Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
  collapse section
   
   
   
   
   
  collapse section
   
   
   
   
  collapse section
   
   
   
   
   
ཕྱི་སྣོད་ཀྱི་འཇིག་རྟེན་བཤད་པ།
   
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   


 
previousཕྱི་སྣོད་ཀྱི་འཇིག་རྟེན་བཤད་པ།next

ཕྱི་སྣོད་ཀྱི་འཇིག་རྟེན་བཤད་པ།


GLG014_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཕྱི་སྣོད་ཀྱི་འཇིག་རྟེན་བཤད་པ་ལ། རྟེན་གྱི་དཀྱིལ་འཁོར་གསུམ་ངོས་གཟུང་བ། བརྟེན་པ་རི་མཚོ་གླིང་གསུམ་བཤད་པ། ཚ་གྲང་དམྱལ་བའི་གནས་བཤད་པ། ཉི་ཟླའི་འཆར་ཚུལ་དང་ཚད་བཤད་པ། ལྷ་རྣམས་ཀྱི་གནས་བཤད་པ། སྟོང་གསུམ་ངོས་གཟུང་བ། འགྲོ་བ་རྣམས་ཀྱི་ལུས་ཚེའི་ཚད་བཤད་པ། ཚད་དེ་གཞལ་བའི་ཐབས། སྣོད་བཅུད་ཀྱི་ཁྱད་ཆོས་བཤད་པ་དང་དགུ །དང་པོ་ལ། རླུང་ཆུ་ས་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། སྣོད་བཅུད་ཀྱི་འཇིག་རྟེན་གཉིས་ཡོད་པ་དེ་ལ་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཆགས་པའམ་གནས་པར་འདོད་པའི་འོག་དག་གི་རླུང་གི་དཀྱིལ་འཁོར་ཆགས་ཚུལ་ཡོད་དེ། སེམས་ཅན་སྤྱི་མཐུན་གྱི་ལས་ལས་རླུང་འཇམ་བུ་འཁྲིགས་ཏེ་ཆགས་པའི་ཕྱིར། རླུང་གི་དཀྱིལ་འཁོར་ཆོས་ཅན། ཁྱོད་ཀྱི་ཚད་ཡོད་དེ། རྔམས་ཏེ་དཔངས་སུ་དཔག་ཚད་ས་ཡ་གཅིག་དང་དྲུག་འབུམ་ཡིན་ལ། རྒྱར་དཔག་ཚད་གྲངས་མེད་གཅིག་ཡིན་པའི་ཕྱིར། གཉིས་པ་ནི། ཤེས་བྱ་ཆོས་ཅན། ཆུ་དཀྱིལ་ཆགས་ཚུལ་ཡོད་དེ། སེམས་ཅན་སྤྱི་མཐུན་གྱི་ལས་ལས་སྤྲིན་གསེར་གྱི་སྙིང་པོ་ཅན་འདུས་ཏེ། ཆར་གྱི་རྒྱུན་བབས་པ་ལས་ཆགས་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ཚད་ཡོད་དེ། རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་། སྟོང་ཕྲག་དག་ནི་ཉི་ཤུར་ཡོད་པའི་ཕྱིར། །གསུམ་པ་ནི། ཤེས་བྱ་ཆོས་ཅན། ས་དཀྱིལ་ཆགས་ཚུལ་ཡོད་དེ། སྔར་བཤད་པའི་ཆུ་དཀྱིལ་དེ་དུས་ཕྱིས་ནི་རྔམས་སུ་དཔག་ཚད་འབུམ་ཕྲག་བརྒྱད་དུ་གྱུར་ནས། ལྷག་མ་སུམ་འབུམ་ཉི་ཁྲི་དག་ནི་ཆུ་དེའི་སྟེང་དུ་འོ་མ་ལ་སྤྲིས་མ་ཆགས་པ་ལྟར་གསེར་གྱི་དཀྱིལ་འཁོར་དུ་གྱུར་བའི་ཕྱིར། ཆུ་དང་གསེར་གྱི་དཀྱིལ་འཁོར་གཉིས་པོ་ནི་ཆོས་ཅན། ཁྱོད་ཀྱི་རྒྱ་ཚད་ཡོད་དེ། ཐད་ཀར་ཆེ་ཆུང་མེད་པར་མཉམ་ཞིང་དཔག་ཚད་འབུམ་ཕྲག་བཅུ་གཉིས་དང་། སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི་ཕྱེད་དང་ལྔ་རྣམས་ཁོ་ནར་ཡོད་པའི་ཕྱིར། དེ་


GLG014_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཆོས་ཅན། ཁྱོད་ཀྱི་ཁོར་ཡུག་གི་ཚད་ཡོད་དེ། ཞེང་གི་སུམ་འགྱུར་ས་ཡ་གསུམ་དང་དྲུག་འབུམ་ཁྲི་སུམ་བརྒྱ་ལྔ་བཅུ་ཡོད་པའི་ཕྱིར། གཉིས་པ་ལ། རི་དགུ་རྒྱ་དང་ཚད་དབྱིབས་ཀྱི་སྒོ་ནས་བཤད་པ། མཚོ་བརྒྱད་ཀྱི་ཚད་དབྱིབས་བཤད་པ། གླིང་བཞི་གླིང་ཕྲན་བརྒྱད་ཀྱི་ཚད་དབྱིབས་བཤད་པ། འཛམ་བུ་གླིང་གི་ཡོན་ཏན་བྱེ་བྲག་ཏུ་བཤད་པ་དང་བཞི། དང་པོ་ནི། ཤེས་བྱ་ཆོས་ཅན། གསེར་གྱི་དཀྱིལ་འཁོར་དེ་ལ་ལྷུན་པོ་དབུས་ན་ཡོད་དེ། དེ་ལ་གཉའ་ཤིང་འཛིན། གཤོལ་མདའ་འཛིན། སེང་ལྡེང་ཅན། དེ་བཞིན་དུ་ལྟ་ན་སྡུག་རི་དང་། རྟ་རྣ་དང་ནི། རྣམ་འདུད་དང་། མུ་ཁྱུད་འཛིན་རི་རྣམས་གྲུ་བཞིར་བསྐོར་ནས་ཡོད་པའི་ཕྱི་རོལ་དེ་ན་གླིང་རྣམས་ཀྱང་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་དག་གི་ཕྱི་རོལ་ན་འཁོར་ལོ་ལྟ་བུའི་ཁོར་ཡུག་གི་རི་ཡོད་ཅིང་དེ་དག་གི་རྒྱུ་དེ་གཉའ་ཤིང་འཛིན་སོགས་བདུན་གསེར་དང་། ཁོར་ཡུག་གི་རྒྱུ་ལྕགས་ལས་བྱས་པ་ཡིན་པའི་ཕྱིར། ལྷུན་པོ་ནི་ཆོས་ཅན། རིན་པོ་ཆེ་བཞིའི་རང་བཞིན་ལས་གྲུབ་སྟེ། ཤར་དངུལ། ལྷོ་བཻཌཱུཪྱ། ནུབ་ཤེལ། བྱང་གསེར་ལས་གྲུབ་པའི་ཕྱིར། རི་དགུ་པོ་ཆོས་ཅན། ཁྱོད་ཀྱི་དཔངས་ཚད་ཡོད་དེ། ཆུའི་ནང་དུ་གསེར་གྱི་ས་གཞི་ལ་ཐུག་པ། དཔག་ཚད་བརྒྱད་ཁྲི་མཉམ་པར་ནུབ་ཅིང་། དེ་བཞིན་དུ་ལྷུན་པོ་ནི། རི་གཞན་བརྒྱད་དང་མི་འདྲ་བར་ཆུ་ཡི་སྟེང་དུ་ཡང་དཔག་ཚད་དག་ནི་བརྒྱད་ཁྲི་འཕགས་པའི་ཕྱིར། རི་གཞན་བརྒྱད་པོ་ནི་ཆོས་ཅན། ཆུའི་སྟེང་དུ་རྔམས་སུ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཕྱེད་ཕྱེད་དབྲི་སྟེ། དང་པོ་ལ་བཞི་ཁྲི། གཉིས་པ་ཉི་ཁྲི། གསུམ་པ་ལ་ཆིག་ཁྲི། བཞི་པ་ལ་ལྔ་སྟོང་། ལྔ་པ་ལ་ཉིས་སྟོང་ལྔ་བརྒྱ། དྲུག་པ་ལ་ཆིག་སྟོང་ཕྱེད་སུམ་བརྒྱ། བདུན་པ་ལ་དྲུག་བརྒྱ་ཉི་ཤུ་རྩ་ལྔ་ཡོད་པའི་ཕྱིར། རི་དགུ་པོ་དེ་དག་ཆོས་ཅན། ཁྱོད་ཀྱི་རྔམས་ཚད་ཡོད་དེ། རང་རང་གི་འཕངས་དང་མཉམ་པའི་ཕྱིར། རི་བདུན་པོ་ཆོས་ཅན། ཁྱོད་ཀྱི་


GLG014_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱུས་ཚད་ཡོད་དེ་དེ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཆེ་བའི་ཕྱིར། དང་པོ་ཆོས་ཅན། དེ་ཡོད་དེ། དཔག་ཚད་སུམ་འབུམ་ཉི་ཁྲི་མཐའ་སྐོར་དུ་ས་ཡ་གཅིག་ཉིས་འབུམ་བརྒྱད་ཁྲི་ཡོད་པའི་ཕྱིར། གཉིས་པ་ཆོས་ཅན། དེ་ཡོད་དེ། བཞི་འབུམ་བཞི་ཁྲི་མཐའ་སྐོར་དུ་ས་ཡ་གཅིག་དང་བདུན་འབུམ་དྲུག་ཁྲི་ཡོད་པའི་ཕྱིར། གསུམ་པ་ཆོས་ཅན་དེ་ཡོད་དེ། ལྔ་འབུམ་དང་། མཐའ་སྐོར་དུ་ས་ཡ་གཉིས་ཡོད་པའི་ཕྱིར། བཞི་པ་ཆོས་ཅན། དེ་ཡོད་དེ། ལྔ་འབུམ་ལྔ་ཁྲི་དང་། མཐའ་སྐོར་དུ་ས་ཡ་གཉིས་དང་ཉིས་འབུམ་ཡོད་པའི་ཕྱིར། ལྔ་པ་ཆོས་ཅན། དེ་ཡོད་དེ། ལྔ་འབུམ་བཞི་ཁྲི་ལྔ་སྟོང་དང་། མཐའ་སྐོར་དུ་ས་ཡ་གཉིས་དང་ཆིག་འབུམ་བརྒྱད་ཁྲི་ཡོད་པའི་ཕྱིར། དྲུག་པ་ཆོས་ཅན། དེ་ཡོད་དེ། ལྔ་འབུམ་ལྔ་ཁྲི་ཉིས་སྟོང་དང་ལྔ་བརྒྱ། མཐའ་སྐོར་དུ་ས་ཡ་གཉིས་ཉིས་འབུམ་ཆིག་ཁྲི་ཡོད་པའི་ཕྱིར། བདུན་པ་ཆོས་ཅན་དེ་ཡོད་དེ། ལྔ་འབུམ་ལྔ་ཁྲི་དྲུག་སྟོང་ཉིས་བརྒྱ་དང་། མཐའ་སྐོར་དུ་ས་ཡ་གཉིས་དང་། ཉིས་འབུམ་ཉི་ཁྲི་བཞི་སྟོང་བརྒྱད་བརྒྱ་ཡོད་པའི་ཕྱིར། གཉའ་ཤིང་འཛིན་ཆོས་ཅན། སྒྲ་བཤད་དུ་ཡོད་དེ། ཉི་ཟླ་གཉའ་ཤིང་གི་ཚུལ་དུ་འཛིན་པས་ན་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་ཆོས་ཅན། སྒྲ་བཤད་དུ་ཡོད་དེ། རྩེ་མོ་གཤོལ་མདའ་ལྟར་ཡོད་པས་དེ་ལྟར་བརྗོད་པའི་ཕྱིར། གསུམ་པ་ཆོས་ཅན། སྒྲ་བཤད་དུ་ཡོད་དེ། སེང་ལྡེང་གི་ནགས་སྟུག་པོ་དང་ལྡན་པས་དེ་ལྟར་བརྗོད་པའི་ཕྱིར། བཞི་པ་ཆོས་ཅན། སྒྲ་བཤད་དུ་ཡོད་དེ། ཤིན་ཏུ་མཛེས་པས་དེ་ལྟར་བརྗོད་པའི་ཕྱིར། ལྔ་པ་ཆོས་ཅན། སྒྲ་བཤད་དུ་ཡོད་དེ། རྩེ་མོ་རྟའི་རྣ་བ་ལྟར་ཡོད་པས་དེ་ལྟར་བརྗོད་པའི་ཕྱིར། དྲུག་པ་ཆོས་ཅན། སྒྲ་བཤད་དུ་ཡོད་དེ། གཙོ་བོ་ལ་འདུད་པ་ལྟ་བུར་ཡོད་པས་དེ་ལྟར་བརྗོད་པའི་ཕྱིར། བདུན་པ་ཆོས་ཅན། སྒྲ་བཤད་དུ་ཡོད་དེ། མུ་ཁྱུད་ཀྱི་འཁོར་ལོ་ལྟར་ཡོད་པས་དེ་ལྟར་བརྗོད་པའི་ཕྱིར། གཉིས་པ་ནི། མཚོ་བདུན་པོ་ཡོད་དེ། མུ་ཁྱུད་འཛིན་ལ་ཐུག་པ་དེ་དག་ཀྱི་བར་གྱི་མཚོ་བདུན་པོ་དེ་ཡིན་པའི་


GLG014_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། རོལ་མཚོ་དང་པོ་ནི་ཆོས་ཅན། ཁྱོད་ཀྱི་ཞེང་ཚད་ཡོད་དེ། སྟོང་ཕྲག་བརྒྱད་ཅུ་ཡིན་པའི་ཕྱིར། དེ་ཆོས་ཅན། ནང་གི་རྒྱ་མཚོ་ཡིན་ཏེ། མཚོ་བརྒྱད་ཀྱི་ནང་མ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ངོས་ཚད་ཡོད་དེ། རང་གི་ཐད་ཀའི་སུམ་འགྱུར་ཡིན་པའི་ཕྱིར། རོལ་མཚོ་གཞན་དྲུག་པོའི་ཞེང་ཚད་ཡོད་དེ། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཕྱེད་ཕྱེད་ཀྱིས་ཆུང་བའི་ཕྱིར། ཆུང་ཚུལ་ཡོད་དེ། གཉིས་པ་ལ་བཞི་ཁྲི། གསུམ་པ་ལ་ཉི་ཁྲི། བཞི་པ་ལ་ཆིག་ཁྲི། ལྔ་པ་ལ་ལྔ་སྟོང་། དྲུག་པ་ལ་ཕྱེད་དང་སུམ་སྟོང་། བདུན་པ་ལ་སྟོང་ཉིས་བརྒྱ་ལྔ་བཅུ་ཡོད་པའི་ཕྱིར། མཚོ་དེ་རྣམས་ཆོས་ཅན། ཁྱོད་ཀྱི་དཀྱུས་ཚད་ཡོད་དེ། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཆེ་བའི་ཕྱིར། རོལ་མཚོ་དང་པོ་ཆོས་ཅན། ཁྱོད་ཀྱི་ངོས་ཚད་ཡོད་དེ། ཁྱོད་ཀྱི་ངོས་རེ་ལ་དཔག་ཚད་ཉིས་འབུམ་བཞི་ཁྲི། ཁོར་ཡུག་ཏུ་དགུ་འབུམ་དྲུག་ཁྲི་ཡོད་པའི་ཕྱིར། གཉིས་པ་ཆོས་ཅན། དེ་ཡོད་དེ། བཞི་འབུམ་དང་། ཁོར་ཡུག་ཏུ་ས་ཡ་གཅིག་དང་དྲུག་འབུམ་ཡོད་པའི་ཕྱིར། གསུམ་པ་ཆོས་ཅན། དེ་ཡོད་དེ། བཞི་འབུམ་བརྒྱད་ཁྲི་དང་། ཁོར་ཡུག་ཏུ་ས་ཡ་གཅིག་དང་དགུ་འབུམ་ཉི་ཁྲི་ཡོད་པའི་ཕྱིར། གཞི་པ་ཆོས་ཅན། དེ་ཡོད་དེ། ལྔ་འབུམ་ཉི་ཁྲི་དང་། ཁོར་ཡུག་ཏུ་ས་ཡ་གཉིས་དང་བརྒྱད་ཁྲི་ཡོད་པའི་ཕྱིར། ལྔ་པ་ཆོས་ཅན། དེ་ཡོད་དེ། ལྔ་འབུམ་བཞི་ཁྲི་དང་། ཁོར་ཡུག་ཏུ་ས་ཡ་གཉིས་དང་ཆིག་འབུམ་དྲུག་ཁྲི་ཡོད་པའི་ཕྱིར། དྲུག་པ་ཆོས་ཅན། དེ་ཡོད་དེ། ལྔ་འབུམ་ལྔ་ཁྲི་དང་། ཁོར་ཡུག་ཏུ་ས་ཡ་གཉིས་དང་ཉིས་འབུམ་ཡོད་པའི་ཕྱིར། བདུན་པ་ཆོས་ཅན། དེ་ཡོད་དེ། ལྔ་འབུམ་ལྔ་ཁྲི་ལྔ་སྟོང་དང་། ཁོར་ཡུག་ཏུ་ས་ཡ་གཉིས་ཉིས་འབུམ་ཉི་ཁྲི་ཡོད་པའི་ཕྱིར། བདུན་པ་ཆོས་ཅན། སྒྲ་བཤད་དུ་ཡོད་དེ། ཀླུ་ཆེན་བརྒྱད་པོ་རོལ་ཞིང་རྩེ་བའ་ིགནས་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། མཚོ་བདུན་གྱི་ལྷག་མ་མུ་ཁྱུད་འཛིན་དང་ཁོར་ཡུག་གི་མཚོ་ཆོས་ཅན། ཕྱིའི་རྒྱ་མཚོ་ཡིན་ཏེ། མཚོ་བརྒྱད་


GLG014_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱི་མ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ཞེང་ཚད་ཡོད་དེ་དེ་ལ་དཔག་ཚད་འབུམ་ཕྲག་གསུམ་དང་། སྟོང་ཕྲག་དག་ནི་ཉི་ཤུ་རྩ་གཉིས་ཡོད་པའི་ཕྱིར། །གསུམ་པ་གླིང་བཞི་གླིང་ཕྲན་བརྒྱད་པོ་རྣམས་དབྱིབས་ཚད་ཀྱི་སྒོ་ནས་བཤད་པ་ནི། ཤེས་བྱ་ཆོས་ཅན། གླིང་བཞི་གླིང་ཕྲན་བརྒྱད་གང་ལ་ཆགས་ཡོད་དེ། ཕྱིའི་རྒྱ་མཚོ་ཆེན་པོ་དེ་ལ་ནི་ཆགས་པའི་ཕྱིར། རི་རབ་ཀྱི་ལྷོ་ཕྱོགས་ན་ཡོད་པའི་འཛམ་བུའི་གླིང་ནི་ཆོས་ཅན། ཁྱོད་ཀྱི་དབྱིབས་ཡོད་དེ། ཤིང་རྟའི་དབྱིབས་སུ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ཚད་ཡོད་དེ། ངོས་གསུམ་ལ་དཔག་ཚད་སྟོང་ཕྲག་གཉིས་གཉིས་དང་། ལྕགས་རིའི་ཕྱོགས་ཀྱི་ངོས་གཅིག་ལ་དཔག་ཚད་ཕྱེད་དང་བཞི་ཡོད་པའི་ཕྱིར། དེ་ཆོས་ཅན། སྒྲ་བཤད་དུ་ཡོད་དེ། འཛམ་བུ་ཏྲི་ཤའི་ལྗོན་པས་མཚན་པས་དེ་ལྟར་བརྗོད་པའི་ཕྱིར། རི་རབ་ཀྱི་ཤར་ཕྱོགས་ཀྱི་ལུས་འཕགས་གླིང་ཆེན་ཆོས་ཅན། ཁྱོད་ཀྱི་དབྱིབས་ཡོད་དེ། ཟླ་གམ་དང་འདྲ་བའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ཚད་ཡོད་དེ། ངོས་གསུམ་འཛམ་བུ་གླིང་འདི་དང་འདྲ་བ་ལ། ལྕགས་རིའི་ཕྱོགས་ཀྱི་ངོས་ཅིག་ལ་དཔག་ཚད་སུམ་བརྒྱ་དང་ལྔ་བཅུ་ཡོད་པའི་ཕྱིར། དེ་ཆོས་ཅན། སྒྲ་བཤད་དུ་ཡོད་དེ། ལུས་ཁྱད་པར་དུ་འཕགས་ཤིང་མཛེས་པས་དེ་ལྟར་བརྗོད་པའི་ཕྱིར། རི་རབ་ཀྱི་ནུབ་ཕྱོགས་ཀྱི་བ་གླང་སྤྱོད་ཀྱི་གླིང་ཆོས་ཅན། ཁྱོད་ཀྱི་དབྱིབས་ཡོད་དེ། ཟླུམ་པོ་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ཚད་ཡོད་དེ། མཐའ་སྐོར་དུ་དཔག་ཚད་སྟོང་ཕྲག་ཕྱེད་དང་བརྒྱད་དང་། དེའི་དབུས་ཐད་ཀར་ཞེང་ལ་དཔག་ཚད་སྟོང་ཕྲག་ཕྱེད་དང་གསུམ་ཡོད་པའི་ཕྱིར། དེ་ཆོས་ཅན། སྒྲ་བཤད་དུ་ཡོད་དེ། སེམས་ཅན་བ་ལང་ལ་གཙོ་བོར་ལོངས་སྤྱོད་པས་དེ་ལྟར་དུ་བརྗོད་པའི་ཕྱིར། རི་རབ་ཀྱི་བྱང་ཕྱོགས་ཀྱི་གླིང་སྒྲ་མི་སྙན་ཆོས་ཅན། ཁྱོད་ཀྱི་ཚད་དབྱིབས་ཡོད་དེ། དཔག་ཚད་སྟོང་ཕྲག་བརྒྱད་ཀྱི་ཚད་དང་། དབྱིབས་གྲུ་བཞིར་མཉམ་པའི་ཕྱིར། དེ་ཆོས་ཅན། སྒྲ་བཤད་དུ་ཡོད་དེ། འཆི་ཁར་སྒྲ་མི་སྙན་པས་དེ་ལྟར་དུ་བརྗོད་པའི་ཕྱིར། སྔར་


GLG014_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་གླིང་བཞི་པོ་ནི་ཆོས་ཅན། ཁྱོད་ལ་གླིང་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མཐའ་ཆུས་བསྐོར་ཏེ་གཞན་དང་མ་འབྲེལ་བས་དེ་ལྟར་བརྗོད་པའི་ཕྱིར། དེ་ཆོས་ཅན། བྱ་བ་བྱེད་ཚུལ་གྱི་ཁྱད་པར་ཡོད་དེ། གླིང་གཞན་གསུམ་ན་ཆེད་དུ་བྱས་པའི་ཁ་ཟས་ཟ་ཞིང་། གནས་ཁང་འབུབས་པ་དང་། ནོར་ལ་ཉོ་ཚོང་། བག་མ་གཏོང་ལེན་ཡོད། སྒྲ་མི་སྙན་ན་དེ་ལྟར་མེད་པའི་ཕྱིར། དེ་ཆོས་ཅན། བདེ་སྡུག་གི་ཁྱད་པར་ཡོད་དེ། གཞན་གསུམ་ན། འཐབ་རྩོད། ཚ་གྲང་། ཡིད་མི་བདེ་བ་སོགས་ཡོད་ལ། སྒྲ་མི་སྙན་ན་དེ་ལྟར་མེད་པའི་ཕྱིར། གླིང་བཞི་བོ་དེའི་བར་གྱི་གླིང་བརྒྱད་ནི་ཡོད་དེ། ཤར་དུ་ལུས་དང་ལུས་འཕགས། བྱང་དུ་སྒྲ་མི་སྙན་དང་དེའི་ཟླ་དང་ནི། ལྷོར་རྔ་ཡབ་དང་རྔ་ཡབ་གཞན། ནུབ་ཏུ་གཡོ་ལྡན་དང་ལམ་མཆོག་འགྲོ་རྣམས་ཡོད་པའི་ཕྱིར། དེ་རྣམས་ཆོས་ཅན། ཁྱོད་ཀྱི་དབྱིབས་ཡོད་དེ། རང་རང་གི་རྩ་བའི་གླིང་དང་མཚུངས་པའི་ཕྱིར། གླིང་བཅུ་གཉིས་པོ་ནི་ཆོས་ཅན། ཁྱོད་ཀྱི་རྩ་བའི་རྔམས་ཚད་ཡོད་དེ། དཔག་ཚད་བརྒྱད་ཁྲི་རེ་ཡོད་པའི་ཕྱིར། སྨྲས་པ། མང་དུ་ཐོས་ཤིང་སྦྱངས་པའི་གྲུ་རྫིངས་དག །རྣམ་དཔྱོད་མཐུན་པའི་རླུང་དང་རབ་འགྲོགས་ནས། །ལེགས་བཤད་ནོར་བུའི་གླིང་དེར་བགྲོད་པ་ན། །ཅི་བསམས་འགྲུབ་པའི་དབང་གི་རྒྱལ་པོ་རྙེད། ཁེངས་པའི་ཆང་གིས་མྱོས་པའི་རང་གཞན་གྱི། །མཁས་རློམ་གླང་པོའི་བསྟན་བཅོས་ང་རོའི་ཚོགས། །དཀའ་བའི་གནས་བཞག་དོན་མེད་ཚིག་ཚོགས་རྣམས། །མཐོང་བས་ཉེ་རིང་འཕུལ་བའི་གཟུ་བོར་མངོན། །རི་མཚོ་གླིང་གི་ཚད་དབྱིབས་སྲད་བུའི་ཚོགས། །འཁྲུལ་མེད་གྲངས་ཀྱི་ཐགས་སུ་ལེགས་བཏགས་ཏེ། །ཚིག་ཉུང་དོན་རྒྱས་རི་མོ་རྣམ་བཀྲ་བས། །སྟོང་ཁུན་ལུས་ཕྲའི་དར་གྱི་ཁེངས་པ་ཕྲོགས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousཕྱི་སྣོད་ཀྱི་འཇིག་རྟེན་བཤད་པ།next