Nitartha Digital Library
Tibetan
ཀློང་ཆེན་པའི་གསུང་འབུམ། ཝ༽


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལེའུ་ཉེར་གཅིག་པའི་རྣམ་པར་བཤད་པ།
   


 
previousལེའུ་ཉེར་གཅིག་པའི་རྣམ་པར་བཤད་པ།next

ལེའུ་ཉེར་གཅིག་པའི་རྣམ་པར་བཤད་པ།

༈ སྤྱི་དོན་གསུམ་པ་འབྲས་བུ་སྐུ་དང་ཡེ་ཤེས་ལ་བསྟོད་པའི་ཚུལ་ལ་གཉིས་ཏེ། བསྟོད་ཚུལ་མདོར་བསྟན་པ་དང་། བསྟོད་པ་དངོས་རྒྱས་པར་བཤད་པའོ། །

དང་པོ་ནི། ཁྲོ་བོའི་དཀྱིལ་འཁོར་གྱི་མཛད་པ་རྫོགས་པ་དེ༵་ན༵ས་རང་སྣང་གི་སྐུ་དང་ཡེ་ཤེས་ལ་བསྟོད་པའི་ཕྱིར་བཅོ༵མ་ལྡན༵་འད༵ས་དགྱེ༵ས་པ༵་ཆེ༵ན་པོ༵འི་ཚོག༵ས་ཁྲག་འཐུང་རིགས་ལྔ་འཁོར་དང་བཅས་པའི་དཀྱི༵ལ་འཁོ༵ར་གྱི༵་སྣང་བ་ཆེན་པོ་དེ་ཉིད་ལ་ཤིན༵་ཏུ༵་རྔམ༵ས་པ༵འི་མད༵ངས་ཀྱི༵ས་དགྱེས་པའི་གླུ༵་འདི༵་སྐད་ཅེས་བླང༵ས་སོ༵། །

གཉིས་པ་ལ་གཉིས་ཏེ། རིགས་དང་རིགས་ཀྱི་བདག་པོ་ལ་བསྟོད་པ་དང་། རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་བསྟོད་པའོ། །དང་པོ་ལ་གཉིས་ཏེ། རིགས་ལྔ་ལ་སྤྱིར་བསྟོད་པ་དང་། དཀྱིལ་འཁོར་གྱི་དབང་ཕྱུག་ལ་བྱེ་བྲག་ཏུ་བསྟོད་པའོ། །

དང་པོ་ལ་ལྔ་ལས། སྐུའི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་བསྟོད་པ་ནི། ཧཱུ༵ྃ་ཞེས་པ་རྣམས་ནི་ཁྲོ་བོའི་གླུ་རྣམས་རེ་རེ་ཞིང་སྐུ་ལྔ་ཡེ་ཤེས་ལྔ་ལྡན་དུ་མཚོན་ཞིང་མགོ་འདྲེན་པའོ། །དེའང་སྐུ་ནི་བདུད་དང་རཱུ་ཏྲ་ལ་སོགས་པ་དྲེགས་པ་ཅན་རྣམས་འདུལ་བར་བྱེད་པས་གཏུམ༵་པོ་ཆེ༵ན་པོ་སྟེ༵། བསྐལ༵་པ་འཇིག་པ༵འི་མེ༵་ལྟར༵་འབ༵ར་ཞིང་མེ་དཔུང་གི་(༣༢༩)ཀློང་ན་བཞུགས་པའི་སྐུ་ལས་ཡེ་ཤེས་ཀྱི་འོ༵ད་ཟེ༵ར་ཉི༵་མ༵་འབུམ༵་གྱི༵་གཟི༵་བརྗིད་ཕྱོགས་གཅིག་ཏུ་བསྡུས་པ་དང་མཚུངས་པ་ཕྱོགས་བཅུར་འཕྲོ་ཞིང་། གདུག་པ་ཅན་བསྡིགས་པ་ཁྲོ༵་གཉེར༵་གློག༵་སྟོང༵་འགྱུ༵་བ༵་བཞི༵ན་འཁྱུག་པ། གདུག་པ་ཅན་ཚར་གཅོད་པའི་མཆེ༵་བ༵་ཟ༵ང་ཡ༵ག་རྣོ་དཀར་བཞིས་མ་རུངས་པ་ཟ༵་བར་བྱེད༵་པའི་འཇིགས་བྱེད་ཆེ༵ན་པོར་གནས་པའོ། །ཧོ༵་ནི་ངོ་མཚར་བའི་གད་མོ་སྟེ་འོག་མ་རྣམས་ལ་ཡང་སྦྱར་རོ། །

གཉིས་པ་གསུང་གི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་བསྟོད་པ་ནི། ཁྲོ་བོའི་གསུང་རྔ༵མ་པ༵འི་ང༵་རོ༵་འབྲུག༵་སྒྲ་སྟོང༵་དུས་གཅིག་ལ་ལྡིར༵་བ་ལྟ་བུའི་གཏུམ༵་ཆེ༵ན་དང་དྲག་ཤུལ་རི༵་ར༵བ་འབུམ༵་དུས་གཅིག་ཏུ་བསྙིལ༵་བའི་སྒྲ་སྐ༵ད་དང་མཉམ་པ། ཨ༵་ཨ་དང་ཧ༵་ཧ་དང་ཨ་ལ༵་ཧ་ལ༵འི་གད༵་རྒྱང༵་ཆེ༵ན་པོ་དགོད་པ། དབུགས་ཀྱི་ཤུགས་ལས་བཤུག༵་པའི༵་འཐོ༵ར་རླུང༵་ཆེན་པོས་གདུག་པ་ཅན་རྣམས་འཇིགས་པས་གཡེང༵་བར་བྱེད་པ༵་ནི་དུས་མཐའི་རླུང་བས་ཀྱང་ཆེ༵འོ༵། །

གསུམ་པ་ཐུགས་ཀྱི་རིགས་ཀྱི་དཀྱིལ་འཁོར་ལ་བསྟོད་པ་ནི། ཤེས་བྱ་མ་ལུས་པ་མཁྱེན་པ་ནི་མ་རིག་པའི་ཚོགས་ལ་ཁྲོས༵་པ༵འི་ཤེ༵ས་ར༵བ་ཀྱི་འོ༵ད་ཟེར་ཆེ༵ན་པོ༵་མངའ་བ་ནི། ཡེ༵་ཤེ༵ས་ལྔའི་དཀྱིལ༵་འཁོ༵ར་ཀུན༵་ཏུ༵་གས༵ལ་བས་གནས་སྐབས་དུག་ལྔར་འབ༵ར་བ༵འི་ངོ་བོ་ཡེ༵་ཤེ༵ས་སུ་གནས་པའི་ཉོན་མོངས་པ་རང་མཚན་གྱི་རྩལ་ཀུན༵་ཏུ༵་འཇོ༵མས་པའི་ཡེ་ཤེས་དེ་ཡང་སྤྲུལ་སྐུ་ལ་ལྟོས་ནས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་དང་། ལོངས་སྐུ་ལ་ལྟོས་ནས་མེ་ལོང་ལྟ་བུ་ལ་སོགས་པ་སྣ༵་ཚོ༵གས་ཀྱི་ཡེ༵་ཤེ༵ས་རྣམས་ངོ་བོ་གཉིས་སུ་མེད་པའི་ཐི༵ག་ལེ༵་ཆེ༵ན་པོ་ཆོས་ཉིད་དོན་གྱི་ཡེ་ཤེས་སུ་རོ་གཅིག་པའོ། །

བཞི་པ་ཡོན་ཏན་གྱི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་བསྟོད་པ་ནི། གདུག་པ་ཅན་འདུལ་བའི་ཡོན་ཏན་མངའ་བས་ཁྲོ༵་བོ༵འི་རྒྱལ༵་པོ༵་ཡིན་ཞིང་། དེ་ལས་སྤྲུལ་པ་དུ་མའི་ཆར་འབབ་པའི་གཞི་བྱེད་པས་སྤྲིན༵་ཆེ༵ན་པོ༵་ཞེས་བྱ་ལ། ཐུགས་ཁྲོས༵་པ༵ས་ཁྲོ་བོའི་དཀྱི༵ལ་འཁོ༵ར་གྱི་ཆ༵ར་ཆེ༵ན་པོ་འབེ༵བས་ཤིང་། གདུལ་བྱའི་དོན་དུ་གང་ལ་གང་འདུལ་གྱི་དཀྱི༵ལ་འཁོ༵ར་ཡི༵ད་བཞི༵ན་གྱི་ནོར་བུ་ལྟར་བསམ་པ་བཞིན་དུ་འབྱུང༵་བ༵འི་གཏེར༵་ལས་སྤྲུལ་པ་སྣ༵་ཚོ༵གས་པ་ཁྲོས༵་པའི༵་གཟུགས་སུ་ནམ་མཁའ་ཁྱབ་པར་འབྱུང་བ་ཐམས་ཅད་ཀྱང་གནས་ལུགས་ཐི༵ག་ལེ༵་ཆེ༵ན་པོ་གཅིག་ཏུ་གནས་སོ། །

ལྔ་པ་ཕྲིན་ལས་ཀྱི་དཀྱིལ་འཁོར་ཐམས་ཅད་ལ་བསྟོད་པ་ནི། ཕུང་པོ་ལ་སོགས་པ་བདུད༵་བཞི་པོ་ཀུན༵་གྱི༵་ནི་སྟོབས་འཇོམས་པས་ན་བདུད༵་ཆེ༵ན་པོ༵་ཡིན་ཞིང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་ནི་འཁོར་བར་འདུ་བྱེད་པས་བདུད༵་ཀྱི༵་དབང་པོ་རྣམས་ཀྱང་འདུལ་བར་བྱེད་པའི་ཕྱིར་བདུད༵་དེ༵་ལས་དང་ཉོན་མོངས་པའི་བདུད༵་རྣམ༵ས་འཇོ༵མས་ཤིང་། (༣༣༠)བདུད་དང་གཤིན་རྗེ་ལ་སོགས་པ་འཇི༵གས་པ༵འི་ཚོག༵ས་ཀྱང༵་རབ་ཏུ་འཇི༵གས་ཤིང་སྐྲག་པར་བྱེ༵ད་པ༵་ཆེན་པོ་ཧེ་རུ་ཀ་རྣམས་ནི་རང་བཞིན་སྤྲོས་པའི་མཐའ་དང་བྲལ་བས་ཐིག་ལེ་ཆེན་པོའོ། །ཡང་ན་གཞན་འཕྲུལ་དབང་བྱེད་ལ་སོགས་པའི་བདུད་ཀུན་གྱི་ནི་བདུད་ཆེན་པོ་དགའ་རབ་དབང་ཕྱུག་ལྟ་བུ་ཡིན་ཞིང་། བདུད་དེའི་བདུད་ནི་དྲེགས་པའི་རཱུ་ཏྲ་ཡིན་པས་འཇིགས་པའི་ཚོགས་ཆུང་མ་དང་བཅས་པ་འཇིགས་པར་བྱེད་པ་ནི་འཇི༵གས་བྱེད༵་ཆེན་པོ་ཆེ༵་མཆོ༵ག་ཉིད་དེ་སྤྲོས་པ་མེད་པའི་ངོ་བོར་བཞུགས་པས་ཐི༵ག་ལེ༵་ཆེ༵ན་པོའོ། །ཞེས་སོ། །

གཉིས་པ་དཀྱིལ་འཁོར་གྱི་དབང་ཕྱུག་ལ་བྱེ་བྲག་ཏུ་བསྟོད་པ་ནི། ཆེ་མཆོག་ཡབ་ཡུམ་གྱི་སྐུ་ནི་སྐྱེ་ཤི་འཕོ་འགྱུར་མེད་པས་རྡོ༵་རྗེ༵འི་བྲག༵་ཆེ༵ན་པོ་ཉིད་དེ་འཇིག་འབྲལ་མེད་པས་རབ་ཏུ་སྲ༵་བ༵་ཆེན་པོ༵་མཚན་དཔེས་འབར་ཞིང་། གསུང་དང་ཡོན་ཏན་ནི་ཡེ་ཤེས་རྡོ༵་རྗེ༵འི་ཆུ༵་བོ༵ས་གདུལ་བྱའི་ཚོགས་སྡུད་ཅིང་ཚིམ་པར་བྱེད༵་པ་པོ༵་ཡིན་ལ། ཐུགས་ནི་ཐམས་ཅད་མཁྱེན་པའི་རྡོ༵་རྗེ༵་ཡེ་ཤེས་ཀྱི་མེ༵་འོད་གསལ་བ་སྟེ༵་ཤེས་བྱའི་ཡུལ་མ་ལུས་པ་མངོན་སུམ་དུ་གྱུར་ཅིང་ཐུགས་རྗེའི་འོད༵་ཟེར་རབ་ཏུ་འབ༵ར་བ་ཆེ༵ན་པོས་འགྲོ་བའི་མ་རིག་པའི་མུན་པ་སེལ་བར་བྱེད་པའོ། །ཕྲིན་ལས་ནི་ལྷུན་གྱིས་གྲུབ་པ་རྡོ༵་རྗེའི༵་བདག་ཉིད་གདུལ་བྱ་ལ་ཁྱབ་ཅིང་གཡོ་བར་བྱེད་པས་རླུང༵་སྟེ༵་བདུད་དང་མུ་སྟེགས་ལ་སོགས་པ་འཐོ༵ར་ཞིང་ལས་བཞིའི་དོན་རྣམས་ཡོངས་སུ་རྫོགས་པ༵་ཆེ༵ན་པོར་ལྷུན་གྱིས་གྲུབ་པའོ། །

གཉིས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་བསྟོད་པ་ལའང་གཉིས་ལས། བརྟེན་པ་ལྷའི་དཀྱིལ་འཁོར་ལ་བསྟོད་པ་ནི། ཧཱུ༵ྃ། གཏུམ༵་ཆེ༵ན་དུས༵་མཐ༵འ་ཞེས་པ་ནས་འཇི༵གས་བྱེ༵ད་ཆེ༵ན་པོ༵་ཐི༵ག་ལེ༵་ཆེ་ཧོཿའི༵་བར་སྟེ། ཧེ་རུ་ཀ་རིགས་ལྔའི་དཀྱིལ་འཁོར་ལ་སོ་སོར་བསྟོད་པའོ། །རྟེན་གཞལ་ཡས་ཁང་ལ་བསྟོད་པ་ནི། རྡོ༵་རྗེ༵འི་བྲག༵་ཆེ༵ན་ཀེང་རུས་ཀྱི་རི་རབ་དང་། ཆུ༵་བོ༵་རཀྟའི་རྒྱ་མཚོ་དང་། མེ་ཡེ་ཤེས་ཀྱི་མེ༵་རི་དང་། རླུང༵་འོག་གཞི་རླུང་གི་དཀྱིལ་འཁོར་ལ་སྦྱར་ཏེ་བཤད་དོ། །དེ་སྐད་ཅེ༵ས་དེ་བཞིན་གཤེགས་པས་ཆེ༵ད་དུ༵་གླེང༵ས་སོ༵། །འབྲས་བུ་གས༵ང་བ༵འི་སྙིང༵་པོ༵་སྐུ་དང་ཡེ་ཤེས་ཀྱི་དེ༵་ཁོ༵་ན༵་ཉིད༵་ངེ༵ས་པ༵་ལ༵ས། རང་སྣང་ཡེ་ཤེས་ཀྱི་ཁྲོ༵་བོ༵་ལ༵་བསྟོད༵་པ༵འི་ལེ༵འུ༵་སྟེ༵་ཉེར༵་གཅི༵ག་པའི་རྣམ་པར་བཤད་པ༵འོ༵།། །།


previousལེའུ་ཉེར་གཅིག་པའི་རྣམ་པར་བཤད་པ།next