབ་ཡབ་ཏུ་གྱུར་པའོ། །རྫུ་འཕྲུལ་ཆེན་པོ་ནི་བསོད་ནམས་ཅི་ཚོགས་རྫོགས་པའོ། །འཇིག་འདས་པའི་ལ་སོགས་པ་ནི་ཡེ་ཤེས་ཀྱི་ཚོགས་རྫོགས་པའོ། །མཇུག་བསྡུ་བར་བྱ་བའི་ཕྱིར། །གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཞེས་བྱ་བའི་དོན་ནི་འདིར། ཕྱག་རྒྱ་བཞི་ཡི་དོན་སྟོན་པ། །ཞེས་བྱ་བའི་དོན་ཏེ། རིགས་ཕྱག་རྒྱ་བཞི་ནི་བསྐྱེད་པའི་རིམ་པའོ། །རྟགས་ཕྱག་རྒྱ་བཞི་ནི་བྱིན་གྱིས་བརླབས་པའི་དུས་སོའོ། །དོན་ཕྱག་རྒྱ་བཞི་ནི་ལམ་གྱི་དུས་སུའོ། །ཉེས་མཆིས་གྱུར་པ་ལ་སོགས་བཟོད་པར་མཛོད། །ཤེས་རབ་ཡུལ་ནི་མཐའ་དང་བྲལ། །ཟབ་མོའི་དོན་ནི་གཞལ་དཀའ་བས། །གཞལ་བྱ་འཇལ་བྱེད་ཀྱིས་སྟོང་པའི། །འགྲོ་ཀུན་སྙིང་པོ་ལེན་པར་ཤོག །སྔགས་པ་རྣལ་འབྱོར་ལ་མི་མཁས། །ཕལ་ཆེར་བག་མེད་ལམ་འགྲོ་ལ། །སྙིང་པོ་མངོན་རྟོགས་འདི་བརྗོད་པས། །ཐམས་ཅད་རྣལ་འབྱོར་ལ་འཇུག་ཅིང༌། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །དོན་ནི་ངོ་བོར་འགྱུར་བར་ཤོག །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་སྙིང་པོ་མངོན་པར་རྟོགས་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་དཔལ་གཉིས་མེད་རྡོ་རྗེས་མཛད་པ་རྫོགས་སོ།། །།རྣལ་འབྱོར་པ་ཆེན་པོ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱི་རྟིས་རང་འགྱུར་དུ་བྱས་པའོ།། །།