Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  collapse section
   
   
   
   
   
   
   
   
   
མོས་པ་སྒོམ་ལམ་བཤད་པ།
   
   
   
   
   
  expand section
  expand section
  expand section
  expand section
  expand section


 
previousམོས་པ་སྒོམ་ལམ་བཤད་པ།next

མོས་པ་སྒོམ་ལམ་བཤད་པ།


GLG013_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་སྒོམ་ལམ་བཤད་པ། གཉིས་པ་ལ། ཟག་བཅས་སྒོམ་ལམ། ཟག་མེད་སྒོམ་ལམ་གཉིས། དང་པོ་ལ། དབྱེ་བས་མཚམས་སྦྱར་བ། སོ་སོའི་དོན་བཤད་པ། དོན་བསྡུ་བ་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་སྒོམ་ལམ་ཟག་པ་དང་བཅས་པ་ལ་དབྱེ་ན་གསུམ་ཡོད་དེ། དེ་ལ་མོས་པ་སྒོམ་ལམ་དང་། བསྔོ་བ་སྒོམ་ལམ་དང་། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་ཞེས་བྱ་བའི་སྒོམ་ལམ་རྣམས་སུ་ཡོད་པའི་ཕྱིར།


GLG013_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། མོས་པ་སྒོམ་ལམ། བསྔོ་བ་སྒོམ་ལམ། རྗེས་སུ་ཡི་རང་སྒོམ་ལམ་གསུམ། དང་པོ་ལ། མོས་པ་སྒོམ་ལམ་དངོས་དང་། དེའི་ཕན་ཡོན་བཤད་པ་གཉིས། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། སྒོམ་པའི་ལམ་གསུམ་པོ་དེ་རྣམས་ཀྱི་ནང་ནས། དང་པོ་ཡུམ་དོན་གསུམ་གྱི་འབྱུང་གནས་སུ་མོས་ཤིང་ཡིད་ཆེས་པ་ཡིད་ལ་བྱེད་པ་ཞེས་བྱ་བའི་མོས་པ་སྒོམ་ལམ་འཆད་ཚུལ་ཡོད་དེ། དེ་རང་གི་རྩ་བ་དང་ཡན་ལག་གི་སྒོ་ནས་བཤད་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཐེག་ཆེན་གྱི་མོས་པ་སྒོམ་ལམ་ཆོས་ཅན། ཁྱོད་ལ་དབྱེ་ན། རྣམ་པ་གསུམ་དུ་ཤེས་པར་བྱ་བ་ཡིན་ཏེ། རང་གི་དོན་གྱི་མོས་པ་སྒོམ་ལམ་དང་ནི། རང་གཞན་གཉིས་ཀའི་དོན་གྱི་མོས་པ་སྒོམ་ལམ་དང་། གཞན་དོན་མོས་པ་སྒོམ་ལམ་རྣམས་སུ་ཡོད་པའི་ཕྱིར། གསུམ་པོ་དེ་ཡང་ནི་ཆོས་ཅན། ཁྱོད་ལ་དབྱེ་ན་སོ་སོར་རྣམ་པ་གསུམ་དུ་འདོད་དེ། ཁྱོད་ལ་མོས་པ་སྒོམ་ལམ་ཆུང་ངུ་དང་འབྲིང་དང་ཆེན་པོ་རྣམས་སུ་ཡོད་པའི་ཕྱིར། ཆུང་འབྲིང་ཆེན་པོ་དེ་ཡང་ཆོས་ཅན། རྣམ་པ་གསུམ་གསུམ་དུ་འདོད་དེ། ཁྱོད་ལ་སོ་སོར་མོས་པ་སྒོམ་ལམ་ཆུང་ངུའི་ཆུང་ངུ་དང་། ལ་སོགས་པ་ཆུང་ངུའི་འབྲིང་སོགས་དབྱེ་བ་ཡིས་དེ་ལྟར་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། ཐེག་ཆེན་གྱི་མོས་པ་སྒོམ་ལམ་དེ་ལ་རྣམ་པ་ཉི་ཤུ་རྩ་བདུན་དུ་འདོད་དེ། སྔར་བཤད་པ་དེ་ལྟར་ན་སྟེ་དེའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །ཡུམ་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ་མོས་པ་སྒོམ་ལམ་གྱི་མཚན་ཉིད། རང་དོན་མོས་པ་སྒོམ་ལམ་དང་གཞན་དོན་མོས་པ་སྒོམ་ལམ་འགལ་ཟེར་ན། ཡུམ་རང་དོན་གྱི་འབྱུང་


GLG013_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་ཡིད་ཆེས་པའི་ཟག་པ་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་ན་མོས་པ་སྒོམ་ལམ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཡུམ་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་པའི་ཟག་པ་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་ན་རང་དོན་མོས་བསྒོམ་ལམ་ཡིན་དགོས་པར་ཐལ། མཚན་ཉིད་དེ་འཐད་པའི་ཕྱིར། འདོད་ན། དེ་ཡིན་ན་གཞན་དོན་མོས་པ་སྒོམ་ལམ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་དོན་མོས་པ་སྒོམ་ལམ་མ་ཡིན་པར་ཐལ། གཞན་དོན་མོས་པ་སྒོམ་ལམ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁྱབ་པ་ཁས། གཞན་ཡང་། དེ་གཉིས་མི་འགལ་བར་ཐལ། མོས་པ་སྒོམ་ལམ་ཡིན་ན་མོས་སྒོམ་གསུམ་ག་ཡིན་དགོས་པའི་ཕྱིར། དེར་ཐལ། དེ་ཡིན་ན། ཡུམ་རང་དོན་གྱི་འབྱུང་གནས་སུ་ཡིད་ཆེས་པའི་རྗེས་ལ་མངོན་རྟོགས་དང་། ཡུམ་གཞན་དོན་གྱི་འབྱུང་གནས་སུ་ཡིད་ཆེས་པའི་རྗེས་ལ་མངོན་རྟོགས་དང་། ཡུམ་དོན་གཉིས་ཀའི་འབྱུང་གནས་སུ་ཡིད་ཆེས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་གསུམ་ག་ཡིན་དགོས་པའི་ཕྱིར། ཡང་ཁོ་ན་རེ། དེ་གཉིས་འགལ་བར་ཐལ། ཡུམ་རང་དོན་དང་གཞན་དོན་གཉིས་ཀྱི་ནང་ནས་གཙོ་བོར་རང་དོན་གི་འབྱུང་གནས་སུ་ཡིད་ཆེས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དང་། ཡུམ་དེ་གཉིས་ཀྱི་ནང་ནས་གཙོ་བོར་གཞན་དོན་གྱི་འབྱུང་གནས་སུ་ཡིད་ཆེས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་གཉིས་འགལ་བའི་ཕྱིར་ཟེར་ན། མི་འཐད་པར་ཐལ། ཡུམ་དོན་གཉིས་ཀྱི་ནང་ནས་གཙོ་བོར་རང་དོན་གྱི་འབྱུང་གནས་སུ་ཡིད་ཆེས་པའི་ཟག་པ་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་མེད་པའི་ཕྱིར། དེར་ཐལ། དེ་གཉིས་ཀྱི་ནང་ནས་གཙོ་བོར་རང་དོན་དོན་དུ་གཉེར་པའི་བྱང་


GLG013_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་སྒོམ་ལམ་མེད་པའི་ཕྱིར། དེར་ཐལ། ཆོས་གཟུགས་ཀྱི་སྐུ་གཉིས་ཀྱི་ནང་ནས་གཙོ་བོར་རང་དོན་ཆོས་སྐུ་དོན་དུ་གཉེར་བར་བྱེད་པའི་སྒོམ་ལམ་མེད་པའི་ཕྱིར། དེར་ཐལ། བྱང་སེམས་སྒོམ་ལམ་པ་ཡིན་ན། དེ་གཉིས་ཀྱི་ནང་ནས་གཙོ་བོར་གཞན་དོན་གཟུགས་སྐུ་དོན་དུ་གཉེར་བས་ཁྱབ་པའི་ཕྱིར། གཉིས་པ་རང་ལུགས་ནི། ཡུམ་དོན་གསུམ་གྱི་འབྱུང་གནས་སུ་ཡིད་ཆེས་པའི་ཟག་པ་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཐེག་ཆེན་གྱི་མོས་པ་སྒོམ་ལམ་གྱི་མཚན་ཉིད། གསུམ་པ་རྩོད་ལ་སྤོང་བ་ལ། ཁོ་ན་རེ། རང་དོན་མོས་པ་སྒོམ་ལམ་མ་དག་ས་བདུན་གྱི་རྗེས་ཐོབ་ཀྱིས་བསྡུས། གཉིས་དོན་མོས་པ་སྒོམ་ལམ། བརྒྱད་པ་དང་དགུ་པའི་རྗེས་ཐོབ་ཀྱིས་བསྡུས། གཞན་དོན་མོས་པ་སྒོམ་ལམ། ས་བཅུ་པའི་རྗེས་ཐོབ་ཀྱིས་བསྡུས་ཟེར་ན། མི་འཐད་པར་ཐལ། ས་བཅུ་པས་བསྡུས་པའི་རང་དོན་མོས་པ་སྒོམ་ལམ་ཡོད་པ་གང་ཞིག །ས་གཉིས་པས་བསྡུས་པའི་གཞན་དོན་མོས་པ་སྒོམ་ལམ་ཡང་ཡོད་པའི་ཕྱིར། དང་པོ་དེར་ཐལ། རང་དོན་མོས་སྒོམ་ཆེན་པོའི་ཆེན་པོ་ཡོད་པ་གང་ཞིག །དེ་ཡིན་ན་ས་བཅུ་པའི་ཡེ་ཤེས་ཡིན་དགོས་པའི་ཕྱིར། ཕྱི་མ་དེར་ཐལ། དེ་ཡིན་ན་ཐེག་ཆེན་གྱི་སྒོམ་ལམ་ཆེན་པོའི་ཆེན་པོ་ཡིན་དགོས་པ་གང་ཞིག །དེ་ཡིན་ན་ས་བཅུ་པའི་ཡེ་ཤེས་ཡིན་དགོས་པའི་ཕྱིར། རྩ་རྟགས་གཉིས་པ་དེར་ཐལ། གཞན་དོན་མོས་སྒོམ་ཆུང་ངུའི་ཆུང་ངུ་ཡོད་པ་གང་ཞིག །དེ་ཡིན་ན་ས་གཉིས་པ་མན་གྱི་ཡེ་ཤེས་ཡིན་དགོས་པའི་ཕྱིར། ཕྱི་མ་དེར་ཐལ། དེ་ཡིན་ན་ཐེག་ཆེན་གྱི་སྒོམ་ལམ་ཆུང་ངུའི་ཆུང་ངུ་ཡིན་དགོས་པ་གང་ཞིག །དེ་ཡིན་ན་ཅིག་ཤོས་དེ་ཡིན་དགོས་པའི་ཕྱིར། སྨྲས་པ། འདོད་ལྷའི་མེ་ཏོག་མདའ་ཡིས་མ་ཕུག་ཅིང་། །ར་གྷུའི་བུ་ཡིས་ཉག་ཕྲན་


GLG013_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འཕངས་མིན་པར། །དབང་ཕྱུག་མགྲིན་བཅུ་ལྟ་བུའི་རྒོལ་བ་དག །འཇོམས་བྱེད་འདི་འདྲ་སྔོན་མེད་རིགས་པའི་རྩལ། །འདི་ན་རིགས་པ་སྨྲ་བའི་དམ་བཅའ་ཀུན། །རི་མོར་བྲིས་པའི་མར་མེའི་གསལ་ཆ་ལྟར། །ཡང་དག་གཞུང་དོན་འཆད་ལས་ཕྱིར་གྱུར་ཚེ། །རྒྱ་གར་མཁས་ལ་དགའ་བ་ཅུང་ཟད་ཐལ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གསུམ་པ་འགྲེལ་པ་ནི། ཐེག་ཆེན་མོས་པ་སྒོམ་ལམ་གྱི་ངོ་བོ་ཡང་ཆོས་ཅན། ཁྱོད་ལ་དབྱེ་ན་རྣམ་པ་གསུམ་ཡོད་དེ། ཁྱོད་ལ་རང་དང་གཞན་དང་གཉིས་ཀའི་དོན་ལ་དམིགས་པ་ཉིད་ཀྱི་སྒོ་ནས་རྣམ་པ་གསུམ་ཡོད་པའི་ཕྱིར། མོས་པ་སྒོམ་ལམ་ཆོས་ཅན། ཁྱོད་འཕགས་ལམ་གྱི་དང་པོར་མངོན་དུ་མི་བྱེད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཡུམ་དོན་གསུམ་གྱི་འབྱུང་གནས་སུ་ཚུལ་ཇི་ལྟར་མོས་པ་བཞིན་མཐོང་བའི་དགེ་བའི་ཆོས་མོས་ཡུལ་ཤེར་ཕྱིན་གྱི་རྟེན་ཡིན་ན་ཡང་རྗེས་ཐོབ་དག་པ་ཐེག་ཆེན་གྱི་འཇིག་རྟེན་པའི་སྒོམ་པའི་ལམ་གྱི་དབང་དུ་བྱས་པ་ལས་འཐོབ་པའི་ལམ་ཡིན་པའི་ཕྱིར། མོས་པ་གསུམ་པོ་དེ་དག་ཆོས་ཅན། རེ་རེ་ནས་རྣམ་པ་གསུམ་གསུམ་དུ་ཡོད་དེ། རེ་རེ་ཞིང་ཆུང་ངུ་ལ་སོགས་པའི་བྱེ་བྲག་གིས་གསུམ་གསུམ་དུ་ཡོད་པའི་ཕྱིར། ཆུང་ངུ་ལ་སོགས་པ་དེ་ཡང་ཆོས་ཅན། རྣམ་པ་གསུམ་གསུམ་ཡོད་དེ། སོ་སོར་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་དེ་ལྟར་ཡོད་པའི་ཕྱིར། དོན་བསྡུ་བ་ནི། ཤེས་བྱ་ཆོས་ཅན། མོས་པ་སྒོམ་ལམ་དེ་ལ་རྣམ་པ་ཉི་ཤུ་རྩ་བདུན་ཡོད་དེ། དགུ་ཚན་གསུམ་གྱི་སྒོ་ནས་དེ་ལྟར་ཡོད་པའི་ཕྱིར། གཉིས་པ་ཕན་ཡོན་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ། དང་པོ་ནི། ཤེས་བྱ་ཆོས་ཅན། དེ་ལྟར་མོས་པ་སྒོམ་པ་ལ་སངས་རྒྱས་ལ་སོགས་པས་བསྟོད་པ་མཛད་པ་དང་ལ་སོགས་པས་བཀུར་བ་དང་བསྔགས་པར་མཛད་པ་ལ་དགོས་པ་ཡོད་དེ། མོས་པ་དེ་སྒོམ་
པའི་བྱང་ཆུབ་སེམས་དཔའ་སྤྲོ་བ་བསྐྱེད་པར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། གཞུང་ལམ་འབྲས་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དོན་གསུམ་གྱི་འབྱུང་གནས་སུ་མོས་པའི་གནས་སྐབས་རྣམས་ལ་ནི་ཆོས་ཅན། ཁྱོད་བསྟོད་པ་དང་བཀུར་བ་དང་ནི་བསྔགས་པར་འདོད་དེ། དགུ་ཚན་གསུམ་གྱིས་བསྟོད་བཀུར་བསྔགས་པར་འདོད་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། དེ་འདྲའི་རྣལ་འབྱོར་པ་ལ་སངས་རྒྱས་སོགས་ཀྱིས་བསྟོད་པ་དང་བཀུར་བ་དང་བསྔགས་པར་འདོད་དེ། ཡུམ་དོན་གསུམ་གྱི་འབྱུང་གནས་སུ་ཇི་ལྟར་མོས་པ་བཞིན་དུ་མཐོང་བའི་ཆོས་ཀྱི་མཚན་ཉིད་ཀྱི་མོས་ཡུལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པའི་རྣམ་པས་ཞུགས་པའི་མོས་པ་ཡིད་ལ་བྱེད་པ་དང་པོ་དང་གཉིས་པ་དང་གསུམ་པ་སྟེ་གནས་སྐབས་དགུ་དག་ཏུ་བརྗོད་པའི་ཕྱིར། དེར་ཐལ། དེ་ཡང་སོ་སོར་རྣམ་པ་དགུ་གོ་རིམ་བཞིན་དུ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་གོང་ནས་གོང་དུ་འཕགས་པའི་སྒོ་ནས་མངོན་པར་དགའ་བར་བྱེད་ཅིང་བསྟོད་པ་སོགས་མཛད་པའི་ཕྱིར། དེས་ན་བསྟོད་པ་ལ་སོགས་པ་འདི་དག་ནི་ཆོས་ཅན། དོན་ལ་མི་གནས་བཞིན་དུ་གཅམ་བུའི་ངོ་བསྟོད་ནི་མ་ཡིན་ཏེ། ཡོན་ཏན་ཡོད་པ་ལྟར་དོན་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའི་མཚན་ཉིད་ཅན་གྱི་སྒོ་ནས་མཛད་པའི་ཕྱིར།


previousམོས་པ་སྒོམ་ལམ་བཤད་པ།next