Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
ཐེག་ཆེན་གྱི་སྒོམ་ལམ་བཤད་པ།
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
  collapse section
   
  collapse section
   
   
   
   
   
   
   


 
previousཐེག་ཆེན་གྱི་སྒོམ་ལམ་བཤད་པ།next

ཐེག་ཆེན་གྱི་སྒོམ་ལམ་བཤད་པ།


GLG013_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་ཆེན་གྱི་སྒོམ་ལམ་བཤད་པ། གཉིས་པ་སྒོམ་ལམ་ལ། སྤྱིའི་མཚམས་སྦྱར་བ་དང་། སོ་སོའི་དོན་བཤད་པ་གཉིས། དང་པོ་ནི། མཐོང་ལམ་གྱི་རྗེས་སུ་སྒོམ་ལམ་འཆད་པའི་རྒྱུ་མཚན་ཡོད་དེ། མཐོང་བའི་ལམ་གྱི་མཇུག་ཐོགས་སུ་སྒོམ་པའི་ལམ་དེ་མ་ཐག་བརྗོད་པར་བྱ་བ་རིགས་པ་ཡིན་པ་ལས་ཏེ་དེ་ལྟར་བཤད་པའི་ཕྱིར། གཉིས་པ་ལ། སྒོམ་ལམ་གྱི་བྱེད་པ་དང་། བྱེད་པ་ཅན་གྱི་སྒོམ་ལམ་གཉིས། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། རེ་ཞིག་སྒོམ་ལམ་དེའི་བྱེད་པ་འཆད་པའི་རྒྱུ་མཚན་ཡོད་དེ། སྒོམ་ལམ་ལས་སྒོམ་ལམ་གྱི་བྱེད་པ་བརྗོད་པར་བྱ་བ་ཉུང་བ་ཉིད་དང་། གདུལ་བྱ་འབྲས་བུ་ལ་གཞོལ་བ་ཉིད་དུ་རྒྱུ་ལ་ཞུགས་ཤིང་གཞུག་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། སྒོམ་ལམ་གྱི་བྱེད་པ་དྲུག་ལས་སྐྱེས་བུ་བྱེད་འབྲས་བཞི་ཡོད་དེ། བྱང་སེམས་སྒོམ་ལམ་པའི་སེམས་ཡོངས་སུ་དུལ་བ་དང་ང་རྒྱལ་མ་མཆིས་པའི་ཀུན་ནས་ཞི་བ་དང་། དེའི་མཐུས་དགེ་བའི་བཤེས་གཉེན་ཐམས་ཅད་ལ་འདུད་པ་དང་། དེའི་མཐུས་ཆགས་སོགས་ཉོན་མོངས་ཐམས་ཅད་ཀྱི་གཡུལ་ལས་རྒྱལ་བ་དང་། ཕ་རོལ་ཀྱི་གནོད་པ་བྱས་པས་ཀྱང་བརྫི་བ་མེད་པ་ཉིད་དང་ལྡན་པའི་ཡོན་ཏན་རྣམས་སུ་ཡོད་པའི་ཕྱིར། དེའི་རྒྱུ་མཐུན་གྱི་འབྲས་བུ་ཡོད་དེ། རྫོགས་པའི་བྱང་ཆུབ་ཐོབ་ནས་ཆོས་ཉིད་མངོན་སུམ་དུ་མཐོང་བ་དེ་དེ་ཡིན་


GLG013_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། དེའི་བདག་པོའི་འབྲས་བུ་ཡོད་དེ། དེ་ལ་གནས་པའི་རྟེན་གྱི་ཡུལ་དང་ཕྱོགས་དེ་ལྷ་སོགས་ཀྱིས་མཆོད་པའི་གནས་ཉིད་དུ་བྱེད་པ་དེ་དེ་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །རང་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་ཐེག་ཆེན་གྱི་སྒོམ་ལམ་བསྒོམས་སྟོབས་ཀྱིས་ཐོབ་པའི་རྣམ་དཀར་གྱི་ཡོན་ཏན་ཐེག་ཆེན་གྱི་སྒོམ་ལམ་གྱི་བྱེད་པའི་མཚན་ཉིད་ཟེར་ན། ལོངས་སྐུའི་སེན་མོ་ཟངས་མདོག་ཆོས་ཅན། མཚན་ཉིད་དེར། ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། རྣམ་དཀར་གྱི་ཡོན་ཏན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དགེ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། ལུང་མ་བསྟན་ཡིན་པའི་ཕྱིར། དེར་ཐལ། རྣམ་སྨིན་གྱི་འབྲས་བུ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། མཛོད་ལས། རྣམ་སྨིན་ལུང་དུ་མ་བསྟན་ཆོས། །ཞེས་གསུངས་པའི་ཕྱིར། ཁ་ཅིག །ཐེག་ཆེན་གྱི་སྒོམ་ལམ་ཐོབ་མྱོང་བའི་གང་ཟག་གི་རྒྱུད་ཀྱི་ཐེག་ཆེན་གྱི་སྒོམ་ལམ་བསྒོམས་སྟོབས་ཀྱིས་ཐོབ་པའི་སེམས་དཔའི་ཡོན་ཏན་དེའི་མཚན་ཉིད་ཟེར་ན། རྣམ་མཁྱེན་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་ན། སེམས་དཔའི་ཡོན་ཏན་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །ཐེག་ཆེན་གྱི་སྒོམ་ལམ་བསྒོམས་སྟོབས་ཀྱིས་ཐོབ་པའི་ཡོན་ཏན་དེའི་མཚན་ཉིད་ཟེར་ན། མཚན་ཉིད་དེ་ཆོས་ཅན། ཁྱོད་ལམ་མ་ཞུགས་ན་མེད་པར་ཐལ། ཁྱོད་མཚོན་བྱ་དེ་ཡིན་པའི་ཕྱིར། འདོད་ན། དེ་ཡོད་པར་ཐལ། དེ་ན་ཐེག་ཆེན་གྱི་སྒོམ་ལམ་སྒོམ་པ་ཡོད་པ་གང་ཞིག །དེ་ཡོད་ན་དེ་བསྒོམས་པའི་ཕན་ཡོན་ཡོད་དགོས་པའི་ཕྱིར། དང་པོ་དེར་ཐལ། དེ་སྒོམ་པའི་གང་ཟག་ཡིན་ན་དེ་རང་རྒྱུད་ལ་བསྐྱེད་ནས་སྒོམ་པ་ཡིན་མི་དགོས་པའི་ཕྱིར། དེར་ཐལ།


GLG013_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་མཁྱེན་སྒོམ་པའི་གང་ཟག་ཡིན་ན་དེ་རང་རྒྱུད་ལ་བསྐྱེད་ནས་སྒོམ་པའི་གང་ཟག་ཡིན་མི་དགོས་པའི་ཕྱིར། དེར་ཐལ། མཁྱེན་གསུམ་སྒོམ་པའི་བྱང་སེམས་ཡོད་པའི་ཕྱིར། གཉིས་པ་རང་ལུགས་ནི། ཐེག་ཆེན་གྱི་སྒོམ་ལམ་ཐོབ་མྱོང་བའི་གང་ཟག་གི་རྒྱུད་ཀྱི་ཐེག་ཆེན་གྱི་སྒོམ་ལམ་བསྒོམས་སྟོབས་ཀྱིས་ཐོབ་པའི་ཡོན་ཏན་ཐེག་ཆེན་གྱི་སྒོམ་ལམ་གྱི་བྱེད་པའི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁོ་ན་རེ། ལམ་མ་ཞུགས་ན་ཐེག་ཆེན་གྱི་སྦྱོར་བ་བསྒོམས་སྟོབས་ཀྱིས་ཐོབ་པའི་ཡོན་ཏན་ཡོད་པར་ཐལ། དེ་ན་ཐེག་ཆེན་གྱི་སྒོམ་ལམ་བསྒོམས་སྟོབས་ཀྱིས་ཐོབ་པའི་ཡོན་ཏན་ཡོད་པའི་ཕྱིར། འདོད་ན། དེ་ན་ཐེག་ཆེན་གྱི་སྦྱོར་བའི་ཡོན་ཏན་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ། འོ་ན། ལམ་མ་ཞུགས་ན་རྣམ་མཁྱེན་སྦྱོར་བའི་ཡོན་ཏན་ཡོད་པར་ཐལ། དེ་ན་རྣམ་མཁྱེན་སྦྱོར་བ་བསྒོམས་སྟོབས་ཀྱིས་ཐོབ་པའི་ཡོན་ཏན་ཡོད་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། དེ་ན་རྣམ་མཁྱེན་བསྒོམས་སྟོབས་ཀྱིས་ཐོབ་པའི་ཡོན་ཏན་ཡོད་པའི་ཕྱིར། དེར་ཐལ། དེ་ན་རྣམ་མཁྱེན་སྒོམ་པ་ཡོད་པ་གང་ཞིག །དེ་ཡོད་ན་དེ་ལ་བརྟེན་ནས་ཐོབ་པའི་ཡོན་ཏན་ཡོད་དགོས་པའི་ཕྱིར། དང་པོ་དེར་ཐལ། དེ་ན་དཀོན་མཆོག་གསུམ་སྒོམ་པ་ཡོད་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། བྱང་སེམས་སྒོམ་ལམ་པས་ཐེག་ཆེན་གྱི་སྒོམ་ལམ་བསྒོམས་པའི་བྱེད་པ་ལ་རྣམ་པ་དྲུག་ཡོད་པ་ཡིན་ཏེ། བྱང་སེམས་སྒོམ་ལམ་པས་ཐེག་ཆེན་གྱི་སྒོམ་ལམ་བསྒོམས་སྟོབས་ཀྱིས་རྣམ་པ་ཐམས་ཅད་དུ་སེམས་ལ་ལམ་གོང་མ་སྐྱེད་པ་ལ་རང་དབང་ཉིད་དུ་སྟེ་གཞན་གྱི་དྲིང་ལ་མི་ལྟོས་པར་བྱེད་པའི་ཡོན་ཏན་དང་། དེ་བསྒོམས་པས་ང་རྒྱལ་ཐམས་ཅད་བཅོམ་པའི་དགེ་བའི་བཤེས་གཉེན་ལ་སོགས་པ་ཡོན་ཏན་གོང་མ་དང་སྐྱེ་བོ་ཐམས་ཅད་ལ་གུས་པས་འདུད་པ་དང་། དེ་བསྒོམས་པས་ཉོན་མོངས་པའི་དབང་དུ་མི་འགྱུར་བར་འདོད་ཆགས་ལ་སོགས་པ་ཐམས་ཅད་


GLG013_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཟིལ་གྱིས་གནོན་པའི་ཡོན་ཏན་དང་། བྱང་སེམས་སྒོམ་ལམ་པ་ཕ་རོལ་གྱིས་བྱས་པའི་དུག་མཚོན་སོགས་གནོད་པ་རྗེས་སུ་སྒྲུབ་པའི་ཡུལ་མ་ཡིན་པ་ཉིད་ཀྱི་ཡོན་ཏན་དང་། རང་སྟོབས་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཡོན་ཏན་དང་། དེ་འདྲའི་བྱང་སེམས་བཞུགས་པའི་རྟེན་གྱི་ཡུལ་ཏེ་ས་ཕྱོགས་དེ་ཡང་སྐྱེ་བོ་ཀུན་གྱིས་ཕྱག་དང་མཆོད་པ་བྱ་བ་ཉིད་དུ་བྱེད་པ་ཞེས་བྱ་བའི་ཡོན་ཏན་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་བྱེད་པ་ཅན་གྱི་ཐེག་ཆེན་གྱི་སྒོམ་ལམ་ལ། དབྱེ་བ་བསྟན་ཏེ་མཚམས་སྦྱར་བ་དང་། སོ་སོའི་ངོ་བོ་གཉིས། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་སྒོམ་ལམ་གྱི་བྱེད་པ་བསྟན་པའི་འོག་ཏུ། དེའི་སྒོམ་པའི་ལམ་འཆད་པ་ཡིན་ལ། དེ་ཡང་རྣམ་པ་གཉིས་ཡོད་དེ། རྟོག་པའི་ཟག་པ་དང་བཅས་པ་དང་། རྟོག་པའི་ཟག་པ་མེད་པའི་ཐེག་ཆེན་གྱི་སྒོམ་ལམ་གྱི་བྱེ་བྲག་གིས་ཏེ་དབྱེ་བ་རྣམ་པ་གཉིས་སུ་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །ཐེག་ཆེན་གྱི་མཐོང་ལམ་རྫོགས་རྗེས་སུ་བྱུང་ཞིང་། ཐེག་ཆེན་གྱི་མི་སློབ་ལམ་མ་སྐྱེས་གོང་གི་མཁྱེན་པ་དེ་ཐེག་ཆེན་གྱི་སྒོམ་ལམ་གྱི་མཚན་ཉིད་ཟེར་ན། ཐེག་ཆེན་གྱི་མཐོང་ལམ་གྱི་རྒྱུར་གྱུར་པའི་ཐེག་ཆེན་གྱི་སྒོམ་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། ཐེག་ཆེན་གྱི་མཐོང་ལམ་རྫོགས་རྗེས་སུ་མ་བྱུང་བར་ཐལ། དེའི་སྔ་རོལ་ཏུ་བྱུང་བའི་ཕྱིར། དེར་ཐལ། དེའི་རྒྱུ་ཡིན་པའི་ཕྱིར། མཚན་ཉིད་དེ་ལ་སྐྱོན་འཕེན་པ་ཁ་ཅིག །མཐོང་ལམ་རྫོགས་རྗེས་སུ་བྱུང་ཞིང་། མི་སློབ་ལམ་མ་སྐྱེས་གོང་གི་མཁྱེན་པ་དེ་སྒོམ་ལམ་གྱི་མཚན་ཉིད་དུ་འཇོག་རིགས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། ཉན་ཐོས་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་བའི་བྱང་སེམས་


GLG013_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒོམ་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། མི་འཐད་པར་ཐལ། མི་སློབ་ལམ་སྔོན་དུ་སོང་བའི་མཁྱེན་པ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། ཟེར་ན། འོ་ན། དེ་འདྲའི་སྒོམ་ལམ་པ་དེ་མི་སློབ་པ་ཡིན་པར་ཐལ། དེ་འདྲའི་སྒོམ་ལམ་དེ་མི་སློབ་ལམ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། མི་སློབ་པ་མ་ཡིན་པར་ཐལ། སློབ་པ་ཡིན་པའི་ཕྱིར། དེར་ཐལ། སློབ་བཞིན་པ་ཡིན་པའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་ལམ་ལ་སློབ་བཞིན་པ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། ཞེས་ཟེར་ཏེ་དཔྱད་པར་བྱའོ། །ཁ་ཅིག །བདག་མེད་མངོན་སུམ་དུ་རྟོགས་ཟིན་གོམས་པར་བྱེད་པའི་ཏིང་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པ་ཐེག་ཆེན་སྒོམ་ལམ་གྱི་མཚན་ཉིད་ཟེར་ན། བྱང་སེམས་སྒོམ་ལམ་པའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་ན། དེ་ཆོས་ཅན། མངོན་སུམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་བྱང་འཕགས་ཀྱི་རྒྱུད་ཀྱི་མངོན་སུམ་ཡིན་པར་ཐལ། དེ་མངོན་སུམ་ཡིན་པའི་ཕྱིར། འདོད་ན། རྣམ་མཁྱེན་བྱང་འཕགས་ཀྱི་རྒྱུད་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པར་ཐལ། བྱང་སེམས་སྒོམ་ལམ་པའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་མངོན་སུམ་ཡིན་པ་གང་ཞིག །རྣམ་མཁྱེན་དེ་དེའི་ཡུལ་ཡིན་པའི་ཕྱིར། གཉིས་པ་དེར་ཐལ། རྫོགས་པའི་བྱང་ཆུབ་དེ་དེའི་ཡུལ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རྫོགས་པའི་བྱང་ཆུབ་ཁྱོད་ཀྱི་ཡུལ་ཡིན་པར་ཐལ། ཁྱོད་ཀུན་རྫོབ་སེམས་བསྐྱེད་ཡིན་པའི་ཕྱིར། གཞན་ཡང་། དེ་མི་འཐད་པར་ཐལ། ཐེག་ཆེན་སྒོམ་ལམ་དང་རྟོག་པའི་གཞི་མཐུན་ཡོད་པའི་ཕྱིར། དེར་ཐལ། ཡང་དང་ཡང་དུ་སེམས་པ་དང་། །འཇལ་དང་ངེས་རྟོག་སྒོམ་པའི་ལམ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །ཐེག་ཆེན་གྱི་སྒོམ་ལམ་གང་ཞིག །མཉམ་གཞག་


GLG013_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་ངོ་བོར་གྱུར་པ་ཐེག་ཆེན་ཟག་མེད་སྒོམ་ལམ་གྱི་མཚན་ཉིད། དེ་གང་ཞིག །རྗེས་ཐོབ་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་ཐེག་ཆེན་ཟག་བཅས་སྒོམ་ལམ་གྱི་མཚན་ཉིད་ཟེར་ན། གཟུགས་བདེན་སྟོང་སྒྱུ་མ་ལྟ་བུར་སྣང་བའི་ས་གཉིས་པའི་ཡེ་ཤེས་ཆོས་ཅན། མཚན་ཉིད་དང་པོ་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་དང་བྲལ་བའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཞེན་རིག་དང་བཅས་པའི་དེ་འདྲ་ཡིན་ན་ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་ཡིན་དགོས་པའི་ཕྱིར་ཏེ། ཚིག་གསལ་ལས། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་བྱེ་བྲག་གིས་རྣམ་པར་རྟོག་པ་དང་བཅས་པ་དང་བྲལ་བ་གཙོ་བོར་གྱུར་པའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག །ཁམས་གོང་གི་རྟེན་ལ་ཐེག་ཆེན་གྱི་སྒོམ་ལམ་གསར་དུ་སྐྱེ་བ་ཡོད་ཟེར་ན། ཁམས་གོང་གི་རྟེན་ལ་ཐེག་ཆེན་གྱི་མཐོང་ལམ་གསར་དུ་སྐྱེ་བ་ཡོད་པར་ཐལ། དེའི་རྟེན་ལ་དེའི་སྒོམ་ལམ་གསར་དུ་སྐྱེ་བ་ཡོད་པའི་ཕྱིར། འདོད་མི་ནུས། ཁ་ཅིག །ཐེག་ཆེན་གྱི་སྒོམ་ལམ་དངོས་སུ་གསར་དུ་སྐྱེ་བའི་རྟེན་དེ་ལ་ཟག་མེད་ས་དགུར་གྲངས་ངེས་ཟེར་ན། མི་འཐད་པར་ཐལ། དེ་དངོས་སུ་གསར་དུ་སྐྱེ་བའི་འདོད་སེམས་དང་སྲིད་རྩེའི་སེམས་ཡོད་པའི་ཕྱིར། དེར་ཐལ། འགྲེལ་ཆེན་ལས། འདོད་པའི་ཁམས་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་སུ་ཞེས་སྨོས་པས་ནི་འདོད་པའི་ཁམས་ལ་སོགས་པའི་ས་དགུ་པོའི་སྒོམ་པའི་ལམ་གཟུང་བར་བྱའོ། །གང་ཡང་། འདོད་པ་ཁམས་དང་སྲིད་རྩེ་ན། །བྱང་ཆུབ་ལམ་གྱི་ཡན་ལག་སྤངས། །ཞེས་བརྗོད་པ་དེ་ནི་ཐབས་ལ་མི་མཁས་པ་ཡིན་པའི་ཕྱིར་ཉན་ཐོས་ཀྱི་དབང་དུ་བྱས་པ་ཡིན་པས་དེ་དང་འདི་ལ་འགལ་བ་མེད་དོ། །ཞེས་བྱ་བ་ནི་ཁ་ཅིག་གིའོ། །ཞེས་གསུངས་པའི་
ཕྱིར། གཉིས་པ་རང་ལུགས་ནི། ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཐེག་ཆེན་གྱི་སྒོམ་ལམ་གྱི་མཚན་ཉིད། དེ་ལ་དབྱེ་ན། དེ་ཟག་བཅས་ཟག་མེད་གཉིས། སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ་དང་པོའི་མཚན་ཉིད། དེ་དང་བྲལ་བའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ་གཉིས་པའི་མཚན་ཉིད། གླིང་གསུམ་གྱི་མི་དང་འདོད་ལྷའི་ལུས་རྟེན་ལ་ཐེག་ཆེན་གྱི་སྒོམ་ལམ་གསར་དུ་སྐྱེ་བ་ཡོད་ཅིང་། སེམས་རྟེན་ནི་ཁམས་གསུམ་ས་དགུར་འགྲེལ་ཆེན་ལས་བཤད་དོ། །གསུམ་པ་རྩོད་པ་སྤོང་བ་ལ། ཁོ་ན་རེ། ས་གཉིས་པའི་ཡེ་ཤེས་ཆོས་ཅན། ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། བདེན་འཛིན་དང་བཅས་པའི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། དེར་ཐལ། ས་གཉིས་པ་བ་དེ་བདེན་འཛིན་དང་བཅས་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། བྱང་སེམས་ས་གཉིས་པ་བའི་རྒྱུད་ཀྱི་དབང་ཤེས་དེ་རྟོག་པ་དང་བཅས་པ་ཡིན་པར་ཐལ། ས་གཉིས་པ་བ་དེ་རྟོག་པ་དང་བཅས་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། བྱང་སེམས་ས་བརྒྱད་པ་བའི་རྒྱུད་ལ་ཡེ་ཤེས་ཆོས་སྐུ་འཇལ་བའི་རྟོག་པ་ཡོད་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། ས་བརྒྱད་པ་ཡན་ཆད་ན་སྒྲ་དོན་འདྲེས་རུང་འཛིན་པའི་རྟོག་པ་མེད་ན་ལྐོག་གྱུར་གྱི་དོན་ཅུང་ཟད་ཀྱང་ཡུལ་དུ་བྱེད་མི་དགོས་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར།


previousཐེག་ཆེན་གྱི་སྒོམ་ལམ་བཤད་པ།next