Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
  collapse section
   
   
   
   
   
  collapse section
   
   
   
   
  collapse section
   
   
   
   
ཉོན་མོངས་པ་གསུམ་དཔེས་མཚོན་ཚུལ་སྒོ་ནས་དོན་བསྡུ་བ།
   
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   


 
previousཉོན་མོངས་པ་གསུམ་དཔེས་མཚོན་ཚུལ་སྒོ་ནས་དོན་བསྡུ་བ། next

ཉོན་མོངས་པ་གསུམ་དཔེས་མཚོན་ཚུལ་སྒོ་ནས་དོན་བསྡུ་བ།


GLG014_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཉོན་མོངས་པ་གསུམ་དཔེས་མཚོན་ཚུལ་གྱི་སྒོ་ནས་དོན་བསྡུ་བ་ལ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དཔེ་ལྔས་མཚོན་ཚུལ། ལས་ཀྱི་ཀུན་ནས་ཉོན་མོངས་པ་དཔེ་གསུམ་གྱིས་མཚོན་ཚུལ། གཞིའི་ཀུན་ནས་ཉོན་མོངས་པ་དཔེ་གཅིག་གིས་མཚོན་ཚུལ་དང་གསུམ། དང་པོ་ནི། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཆོས་ཅན། ཁྱོད་དཔེ་ལྔས་མཚོན་ཚུལ་ཡོད་དེ། ས་བོན་དང་། ཀླུ་དང་། ཤིང་གི་རྩ་བ་དང་། ལྗོན་ཤིང་དང་། ཤུན་ལྤགས་བཞིན་དུ་འདོད་པའི་ཕྱིར། དང་པོ་གྲུབ་སྟེ། ས་བོན་ལས་མྱུ་གུ་འབྱུང་བ་ལྟར། ཁྱོད་ལས་ལས་དང་གཞི་རྣམས་འབྱུང་བའི་ཕྱིར། གཉིས་པ་གྲུབ་སྟེ། ཀླུ་ཡོད་སར་མཚོ་མི་བསྐམས་པ་ལྟར། ཁྱོད་ཡོད་ན་སྐྱེ་བའི་རྒྱ་མཚོ་མི་བསྐམས་པའི་ཕྱིར། གསུམ་པ་གྲུབ་སྟེ། ཤིང་རྩ་བ་མ་བཅད་ན་ཡལ་ག་འབྱུང་བ་ལྟར། ཁྱོད་མ་སྤངས་ན་འཁོར་བར་སྐྱེ་བའི་ཕྱིར། བཞི་པ་གྲུབ་སྟེ། ཤིང་ལས་འབྲས་བུ་འབྱུང་བ་བཞིན། ཁྱོད་ལས་ལས་དང་གཞི་འབྱུང་བའི་ཕྱིར། ལྔ་པ་གྲུབ་སྟེ། ཤུན་ལྤགས་མེད་པའི་འབྲས་ཀྱིས་མྱུ་གུ་སྐྱེད་མི་ནུས་པ་ལྟར། ཉོན་མོངས་དང་བྲལ་བའི་ལས་ཀྱིས་རྣམ་སྨིན་སྐྱེད་མི་ནུས་པའི་ཕྱིར། གཉིས་པ་ནི། ལས་ཆོས་ཅན། དཔེ་གསུམ་གྱིས་མཚོན་ཏེ། ཤུན་པ་དང་བཅས་པའི་འབྲས་དང་། དེ་བཞིན་དུ་སྨན་དང་། མེ་ཏོག་བཞིན་དུ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཤུན་པ་དང་བཅས་པའི་འབྲས་ཀྱིས་མྱུ་གུ་སྐྱེད་ནུས་པ་བཞིན། ཉོན་མོངས་དང་བཅས་པའི་ལས་ཀྱིས་རྣམ་སྨིན་སྐྱེད་ནུས་པའི་ཕྱིར། །གཉིས་པ་གྲུབ་སྟེ། ནུས་པ་ཕྱུང་ཟིན་པའི་སྨན་གྱིས་སླར་ནུས་པ་མི་འབྱིན་པ་ལྟར། རྣམ་སྨིན་ཕྱུང་ཟིན་པའི་ལས་ཀྱིས་སླར་རྣམ་སྨིན་མི་འབྱིན་པའི་ཕྱིར། གསུམ་པ་གྲུབ་སྟེ། མེ་ཏོག་འབྲས་བུའི་ཉེར་རྒྱུ་ཡིན་པ་བཞིན་དུ། ལས་ཀྱང་རྣམ་སྨིན་གྱི་ཉེར་རྒྱུ་ཡིན་པའི་ཕྱིར། གསུམ་པ་ནི། གཞི་བདུན་པོ་ཆོས་ཅན། དཔེ་གཅིག་གིས་མཚོན་ཏེ། བཟའ་བཏུང་གཡོས་གྲུབ་པ་དེ་ལོངས་སྤྱད་བྱ་ཁོ་ན་ཡིན་པ་བཞིན་དུ་བདུན་པོ་དེ་ཡང་ལས་ཉོན་གྱི་འབྲས་བུ་གྲུབ་ཟིན་པས་སླར་


GLG014_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྨིན་མི་འབྱིན་པའི་ཕྱིར། གཉིས་པ་སྲིད་པ་བཞིའི་ཁྱད་པར་ལ་དཔྱད་པ་ནི། སྲིད་པ་ཆོས་ཅན། ཁྱོད་ལ་བཞི་ཡོད་དེ། ཁྱོད་ལ་བར་སྲིད། སྐྱེ་སྲིད། སྔོན་དུས། འཆི་བའི་སྲིད་པ་རྣམས་སུ་ཡོད་པའི་ཕྱིར། དེ་དག་ལས་སྐྱེ་བའི་སྲིད་པ་ནི། ཉོན་མོངས་པ་ཅན་ཁོ་ན་ཡིན་ཏེ། དེ་ལ་དགེ་བ་དང་མ་བསྒྲིབས་ལུང་མ་བསྟན་མེད་པའི་ཕྱིར། དེ་ཆོས་ཅན། བྱེད་ཚུལ་ཡོད་དེ། རང་གི་ས་པའི་ཉོན་མོངས་པ་ཀུན་གྱིས་ཉོན་མོངས་པར་བྱེད་པའི་ཕྱིར། སྲིད་པ་གཞན་གསུམ་པོ་ནི་ཆོས་ཅན། ཁྱོད་ལ་མི་དགེ་བ་ཁོ་ནར་མ་ངེས་ཏེ། ཁྱོད་ལ་དེ་གསུམ་ག་ཡོད་པའི་ཕྱིར། དེ་ཡང་འདོད་གཟུགས་གཉིས་ན་སྲིད་པ་བཞི་ག་ཡོད་ལ། གཟུགས་མེད་ན་གསུམ་ལས་མེད་དེ། དེར་བར་སྲིད་མེད་པའི་ཕྱིར། གསུམ་པ་སྐྱེ་བ་གནས་པའི་ཐབས་ལ། ཟས་ཀྱི་བྱེད་ལས་མདོར་བསྟན། སོ་སོའི་རང་བཞིན་རྒྱས་པར་བཤད། གྲངས་ངེས་ཀྱི་སྒོ་ནས་དོན་བསྡུ་བའོ། །དང་པོ་ནི། སྔར་བཤད་པའི་འགྲོ་བ་ལྔ་པོ་ཆོས་ཅན། ཁྱོད་ཟས་ཀྱིས་གནས་པ་ཡིན་ཏེ། དེ་ལྟར་ཡིན་པར་མདོ་ལས་བཤད་པའི་ཕྱིར། གཉིས་པ་ལ། གཟུགས་ཅན་གྱི་ཟས། གཟུགས་ཅན་མ་ཡིན་པའི་ཟས། བར་སྲིད་ཀྱི་མིང་གི་རྣམ་གྲངས་དང་གསུམ། དང་པོ་ནི། དེ་འདྲའི་ཟས་དེ་ཆོས་ཅན། ཁྱོད་གཞག་ཏུ་ཡོད་དེ། ཁམ་དུ་བཅད་ཅིང་མིད་པ་ཞིག་ལ་འཇོག་པའི་ཕྱིར། དེ་ཆོས་ཅན། ཁྱོད་འདོད་པ་ན་དྲི་རོ་རེག་བྱའི་སྐྱེ་མཆེད་གསུམ་གྱི་བདག་ཉིད་ཡིན་ལ། གཟུགས་ཀྱི་སྐྱེ་མཆེད་ནི་ཁམ་ཟས་མ་ཡིན་ཏེ། དེས་རང་གི་དབང་པོ་དང་ཕྲད་པའི་སྒོ་ནས་དབང་པོ་ལ་མི་ཕན་པའི་ཕྱིར། དཔེར་ན་ཁམ་ཟས་དང་བྲལ་བའི་གྲོལ་བར་ཕྱིར་མི་འོང་དང་དགྲ་བཅོམ་པ་ལ་ཟས་ཤིན་ཏུ་ཡིད་དུ་འོང་བ་མཐོང་བས་མི་ཕན་པ་བཞིན་ནོ། །གཉིས་པ་ནི། དེ་འདྲའི་ཟས་ཆོས་ཅན། ཁྱོད་ཡོད་དེ། ཟག་པ་དང་བཅས་པའི་རེག་པ་དང་། སེམས་པ་དང་། རྣམ་པར་ཤེས་པ་གསུམ་པོ་དེ་ཁྱོད་ཡིན་པའི་ཕྱིར། དེ་གསུམ་པོ་ཆོས་ཅན། ཁྱོད་ནི་


GLG014_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་གཅིག་ཏུ་མ་ངེས་ཏེ། དེ་གསུམ་དག་ན་ཡོད་པའི་ཕྱིར། གསུམ་པ་ནི། བར་སྲིད་པ་ནི་ཡིད་ལས་བྱུང་བ་ཞེས་བྱ་སྟེ། དེ་ཁུ་ཁྲག་ལས་མ་བྱུང་བར་ཡིད་ཙམ་ལས་བྱུང་བའི་ཕྱིར། དེ་ཆོས་ཅན། སྲིད་འཚོལ་ཞེས་བྱ་སྟེ། སྐྱེ་སྲིད་འཚོལ་བའི་ཕྱིར། དེ་ཆོས་ཅན། དྲི་ཟ་ཞེས་བྱ་སྟེ། ཟས་སུ་དྲི་ཟ་བའི་ཕྱིར། དེ་ཆོས་ཅན། སྲིད་པ་བར་མ་ཞེས་བྱ་སྟེ། འཆི་སྲིད་དང་སྐྱེ་སྲིད་གཉིས་ཀྱི་བར་དུ་གྲུབ་པའི་ཕྱིར། དེ་ཆོས་ཅན་འགྲུབ་པ་ཞེས་བྱ་སྟེ། སྐྱེ་སྲིད་འགྲུབ་པ་ལ་མངོན་དུ་ཕྱོགས་པའི་ཕྱིར། གསུམ་པ་གྲངས་ཀྱི་སྒོ་ནས་དོན་བསྡུ་བ་ནི། ཤེས་བྱ་ཆོས་ཅན། དེ་ལྟར་བཞིར་གྲངས་མ་ངེས་པའི་སྐྱོན་མེད་དེ། གོ་རིམ་བཞིན་ཚེ་འདི་ལ་གནས་པའི་དབང་བཅས་ཀྱི་ལུས་དང་ནི། བརྟེན་པ་སེམས་སེམས་བྱུང་རྒྱས་པའི་དོན་དུ་ཁམ་ཟས་དང་རེག་པའི་ཟས་གཉིས་དང་། སྲིད་པ་གཞན་འཕེན་པ་དང་འགྲུབ་པའི་དོན་དུ་སེམས་པ་དང་རྣམ་ཤེས་ཀྱི་ཟས་གཉིས་ཏེ་བཞིར་བཞག་པའི་ཕྱིར། །བཞི་པ་གནས་པའི་འཆི་འཕོ་བའི་སེམས་ལ། སེམས་གང་གིས་འཆི་བ། ཚོར་བ་གང་གིས་འཆི་བ་ཞར་བྱུང་དང་བཅས་པ། ལུས་ཀྱི་ཕྱོགས་གང་ནས་འཆི་བ། གནད་གཅོད་པའི་རྒྱུ་དང་བཞི། དང་པོ་ནི། སེམས་གང་གི་འཆི་བ་ཡོད་དེ། དགེ་རྩ་ཆད་པ། འཚམས་སྦྱོར་བ། འདོད་ཆགས་དང་བྲལ་བ། དེ་ལས་ཉམས་པ། འཆི་འཕོ་བ། སྐྱེ་བ་རྣམས་ནི་ཡིད་ཀྱི་རྣམ་ཤེས་ཀྱི་བྱེད་པ་ཁོ་ན་ལས་འབྱུང་བར་བཤད་པ་དེའི་ཕྱིར།གཉིས་པ་ནི། ཚོར་བ་གང་གི་འཆི་བ་ཡོད་དེ། འཆི་འཕོ་བ་དང་སྐྱེ་བ་ཚོར་བ་བཏང་སྙོམས་ལ་ཡོད་ཀྱི། ཚོར་བ་གཞན་ལ་མེད་པའི་ཕྱིར། ཤེས་བྱ་ཆོས་ཅན། རྩེ་གཅིག་མཉམ་གཞག །སེམས་མེད་འགོག་པ། འདུ་ཤེས་མེད་པའི་སྙོམས་འཇུག་ལ་གནས་བཞིན་པའི་ངང་ནས་སྐྱེ་འཆི་བྱེད་པ་མེད་དེ། དེ་ལ་གནས་ན་སྔར་བཤད་པ་རྣམས་མི་ཚང་བའི་ཕྱིར། ཤེས་བྱ་ཆོས་ཅན། ལྷག་མེད་དུ་མྱ་ངན་ལས་འདའ་བ་ནི་ལུང་བསྟན་མ་ཡིན་པའི་བྱེ་བྲག་སྤྱོད་


GLG014_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་པའམ། རྣམ་སྨིན་སྐྱེས་བཏང་སྙོམས་པ་གཉིས་ལ་གནས་ནས་འདའ་སྟེ། དེ་གཉིས་མི་གསལ་ཞིང་ཉམ་ཆུང་བས་སེམས་འཆད་པ་དང་རྗེས་སུ་མཐུན་པའི་ཕྱིར། གསུམ་པ་ནི། རིམ་གྱིས་འཆི་བ་ནི་ངན་སོང་བ་རྣམས་ཆོས་ཅན། ཕྱོགས་གང་ནས་འཆི་ཚུལ་ཡོད་དེ། རྐང་པ་ནས་འཆི་བའི་ཕྱིར། མི་ཆོས་ཅན། ཕྱོགས་གང་ནས་འཆི་ཚུལ་ཡོད་དེ། ལྟེ་བ་ནས་འཆི་བའི་ཕྱིར། ལྷ་དང་དགྲ་བཅོམ་པ་ཆོས་ཅན། དེ་ཡོད་དེ། སྙིང་གར་ཡིད་འཆི་འཕོ་བའི་ཕྱིར། བཞི་པ་ནི། གནད་གཅོད་བར་བྱེད་པ་ཡོད་དེ། དེ་རླུང་མཁྲིས་བད་ཀན་གསུམ་ལ་བརྟེན་ནས་རླུང་མེ་ཆུས་གཅོད་པའི་ཕྱིར། ལྔ་པ་སེམས་ཅན་གྱི་ཚོགས་གསུམ་དུ་བསྡུ་བ་ནི། ཤེས་བྱ་ཆོས་ཅན། ཚོགས་དང་པོ་ཡང་དག་པར་ངེས་པ་ཡོད་དེ། འཕགས་པ་རྣམས་བདག་མེད་མངོན་སུམ་དུ་རྟོགས་པའི་སྒོ་ནས་མྱང་འདས་མངོན་དུ་བྱེད་པའི་ཕྱིར། ཤེས་བྱ་ཆོས་ཅན། ཚོགས་གཉིས་པ་ལོག་པ་ངེས་པར་ཡོད་དེ། འཚམས་མེད་ཀྱི་ལས་བྱེད་པ་རྣམས་དེ་ཉིད་དུ་ངེས་པའི་ཕྱིར། ཤེས་བྱ་ཆོས་ཅན། ཚོགས་གསུམ་པ་མ་ངེས་པ་ཡོད་དེ། དེ་ལས་གཞན་པའི་གང་ཟག་རྣམས་ཡིན་པའི་ཕྱིར། སྨྲས་པ། ཇི་ལྟ་ཇི་སྙེད་ཤེས་བྱའི་ཡོལ་གོའི་ནང་། །ལེགས་བཤད་རིན་ཆེན་ཕྱུར་བུར་སྤུངས་པ་འདི། །ཀུན་མཁྱེན་རྒྱལ་བའི་དབང་པོ་ཙོང་ཁ་པ། །ཡབ་སྲས་བརྒྱུད་པར་བཅས་ལ་ལེགས་ཕུལ་ཏེ། །སྣོད་ཀྱི་འཇིག་རྟེན་སྒྱུ་འཕྲུལ་དྲ་བའི་གར། །སྔོན་མེད་གཏམ་གྱི་གོས་རྒྱན་དང་བཅས་ཏེ། །གྲངས་མེད་སྐྱེ་བོའི་མིག་གི་དགའ་སྟོན་དུ། །སྤེལ་གྱི་དང་དུ་ལོང་དང་ཤེས་ལྡན་རྣམས། །འདི་ན་ཁམས་གསུམ་སྣོད་བཅུད་ཁྱད་པར་ཀུན། །ཇི་ཙམ་དཔྱད་ཀྱང་འཛད་མེད་ཡིད་ཀྱི་བཅུད། །འཆི་མེད་བདུད་རྩིའི་དཔལ་ལ་འགྲན་བྱེད་ན། །ཤེས་རབ་སྙིམ་པས་བཅུས་དང་དོན་ཀུན་འགྲུབ། །ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousཉོན་མོངས་པ་གསུམ་དཔེས་མཚོན་ཚུལ་སྒོ་ནས་དོན་བསྡུ་བ། next