Nitartha Digital Library
Tibetan
སྡེ་གཞུང་རིན་པོ་ཆེའི་གསུང་འབུམ།


  expand section
  expand section
  expand section
  collapse section
གསོལ་འདེབས་དང་འཕྲིན་བཅོལ་སྨོན་ལམ་གྱི་སྐོར།
   
   
   
   
   
   
   
   
   
བློ་སྦྱོང་སྨོན་ལམ་རང་བློ་མ་བཞུགས་སོ། །རང་བློ་ཡང་དག་ཆོས་དང་མ་འདྲེས་པར། །ལྟར་སྣང་གཞན་དོན་སྒྲུབ་པའི་རྣམ་གཡེང་གིས། །གཞན་དབང་འདུ་འཛིའི་གཡང་ལ་བསྐྱུར་མཐོང་ནས། །བློ་སྣ་བཙན་ཆོད་ནུས་པར་བྱིན་གྱིས་རློབས། །མི་མེད་དབེན་པའི་རི་སུལ་ཉམས་དགའ་བར། །དགོས་མེད་ཚེ་འདིའི་བྱ་བ་ཀུན་སྤངས་ནས། །ལོང་མེད་འཆི་བ་དྲན་པའི་བརྩོན་འགྲུས་ཀྱིས། །འཇིགས་མེད་བཙན་ས་ཟིན་པར་བྱིན་གྱིས་རློབས། །མཚན་ལྡན་བླ་མ་སངས་རྒྱས་དངོས་སུ་མཐོང་། །ཟབ་ལམ་གདམས་པ་སྙིང་གི་བཅུད་དུ་ཁུག །ཉམས་ལེན་སྒྲུབ་ལ་བརྩོན་པའི་ལྕག་གིས་བསྐུལ། །ལམ་རྟགས་ཡོན་ཏན་རྙེད་པར་བྱིན་གྱིས་རློབས། །རྗེ་བཙུན་བླ་མ་དྲན་པའི་སྐད་ཅིག་ལ། །སྐུ་གསུམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས། །དེ་ལས་གཞན་དུ་མེད་པར་ཐག་ཆོད་ནས། །ཐུགས་ཡིད་དབྱེར་མེད་འགྱུར་བྱིན་གྱིས་རློབས། །མ་དག་འཁྲུལ་སྣང་བདེན་མེད་སྒྱུ་མར་མཐོང་། །ཉམས་མྱོང་ཏིང་འཛིན་ཞེན་མེད་རྒྱན་དུ་ཤར། །དག་པ་རབ་འབྱམས་རྒྱལ་བའི་ཆོས་ཀྱི་སྐུ། །ཡེ་ཤེས་མིག་གིས་མཐོང་བར་བྱིན་གྱིས་རློབས། །མགོན་ཁྱོད་སྐྱབས་སུ་བསྟེན་པའི་བཀའ་དྲིན་གྱིས། །འགྱོད་བཞིན་འཆི་བའི་ཤུལ་ལམ་མི་སྙོགས་པར། །རྗེ་བཙུན་བླ་མའི་ཐུགས་རྗེས་མདུན་བསུས་ཏེ། །དག་པའི་ཞིང་དུ་སྐྱེ་བར་བྱིན་གྱིས་རློབས། །
   
   
   
   
   
   
   


 
previousགསོལ་འདེབས་དང་འཕྲིན་བཅོལ་སྨོན་ལམ་གྱི་སྐོར།next

གསོལ་འདེབས་དང་འཕྲིན་བཅོལ་སྨོན་ལམ་གྱི་སྐོར།

ཕུར་པའི་སྤྱན་འདྲེན་བསྡུས་པ།

ལྷ་མཆོག་རྡོ་རྗེ་གཞོན་དུ་ཡབ་ཡུམ་དང་། །ཀི་ལ་རིགས་བཞི་ཁྲོ་བཅུ་ཡབ་ཡུམ་དང་། །ཟ་གསོད་ཉི་ཤུ་སྒོ་མ་བཞི་དང་བཅས། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། །དཀར་མོ་ཉི་ཟླ་སྲོག་བདག་བདུད་ཀྱི་རྒྱལ། །ཕུར་སྲུང་མཐུ་ཆེན་བདག་ཉིད་མ་བཞི་དང་། །ཤྭ་ན་མ་བཞི་ས་བདག་མ་བཞི་བཅས། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །

སྟག་ཞོན་གསོལ་བསྡུས། གསང་བདག་ཕྱག་ན་རྡོ་རྗེ་སྤྲུལ་པའི་གར། །གསང་ཆེན་བསྟན་པའི་སྲུང་མ་དྲག་ཤུལ་ཅན་། །དཔལ་ལྡན་མགོན་པོ་སྟག་ཞོན་འཁོར་བཅས་ཀྱིས། །རྣལ་འབྱོར་བདག་གི་མགོན་དང་གྲོགས་མཛོད་ཅིག །

དམ་ཅན་རྒྱ་མཚོའི་ཐུགས་རྒྱུད་བསྐུལ་བའི་ངག་ཕྲིན་ལས་ལྷུན་གྲུབ།

ཧཱུྃ། དམིགས་མེད་ཐུགས་རྗེའི་མཁའ་དབྱིངས་ཆེན་པོ་རུ། །བྱིན་རླབས་ཀུན་གྱི་སྤྲིན་ཆེན་ལེགས་བསྡུས་ནས། །དགོས་གྲུབ་བདུད་རྩིའི་གྲུ་ཆར་འབེབས་མཛད་པ། །སྐྱབས་གནས་ཀུན་འདུས་བླ་མས་དགེ་ལེགས་སྩོལ། །ཀུན་ཁྱབ་འགྲོ་ལ་དམིགས་པའི་སྙིང་རྗེ་དང་། །རྣམ་པར་མི་རྟོག་ཤེས་རབ་ཕ་རོལ་ཕྱིན། །དབྱེར་མེད་ཟུང་དུ་འཇུག་པ་ལྷག་པའི་ལྷ། །དགྱེས་པ་རྡོ་རྗེ་སྙིང་གི་དབུས་སུ་རོལ། །ཞེ་ལྡང་དབང་གིས་མི་སྡུག་གཟུགས་འཛིན་ཅིང་། །གདུག་རྩུབ་སྤྱོད་པས་སྲིད་གསུམ་ཕུང་ལ་སྦྱོར། །ལས་ངན་རྒྱུན་རིང་ནག་ཕྱོགས་བདུད་སྡེའི་རིགས། །ཞི་བའི་ཐབས་ཀྱིས་འདུལ་བར་མ་ནུས་ཚེ། །རྒྱལ་ཀུན་གཉིས་མེད་ཡེ་ཤེས་སྒྱུ་མའི་འཕྲུལ། །ཤུགས་དྲག་སྙིང་རྗེའི་རྩལ་འཆང་ཁྲོ་བོའི་གཟུགས། །འཇིགས་རུང་ཁྲག་འཐུང་རྔམས་པའི་བརྟུལ་ཞུགས་ཅན། །མཐུ་ཆེན་བདུད་འདུལ་སྲུང་མའི་ཚོགས་ལ་འདུད། །ཁྲོ་གཏུམ་སྐུ་ཡི་རྣམ་འགྱུར་བརྗེད་རེ་ཆགས། །དྲག་སྔགས་གསུང་གི་ང་རོ་འཇིངས་སུ་རུང་། །གཉིས་མེད་ཐུགས་ཀྱི་དགོངས་པ་རབ་ཞི་བ། །སྲུང་མ་རྒྱ་མཚོའི་ཐུགས་དམ་དུས་ལ་བབས། །རང་བཞིན་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། །རྣམ་རོལ་གདུག་པའི་གཤེད་དུ་ཁྲོས་པ་ཡི། །དཔལ་ལྡན་མ་ཧཱ་ཀཱ་ལའི་ལྷ་ཚོགས་རྣམས། །རྣལ་འབྱོར་བདག་ལ་དགོངས་པར་མཛད་དུ་གསོལ། །དབྱིངས་ལས་མ་གཡོས་དབྱིངས་ཕྱུག་ཌཱ་ཀིའི་རྗེ། །རྒྱལ་བའི་ཡུམ་གྱུར་ཡུམ་ཆེན་དབང་མོ་དང་། །སྲིད་གསུམ་བདག་མོ་དུས་གསུམ་རྒྱལ་བའི་ཡུམ། །འདོད་ཁམས་ལྷ་མོས་འདོད་པའི་དོན་ཀུན་སྒྲུབས། །ལོག་འདྲེན་ས་གསུམ་འབྱུང་པོའི་མཐུ་སྟོབས་ཀྱིས། །གང་གི་ཡེ་ཤེས་འོད་གཟི་མི་བཟོད་པའི། །གདོང་བཞི་དབང་པོ་འཁོར་ཚོགས་བཅས་པ་ཡིས། །བརྩེ་བའི་སྤྱན་རས་བདག་ལ་གཡོ་བར་མཛོད། །ལས་ངན་ཞིང་བཅུའི་གཤེད་དུ་གྱུར་པ་ཡི། །ལས་ཀྱི་མགོན་པོ་ཡབ་ཡུམ་སྲས་དང་བཅས། །ལས་མཁན་དྲེགས་པ་ཕོ་མོའི་ཚོགས་བཅས་ཀྱིས། །ལས་བཞི་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །ཏིང་འཛིན་ནམ་མཁའ་མཛོད་ལ་མངའ་བརྙེས་པས། །ཕུན་ཚོགས་ནོར་གྱི་གཏེར་ལ་དབང་འབྱོར་བའི། །གནོད་སྦྱིན་བྱེ་བའི་སྡེ་དཔོན་ངལ་གསོས་པོས། །ཚེ་བསོད་དཔལ་འབྱོར་སྤེལ་བའི་གྲོགས་མཛོད་ཅིག །རང་སྣང་རྒྱལ་བའི་དཀྱིལ་འཁོར་མངོན་གྱུར་ཀྱང་། །ཚུལ་མཐོང་སྣང་ངོར་རང་རྒྱུད་དྲེགས་པའི་ཚུལ། །ཆོས་རྒྱལ་དཔོན་བློན་འཁོར་ཚོགས་བཅས་པ་ཡིས། །ཡེ་ཤེས་སྤྱན་གྱིས་བཙའ་བའི་དུས་ལ་བབས། །དབང་དྲག་པདྨའི་བཀའ་ཉན་དྲེགས་པའི་གཙོ། །བསྟན་དང་བསྟན་འཛིན་སྐྱོང་བའི་མཐུ་རྩལ་ཅན། །གནོད་སྦྱིན་ཆེན་པོ་སྤུན་བདུན་འཁོར་བཅས་ཀྱིས། །སྲུང་སྐྱོབ་སྦ་བའི་ཕྲིན་ལས་གཡེལ་མེད་མཛོད། །རྣམ་བཞིའི་ལས་ལ་དབང་བའི་མཐུ་ཆེན་གྱིས། །རྒྱལ་བ་ཀུན་གྱི་ཕྲིན་ལས་སྤེལ་བའི་ཕྱིར། །རྣལ་འབྱོར་ཡོངས་ཀྱི་མགོན་སྐྱབས་མཛད་པ་ཡི། །དམ་ཅན་རྒྱ་མཚོའི་ཚོགས་རྣམས་དགོངས་སུ་གསོལ། །ཐུན་མོང་མ་ཡིན་པའི་ཐུགས་དམ་བསྐུལ་བའི་ཚིགས་སུ་བཅད་པ་གཅིག་འདིར་འཇུག ༈ །དབྱངས་ཀྱིས་འབོད་དོ་ཏིང་འཛིན་སྙན་གྱིས་གསོན། །གུས་པས་བསྟེན་ནོ་མངོན་ཤེས་ཐུགས་ཀྱིས་དགོངས། །རྒྱུན་དུ་མཆོད་དོ་ཡེ་ཤེས་སྤྱན་གྱིས་གཟིགས། །ལས་ལ་བསྐུལ་ལོ་བཅོལ་བའི་ཕྲིན་ལས་མཛོད། །སྙིང་ནས་གུས་ཤིང་བསྟེན་པའིི་རྣལ་འབྱོར་པའི། །ཕྱི་དང་ནང་གི་ཉེར་འཚེ་འཇོམས་པ་རྣམས། །འཕྲལ་དང་ཡུན་གྱི་ཕན་བདེ་བསྒྲུབ་པའི་ཕྱིར། །བོས་བའི་ཚེ་ན་ཆོས་སྐྱོང་སྙན་མ་སྲ། །དཔལ་ལྡན་བླ་མའི་སྐུ་ལ་བསྡོ་བ་དང་། །བསྟན་དང་འགྲོ་བ་ཡོངས་ལ་གནོད་ཅིང་འཚེ། །སྒྲུབ་ལ་བར་དུ་གཅོད་པའི་སྡིག་ཅན་ལ། །རྦད་པའི་ཚེ་ན་དམ་ཅན་མཐུ་མ་ཆུང་། །མཚན་རྟོག་དྲི་མས་གཞར་ཡང་མ་གོས་པའི། །བདེ་ཆེན་ཡེ་ཤེས་ཕྱག་རྒྱས་བཏབ་པ་ཡི། །ཕྱི་དང་ནང་གི་མཆོད་གཏོར་དམ་རྫས་རྣམས། །བཞེས་ལ་བདག་གི་མགོན་དང་གྲོགས་མཛོད་ཅིག །རྨོངས་དང་བག་མེད་ལེ་ལོས་གཞན་དབང་གིས། །སྲུང་མའི་ཐུགས་དང་འགལ་བའི་ཉེས་པ་ཀུན། །སྤང་བླང་མཉམ་ཉིད་ཆོས་སྐུའི་ངོ་བོ་རུ། །མཐོང་ནས་ནོངས་པ་དབྱིངས་སུ་དག་པར་མཛོད། །རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །ལྔ་བརྒྱ་ཐ་མལ་སློབ་དཔོན་གཟུགས་འཛིན་པ། །དྲན་པའི་གདུང་སེལ་དཔལ་ལྡན་བླ་མ་རྣམས། །ཞབས་པད་བརྟན་ཅིང་ཕྲིན་ལས་རྒྱས་པར་མཛོད། །མ་ལུས་འགྲོ་བའི་ཕན་བདེ་ཀུན་གྱི་གཞི། །ལུང་རྟོགས་ཐུབ་བསྟན་ཡུན་རིང་གནས་པ་དང་། །དེ་འཛིན་དགེ་འདུན་ཚོགས་རྣམས་ཐུགས་མཐུན་ཞིང་། །བཤད་སྒྲུབ་ཕྲིན་ལས་འཕེལ་བར་མཛད་དུ་གསོལ། །མི་བཟོད་ལས་ངན་ཁུར་གྱིས་ཆེར་ནོན་ཅིང་། །སྡུག་བསྔལ་གསུམ་གྱི་ཚོར་བས་ཉམ་ཐག་པའི། །ཆེར་སྙིགས་རྒུད་པའི་དུས་ཀྱིས་འགྲོ་བ་རྣམས། །བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོད་པར་མཛོད། །ཁྱད་པར་རིག་འཛིན་རྣལ་འབྱོར་བདག་ཅག་གི། དལ་འབྱོར་ལུས་གྱི་གྲུ་གཟིངས་ལ་བརྟེན་ནས། །རྩེ་གཅིག་སྒྲུབ་ལ་བརྩོན་པའི་དེད་དཔོན་གྱིས། །སྙིང་པོའི་ནོར་བུ་ལེན་པའི་སྟོང་གྲོགས་མཛོད། །ལས་ཉོན་དུག་ཅན་ཀླུ་ཡིས་ཡོངས་བཟུང་བས། །སྡུག་བསྔལ་ཆུ་གཏེར་མི་ཟད་འབྱིན་པའི་གནས། །ཐོག་མཐའ་མི་མངོན་འཁོར་བའི་རྒྱ་མཚོ་ལ། །སྐྱོ་ཤས་ཡིད་འབྱུང་སྐྱེ་བའི་བསྐུལ་མ་མཛོད། །འཁྲུལ་སྣང་ཉམས་དགའ་སྲིད་པའི་ཕུན་ཚོགས་ལ། །ཆགས་ཤིང་ཆོས་བརྒྱད་འདི་སྣང་སྒྲུབ་པའི་བློ། །ཕུང་ཁྲོལ་ཀུན་གྱི་རྩ་བར་མཐོང་ནས་ནི། །ཚེ་འདི་བློ་ཡིས་ཐོང་བའི་ཕྲིན་ལས་མཛོད། །སྟོན་པ་མཆོག་དེས་རྗེས་སུ་གནང་བའི་ཁྱིམ། །ཟག་མེད་ཆོས་ཀྱི་རབ་དགའ་སྦྱིན་པའི་གནས། །ཡོན་ཏན་ལོ་ཏོག་བསྐྱེད་པའི་ཞིང་གི་མཆོག །དབེན་པའི་རི་ཁྲོད་ཟིན་པའི་ཕྲིན་ལས་མཛོད། །ཞི་བའི་ཏིང་འཛིན་ཡིད་ལ་མཛའ་བའི་ཕྱིར། །རྣམ་གཡེང་ལས་དང་འདུ་འཛིའི་གྲོང་སྤངས་ནས། །འབྲོག་དགོན་བས་མཐར་གཅིག་པུར་གནས་པའི་ཚེ། །གཉེན་མེད་བདག་གི་གཉེན་བཤེས་མཛད་དུ་གསོལ། །ནག་ཕྱོགས་བདུད་སྡེའི་མཐུ་དཔུང་རབ་ཏུ་རྒྱས། །མི་སྲུན་སྐྱེ་བོའི་སྤྱོད་ཚུལ་ཤིན་ཏུ་ངན། །ཕྱི་ནང་རྐྱེན་ངན་རླུང་ལྟར་འཚུབ་པའི་ཚེ། །སྐྱབས་མེད་བདག་གི་མགོན་དང་སྐྱབས་མཛོད་ཅིག །གློ་བུར་རྐུན་འཕྲོག་ཇག་ཆོམ་བྱེད་པ་སོགས། །འཇིགས་སྐྲག་སྡུག་བསྔལ་སྐྱེད་པའི་གནོད་བྱེད་རྣམས། །དུས་མཐའི་རླུང་གིས་སྦུར་མ་གཏོར་བ་བཞིན། །དྲག་པོའི་ལས་ཀྱིས་མི་མངོན་དབྱིངས་སུ་སྦྱོར། །དམ་ལྡན་རྣལ་འབྱོར་བདག་ལ་ལྷ་དང་ནི། །སྲུང་མ་དམ་ཅན་ཁྱེད་ལ་མཐུ་མེད་ཅེས། །དོ་བསྡོ་ཁྱད་དུ་གསོད་པའི་དགྲ་བོ་རྣམས། །དུས་མཐའ་སྟུངས་ལ་ལྔ་བའི་ལམ་དུ་སྐྱོལ། །རི་དྭགས་བཞིན་དུ་རི་སུལ་ཉུལ་བའི་ཚེ། །ཆོས་མཐུན་ཡོ་བྱད་སྨན་དང་ཟས་གོས་སོགས། །མཁོ་བའི་དུས་སུ་ཅིས་ཀྱང་མི་ཕོངས་པའི། །འཚོ་སྐྱོང་ཡོན་གྱི་བདག་པོ་ཁྱོད་ཀྱིས་མཛོད། །མྱུར་ལམ་ཟབ་མོས་བྱང་ཆུབ་སྒྲུབ་པའི་ཚེ། །ཉམས་ལེན་གེགས་སེལ་གདམས་ངག་བོགས་འདོན་དང་། །དངོས་གྲུབ་ཀུན་གྱི་སྟོང་གྲོགས་མཛད་པའི་ཕྱིར། །རྣལ་འབྱོར་ལུས་དང་གྲིབ་མ་བཞིན་དུ་འགྲོགས། །བྱད་དང་རྦོད་གཏོང་འཁོན་གྲིབ་ནད་རིམས་དང་། །ལྷ་འདྲེས་ཆད་པ་མཚན་ལྟས་ངན་པ་སོགས། །མི་དང་མི་མིན་འབྱུང་པོས་བསྐྱེད་པ་དང་། །ལས་དང་རྐྱེན་ལས་བྱུང་བ་བཟློག་ཏུ་གསོལ། །ཚུལ་མིན་ཡིད་བྱེད་རྟོགས་པའི་བདུད་འདི་ལས། །གནོད་བྱེད་ཐམས་ཅད་འབྱུང་བར་ཡིད་ཆེས་ནས། །སེམས་ཉིད་ཆོས་ཀྱིས་ཐུལ་བའི་རྟེན་འབྲེལ་གྱིས། །སྣང་བ་དབང་དུ་འདུ་བའི་ཕྲིན་ལས་མཛོད། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ། །རྟེན་འབྲེལ་ཐམས་ཅད་ལེགས་པའི་ཕྱོགས་སུ་འགྲིགས། །ཕན་བདེའི་ཕྲིན་ལས་འགྲོ་བའི་གྲངས་བཞིན་སྤེལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་སྟོངས་གྲོགས་མཛོད། །ཀུན་རྟོག་འཁོར་བའི་མུན་པ་དབྱིངས་སུ་དག །བདེ་ཆེན་ཡེ་ཤེས་སྣང་བ་སྙིང་ལ་ཤར། །འཁོར་འདས་དབྱེར་མེད་བླ་མའི་རང་ཞལ་མཐོང་། །མྱུར་དུ་གྲུབ་མཐའ་སྙོག་པའི་ཕྲིན་ལས་མཛོད། །རྣམ་དག་ཚུལ་ཁྲིམས་བསླབ་པས་རང་རྒྱུད་དུལ། །གཞན་ཕན་བྱང་ཆུབ་སེམས་ཀྱི་ལྷག་བསམ་འབྱོངས། །གཉིས་མེད་བདེ་ཆེན་སྔགས་རིག་གྲུབ་ནས་ནི། །རྡོ་རྗེ་འཛིན་པའི་ས་ལ་སྦྱོར་བར་མཛོད། །བདག་གི་ལུས་དང་ལོངས་སྤྱོད་དགེ་ཚོགས་དང་། །རྟོག་ཚོགས་སེམས་ཀྱི་ཕྲེང་བ་ཐམས་ཅད་ཀྱང་། །དྲིན་ཆེན་བླ་མ་མཉེས་པའི་མཆོད་སྤྲིན་དུ། །གྱུར་ནས་བསྟན་དང་འགྲོ་ལ་ཕན་པར་མཛོད། །སྙིང་ནས་བདག་ལ་རེ་ལྟོས་འཆའ་བ་ཡི། །ཡིད་ལ་མཛའ་བའི་བཤེས་སུ་གྱུར་པ་རྣམས། །རྐྱེན་ངན་བར་ཆད་གཡུལ་ལས་རྒྱལ་བ་དང་། །བློ་སྣ་ཆོས་ལ་འགྱུར་བར་མཛད་དུ་གསོལ། །མདོར་ན་འདི་ཕྱིའི་གནས་སྐབས་ཐམས་ཅད་དུ། །རྟག་ཏུ་མི་འབྲལ་འགྲོགས་པའི་བརྩེ་གདུང་གིས། །རྐྱེན་ངན་ཟུག་རྔུའི་ཚོར་བ་རྒྱུན་བཅད་ནས། །སེམས་ལ་བདེ་བའི་ངལ་གསོ་སྤྱིན་པར་མཛོད། །རྡོ་རྗེ་འཆང་ནས་བརྒྱུད་པའི་བླ་མ་བཟང་། །ཡེ་ཤེས་སྤྱན་ལྡན་སྲུང་མའི་ཕྲིན་ལས་མྱུར། །མངོན་ལྐོག་མེད་པའི་རྣལ་འབྱོར་དམ་ཚིག་གཙང་། །སྲིད་ཞིའི་ཕུན་ཚོགས་རྒྱས་པའི་བཀྲ་ཤིས་ཤོག །དེ་ལྟར་དམ་ཅན་རྒྱ་མཚོ་ཡི། །ཐུགས་རྒྱུད་བསྐུལ་བར་བྱེད་པའི་ངག །ཕྲིན་ལས་ལྷུན་གྲུབ་བྱ་བ་འདི། །ཆུང་ནས་མཐུན་པར་འགྲོགས་པའི་གྲོགས། །བསྙེན་པར་རྫོགས་པའི་དགེ་སློང་གི། སྡོམ་པ་སྩོལ་བའི་སློབ་དཔོན་མཆོག །བྱམས་པ་བློ་གྲོས་ཕུན་ཚོགས་ཀྱི། །གསུང་གིས་བསྐུལ་མ་མཛད་པ་དང་། །རང་གིས་མོས་པའི་དབང་བྱས་ནས། །ཤཱཀྱའི་དགེ་སློང་སྙོམས་ལས་པ། །ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས། །ཡིད་འོང་དབེན་པའི་རི་སུལ་དུ། །གང་ཤར་ཡི་གེའི་ལམ་དུ་སྤེལ། ༈ །ལྷ་དང་བླ་མའི་བྱིན་རླབས་རྒྱུད་ལ་ཞུགས། །ལུང་དང་རྟོགས་པའི་ཆོས་ལ་དབང་འབྱོར་ནས། །སྲུང་མ་དམ་ཅན་རྒྱ་མཚོ་དབང་དུ་འདུས། །རང་དང་གཞན་གྱི་དོན་གཉིས་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །རྡོ་རྗེ་འཆང་ཆེན་རྩ་བའི་བླ་མ་ཡི། །མནལ་དང་འོད་གསལ་འདྲེས་པའི་སྤྱན་སྔ་རུ། །རྣལ་འབྱོར་བདག་གི་མགོན་སྐྱབས་མཛད་པ་ཡི། །ཞལ་བཞེས་དུས་ལ་བབ་པོ་ས་མ་ཡ། །ནང་འཁྲུགས་ལ་སོགས་འགལ་རྐྱེན་ཀུན་དང་བྲལ། །མཐུན་རྐྱེན་ཚང་ཞིང་སྒྲུབ་པ་མཐའ་རུ་ཕྱིན། །ཆོས་དང་མཐུན་པའི་བསམ་པའི་དོན་རྣམས་ཀུན། །གེགས་མེད་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། །མངྒ་ལཾ། ༈ བྱིན་རླབས་གཏེར་ཆེན་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་མཆོག་རྩོལ་ཡི་དམ་ཞི་ཁྲོའི་ལྷ། །དཀོན་མཆོག་རྣམ་གསུམ་ཆོས་སྲུང་ནོར་ལྷ་བཅས། །སྐྱབས་གནས་རྒྱ་མཚོའི་ཚོགས་ཀྱིས་བཀྲ་ཤིས་སྩོལ། །ཀུན་དགས་སོ། །

མངའ་གསོལ་འདོད་དགུའི་དཔལ་སྟེར།

བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཧཱུྃ། རང་སྣང་སྐུ་གསུམ་རྒྱལ་བའི་དཔལ་བརྙེས་ཀྱང་། །གདུལ་བྱའི་སྣང་ངོར་དགེ་བའི་བཤེས་གཉེན་མཆོག །ཐལ་མལ་ཚུལ་གྱིས་འགྲོ་བའི་དོན་མཛད་པ། །དཔལ་མགོན་བླ་མ་རྣམས་ལ་གསོལ་བ་འདེབས། །ཆོས་ཀྱི་སྐུ་ལས་གཡོ་བ་མེད་བཞིན་དུ། །ཞི་ཆགས་ཁྲོ་བོའི་རྣལ་རོལ་བསམ་ཡས་ཀྱིས། །སྣ་ཚོགས་གདུལ་བྱའི་རེ་བ་ཡོངས་སྐོང་བ། །ཡི་དམ་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་དང་བཅས་པའི་འགྲོ་བ་ཡོངས་གྱི་སྐྱབས། །བསམ་གྱིས་མི་ཁྱབ་ཡོན་ཏན་ཚོགས་མངའ་ཞིང་། །མཚན་ཙམ་ཐོས་པས་ལས་སྒྲིབ་ཀུན་སྦྱོང་བ། །དཀོན་མཆོག་གསུམ་གྱིས་བཀྲ་ཤིས་དགེ་ལེགས་སྩོལ། །ཐུགས་ནི་ཞི་བའི་ངང་ལས་མ་གཡོས་ཀྱང་། །གདུག་ཅིང་གཏུམ་པའི་འགྲོ་བ་འདུལ་བའི་ཕྱིར། །རྣམ་འགྱུར་ཁྲག་འཐུང་སྲིན་པོའི་གཟུགས་འཛིན་པ། །དམ་ཅན་རྒྱ་མཚོའི་ཚོགས་ལ་བསྟོད་པར་བགྱི། །རྡོ་རྗེ་འཆང་གིས་སྤྲུལ་བའི་དཀྱིལ་འཁོར་དུ། །རྡོ་རྗེ་ཐེག་པའི་བསྟན་པ་སྲུང་བའི་ཕྱིར། །རྡོ་རྗེ་འཛིན་པའི་སྲུང་མར་དབངབསྐུར་བ། །རྡོ་རྗེ་ཆོས་སྐྱོང་རྣམས་ལ་མངའ་གསོལ་ལོ། །འོག་མིན་གནས་ནས་རྒྱལ་བའི་ཡེ་ཤེས་ལས། །རྒྱལ་དང་མི་གཉིས་རྒྱལ་སྲས་ཁྲོ་བོའི་སྐུར། །ཡོངས་ཤར་དཔལ་ལྡན་མ་ཧཱ་ཀཱ་ལ་ནི། །བྱང་ཆུབ་བར་དུ་བདག་གིས་སྐྱབས་སུ་བསྟེན། །དབྱིངས་ཀྱི་དབང་ཕྱུག་ཡུམ་ཆེན་ལྷ་མོར་བཅས། །རྣལ་འབྱོར་བདག་གིས་སྤྲོས་མཚན་ཀུན་ཞི་བའི། །ཆོས་ཉིད་རྟོགས་ནས་དམིགས་མེད་སྙིང་རྗེ་ཡིས། །འགྲོ་དོན་རྒྱུན་མི་ཆད་པའི་སྟོང་གྲོགས་མཛོད། །གང་གི་ཡེ་ཤེས་རོལ་བ་ལས་བྱུང་བ། །ལས་མགོན་ཡབ་ཡུམ་སྲས་དང་བཅས་རྣམས་ཀྱིས། །སྒྲུབ་པོ་བདག་གི་ཉམས་དང་རྟོགས་པ་ཡི། །ཡེ་ཤེས་སྣང་བ་འཕེལ་ཞིང་རྒྱས་པར་མཛོད། །གསང་བ་འདུས་པའི་བཀའ་ཡི་གཉེར་མཛིན་པ། །ཞིང་སྐྱོང་གདོང་བཞི་དབང་པོ་འཁོར་བཅས་ཀྱིས། །ཀླུ་སྒྲུབ་ལུགས་བཟང་བདེན་གཉིས་ཟུང་འཇུག་གནད། །ཚུལ་བཞིན་རྟོགས་ནས་བསྟན་ལ་ཕན་པར་མཛོད། །སྐུ་ཡི་མགོན་པོ་སྟག་ཞོན་འཁོར་བཅས་ཀྱིས། །རྡོ་རྗེ་སྙིང་པོ་བླ་མའི་བཀའ་བཞིན་དུ། །རྣལ་འབྱོར་བདག་གི་བྱང་ཆུབ་སྒྲུབ་པ་ལ། །སྲུང་སྐྱོབ་སྦ་བའི་ཕྲིན་ལས་གཡེལ་མེད་མཛོད། །དུར་ཁྲོད་མཁའ་འགྲོའི་བདག་པོ་འཁོར་བཅས་ཀྱིས། །ཟག་བཅས་འཁྲུལ་བའི་སྡུག་བསྔལ་ཀུན་སངས་ནས། །ཟག་མེད་བདེ་བ་མཆོག་གི་ཏིང་འཛིན་ལ། །རྒྱུན་དུ་རོལ་བའི་དགའ་སྟོན་མྱོང་བར་མཛོད། །མ་རིག་ནོངས་པ་གང་མཆིས་བཤགས་བགྱིད་ན། །མ་གཅིག་རྡོ་རྗེ་རབ་བརྟན་འཁོར་བཅས་ཀྱིས། །མ་བཞིན་བྱམས་པའི་ཐུགས་ཀྱིས་སྐྱོང་བ་དང། །མ་མོ་མཁའ་འགྲོའི་འཁུ་ལྡོག་ཞི་བར་མཛོད། །ཆོས་མཐུན་ཡོ་བྱད་འབྱོར་བས་ཕོངས་གྱུར་ན། །མི་ཟད་ནམ་མཁའ་མཛོད་ལ་དབངའབྱོར་བ། །ནོར་གྱི་དབང་ཕྱུག་རྣམ་མང་ཐོས་སྲས་ཀྱིས། །མཁོ་དགུའི་འབྱོར་བའི་དགའ་སྟོན་བདག་ལ་སྩོལ། །དྲེགས་པའི་སྡེ་དཔོན་ལི་བྱིན་ཧ་ར་དང་། །གནོད་སྦྱིན་ཆེན་པོ་བཀའ་བློན་དང་བཅས་པས། །མཉམ་ཉིད་ལྟ་བའི་ངང་ལས་མ་གཡོས་པར། །རིག་རྩལ་སྲུང་མར་ཤེས་པའི་དངོས་གྲུབ་སྩོལ། །བརྒྱུད་པའི་བླ་མ་སངས་རྒྱས་དངོས་འདྲ་བས། །བསྟེན་ཅིང་བཀའ་བསྒོ་མཛད་པའི་སྲུང་མ་རྣམས། །རྣལ་འབྱོར་ངས་ཀྱང་གུས་པས་བསྟེན་ལགས་ན། །ཉིན་མཚན་སྲུང་སྐྱོབ་མཛད་པར་མངའ་གསོལ་ལོ། །གཉིས་མེད་ངང་ལས་ནམ་ཡང་མ་གཡོས་བཞིིན། །གཉིས་སྣང་འཁྲུལ་བའི་གདུག་པ་འདུལ་བའི་ཕྱིར། །སྙིང་རྗེ་དབང་གིས་སྲུང་མའི་ཚུལ་འཛིན་རྣམས། །བསྟན་དགྲ་འཇོམས་པའི་གཤེད་པོར་མངའ་གསོལ་ལོ། །རྨོངས་དང་བག་མེད་སྤྱོད་ངན་ལང་ཤོར་གྱིས། །སྲུང་མའི་ཐུགས་དང་འགལ་བ་དེ་ཡི་ཚེ། །རེ་ཞིག་བཀྱོན་ཡང་བརྩེ་བས་མི་འདོར་བ། །བྱམས་ལྡན་ཕ་མའི་ངོ་བོར་མངའ་གསོལ་ལོ། །དམ་ཚིག་གནས་ལ་དམ་ཅན་འདུ་མོད་ཀྱང་། །དུས་ཀྱི་དབང་གི་དམ་ལྡན་ཉུང་བས་ན། །ཉམས་ཆགས་མཐོལ་བཤགས་བཟོད་པར་གསོལ་བའི་ཚེ། །རྡོ་རྗེ་སེམས་དཔའི་ངོ་བོར་མངའ་གསོལ་ལོ། །ལྷག་སེམས་བཟང་པོའི་ཁྲིམས་ལ་མི་གནས་པར། །ལྗོངས་འདིའི་དཀོན་མཆོག་དབུ་འཕང་སྨོད་པ་ལ། །གང་ལ་གང་འོས་ཆད་པས་འདུལ་བ་སོགས། །དགེ་བཅུ་ཁྲིམས་ཀྱི་བདག་པོ་མངའ་གསོལ་ལོ། །བདག་དང་བདག་ལ་ལྟོས་པར་བཅས་པ་ལ། །བསམ་སྦྱོར་ལོག་པར་འཆང་བའི་མི་སྲུན་པའི། །གདུག་རྩུབ་ཆོས་ཀྱི་དབྱིངས་སུ་སྦྱོར་ནུས་པའི། །ཐུགས་རྗེ་མཐུ་སྟོབས་ངོམས་པར་མངའ་གསོལ་ལོ། །བར་ཆད་བྱུང་ན་སྲུང་ཞིང་སྐྱོང་བ་དང་། །ཕོངས་པར་གྱུར་ན་འདོད་དགུའི་དཔལ་སྟེར་ཞིང་། །དགོས་འདོད་གང་ཡིན་མྱུར་དུ་སྒྲུབ་པ་ཡི། །ཡིད་བརྟན་བྱམས་པའི་གྲོགས་སྲ་མངའ་གསོལ་ལོ། །དབེན་པ་ཡིད་འོང་ལྷ་ཡི་དགའ་ཚལ་དུ། །མར་གྱུར་འགྲོ་ལ་དམིགས་པའི་སྙིང་རྗེ་ཡིས། །རིན་ཆེན་བྱང་ཆུབ་སེམས་ལ་བློ་སྦྱོང་ཚེ། །ཡོངས་འཛིན་དགེ་བའི་བཤེས་སུ་མངའ་གསོལ་ལོ། །བརྒྱུད་ལྡན་བླ་མའི་མན་ངག་ཇི་བཞིན་དུ། །རིམ་གཉིས་ཏིང་འཛིན་བསྒོམ་ལ་ཞུགས་པའི་ཚེ། །དྲོད་རྟགས་ཡོན་ཏན་མྱུར་དུ་བསྐྱེད་པ་ཡི། །གེགས་སེལ་བོགས་འདོད་བྱེད་པར་མངའ་གསོལ་ལོ། །བླ་མ་མཆོག་གསུམ་རིགས་ཀྱི་བདག་པོར་བསྐུར། །དམ་ཆོས་རིན་ཆེན་སྙིང་གི་ནོར་དུ་བཟུང་། །བསྟན་དང་འགྲོ་ལ་ལྷག་བསམ་འབར་བའི་ཚེ། །ལུས་དང་གྲིབ་བཞིན་འགྲོགས་པར་མངའ་གསོལ་ལོ། །ཕྱི་ཡི་འཁྲུལ་སྣང་བདེན་མེད་སྒྱུ་མར་མཐོང་། །ནང་གི་ཆོས་སྐུ་ཡེ་ཤེས་མིག་གིས་རིག །ཕྱི་མའི་ལམ་སྣ་དག་པའི་ཞིང་ཁམས་སུ། །འདྲེན་པའི་དེད་དཔོན་བྱེད་པོར་མངའ་གསོལ་ལོ། །མཆོག་གསུམ་བླ་མ་རང་གི་སེམས་སུ་ཤེས། །སེམས་ཉིད་རིག་སྟོང་ངང་དུ་མཉམ་བཞག་ནས། །ཕྲིན་ལས་དབང་ཕྱུག་ཆོས་སྐྱོང་སྲུང་མ་རྣམས། །རྗེ་བཙུན་བླ་མའི་ངོ་བོར་མངའ་གསོལ་ལོ། །ཀུན་ཉོན་རྒྱུ་འབྲས་རང་ངོ་ལེགས་མཐོང་ནས། །སྐུ་དང་ཡེ་ཤེས་གསལ་སྣང་མཆེད་པའི་ཚེ། །མཆོག་གསུམ་དངོས་གྲུབ་ཚུལ་བཞིན་སྦྱིན་པ་ཡི། །ཡི་དམ་རྒྱ་མཚོའི་ངོ་བོར་མངའ་གསོལ་ལ། །བླ་མ་ལྟར་དུ་མངའ་གསོལ་བྱིན་གྱིས་རློབས། །ཡི་དམ་ལྟར་དུ་མངའ་གསོལ་དངོས་གྲུབ་སྩོལ། །ཆོས་སྐྱོང་ལྟར་དུ་མངའ་གསོལ་ཕྲིན་ལས་སྒྲུབས། །ཡབ་གཅིག་ཕ་ལྟར་མངའ་གསོལ་བྱམས་པས་སྐྱོངས། །སྲིད་ཞིའི་ཕུན་ཚོགས་ཆར་དུས་ཆུ་བོ་བཞིན། །དམ་ལྡན་འདུ་ཚོགས་པད་མཚོར་ངང་མོ་བཞིན་། །ལུང་རྟོགས་ཡོན་ཏན་ཡར་ངོའི་ཟླ་ཤེལ་བཞིན། །གོང་ནས་གོང་དུ་རྒྱས་པའི་ཕྲིན་ལས་མཛོད། །རྐྱེན་ངན་བར་ཆད་ཆོས་ཀྱི་དབྱིངས་སུ་སོལ། །དགེ་ལེགས་མཐུན་རྐྱེན་རྟེན་འབྲེལ་ལྷུན་གྱིས་གྲུབ། །བདེ་སྐྱིད་དཔལ་འབྱོར་འཕེལ་ཞིང་རྒྱས་པ་ཡི། །རངགཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་ཉམས་ལེན་གྱི་གནད་ལ་བློའི་སྣང་བ་ཅུང་ཟད་ཐོབ་ཅིང་། ཁྱད་པར་ཀྱེ་རྡོ་རྗེའི་རྒྱུད་ལུང་མན་ངག་དང་བཅས་པ་སངས་རྒྱས་དངོས་དང་འདྲ་བའི་བླ་མ་ལས་ཉན་ཞིང་ཐོས་བསམ་སྒོམ་གསུམ་གྱིས་ཞུགས་པས་རྟོགས་པའི་ཡེ་ཤེས་མངོན་སུམ་དུ་རྒྱུད་ལ་སྐྱེས་པ་ཙམ་མེད་ཀྱང་ཁ་ཕྱིར་ལྟས་ཀྱི་རྟོག་གེའི་དཔྱོད་པ་དང་མི་འདྲ་བར་རང་གིས་ཉམས་མྱོང་གི་ཚུལ་གྱིས་མི་འཕྲོག་པའི་ཡིད་ཆེས་རྙེད་པ་རི་སུལ་གྱི་ཀུ་ས་ལི་པ་རྒན་པོ་ཀུན་དགའ་རྒྱལ་མཚན་གྱིས་དགོས་པ་ཆེན་པོ་ཡོད་པར་རློམས་ནས་བྲིས་པའོ།། །།དགེའོ།། །།

འཕྲིན་བཅོལ་གཉིས་མེད་མ།

བླ་མ་དང་གཉིས་སུ་མེད་པའི་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །གཉིས་མེད་ཡེ་ཤེས་རྒྱལ་བ་ཀུན་གྱི་དངོས། །ཧཱུྃ་ཕཊ་ང་རོས་མཚན་རྟོག་འཁྲུལ་པ་འཇོམས། །ཁྲོ་གཏུམ་སྐུ་ནི་བདུད་སྡེའི་གཤེད་མ་རུ། །ཡོངས་ཤར་བླ་མ་མ་ཧཱ་ཀཱ་ལས་སྐྱོངས། །རིགས་བརྒྱའི་ཁྱབ་བདག་དཔལ་མགོན་བླ་མ་མཆོག །རྒྱལ་ཀུན་ཕྲིན་ལས་རང་གཟུགས་ནག་པོ་ཆེ། །དབྱེར་མེད་སྐྱབས་གནས་ཀུན་འདུས་དྲིན་ཆེན་རྗེ། །ཁྱེད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཕྱོགས་ཀུན་དུས་ངན་སྡུག་བསྔལ་མུན་པས་ཁྱབ། །མི་སྲུན་སྐྱེ་བོའི་གདུག་རྩུབ་མེ་ལྟར་འབར། །བདེ་འབྱུང་རྒྱལ་བསྟན་མཚན་མོར་སོང་དུས་འདིར། །བདག་ལ་རེ་ས་མགོན་པོ་ཁྱེད་ལས་མེད། །གང་ལ་བསྟེན་ཀྱང་བློ་གཏད་མ་མཆིས་ཤིང་། །ཇི་ལྟར་བྱས་ཀྱང་སྙིང་པོ་མ་མཐོང་ནས། །གུས་པས་བསྟེན་ན་ནམ་ཡང་མི་བསླུ་བའི། །མགོན་པོ་ཁྱོད་ལ་སྙིང་ནས་སྐྱབས་སུ་མཆི། །རྨོངས་པའི་དབང་གིས་ལེགས་ཉེས་ཤན་མ་བྱེད། །དུས་ཀྱི་སྟོབས་ཀྱིས་རྐྱེན་ངན་རླུང་ལྟར་འཚུབ། །ལས་ཀྱིས་དེད་ནས་རང་དབང་མ་ཐོབ་པས། །ད་ནི་ཁྱེད་ཀྱི་ཐུགས་རྗེས་སྐྱོབས་པར་མཛོད། །བདག་ཉིད་ཆེན་པོ་བླ་མའི་བཀའ་བཞིན་དུ། །བདག་ལ་ལས་ཀྱི་སྐྱིད་སྡུག་ཅི་སྣང་ཡང་། །བདག་ནི་མགོན་པོ་ཁྱེད་ལ་སྐྱབས་འཆའ་ན། །བདག་ཅག་འཁོར་བཅས་སྐྱོབས་པར་མཛད་དུ་གསོལ། །ཚེ་རབས་སྔོན་ནས་བསྟེན་པའི་ཡི་དམ་ལྷ། །དཔལ་ལྡན་ལྷ་བརྒྱའི་མགོན་པོ་རྡོ་རྗེ་གུར། །སྐྱབས་གནས་ཀུན་འདུས་བླ་མ་ནག་པོ་ཆེས། །བྱང་ཆུབ་བར་དུ་བདག་ནི་སྐྱོང་དུ་གསོལ། །ཉམ་ཐག་བདག་གི་སྡུག་བསྔལ་ཁྱེད་ཀྱིས་མཁྱེན། །མཁྱེན་ལྡན་ཁྱེད་ནི་བདག་ལ་བུ་བཞིན་བརྩེ། །བརྩེ་ཆེན་ཐུགས་རྗེས་ཕྱི་ནང་བར་ཆད་ཀུན། །ཀུན་ཏུ་ཞི་མཛད་ཁྱེད་ལ་ཕྱག་འཚལ་ལོ། །མ་བཅོས་སེམས་ཉིད་སྐྱོན་གྱིས་མ་གོས་ཤིང་། །སྐྱབས་ཡུལ་རང་ལ་གནས་པར་མ་མཐོང་ནས། །བདག་མེད་བདག་ཏུ་བཟུང་བས་ཉམ་ཐག་པ། །བདག་འཛིན་འཁྲུལ་པ་ཞིག་པར་མཛད་དུ་གསོལ། །མེད་སྣང་ཡུལ་ལྔའི་བདུད་ཀྱིས་བསླུ་བྲིད་ལ། །མ་བརྟག་ཉམས་དགའི་བདེ་བ་དོན་གཉེར་བློས། །དངོས་འཛིན་སྲིད་པའི་དྲྭ་བར་ཚུད་པ་བདག །ཆགས་ཞེན་འཁྲི་བ་ཆོད་པར་མཛད་དུ་གསོལ། །ཞེ་སྡང་རང་གཟུགས་སྣང་བ་དགྲར་ལངས་ཏེ། །ཐོག་མེད་གཉེན་གྱུར་འགྲོ་བ་གཞན་དག་ལ། །གནོད་སེམས་གདུག་རྩུབ་རབ་ཏུ་གོམས་པ་ཡི། །ཁོང་ཁྲོའི་ཚ་གདུང་ཞི་བར་མཛད་དུ་གསོལ། །གཞན་དབང་འདུ་འཛིའི་ཉེས་པ་ཆེར་མཐོང་ནས། །བྱ་བྱེད་མང་པོའི་སྤྲོས་པ་ཀུན་སྤངས་ཏེ། །འཕགས་པ་དགྱེས་པའི་དབེན་པའི་རི་སུལ་དུ། །སྒྲུབ་ལ་བརྩོན་པའི་སྐལ་བ་ཡོད་པར་མཛོད། །དེ་ཚེ་མྱུར་ལམ་ཟབ་མོའི་ཏིང་འཛིན་གྱིས། །འཁྲུལ་སྣང་རྐྱེན་ངན་ཀུན་གྱིས་མི་བརྫི་བའི། །ལམ་རྟགས་རྟོགས་པའི་དྲོད་ཚད་རྙེད་ནས་ནི། །དལ་འབྱོར་ལུས་ལ་སྙིང་པོ་ལོན་པར་མཛོད། །རང་སེམས་བླ་མ་དྲན་པའི་སྐད་ཅིག་ལ། །སྐུ་གསུམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས། །རང་ལས་གཞན་དུ་མེད་པར་ཐག་ཆོད་ནས། །ཐུགས་ཡིད་དབྱེར་མེད་འགྱུར་བར་མཛད་དུ་གསོལ། །རང་རྒྱུད་ལུང་རྟོགས་ཡོན་ཏན་ནོར་གྱིས་ཕྱུག །གཞན་དོན་བསྡུ་དངོས་བཞི་ཡི་ཕྲིན་ལས་རྒྱས། །ཕན་བདེའི་དགའ་སྟོན་གདུལ་བྱའི་དཔལ་དུ་ཤར། །དོན་གཉིས་མཐར་ཕྱིན་འགྱུར་བར་མཛད་དུ་གསོལ། །བདག་དང་བདག་གི་ཕ་མས་ཐོག་དྲངས་པའི། །འབྲེལ་པ་ཐོགས་པའི་སེམས་ཅན་མ་ལུས་པ། །མགོན་པོ་ཁྱོད་ཀྱིས་ཐུགས་རྗེས་མི་གཏོང་བར། །སྲིད་ཞིའི་འཇིགས་པ་ཀུན་ལས་སྐྱབ་དུ་གསོལ། །ཞེས་པ་འདི་ནི་ས་ལའི་ལྗོན་བཟང་རབ་ཏུ་རྒྱས་པའི་ནགས་ཁྲོད་བཀྲ་ཤིས་ལྟེམས་ཀྱི་ཉེ་འདབས་ཆུ་བོ་གཡས་སུ་འབབ་པའི་སླས་དཀྱིལ་དུ་ལུག་ལོ་ཟླ་བ་དང་པོའི་ཡར་ཚེས་བཅུ་བཞི་མཁའ་འགྲོ་འདུ་བའི་དུས་ཆེན། རྒྱལ་དང་ཕུར་བུ་འཛོམས་པའི་ཉིན། བློ་གྲོས་གཞན་ཕན་ཟླ་བས་སྦྱར་བ་དགེའོ། །བཀྲ་ཤིས་ཤོགསརྦ་མངྒ་ལཾ།

ཞིང་སྐྱོང་དབང་པོ་མཆོད་ཐབས་མདོར་བསྡུས་བཞེད་དོན་ལྷུན་གྲུབ།

བཅོམ་ལྡན་དགྱེས་པ་རྡོ་རྗེ་དང་། །དབྱེར་མེད་བླ་མ་ལ་བཏུད་ནས། །ཞིང་སྐྱོང་དབང་པོ་མཆོད་པའི་ཐབས། །བཞེས་དོན་ལྷུན་གྲུབ་འདི་སྤྲོའོ། །མཆོད་གཏོར་རྣམས་ཕྱག་ལེན་བཞིན་བཤམས་ལ། །ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་དགྲ་བགེགས་མ་ལུས་པ་བསྒྲལ་བ་ལས་བྱུང་བའི་ཤ་རུས་ཀྱི་གཏོར་མ། ཁྲག་གི་མཆོད་ཡོན། དབང་པོ་ལྔ་ཡི་མེ་ཏོག །ཚིལ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས། རྐང་གླིང་ཐོད་རྔ་སོགས་རོལ་མོའི་བྱེ་བྲག །གཞན་ཡང་ཕྱི་ནང་གསང་བའི་དམ་རྫས་བསམ་གྱིས་མི་ཁྱབ་པས་ནམ་མཁའ་བར་སྣང་ས་གཞི་ཐམས་ཅད་སྤྲིན་ཕུང་འཐིབ་པ་ལྟར་གང་བར་གྱུར། །ༀ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོ། བཛྲ་སྥ་ར་ཎ་ཁཾ་ཞེས་བརྗོད་ནས། ཨ་མྲྀཏས་བསང་། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དུར་ཁྲོད་རོལ་བའི་གཞལ་ཁང་ཆེན་པོའི་དབུས་སུ་པད་ཉི་དང་དགྲ་བགེགས་ཀྱི་གདན་གྱི་སྟེང་དུ་ཧཱུྃ་མཐིང་ནག །དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། དགྲ་བགེགས་རྣམས་ཚར་བཅད་ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཞིང་སྐྱོང་གཟི་ལྡན་དབང་ཕྱུག་བྲམ་ཟེའི་གཟུགས་ཅན་སྐུ་མདོག་ནག་པོ། གཡས་རལ་གྲི་མེ་འབར་བ་ནམ་མཁའ་ལ་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ། མི་རུས་ཀྱི་ཕྲེང་བ་ཕྱག་འགག་ཏུ་བརྒྱུས་པ། ཆང་གིས་གང་བའི་བུམ་པ་དང་རྩེ་གསུམ་མཆན་ཁུང་དུ་བསྣམས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྨིན་མ་དམར་སེར་མེ་ལྟར་དུ་འབར་བ། ན་གསུམ་སྡང་མིག་ཏུ་བགྲད་པ། ཞལ་གདངས་ཤིང་མཆེ་བའི་མྱུ་གུ་གཙིགས་པ། མི་མགོ་སྐམ་པོ་ལྔས་དབུ་རྒྱན་དང་། རློན་པ་ཉེར་གཅིག་གི་དོ་ཤལ་ཅན། ཚངས་པའི་སྐུད་པ་དང་། རུས་པའི་ཕྲེང་བས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་གཡས་སུ་གཡུང་མོ་ནག་མོ། གཡོན་དུ་གཏུམ་མོ་ལྗང་གུ། མདུན་དུ་སྲིན་མོ་དམར་མོ། རྒྱབ་ཏུ་སིངྒ་ལཱི་མ་སེར་ནག །བཞི་ཀའང་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ། གཅེར་བུ་རྒྱན་མེད་པ་རབ་ཏུ་གྲིམས་ཤིང་ཁྲོས་པའི་ཆ་ལུགས་ཅན། གཡོན་བརྐྱང་གཡས་བསྐུམ་བཞེངས་བའི་ཚུལ་གྱིས་བཞུགས་པ། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ༀ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། །གས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཏི་སེ། བསིལ་བའི་ཚལ། པོ་ཏ་ལ། ཧ་ཧ་དགོད་པའི་དུར་ཁྲོད་སོགས་ནས་ནག་པོ་ཆེན་པོ་བྲམ་ཟེའི་གཟུགས་ཅན་ཡུམ་ཆེན་སྲིང་མོ་བཞི་དང་བཅས་པ་ༀ་བཛྲ་ས་མཱ་ཛཿརྔ་སིལ་དང་བཅསཏེ། ཧཱུྃ། ཧ་ཧ་རྒོད་པའི་དུར་ཁྲོད་ལ་སོགས་ནས། །ཀཱིཾ་ཀཱིཾ་སྒྲ་སྒྲོགས་བྲམ་ཟེའི་གཟུགས་ཅན་ཁྱོད། །མང་མང་ཌཱ་ཀིའི་འཁོར་ཚོགས་དང་བཅས་པ། །མྱུར་མྱུར་རྫུ་འཕྲུལ་སྟོབས་ཀྱིས་གནས་འདིར་གཤེགས། །ༀ་མཧཱ་ཀཱ་ཀཱ་ལ་བི་ཀཱ་ལ་ར་ཏྲི་ཏ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿཧཱུྃ། མཚན་ལྡན་དྲག་པོའི་གཞལ་ཡས་དམ་པ་འདིར། །དམ་ལྡན་རིག་འཛིན་རྣལ་འབྱོར་བདག་ཅག་གི། བཅུད་ལྡན་དམ་རྫས་ཐུགས་དམ་བསྐང་བའི་ཕྱིར། །སྟོབས་ལྡན་ཞིང་སྐྱོང་འཁོར་བཅས་བཞུགས་སུ་གསོལ། །ༀ་མ་ཧཱ་སོགས་ནས། ཝཱ་ར་པདྨ་ཀ་མ་ལ་ཡ་སྟྭཾ། དེ་ནས་གཏོར་སྔགས་སོགས་ཕྱག་ལེན་ལྟར་བྱས་ལ། ཧཱུྃ། དཔལ་ཆེན་རྡོ་རྗེ་འཆང་གི་བཀའ་རྒྱ་ཡིས། །གསང་ཆེན་བསྟན་པའི་སྲུང་མར་ལེགས་བསྐོས་པ། །སྟོབས་ཆེན་ཞིང་སྐྱོང་དབང་པོ་འཁོར་བཅས་ལ། །རྒྱ་ཆེན་རྫས་ཀྱི་མཆོད་པ་འདི་འབུལ་ལོ། །དགྲ་བགེགས་ཤ་རུས་གཏོར་མའི་རི་བོ་དང་། །ཁྲག་མཆོད་ལ་སོགས་དྲག་པོའི་ཉེར་སྤྱོད་ཚོགས། །དངོས་སུ་འབྱོར་དང་ཏིང་འཛིན་ལས་བྱུང་བའི། །ཕྱི་ནང་གསང་བའི་དམ་རྫས་སྣ་ཚོགས་ཀྱིས། །ལྷ་ཆེན་མ་ཧཱ་ཀཱ་ལའི་ཐུགས་དམ་བསྐང་། །ཞིང་སྐྱོང་གཞི་ལྡན་དབང་ཕྱུག་ཐུགས་དམ་བསྐང་། །བྲམ་ཟེའི་གཟུགས་ཅན་དཔའ་བོའི་ཐུགས་དམ་བསྐང་། །ཡུམ་ཆེན་གཡུང་མོ་ནག་མོའི་ཐུགས་དམ་བསྐང་། །ལས་མཛད་གཏུམ་མོ་ལྗང་ཁུའི་ཐུགས་དམ་བསྐང་། །སེར་ནག་སིངྒ་ལཱི་མའི་ཐུགས་དམ་བསྐང་། །དམར་ནག་སྲིན་མོ་ཆེན་མོའི་ཐུགས་དམ་བསྐང་། །འཁོར་གྱི་ཞིང་སྐྱོང་ཚོགས་ཀྱི་ཐུགས་དམ་བསྐང་། །ཏིང་འཛིན་མི་གསལ་བཟླས་བརྗོད་ཉུང་བ་དང་། །དམ་རྫས་མ་ཚང་མཆོད་གཏོར་ཆག་ལ་སོགས། །རྨོངས་པའི་དབང་གིས་ནོངས་པ་གང་བགྱིས་པ། །འགྱོད་པས་བཤགས་སོ་བཟོད་པར་མཛད་དུ་གསོལ། །ཧཱུྃ། རྡོ་རྗེ་འཆང་གི་སྤྱན་སྔར་མངོན་སུམ་དུ། །རྡོ་རྗེ་ཐེག་པའི་བསྟན་པ་སྲུང་བའི་ཕྱིར། །རྡོ་རྗེ་འཛིན་པའི་སྲུང་མར་ཞལ་བཞེས་པ། །རྡོ་རྗེ་གཏུམ་མོ་ཁྱོད་ལ་བདག་བསྟོད་དོ། །སྡང་མིག་ཙམ་གྱིས་སྲིད་གསུམ་འདར་བར་བྱེད། །ཧཱུྃ་ཕཊ་སྒྲ་ཡིས་བདུད་ཀྱི་སྙིང་ཡང་འགས། །དམིགས་མེད་ཐུགས་ཀྱི་ཆོས་དབྱིངས་གྲོགས་སུ་བསྙེན། །ཁྲག་འཐུང་དཔའ་བོ་ཁྱོད་ལ་བསྟོད་པར་བགྱི། །དུ་མའི་མཚན་འཆང་དཔའ་བོ་བྲམ་ཟེའི་གཟུགས། །འཇིགས་བྱེད་ཚངས་སྐུད་མི་མགོའི་ཕྲེང་བ་ཅན། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་འགྱིང་། །མདུང་ཐུང་གྲི་གུག་བུམ་ཐོད་འཛིན་ལ་བསྟོད། །ཕྱོགས་བཞིར་དམར་སེར་ལྗང་ནག་ཁྲོས་པའི་ཞལ། །ཐུགས་ཀྱི་དགྱེས་སྡེ་བདེ་སྐྱོང་མཁའ་འགྲོ་མ། །གཅེར་མོ་བརྐྱང་བསྐུམ་གྲི་ཐོད་ལེགས་འཛིན་པའི། །གསང་བའི་ཡུམ་ཆེན་འཁོར་དང་བཅས་ལ་བསྟོད། །དེ་ལྟའི་མཆོད་བསྟོད་ཡིད་འོང་པདྨོའི་ཚོགས། །ཚོགས་གསུམ་རིན་ཆེན་སྣོད་དུ་ལེགས་སྤུངས་ཏེ། །གུས་པས་ཞིང་སྐྱོང་འཁོར་དང་བཅས་ལ་འབུལ། །འདོད་དགུའི་དངོས་གྲུབ་སྩོལ་བར་མཛད་དུ་གསོལ། །ཁྱོད་ལ་སྙིང་ནས་གུས་པའི་རྣལ་འབྱོར་བདག །ཚེ་ལ་བར་དུ་གཅོད་པ་མི་འབྱུང་ཞིང་། །མི་མཐུན་རྒུད་པའི་ཚོགས་རྣམས་ཞི་བ་དང་། །རྣམ་དཀར་དགེ་བ་འཕེལ་བར་མཛད་དུ་གསོལ། །འགྲོ་ལ་བྱམས་པས་ངག་གི་དབང་ཕྱུག་མཆོག །བརྩེ་ཆེན་སྙིང་པོའི་རིང་ལུངས་འཛིན་སྐྱོང་གིས། །མཁས་ཀུན་དགའ་མཛད་བསྟན་འཛིན་དམ་པ་རྣམས། །ཞབས་བརྟན་ཕྲིན་ལས་རྒྱས་པར་མཛད་དུ་གསོལ། །འཇིག་རྟེན་མེས་པོའི་ཚེ་དང་དབང་པོའི་དཔལ། །གཙུག་ན་ཟླ་བའི་སྟོབས་དང་ངལ་གསོའི་བུའི། །འབྱོར་བ་ལ་སོགས་ལེགས་པའི་ཡོན་ཏན་ཀུན། །སྐད་ཅིག་ཉིད་ལ་གནས་འདིར་འདུ་བར་མཛོད། །རྣམ་པར་རྒྱལ་བའི་གནས་མཆོག་འདི་ཉིད་དུ། །གཞན་དུ། ༼རྣམ་པར་རྒྱལ་བའི་གཟིམ་ཁང་འོག་མ་རུ། །༽ཆོས་དང་སྲིད་ཀྱི་དཔལ་གཡང་ཀུན་འདུ་ཞིང་། །སྟོབས་འབྱོར་ཆང་གིས་མྱོས་པའི་དྲེགས་ལྡན་རྣམས། །དབང་མེད་གུས་ཤིང་འདུ་བའི་ཕྲིན་ལས་མཛོད། །རྣམ་དག་ཚུལ་ཁྲིམས་བསླབ་པས་རྒྱུད་སྡོམ་ཞིང་། །འཁྲུལ་མེད་ཀློག་སྤོང་བྱ་བས་དུས་འདའ་བའི། །ངུར་སྨྲིག་འཛིན་པའི་དགེ་འདུན་ཚོགས་རྣམས་ཀྱིས། །རྒྱུན་གྱི་དབང་པོའི་ཆོས་གྲྭ་འགེངས་པར་མཛོད། །མདོར་ན་རྣམ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཚེ་བསོད་དཔལ་འབྱོར་ཡར་ངོའི་ཟླ་ཤེལ་ལྟར། །འཕེལ་ཞིང་སྲིད་ཞིའི་ཕྱོགས་ལས་རྒྱལ་བའི་མཚན། །མཐོན་པོར་འདེགས་པའི་བཀྲ་ཤིས་རྒྱས་པར་མཛོད། །ཅེས་པ་འདི་ནི་མདོ་སྔགས་བསྟན་པའི་གསལ་བྱེད་གཟིམ་འོག་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་བྱམས་པ་ངག་དབང་ཀུན་དགའ་བསྟན་འཛིན་ཕྲིན་ལས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་བཀའ་ལུང་གསེར་གྱི་རྡོ་རྗེ་སྤྱི་བོར་ཕེབས་པ་གུས་པས་བླངས་ཏེ། ཡུལ་ལི་ཐང་ཕྱོགས་སུ་སྐྱེས་པའི་བན་འཁྱམས། འཇམ་དབྱངས་རབ་དགའི་སྣང་བ་ཚངས་བྱུང་དགྱེས་པའི་བློ་ལྡན་དུ་འབོད་པས་ཤྲཱི་ནཱ་ལེནྡྲའི་ཆོས་གྲྭར་སྦྱར་བ་དགེ། །།

ཟབ་མོ་དབུ་མའི་སྨོན་ལམ།

དུས་གསུམ་གཟིགས་པའི་སྟོན་པ་ཐུགས་རྗེ་ཅན། །གང་དེས་ལུང་བསྟན་དཔལ་མགོན་ཀླུ་སྒྲུབ་རྗེ། །ཟབ་མོ་དབུ་མའི་ལམ་བཟང་གསལ་མཛད་པའི། །འཕགས་བོད་པཎ་གྲུབ་རྣམས་ལ་ཕྱག་བགྱི་འོ། །གང་དུའང་མ་གྲུབ་ཅི་ཡང་འཆར་བ་ཡི། །སྟོང་དང་རྟེན་འབྱུང་འགལ་བ་མེད་མཐོང་ནས། །རྟག་ཆད་སྲིད་ཞིའི་མཐའ་ལ་མི་གནས་པའི། །ཟབ་མོ་དབུ་མའི་དེ་ཉིད་རྟོགས་པར་ཤོག །ཆོས་ཀུན་བདག་མེད་རྟོགས་པའི་ཤེས་རབ་དང་། །འགྲོ་ཀུན་བུ་སྡུག་ལྟར་མཐོང་སྙིང་རྗེ་གཉིས། །ཡིད་ལ་ཟུང་དུ་འཇུག་པ་གོམས་བྱས་ནས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་འཇུག་པར་ཤོག །དམིགས་གཏད་མཐའ་དག་འཇིག་པའི་སྟོང་ཉིད་ཀྱིིས། །མཐར་འཛིན་སྲིད་པའི་བཅིངས་པ་ཀུན་གྲོལ་ཅིང་། །མི་ཟད་སྲིད་པའི་རྒུད་པ་ཀུན་བསལ་ནས། །རིས་མེད་འགྲོ་ལ་བརྩེ་བའི་གསལ་སྣང་གིས། །མྱང་འདས་ཞི་བའི་དབྱིངས་སུ་མི་གཞོལ་བར། །གོང་གི་ཚིགས་བཅད་གཉིས་ལས་རྐང་པ་རེ་ཟུང་ཆད་སོང་སྙམ། ཐབས་ཤེས་ཟུང་འཇུག་ཚོགས་གཉིས་གཤོག་ཡངས་ཀྱིས། །རྒྱ་ཆེན་ས་བཅུའི་ལྷ་ལམ་རབ་བགྲོད་དེ། །སྒྲིབ་གཉིས་ལག་འགྲོའི་དཔུང་ཚོགས་ཀུན་འཇོམས་པའི། །ཀུན་མཁྱེན་མཁའ་ལྡིང་དབང་པོ་འགྲུབ་གྱུར་ཅིག །ཅེས་པ་འདི་ནི་ཀུན་དགའ་རྒྱལ་མཚན་གྱིས་བྲིས་པའོ། །

ཐེག་པ་ཆེན་པོའི་བློ་སྦྱོང་གི་སྨོན་ལམ་བྱང་ཆུབ་ལམ་བཟང་།

བླ་མ་ལ་ཕྱག་འཚལ་ལོ། །འགྲོ་ལ་ཐུགས་བརྩེ་དུས་ལསམི་ཡོལ་བའི། །རྒྱལ་བ་སྲས་བཅས་བདག་ལ་དགོངས་སུ་གསོལ། །སྙིང་ནས་ཁྱེད་ཀྱི་རྗེས་སུ་སློབ་པའི་ཕྱིར། །སྨོན་པ་འདི་དག་འགྲུབ་པར་བྱིན་གྱིས་རློབས། །མཐའ་ཡས་འགྲོ་ལ་དམིགས་པའི་སྙིང་རྗེ་དང་། །མཆོག་གསུམ་ཡོན་ཏན་མཐོང་བའི་མོས་གུས་ཀྱིས། །ཁྱད་པར་བཞི་ལྡན་སྐྱབས་འགྲོས་གཞི་བཟུང་ནས། །ལམ་འདིར་འཇུག་པའི་གོ་ཆ་བགོ་བར་ཤོག །དལ་འབྱོར་རྙེད་དཀའ་དྲན་ནས་ཆོས་ལ་འཇུག །ལོང་མེད་འཆི་བ་ཤེས་ནས་ཕྱིར་བཤོལ་སྤང་། །ལས་འབྲས་བསླུ་མེད་བསམ་ཏེ་ཉིན་མཚན་དུ། །དམ་ཆོས་སྤྱོད་པའི་དགའ་བས་འདའ་བར་ཤོག །སྲིད་པའི་ཟུག་རྔུ་ཐམས་ཅད་འབྱིན་པའི་སྨན། །མ་ལུས་འགྲོ་བའི་ཕན་བདེ་མཆོག་གི་གཏེར། །རྒྱལ་བ་སྲས་བཅས་སྐྱེད་བྱེད་བྱམས་པའི་ཡུམ། །བྱང་ཆུབ་སེམས་ལ་ཡིད་ཆེས་བརྟན་པར་ཤོག །ཅི་ཙམ་འབྱོར་ཡང་རློམས་པ་མི་སྐྱེ་ཞིང་། །ཤིན་ཏུ་རྒུད་ཀྱང་ཞུམ་པ་མི་འབྱུང་བའི། །རྒྱལ་བའི་སྲས་ཀྱི་བློ་སྟོབས་རྒྱ་ཆེ་བ། །བདག་གི་སྙིང་ལ་ངེས་པར་འབྱུང་བར་ཤོག །གསུང་རབ་ཀུན་གྱི་བརྗོད་བྱའི་སྙིང་པོའི་དོན། །རྒྱལ་སྲས་ཡོངས་ཀྱི་བགྲོད་པ་གཅིག་པུའི་ལམ། །སངས་རྒྱས་ཀུན་གྱི་བླ་མ་བྱང་ཆུབ་སེམས། །མྱུར་དུ་བདག་གི་རྒྱུད་ལ་སྐྱེ་བར་ཤོག །སེམས་སྣང་འགྲོ་བ་རྨི་ལམ་ལྟ་བུའི་ཆོས། །སྐྱེ་མེད་སྤྲོས་དང་བྲལ་བར་ལེགས་མཐོང་ནས། །རྗེས་ཐོབ་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །འཁྲུལ་སྣང་འགྲོ་བའི་དོན་ཆེན་བྱེད་པར་ཤོག །ཡང་ཡང་ཕན་བཏགས་དྲིན་གྱིས་བསྐྱངས་པའི་གཉེན། །སྡུག་བསྔལ་རྒྱ་མཚོར་བྱིང་བ་འདི་མཐོང་ནས། །བུ་སྡུག་ཆུ་ཡིས་ཁྱེར་བའི་མ་བཞིན་དུ། །འགྲོ་བ་ཀུན་ལ་བྱམས་བརྩེས་ཁྱབ་པར་ཤོག །ཐོག་མེད་དུས་ནས་ཕ་མར་གྱུར་པ་ཡི། །འགྲོ་བའི་སྡིག་སྡུག་རང་ལ་ལེན་པ་དང་། །བདག་གི་བདེ་དགེ་གཞན་ལ་སྟེར་བ་ཡི། །མཆོག་ཏུ་བརྟན་པའི་ལྷག་བསམ་འབར་བར་ཤོག །མ་རིག་ཆགས་སྡང་ཉོན་མོངས་འཕེལ་བའི་གཞི། །དགྲ་གཉེན་བར་མའི་སྣང་བ་གང་ཤར་བ། །འབར་བའི་མེ་ལ་བུད་ཤིང་བསྣན་པ་བཞིན། །བྱང་ཆུབ་སེམས་ཀྱི་གྲོགས་སུ་འགྲོ་བར་ཤོག །འཆིང་བྱེད་འཁོར་བའི་ཉོན་མོངས་ཀུན་གྱི་རྒྱུ། །ལས་ངན་སྡུག་བསྔལ་སྣ་ཚོགས་འབྱུང་བའི་གནས། །བྱང་ཆུབ་ལམ་ལ་བར་དུ་གཅོད་པའི་བདུད། །བདག་ཉིད་གཅེས་འཛིན་རྩད་ནས་ཐོན་པར་ཤོག །ལས་ཀྱིས་བདུད་རྩི་རྣག་ཏུ་སྣང་བ་བཞིན། །གཞན་སྐྱོན་མཐོང་བ་རང་སྣང་མ་དག་པར། །ཤེས་ནས་དགེ་ལེགས་ཡོན་ཏན་རྒྱ་མཚོ་ཡི། །འབྱུང་གནས་འགྲོ་བ་གཞན་ལ་གུས་པར་ཤོག །སྡུག་བསྔལ་བརྙས་དང་གཏམ་ངན་ལ་སོགས་པ། །མི་འདོད་སྣ་ཚོགས་ཐོག་ཏུ་བབས་ན་ཡང་། །རྒྱལ་སྲས་སྤྱོད་པའི་གྲོགས་སུ་མཐོང་ནས་ནི། །རབ་དགའི་སེམས་ཀྱིས་དང་དུ་ལེན་པར་ཤོག །སྲིད་པའི་ཕུན་ཚོགས་རྨི་ལམ་ལྟ་བུའི་ཆོས། །འབྱོར་ཡང་དེ་ལ་ཞེན་པ་མི་སྐྱེ་ཞིང་། །གཞན་ལ་ཕན་པའི་ཐབས་སུ་མཐོང་བ་ནི། །ལུས་སྲོག་གཏོང་ལ་ཞུམ་པ་མེད་པར་ཤོག །རང་གིས་ཡུན་རིང་གཅེས་པར་བསྐྱངས་བའི་མིས། །རང་ལ་དགྲ་བཞིན་ལྟ་བར་བྱེད་ན་ཡང་། །སླར་ཡང་བརྩེ་བས་གནས་སྐབས་མཐར་ཐུག་གི། དེ་ཡི་ཕན་བདེ་བདག་གིས་སྤེལ་བར་ཤོག །ཤ་ཁྲག་ལ་དགའ་འབྱུང་པོའི་ཚོགས་རྣམས་ཀྱིས། །སྒྱུ་མའི་ལུས་འདི་ཟ་བར་བྱེད་ན་ཡང་། །རང་ལ་གཅེས་འཛིན་རྟོག་པ་མི་གཡོ་ཞིང་། །བརྩེ་བས་དེ་ལ་ཕན་འདོགས་ནུས་པར་ཤོག །གདོད་ནས་ཞི་བ་སེམས་ཀྱི་ཆོས་ཉིད་ལས། །སྣ་ཚོགས་ཆོས་ཀུན་གཡོ་བ་མེད་མཐོང་ནས། །འཁྲུལ་སྣང་རྐྱེན་ངན་ཆུ་ཟླའི་རྫུན་རིས་ཀྱིས། །ཆོས་ཉིད་དོན་ལ་གསལ་སྣང་འདྲེན་པར་ཤོག །གནོད་བྱེད་ཐམས་ཅད་དགེ་བའི་བཤེས་སུ་མཐོང་། །སྡུག་བསྔལ་ཐམས་ཅད་སེམས་ཀྱི་རྒྱན་དུ་རིག །འགལ་རྐྱེན་ཐམས་ཅད་དགེ་བའི་བསྐུལ་མ་རུ། །མཐོང་ནས་རྐྱེན་ངན་ལམ་དུ་ལོང་བར་ཤོག །རང་བདེ་དོན་གཉེར་རང་གི་དགྲ་བོར་ཤེས། །ཐ་མལ་དགྲ་བོ་བྱང་ཆུབ་གྲོགས་སུ་ཤར། །ན་ཚ་སྡུག་བསྔལ་སྡིག་པའི་དག་བྱེད་དུ། །མཐོང་ནས་རྐྱེན་ངན་ལམ་དུ་ལོང་བར་ཤོག །ལས་ངན་ཕྱྭ་གཡང་འགུག་པའི་རྐྱེན་དུ་མཉམ། །འདྲེ་གདོན་དངོས་གྲུབ་སྩོལ་བའི་གྲོགས་སུ་ཤར། །འཁོར་ངན་ལོགས་སྒྲུབ་རྟོགས་པའི་བོགས་འདོན་དུ། །ཤེས་ནས་རྐྱེན་ངན་ལམ་དུ་ལོང་བར་ཤོག །བླང་དོར་ཤེས་ནས་བསགས་སྦྱང་གནད་དུ་ཁེལ། །སྲུང་མ་མཉེས་པས་བར་ཆད་བདུད་ལས་རྒྱལ། །ཐབས་ལ་མཁས་པས་བགེགས་རིགས་གྲོགས་སུ་ཤར། །རྣམ་བཞིའི་སྦྱོར་བ་ཉམས་སུ་ལེན་པར་ཤོག །ཤིན་ཏུ་སྤྲོ་བས་འཕེན་པའི་གོ་བགོས་ནས། །བདག་འཛིན་འདུལ་བའི་ཆོས་ལ་བློ་སྦྱོང་ཤིང་། །རྣམ་དཀར་ཐབས་དང་སྨོན་པའི་གྲོགས་དང་བཅས། །ཚེ་དང་དམ་པའི་ཆོས་སྤྱོད་སྙོམས་པར་ཤོག །རྟག་ཏུ་བླ་མ་དྲན་པའི་མོས་གུས་དང། །བདེན་གཉིས་བྱང་ཆུབ་སེམས་ལ་ལེགས་གོམས་པས། །ཟབ་ཡངས་ཆོས་འདིའི་ངང་ལས་མ་གཡོས་པར། །འཆི་བའི་བསོད་ནམས་བདག་ལ་ཡོད་པར་ཤོག །མི་དང་མི་མིན་འབྱུང་པོས་གཙེས་པ་དང་། །འབྱུང་འཁྲུགས་ལུས་ཀྱི་ཟུག་རྔུ་ལང་བ་དང་། །ཤུགས་དྲག་ཉོན་མོངས་སྐྱེ་བའི་དུས་སུ་ཡང་། །བྱང་ཆུབ་སེམས་མཆོག་ཉམས་པ་མེད་པར་ཤོག །འཁྲུལ་སྣང་བར་དོའི་འཇིགས་སྐྲག་ཤར་བ་དང་། །མ་ཡི་མངལ་དང་ཚེ་རབས་གཞན་དུ་ཡང་། །ཆོས་ཀྱི་སྙིང་པོ་སེམས་མཆོག་རིན་པོ་ཆེ། །སྐད་ཅིག་ཙམ་ཡང་བརྗེད་པར་མ་གྱུར་ཅིག །འཁོར་གྱིས་དབུས་སུ་ཡང་དག་ལམ་བཟང་འདི། །སྒྲོག་པའི་རྒྱལ་དང་དེ་སྲས་དགེ་བའི་བཤེས། །ཚེ་རབས་ཀུན་ཏུ་བླ་མར་བསྟེན་ནས་ནི། །ཆོས་འདི་འཛིན་ཅིང་གཞན་ལ་སྟོན་པར་ཤོག །བདག་འཛིན་ཐུལ་བས་ཇི་བྱས་ཆོས་སུ་སོང་། །རེ་དོགས་ཟད་པས་གང་བྱུང་གྲོགས་སུ་ཤར། །ལྷག་བསམ་འབྱོངས་པས་གཞན་ཕྱིར་རང་ཉིད་ལ། །སྡུག་བསྔལ་འབྱུང་ཡང་རབ་དགའ་འཕེལ་བར་ཤོག །ལྟ་བ་འཛིན་པའི་དུག་གིས་མ་སྦགས་ཤིང་། །སྙིང་རྗེ་ཕྱོགས་རིས་ཞེན་པས་མ་བཅིངས་པའི། །བདེན་གཉིས་ཟུང་འཇུག་སེམས་མཆོག་རིན་པོ་ཆེས། །སྲིད་དང་ཞི་བའི་རྒུད་པ་སེལ་བར་ཤོག །ལུས་ངག་སྤྱོད་པ་ཐ་མལ་འདུག་ན་ཡང་། །བསམ་པ་བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །ཀུན་སྤྱོད་བཅོས་མའི་དགེ་བ་མ་བྱང་ཀྱང་། །ཀུན་སློང་དབང་གིས་ཚོགས་ཆེན་རྫོགས་པར་ཤོག །ལུས་སྲོག་ལོངས་སྤྱོད་དུས་གསུམ་དགེ་བའི་ཚོགས། །འགྲོ་བའི་དོན་དུ་ཉིན་བཞིན་བསྔོས་ན་ཡང་། །རང་བདེ་དོན་གཉེར་ལན་ལ་རེ་བའི་བློ། །སྐད་ཅིག་ཙམ་ཡང་སྐྱེ་བར་མ་གྱུར་ཅིག །ཕམ་ཁ་བླངས་ཏེ་རྒྱལ་ཁ་གཞན་ལ་འབུལ། །དམན་ས་བཟུང་ནས་འགྲོ་ཀུན་སྤྱི་བོས་བཀུར། །གནོད་པ་བྱེད་ལ་ལན་དུ་ཕན་འདོགས་པའི། །རྒྱལ་བའི་སྲས་ཀྱི་བརྟུལ་ཞུགས་འཛིན་པར་ཤོག །བླ་མར་གུས་ཤིང་ཅི་གསུང་དང་དུ་ལེན། །སྣ་ཚོགས་ཆོས་ཀུན་ཉམས་ལེན་གཅིག་ལ་དྲིལ། །རེ་དོགས་སྤངས་ཏེ་རྟག་ཏུ་གཞན་དོན་ལ། །བརྩོན་པའི་གོ་ཆ་བདག་གིས་བགོ་བར་ཤོག །གཞན་ལ་མི་ཕན་ཐར་པའི་བདེ་བ་ཡང་། །བཞི་མདོའི་རྩྭ་བཞིན་ཡལ་བར་བོར་ནས་ནི། །གཞན་ལ་ཕན་དང་ངན་འགྲོའི་གཡང་ས་ལ། །སྐྱེད་ཚལ་བཞིན་དུ་དགའ་བས་འཇུག་པར་ཤོག །རྣམ་གསུམ་བསླབ་པ་མིག་འབྲས་བཞིན་དུ་སྲུང་། །སྒོ་གསུམ་བྱ་བ་ཆོས་དང་མི་འབྲལ་ཞིང་། །དུས་གསུམ་བསགས་པའི་དགེ་བའི་དངོས་པོ་རྣམས། །འཁོར་གསུམ་ཡོངས་དག་བསྔོ་བས་ཟིན་པར་ཤོག །གཏིང་མཐའ་མི་མངོན་རྒྱ་ཆེན་སྤྱོད་པའི་ཚོགས། །དགེ་ལེགས་ཡོན་ཏན་རིན་ཆེན་བྱེ་བའི་གཏེར། །རྒྱལ་སྲས་ཀླུ་དབང་ཚོགས་ཀྱི་བསྟི་གནས་དེར། །བདག་ཀྱང་དགའ་བའི་ཡིད་ཀྱིས་འཇུག་པར་ཤོག །སྣ་ཚོགས་སྡུག་བསྔལ་ཁུལ་གྱིས་ནོན་པ་ལ། །བགྲང་ཡས་ཐབས་མཁས་གཉེན་པོའི་ཁྱད་པར་གྱིས། །མ་ལུས་འགྲོ་བའི་ཕན་བདེ་སྤེལ་བྱེད་པའི། །ཏིང་འཛིན་མཐུ་ཆེན་བདག་གིས་ཐོབ་པར་ཤོག །དགོངས་སྤྱོད་རྒྱ་མཚོ་དཔག་གིས་མི་ལང་པའི། །རྒྱལ་བ་རྒྱ་མཚོའི་ཡོན་ཏན་ཆུ་བོའི་གཏེར། །བདག་བློ་རྒྱ་མཚོའི་སྣོད་དུ་ལེགས་བསྡུས་ནས། །ཕྲིན་ལས་རྒྱ་མཚོར་རོ་གཅིག་འགྱུར་བར་ཤོག །ཐེག་ཆེན་ཐུན་མོང་མ་ཡིན་པའི་བློ་སྦྱང་གི་ཚིག་རྣམས་སྨོན་ཚིགས་སུ་སྦྱར་བ་འདི་ནི། ཆོས་འདི་ལ་སྙིང་ནས་མོས་པ་བློ་གྲོས་གཞན་ཕན་ཟླ་བས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།

བློ་སྦྱོང་སྨོན་ལམ་རང་བློ་མ་བཞུགས་སོ། །རང་བློ་ཡང་དག་ཆོས་དང་མ་འདྲེས་པར། །ལྟར་སྣང་གཞན་དོན་སྒྲུབ་པའི་རྣམ་གཡེང་གིས། །གཞན་དབང་འདུ་འཛིའི་གཡང་ལ་བསྐྱུར་མཐོང་ནས། །བློ་སྣ་བཙན་ཆོད་ནུས་པར་བྱིན་གྱིས་རློབས། །མི་མེད་དབེན་པའི་རི་སུལ་ཉམས་དགའ་བར། །དགོས་མེད་ཚེ་འདིའི་བྱ་བ་ཀུན་སྤངས་ནས། །ལོང་མེད་འཆི་བ་དྲན་པའི་བརྩོན་འགྲུས་ཀྱིས། །འཇིགས་མེད་བཙན་ས་ཟིན་པར་བྱིན་གྱིས་རློབས། །མཚན་ལྡན་བླ་མ་སངས་རྒྱས་དངོས་སུ་མཐོང་། །ཟབ་ལམ་གདམས་པ་སྙིང་གི་བཅུད་དུ་ཁུག །ཉམས་ལེན་སྒྲུབ་ལ་བརྩོན་པའི་ལྕག་གིས་བསྐུལ། །ལམ་རྟགས་ཡོན་ཏན་རྙེད་པར་བྱིན་གྱིས་རློབས། །རྗེ་བཙུན་བླ་མ་དྲན་པའི་སྐད་ཅིག་ལ། །སྐུ་གསུམ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས། །དེ་ལས་གཞན་དུ་མེད་པར་ཐག་ཆོད་ནས། །ཐུགས་ཡིད་དབྱེར་མེད་འགྱུར་བྱིན་གྱིས་རློབས། །མ་དག་འཁྲུལ་སྣང་བདེན་མེད་སྒྱུ་མར་མཐོང་། །ཉམས་མྱོང་ཏིང་འཛིན་ཞེན་མེད་རྒྱན་དུ་ཤར། །དག་པ་རབ་འབྱམས་རྒྱལ་བའི་ཆོས་ཀྱི་སྐུ། །ཡེ་ཤེས་མིག་གིས་མཐོང་བར་བྱིན་གྱིས་རློབས། །མགོན་ཁྱོད་སྐྱབས་སུ་བསྟེན་པའི་བཀའ་དྲིན་གྱིས། །འགྱོད་བཞིན་འཆི་བའི་ཤུལ་ལམ་མི་སྙོགས་པར། །རྗེ་བཙུན་བླ་མའི་ཐུགས་རྗེས་མདུན་བསུས་ཏེ། །དག་པའི་ཞིང་དུ་སྐྱེ་བར་བྱིན་གྱིས་རློབས། །

ལྷ་ལྡན་ཇོ་བོ་ཡིད་བཞིན་ནོར་བུའི་མདུན་ནས་གསུངས་པའི་སྨོན་ལམ།

བླ་མ་དང་ལྷག་པའི་ལྷ་ལ་གུས་པས་ཕྱག་འཚལ་ལོ། །འདྲེན་པ་མཉམ་མེད་སྟོན་པ་ཟས་གཙང་སྲས། །གངས་ཅན་བོད་ཀྱི་གདུལ་བྱའི་སྣང་ངོ་རུ། །གཟུགས་སྐུ་སྣང་བརྙན་ཚུལ་གྱིས་ལེགས་བྱོན་པ། །ཇོ་བོ་ཤཱཀྱ་མུ་ནེ་བདག་ལ་དགོངས། །མཁྱེན་པའི་སྤྱན་གྱིས་སྒྲིབ་ཐོགས་མེད་པར་གཟིགས། །བརྩེ་བའི་ཐུགས་ཀྱིས་བུ་ལྟར་ཉེར་དགོངས་ལ། །ནུས་པའི་སྟོབས་ཀྱིས་བདག་གི་སྨོན་པའི་དོན། །ད་ལྟ་ཉིད་དུ་འགྲུབ་པར་བྱིན་གྱིས་རློབས། །དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །རྒྱལ་བ་སྲས་བཅས་ཁྱེད་དང་མི་འབྲལ་ཞིང་། །རྒྱལ་བ་སྲས་བཅས་ཁྱོད་ཀྱིས་རྗེས་བཟུང་ནས། །རྒྱལ་བ་སྲས་བཅས་ཁྱེད་བཞིན་འགྲུབ་པར་ཤོག །བླ་མེད་རྫོགས་པའི་བྱང་ཆུབ་སྒྲུབ་པའི་གེགས། །སྔོན་གྱི་ལས་དང་འཕྲལ་རྐྱེན་ལས་བྱུང་བའི། །ཕྱི་ནང་གསང་བའི་བར་དུ་གཅོད་པའི་རིགས། ༠ །ཐམས་ཅད་ཞི་ནས་འབྱུང་བ་མེད་པར་ཤོག །གལ་ཏེ་མི་མཐུན་རྐྱེན་དང་འཕྲད་ན་ཡང་། །དེ་ཉིད་ལམ་གྱི་གྲོགས་སུ་ཤེས་པའི་བློས། །སྤང་བླང་དགག་སྒྲུབ་རེ་དོགས་མི་བྱེད་པར། །རྐྱེན་ངན་བྱང་ཆུབ་ལམ་དུ་ལོངས་པར་ཤོག །གང་དང་འཕྲད་ན་དུག་གསུམ་འཕེལ་འགྱུར་ཞིང་། །རྣམ་དཀར་དགེ་བའི་བྱ་བ་ཉམས་བྱེད་པའི། །སྡིག་པའི་གྲོགས་དང་ཚེ་རབས་ཐམས་ཅད་དུ། །སྐད་ཅིག་ཙམ་ཡང་འཕྲད་པར་མ་གྱུར་ཅིག །བཤེས་གཉེན་གྲོགས་མཆོག་ཟབ་མོའི་དམ་ཆོས་དང་། །གནས་བཟང་བ་དང་མཁོ་བའི་ཡོ་བྱད་སོགས། །རྟག་ཏུ་མཐུན་པའི་རྐྱེན་རྣམས་མ་ལུས་པ། །འབད་པ་མེད་པར་བདག་གིས་རྙེད་པར་ཤོག །དགག་སྒྲུབ་གནང་བའི་བཅས་མཚམས་མ་ནོར་བར། །རྣམ་དག་བསླབ་གསུམ་མིག་བཞིན་སྲུང་ནུས་ཤིང་། །རྨི་ལམ་ན་ཡང་འཆལ་ཚུལ་དྲི་མ་ཡིས། །སྐད་ཅིག་ཙམ་ཡང་གོས་པར་མ་གྱུར་ཅིག །ལུས་སྤྱོད་ཚུལ་འཆོས་མེད་པར་དུལ་བ་དང་། །ངག་ཚིག་རྫུན་གཏམ་མེད་པར་བདེན་པ་དང་། །སེམས་སྤྱོད་གཡོ་སྒྱུ་མེད་པར་དྲང་བ་ཡིས། །ཆོས་མཐུན་གྲོགས་དང་བཤེས་གཉེན་བསྟེན་པར་ཤོག །ཐར་པའི་ལམ་ལ་དང་པོར་འཇུག་པའི་སྒོ། །འཁོར་བའི་གནས་ནས་དང་པོར་བྲོས་པའི་ལམ། །ཉམས་ལེན་ཆོས་རྣམས་ན་གྱི་དང་པོའི་འགོ། །བཅོས་མིན་ངེས་འབྱུང་རྒྱུད་ལ་སྐྱེ་བར་ཤོག །ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག་ཅིང་། །མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆག་པ། །སངས་རྒྱས་སྒྲུབ་པའི་ས་བོན་མ་ནོར་བ། །རྣམ་དག་བྱང་ཆུབ་སེམས་མཆོག་སྐྱེ་བར་ཤོག །གོང་ནས་གོང་དུ་བྱང་ཆུབ་སེམས་མཆོག་འཕེལ། །ཚེ་རབས་ཀུན་ཏུ་བྱང་ཆུབ་སེམས་མི་བརྗེད། །ཡང་ནས་ཡང་དུ་བྱང་ཆུབ་སེམས་བསྒོམས་ནས། །བྱང་ཆུབ་སེམས་དཔའི་སྤྱོད་ལ་འཇུག་པར་ཤོག །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་པར། །བཤེས་གཉེན་དམ་པའི་ཞབས་པད་གུས་བསྟེན་ཅིང་། །རྣམ་མང་ཡོན་ཏན་ཚོགས་ཀྱིས་མཉེས་པ་དང་། །རྒྱལ་སྲས་ནོར་བཟང་ལྟ་བུར་འགྱུར་བར་ཤོག །རྨད་བྱུང་བློ་དང་བརྩོན་འགྲུས་ཆེན་པོ་ཡིས། །རྒྱལ་བའི་ཆོས་མཛོད་མཐའ་དག་ལེགས་བཟུང་ནས། །ཉམ་ཐག་ཆོས་ཀྱིས་ཕོངས་པའི་འགྲོ་བ་ལ། །བརྩེ་བས་ཆོས་ཀྱི་དགའ་སྟོན་འགྱེད་པར་ཤོག །བརྩེ་ལྡན་དྲིན་ཆེན་ཕ་མས་ཐོག་དྲངས་པའི། །བཟང་ངན་ལས་ཀྱིས་འབྲེལ་བའི་འགྲོ་བ་རྣམས། །འཇིགས་རུང་སྲིད་པའི་རྒྱ་མཚོ་ཆེན་པོ་ལས། །མྱུར་དུ་བདག་གིས་སྒྲོལ་བར་ནུས་པར་ཤོག །ཐུབ་པ་མཆོག་དང་འཇམ་དཔལ་དཔལ་བོ་དང་། །ཀུན་ཏུ་བཟང་པོའི་སྤྱོད་པ་གང་ཡིན་པ། །བདག་གི་ཚེ་རབས་སྤྱོད་ཀུན་དེ་འདྲ་བར། །གྱུར་ནས་དོན་གཉིས་སྤྱོད་པ་མཐར་ཕྱིན་ཤོག །ཚེ་གཅིག་སངས་རྒྱས་སྒྲུབ་པའི་ལམ་གྱི་མཆོག །དུས་གཅིག་དོན་གཉིས་སྒྲུབ་པའི་ཐབས་མཁས་པོ། །ཚུལ་གཅིག་འཁོར་འདས་དབྱེར་མེད་ལྟ་བ་ཡིས། །ལམ་གཅིག་རྡོ་རྗེ་ཐེག་པར་འཇུག་པར་ཤོག །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །འཁྲུལ་མེད་རིམ་གཉིས་ཟབ་མོའི་ཏིང་འཛིན་ལ། །ཡེངས་མེད་རྒྱུན་དུ་བརྩོན་པས་ཚེ་གཅིག་གིས། །རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་ཤོག །ནམ་ཞིག་ཚེ་ཡི་འདུ་བྱེད་གཏོང་བ་ན། །ལུས་ལ་གནད་གཅོད་སྡུག་བསྔལ་མི་འབྱུང་ཞིང་། །ལྷ་དང་བླ་མ་དམ་པས་རྗེས་བཟུང་ནས། །དག་པའི་ཞིང་དུ་སྤྲོ་བས་འགྲོ་བར་ཤོག །གང་དུ་སྐྱེས་པའི་ཚེ་རབས་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པ་དང་། །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་གྱུར་ནས། །ཚུལ་བཞིན་སྒྲུབ་པའི་རང་དབང་ཡོད་པར་ཤོག །ཉོན་མོངས་ཆུང་ཞིང་ཚེ་རབས་དྲན་པ་དང་། །དམན་ལ་བྱམས་ཞིང་ཡོན་ཏན་ཅན་ལ་གུས། །གཞན་དབང་མེད་པར་ཐབས་མཁའ་སྤྱོད་པ་ཡིས། །མཐའ་ཡས་འགྲོ་བའི་རེ་བ་སྐོང་བར་ཤོག །བདག་ལ་ཤིན་ཏུ་བརྩེ་བའི་གྲོགས་རྣམས་དང་། །སྐྱེ་བ་ཀུན་ཏུ་ནམ་ཡང་མི་འབྲལ་ཞིང་། །ཕན་ཚུན་དམ་ཆོས་སྒྲུབ་པའི་གྲོགས་གྱུར་ནས། །བསྟན་དང་འགྲོ་བའི་དོན་ཆེན་བྱེད་པར་ཤོག །སྲིད་པའི་བདེ་ལ་ནམ་ཡང་མི་ཆགས་ཞིང་། །རང་ཉིད་ཞི་བ་དོན་དུ་མི་གཉེར་བར། །ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོང་བར། །དེ་སྲིད་གཞན་གྱི་དོན་ལ་བརྩོན་པར་ཤོག །མདོར་ན་གཟུངས་དང་ཏིང་ངེ་འཛིན་ལ་སོགས། །ཡོན་ཏན་རྒྱ་མཚོ་བདག་གིས་ཐོབ་ནས་ནི། །གང་ལ་གང་འདུལ་སྤྲུལ་པ་བསམ་ཡས་ཀྱིས། །རྒྱལ་བ་རྒྱ་མཚོའི་ཕྲིན་ལས་སྒྲུབ་པར་ཤོག །ཐུབ་དབང་སྲས་བཅས་ཁྱེད་ཀྱི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་སྟོབས་དང་། །བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས། །སྨོན་ལམ་བཏབ་པ་ཇི་བཞིན་འགྲུབ་པར་ཤོག། །།ཅེས་པ་འདི་ནི་ལས་ངན་གྱི་རྒྱ་མཚོ་རྡོལ་བས་བརྒྱ་བསམ་འགྲུབ་དུས་མེད་པའི་སྡུག་ཁུར་ཅན། སྟོན་པ་ཐུབ་པའི་དབང་པོའི་རྗེས་སུ་སློབ་འདུན་མ་བོར་ཙམ་པ་ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་གྱིས་ལྷ་ལྡན་ཇོ་བོ་ཡིད་བཞིན་ནོར་བུའི་མདུན་དུ་རང་ཉིད་ཀྱི་སྨོན་ལམ་གདབ་པའི་ཆེད་དུ་ཚིགས་སུ་བཅད་པ་བདུན་དཔལ་སྤྲུལ་རིན་པོ་ཆེའ་ིགསུང་ལས་བཏུས་ཤིང་ཕལ་ཆེར་རང་ཉིད་ཀྱི་རྣམ་པར་རྟོག་པ་ལས་བྱུང་བ་ཡང་བསམས་པ་བཟང་པོས་བྲིས་པ་དགེ་ཞིང་བཀྲ་ཤིས།

མར་མེའི་སྨོན་ལམ།

འོད་ཀྱིས་སྟོང་གསུམ་གསལ་བའི་ནུས་པ་ཡི། །ལྷ་རྫས་མར་མེའི་ཕྲེང་བ་དཔག་མེད་ཀྱིས། །རབ་འབྱམས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡིས། །བླ་མ་རྒྱལ་བ་སྲས་བཅས་མཆོད་པར་བགྱི། །དགེ་བས་བདག་སོགས་བསགས་པའི་སྡིག་ལྟུང་དང་། །ཤེས་ཉོན་སྒྲིབ་པའི་མུན་པ་ཀུན་བསལ་ནས། །སྤྱན་དང་མངོན་ཤེས་སྣང་བ་མཆོག་ཐོབ་སྟེ། །མཐའ་ཡས་འགྲོ་བའི་དོན་ཆེན་བྱེད་པར་ཤོག །དེངས་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །རྒྱལ་བ་ཀུན་གྱི་དམ་ཆོས་མཛོད་བཟུང་ནས། །ཟང་ཟིང་མེད་པའི་ཆོས་ཀྱི་སྣང་བ་ཡིས། །འགྲོ་བའི་རྨོངས་པའི་མུན་པ་སེལ་བར་ཤོག །གནས་སྐབས་བླང་དོར་ལྟ་བའི་ཆུ་བུར་མིག །རླུང་མཁྲིས་བད་ཀན་འདུས་པའི་ནད་དང་ནི། །དམ་ཚིག་ཉམས་ཆགས་གྲིབ་ཀྱིས་ཕོག་པ་སོགས། །སྒྲིབ་བྱའི་དྲི་མ་ཐམས་ཅད་དག་གྱུར་ཅིག །

སྒ་སྟོན་རྡོ་རྗེ་འཆང་གི་ཞལ་སྔ་ནས་གནང་བའི་ཞལ་གདམས།

ན་མོ་གུ་རུ་ཝེ། སྙིང་ནས་གཅེས་པའི་བུ་མཆོག་ཁྱོད་ཉིད་ཀྱིས། །ཐོས་བསམ་བཤད་སྒྲུབ་གང་གི་སྐབས་སུ་ཡང་། །དངོས་དང་དངོས་མེད་སུ་དང་སུ་ཞིག་གིས། །བར་དུ་གཅོད་པ་ཇི་ལྟར་བྱེད་ན་ཡང་། །སྣང་གྲག་རིག་པའི་ཡོ་ལང་འདི་དག་ཀུན་། །རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་བླ་མ་ཡི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ངེས་པའི་བློ། །དད་གུས་མོས་པའི་གདུང་ཤུག་ཚད་མེད་པས། །གསོལ་འདེབས་སེམས་ཀྱིས་འོ་དོད་བོས་པ་ན། །སྣང་ཚད་མཐུན་པའི་རྟེན་དུ་ཤར་ནས་ནི། །དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་ལྡན་པས། །ཡུན་དུ་ཕན་པར་འགྱུར་བ་གདོན་མི་ཟ། །འཁོར་དང་མྱ་ངན་འདས་པའི་ཆོས་རྣམས་ཀུན། །རང་སེམས་སྐད་ཅིག་མ་འདིའི་སྣང་ཚུལ་ཙམ། །སེམས་འདི་གདོད་ནས་སྤྲོས་པའི་མཐའ་དང་བྲལ། །བློ་འདས་གཉུག་མའི་རང་ངོ་སྐྱོང་ཤེས་ན། །གེགས་དང་གོལ་ས་བར་དུ་གཅོད་པ་ཀུན། །སྐྱེེ་མེད་སྟོང་པའི་དབྱིངས་སུ་ཞི་ནས་ནི། །ཚད་མེད་ཡོན་ཏན་ཚོགས་ཀྱིས་གཟི་འབར་ཞིང་། །སྲིད་ཞིའི་རྒུད་པའི་མུན་པ་བཅིལ་བར་ངེས། །ཐོས་བསམ་སྒོམ་པའི་བདུད་རྩིའི་བཅུད་ལེན་གྱིས། །ལུང་རྟོགས་ཡོན་ཏན་རྒྱས་པར་གྱུར་པ་ན། །དཔལ་ལྡན་རྒྱུན་གྱི་དབང་པོའི་ཆོས་གྲྭ་ཆེའི། །ཆོས་ཀྱི་རྒྱལ་སྲིད་སྐྱོང་ལ་སྤྲོ་བར་མཛོད། །ཐུབ་དབང་གཉིས་པ་རོང་སྟོན་ཆོས་ཀྱི་རྗེའི། །དྲི་མེད་ལེགས་བཤད་རྒྱུན་བཟང་གང་ཡིན་པ། །སྐལ་ལྡན་འགྲོ་བའི་གསོས་སུ་སྤྲོས་པ་ཡི། །དགེ་མཚན་སྲིད་པའི་ཁྱོན་འདིར་གསལ་བར་མཛོད། །འུ་ཅག་སྐྱེ་བ་ཀུན་ཏུ་འབྲལ་མེད་ཅིང་། །ཆོས་ཀྱི་རྒྱལ་སྲིད་ཁྱོད་ལ་གཏད་ནས་ནི། །ཐུགས་ཡིད་དབྱེར་མེད་བྱང་ཆུབ་རོ་གཅིག་པའི། །སྨོན་ལམ་འདི་དག་ཅི་བཞིན་འགྲུབ་གྱུར་ཅིག །དགེའོ། །དགེའོ། །དགེའོ། །འདི་ངག་དབང་ལེགས་པའི་གསུངས་ཡིན།

བླ་མའི་རྣལ་འབྱོར་གྱི་དོན་འགྲེལ།

རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །བདག་སོགས་དུས་མཐའི་གདུལ་བྱའི་དོན་སླད་དུ། །མངོན་སུམ་དགེ་བའི་བཤེས་ཀྱི་ཚུལ་འཛིན་པ། །དཔལ་མགོན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བྱམས་བརྩེའི་དབང་ཕྱུག་སྙིང་གི་མ་ཎི་ཀ། བཀའ་དྲིན་མཚུངས་མེད་དགེ་བའི་བཤེས་ཁྱོད་ལ། །སྡེབ་ལེགས་ཚིག་གི་སྲད་བུ་ལ་བརྒྱུས་པའི། །ལེགས་བཤད་མེ་ཏོག་གསར་པའི་སྐྱེས་འདི་འབུལ། །དུས་གསུམ་རྒྱལ་བའི་བགྲོད་པ་གཅིག་པུའི་ལམ། །གསང་ཆེན་གདམས་པ་རྒྱ་མཚོའི་སྙིང་པོའི་བཅུད། །ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཉེ་ལམ་མཆོག །ཟབ་མོ་བླ་མའི་རྣམ་འབྱོར་འདི་ཉིད་ནི། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་བྱེད་པའི། །ངེས་གསང་ལམ་གྱི་ཐབས་མཁས་ཇི་སྙེད་ཀྱི། །གནད་དོན་མ་ལུས་ཚང་བའི་མས་ལེན་ཡིན། །ལམ་གྱི་སྐྱབས་ཡུལ་དཀོན་མཆོག་རྣམ་གསུམ་དང་། །འབྲས་བུའི་སྐྱབས་ཡུལ་སྐུ་གསུམ་ལ་སོགས་པ། །སྐྱབས་གནས་ཐམས་ཅད་བླ་མའི་གསང་གསུམ་ལ། །ཚང་བའི་ཚུལ་འདི་ལེགས་པར་རྟོགས་གྱུར་ན། །གཞི་ལམ་འབྲས་གསུམ་ངོ་བོ་གཅིག་ཡིན་པས། །ལམ་གྱི་ཆོས་རྣམས་བླ་མའི་རྣལ་འབྱོར་དང་། །གཞི་ཡི་ཆོས་ཀུན་རང་གི་ཕུང་ཁམས་ལ། །ཚང་བའི་བློ་འདི་ཤུགས་ཀྱིས་སྐྱེ་བར་འགྱུར། །སྔོན་འགྲོ་ཚོགས་གཉིས་བླ་མའི་ལམ་གྱིས་རྫོགས། །དངོས་གཞི་རིམ་གཉིས་བླ་མའི་ལམ་ལ་ཚང་། །འབྲས་བུ་སྐུ་གཉིས་བླ་མའི་ལམ་གྱིས་ཐོབ། །དེའི་ཕྱིར་འདི་ལ་ཐམས་ཅད་ཚང་ཞེས་བྱ། །སྨིན་བྱེད་དབང་བཞི་བླ་མའི་ལམ་གྱིས་ཐོབ། །གྲོལ་བྱེད་ལམ་བཞི་བླ་མའི་ལམ་ལ་ཚང་། །སྤང་བྱ་སྒྲིབ་བཞི་བླ་མའི་ལམ་གྱིས་སྤོང་། །གནས་སྐབས་ལས་བཞི་བླ་མའི་ལམ་གྱིས་འགྲུབ། །མཐར་ཐུག་སྐུ་བཞི་བླ་མའི་ལམ་གྱིས་ཐོབ། །དེའི་ཕྱིར་འདི་ལ་ཐམས་ཅད་ཚང་ཞེས་བྱ། །བདེ་གཤེགས་རྒྱལ་བ་གདན་གསུམ་ཚང་བའི་ལྷ། །བླ་མའི་སྐུ་ལ་ཚང་བར་ཡིད་ཆེས་ནས། །སྐུ་ཡི་བྱིན་རླབས་མ་ལུས་ༀ་ཡིག་གི། །རྣམ་པས་རང་གི་དཔྲལ་བར་ཐིམ་པའི་མོད། །སྦྱང་གཞི་ཕུང་ཁམས་སྐྱེ་མཆེད་སུམ་ཅུ་གཉིས། །སྦྱང་འབྲས་ལྷ་ཡི་ངོ་བོར་ཐག་བཅད་ནས། །མཉམ་རྗེས་ཀུན་ཏུ་མ་བརྗེད་སྐྱོང་ཤེས་ན། །བུམ་དབང་སྨིན་གྲོལ་འབྲས་བཅས་དེ་ལ་ཚང་། །དེ་བཞིན་ཡི་གེ་ཁམས་དང་རླུང་སོགས་ཀྱི། །གདན་གསུམ་དག་བྱ་དག་བྱེད་ངོ་སྤྲད་དེ། །བྱིན་རླབས་དབང་བཞིའི་ཚུལ་དུ་བླངས་ནས་ནི། །སྐུ་བཞིའི་རྟེན་འབྲེལ་བསྒྲིགས་པའི་ཐབས་ཤེས་ན། །སྨིན་གྲོལ་ལམ་གྱི་ཟབ་གནད་མ་ལུས་པ། །ཐམས་ཅད་འདི་ལ་ཚང་བ་ཡིན་ཞེས་བྱ། །བླ་མའི་ཐུགས་དང་རང་སེམས་བསྲེས་ནས་ནི། །རིག་པའི་ཡེ་ཤེས་རང་ངོ་མཐོང་བ་ན། །ཀུན་འབྱུང་དུག་ལྔ་སྡུག་བསྔལ་ཕུང་པོ་ལྔ། །མ་སྤངས་ལྷ་དང་ཡེ་ཤེས་ཆེན་པོ་ཡི། །ངོ་བོར་གདོད་ནས་ལྷུན་གྱིས་གྲུབ་པའི་ཚུལ། །སྣང་སྲིད་དག་མཉམ་ཆེན་པོའི་ལྟད་མོ་འདི། །མངོན་སུམ་མཐོང་ན་དབང་བཞིའི་ལམ་གནད་ཀུན། །འདི་ལ་འདུས་ཀྱི་གཞན་རྣམས་སྤྲོས་པ་ཙམ། །རིགས་ཀུན་ཁྱབ་བདག་དཔལ་མགོན་བླ་མ་ཞེས། །བརྗོད་པ་གཞན་གྱི་ལད་མོ་མ་ཡིན་པར། །མཆོག་གསུམ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་རྣམས། །བླ་མ་མཆོག་ལས་གཞན་དུ་མི་རྙེད་པའི། །ཡིད་ཆེས་དད་པའི་ངེས་པ་བསྐྱེད་ནས་ནི། །དངོས་གཞི་ལྷ་ཡི་བསྒོམ་བཟླས་བྱེད་པ་དང་། །ཐུན་མཚམས་ཁ་ཟས་གཏོར་མའི་རྣལ་འབྱོར་དང་། །འཕྲོ་རྒོད་ཉོན་མོངས་དུག་ལྔའི་རྟོག་པ་དང་། །སྐྱེ་འཆི་བར་དོའི་འཁྲུལ་སྣང་ལ་སོགས་པ། །ཟབ་མོ་བླ་མའི་ལམ་དུ་འཁྱེར་ཤེས་ན། །སྣང་སྲིད་བླ་མར་ཤར་བའི་ཉམས་ལེན་འདིས། །ལྷན་སྐྱེས་བདེ་ཆེན་རིག་སྟོང་གཉུག་མའི་གཤིས། །ངེས་པ་དོན་གྱི་བླ་མ་རིན་པོ་ཆེའི། །རང་ཞལ་མཇལ་ནས་རྗེས་སུ་འཛིན་པར་འགྱུར། །མ་དག་རང་སེམས་ཐ་མལ་ལུས་པའི་ཚེ། །ངས་རྟོགས་ཡོན་ཏན་རྫོགས་པའི་སངས་རྒྱས་དང་། །ཁྱད་པར་མེད་པའི་དཔལ་མགོན་བླ་མ་ཡང་། །གང་ཟག་ཕལ་པའི་ཚུལ་དུ་མཐོང་བར་འགྱུར། །བར་དུ་སེམས་ཉིད་ཅུང་ཟད་སྦྱང་བ་ན། །དམ་པའི་མགོན་དེ་སྤྲུལ་པའི་སྐུ་རུ་མཐོང། །སེམས་ཉིད་ཤིན་ཏུ་དག་པའི་གནས་སྐབས་ན། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་རུ་སྣང་། །ནམ་ཞིག་དགོངས་པ་དབྱེར་མེད་གྱུར་པ་ན། །ཆོས་སྐུའི་ངང་དུ་རོ་གཅིག་འགྱུར་བའི་ཕྱིར། །བླ་མའི་དགོངས་པ་སངས་རྒྱས་དངོས་ཡིན་ཡང་། །བློ་ཡི་རིམ་པས་དུ་མར་སྣང་བ་ལགས། །ཚུལ་འདི་ཟབ་མོ་བླ་མའི་རྣལ་འབྱོར་ནི། །དབང་པོ་རབ་ཀྱི་ལམ་གྱི་དངོས་གཞི་ཞེས། །སྐྱོན་མེད་གྲུབ་པའི་དབང་ཕྱུག་ས་སྐྱ་པ། །གོང་མའི་གསུང་གི་དགོངས་པ་ཡིན་ནམ་སྙམ། །འཁོར་འདས་གཉིས་པོ་རྟོགས་པས་བཏགས་པ་ཙམ། །དགེ་དང་སྡིག་པ་སེམས་སྣང་ཙམ་དུ་ཟད། །བསྐལ་པའི་ཡུན་དང་ཆེ་ཆུང་བཟང་ངན་སོགས། །ཐམས་ཅད་བློས་བརྟགས་ཡིན་གྱི་དོན་ལ་མེད། །འདི་འདྲའི་ཚུལ་ལ་ངེས་པ་བསྐྱེད་ནས་ནི། །ལྷ་སྔགས་ཏིང་འཛིན་སྒྱུ་མར་ཤེས་པའི་བློས། །དཔེར་ན་སྟན་ཐོག་གཅིག་གི་ཉམས་ལེན་གྱི། །སྔོན་འགྲོ་ཚོགས་གཉིས་གསོག་པའི་ཐབས་ཁས་དེས། །ལས་ཉོན་འཁོར་བའི་འཁྲུལ་སྣང་སྦྱངས་པ་དང་། །རྒྱ་ཆེན་ཚོགས་གཉིས་ལམ་དུ་བྱེད་པའི་ཚུལ། །གཞི་ལམ་འབྲས་གསུམ་དབྱེར་མེད་དོན་རྟོགས་ན། །འབད་པ་ཆུང་ངུས་ཚོགས་གཉིས་རྫོགས་པར་འགྱུར། །བདུད་ཚོགས་སེམས་སྣང་ཡིན་པར་མ་ཤེས་ན། །ཇི་ལྟར་བཏུལ་ཀྱང་འདུལ་བར་མི་ནུས་བཞིན། །ཚོགས་གཉིས་རང་སྣང་ཡིན་པར་མ་ཤེས་ན། །ཇི་ལྟར་བསྒྲུབ་ཀྱང་རྫོགས་པར་མི་འགྱུར་རོ། །རྡོ་རྗེ་འཆང་ནས་རིམ་པར་བརྒྱུད་པ་ཡི། །སྙན་བརྒྱུད་ཟབ་མོའི་གདམས་པ་འདི་ཡོད་ན། །གསེར་འགྱུར་རྩི་ཡིས་ལྕགས་ཁམས་ཇི་བཞིན་དུ། །མི་བཟོད་ལས་ངན་བསོད་ནམས་ཚོགས་སུ་འགྱུར། །དེ་བཞིན་སྲུང་འཁོར་གཞལ་ཡས་ཁང་སོགས་ཀྱིས། །བདུད་ཚོགས་འདུལ་དང་ཞིང་ཁམས་སྦྱོང་བ་སོགས། །དག་བྱ་དག་བྱེད་སྦྱོར་བའི་ཚུལ་ཤེས་ན། །ཀུན་མཁྱེན་གོ་འཕང་ཐོབ་ལ་མི་རིང་ཉེ། །གང་ཞིག་ཕར་ཕྱིན་ཐེག་པའི་གཞུང་ལུགས་བཞིན། །མགོ་དང་རྐང་ལག་གཏོང་བའི་དཀའ་སྤྱད་ཀྱིས། །བླ་མེད་རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །མྱུར་ཡང་གྲངས་མེད་གསུམ་དུ་ཚོགས་བསག་དགོས། །གལ་ཏེ་རྡོ་རྗེ་ཐེག་པའི་ལམ་ཞུགས་ནས། །ཟབ་མོ་ནང་གི་དེ་ཉིད་ཤེས་གྱུར་ན། །འདོན་ཡོན་ལམ་ཁྱེར་གསང་སྔགས་ཐབས་མཁས་ཀྱི། །ཚེ་གཅིག་རྫོགས་པའི་སངས་རྒྱས་ཐོབ་པར་གསུངས། །འཁྲུལ་སྣང་འཁོར་བའི་སྡུག་བསྔལ་ཀུན་གྱི་རྒྱུ། །ཡུལ་རིངསྤང་དཀའ་ཉོན་མོངས་དུག་ལྔ་པོ། །བླ་མའི་དྲིན་གྱིས་རང་ངོ་ཤེས་པའི་ཚེ། །ཡེ་ཤེས་ལྔ་ཡིན་ལོགས་ན་ཡེ་ཤེས་མེད། །མ་དག་ལས་ཉོན་རྒྱུ་ལས་གྲུབ་པ་ཡི། །རང་ལུས་རྩ་སོགས་དཀྱིལ་འཁོར་བཞི་པོ་འདི། །དག་པ་ཡེ་ཤེས་ཆེན་པོའི་རང་གཟུགས་ཀྱི། །རྒྱལ་བ་སྐུ་བཞི་ཞེས་པའང་འདི་རང་ལགས། །བདུད་དང་གདུག་རྩུབ་ལྷ་འདྲེས་འཚེ་བ་ཡང་། །ནང་གི་ཉོན་མོངས་དུག་ལྔའི་གཟུགས་བརྙན་ཡིན། །རྣམ་དག་རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་ཡང་། །རང་སེམས་དག་པའི་སྣང་བརྙན་ཙམ་དུ་བས། །འཁོར་འདས་ཕྱི་རུ་བཟུང་ནས་རེ་དོགས་ཀྱིས། །ངལ་བའི་ཁུར་ཆེན་འཛིན་པ་སྤངས་ནས་ནི། །གཉིས་མེད་སེམས་ཀྱི་དེ་ཉིད་མཐོང་བ་ན། །འཁྲུལ་སྣང་དགག་སྒྲུབ་ངང་གིས་ཞིག་པར་འགྱུར། །སྲིན་བུའི་ཁ་ཆུས་རང་ལུས་བཅིང་བ་ལྟར། །རང་གི་རྟོག་པས་རང་ཉིད་བསླུས་པའི་ཚུལ། །དམ་པའི་དྲིན་གྱིས་ལེགས་པར་རྟོགས་གྱུར་ན། །སྤང་དང་ཐོབ་ཅེས་བྱ་བ་ཐ་སྙད་ཙམ། །དགེ་བའི་སེམས་ཀྱིས་བདེ་སྐྱིད་མི་ཚོལ་བར། །འབད་པའི་སྒོ་བརྒྱས་ཕུན་ཚོགས་སྒྲུབ་པ་ལྟར། །ཟབ་མོ་ནང་གི་རྟེན་འབྲེལ་མི་ཤེས་པར། །སངས་རྒྱས་ཕྱི་རུ་བཙལ་བའང་དེ་དང་འདྲ། །ཁ་ཟས་རང་གིས་ཟ་བ་སྤངས་ནས་ནི། །རང་གི་གཟུགས་བརྙན་ཟས་ཀྱིས་སྐྱོང་བ་ལྟར། །རང་ལུས་རྒྱལ་བའི་དཀྱིལ་འཁོར་མི་མཆོད་པར་། །དེ་ཡི་གཟུགས་བརྙན་མཆོད་པ་ཉོན་རེ་མོངས། །ལུས་འདི་རྒྱལ་བ་ཀུན་གྱི་ཕོ་བྲང་སྟེ། །ས་དང་ལམ་གྱི་གཏེར་མཛོད་ལུས་འདི་ཡིན། །སངས་རྒྱས་ཐུབ་པ་ལུས་འདིའི་དྲིན་ཡིན་པས། །ལུས་ལ་བརྙེས་པ་དུག་བཞིན་སྤོང་བར་མཛོད། །སྡེ་སྣོད་གསུམ་དང་རྣམ་བཞིའི་རྒྱུད་སྡེ་ཡི། །བརྗོད་བྱ་ཐེག་གསུམ་ལམ་གྱི་རྟོགས་པའི་རིགས། །སྡོམ་པ་གསུམ་སོགས་རྣམ་བྱང་ཆོས་རྣམས་ཀུན། །རིག་ཐོག་གཅིག་ཏུ་དྲིལ་ལ་ཉམས་སུ་ལོངས། །དལ་འབྱོར་རྟེན་ཐོབ་ཆོས་དང་བླ་མ་བཟང་། །མཐུན་རྐྱེན་ལེགས་ཚོགས་གང་ལ་བསམ་ཀྱང་རུང་། རྟེན་འབྲེལ་འདི་འདྲ་ཕྱིས་ནས་རྙེད་དཀའ་བས། །ཡུན་རིང་འཚོ་བའི་ཐུགས་བསྐྱེད་ཅིས་ཀྱང་མཛོད། །བདག་ཀྱང་འདི་འདྲའི་ཚུལ་ལ་བསླབས་ནས་ནི། །མྱུར་དུ་སྙིང་པོའི་བཙན་ས་འཛིན་འདོད་ཀྱང་། །འཁྲུལ་རྟོག་ཡན་པར་ཤོར་བའི་གཞན་དབང་འདིས། །ཡང་དག་ལམ་ཏུ་གཏོང་བར་དཀའ་བ་འདྲ། །མཁས་པའི་གཞུང་ལ་ཅུང་ཟད་སྦྱངས་ན་ཡང་། །སྒོམ་པའི་ཉོམས་མྱོང་བདག་ལ་མ་མཆིས་པས། །གོ་ཡུལ་ཚིག་གི་ལམ་ལ་ཞེན་པ་ཡི། །རྟོག་གེའི་ཚིག་ལ་ཡིད་རྟོན་འཆའ་བ་ལས། །དམ་པ་ཁྱེད་ཀྱིས་ད་ལྟའི་མཛད་པ་བཞིན། །ད་དུང་སྒྲུབ་པའི་རྒྱལ་མཚན་ཚུགས་ཤིག་དང་། །ཁོ་ཐག་ནང་ནས་ཆོད་པའི་ཉམས་མྱོང་ཞིག །འབྱུང་བ་རྟེན་འབྲེལ་ཟབ་མོའི་ཆེ་བ་ལགས། །གཏིང་མཐའ་མི་མངོན་སྲིད་པའི་རྒྱ་མཚོ་ཆེ། །སྡུག་བསྔལ་བྱེ་བའི་རླབས་ཕྲེང་གཡོ་བ་འདི། །རང་བློ་རྨོངས་པའི་རྣམ་འགྱུར་ཙམ་ཞིག་ལས། །གཞན་དུ་གྲུབ་པ་ཡོད་ཚོད་མི་འདྲ་བས། །ཀུན་རྨོངས་སྲིད་པའི་མུན་པ་འཇོམས་པ་ལ། །བྱིན་རླབས་བདུད་རྩིའི་འོད་དཀར་དང་འགྲོགས་པ། །མཁྱེན་པའི་གཏེར་གྱུར་རྗེ་བཙུན་བླ་མ་དང་། །དབྱེར་མེད་ཨ་མའི་ཟླ་བ་མ་ལགས་སམ། །འདི་བགྱིས་པ་ལས་བྱུང་བའི་དགེ་བ་ཡིས། །ཡིད་མཐུན་ཆོས་ཀྱི་གྲོགས་པོ་ཁྱེད་དང་ངས། །ཡུན་རིང་སྒྲུབ་པའི་དམ་བཅའ་མཐར་ཕྱིན་ནས། །སྤངས་རྟོགས་ཡོན་ཏན་ཡོངས་སུ་རྫོགས་པར་ཤོག །འདི་སྣང་ནུབ་ནས་ཕྱི་མའི་དུས་ཀྱི་ཚེ། །མཁའ་སྤྱོད་དག་པའི་ཞིང་ཁམས་ལ་སོགས་པར། །རྗེ་བཙུན་བླ་མ་བཞུགས་པའི་ཞབས་དྲུང་དུ། །ངོ་ཤེས་བཞིན་དུ་བདག་ཅག་འཕྲད་པར་ཤོག །དེ་ནས་མིག་འཕྲུལ་ལྟ་བུའི་ཏིང་འཛིན་གྱིས། །རྒྱལ་ཀུན་གསུང་གི་བདུད་རྩི་འཐུང་བ་དང་། །ཞིང་ཁམས་རྒྱ་མཚོའི་བཀོད་པ་བལྟ་བའི་ཕྱིར། །བདག་ཅག་གཉིས་པོ་ལྷན་དུ་འདོང་བར་ཤོག །རབ་ཞི་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །མཁའ་ཁྱབ་གདུལ་བྱའི་བསམ་པ་དང་འཚམས་པར། །སྣ་ཚོགས་སྤྲུལ་པའི་རོལ་པ་བསམ་ཡས་ཀྱིས། །རྒྱལ་ཀུན་འཕྲིན་ལས་ལྷན་དུ་སྐྱོང་བར་ཤོག །གཡོ་མེད་ལྷག་བསམ་བཟང་པོའི་མཐུ་སྟོབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །བླ་མ་མཆོག་གསུམ་ལྷ་ཡི་བྱིན་མཐུ་ཡིས་། །ཇི་སྐད་སྨོན་པ་དེ་བཞིན་འགྲུབ་གྱུར་ཅིག །ཚུལ་འདི་རྗེ་བཙུན་བླ་མའི་བཀའ་དྲིན་གྱིས། །འཁྲུལ་མེད་དཔལ་ལྡན་ས་སྐྱའི་རང་ལུགས་ལ། །ཤེས་ནས་དད་པ་ཐོབ་པའི་སྐལ་བཟང་པོ། །ཤཱཀྱའི་དགེ་སློང་ཀུན་དགའི་མིང་གིས་བྲིས། །ཤིན་ཏུ་དགེ་ཞིང་བཀྲ་ཤིས་དཔལ་འབར་ཤོག། །།དགེའོ། དགེའོ། །དགེའོ། །

བླ་མའི་རྣལ་འབྱོར་གྱི་དོན་འགྲེལ་ཞལ་རྒྱུན་མཆན་བུ་ཅན།

རབ་འབྱམས་རྒྱལ་བ་ཀུན་གྱི་ཡེ་ཤེས་ནི། །བདག་སོགས་དུས་མཐའི་གདུལ་བྱའི་དོན་སླད་དུ། །མངོན་སུམ་དགེ་བའི་བཤེས་ཀྱི་ཚུལ་འཛིན་པ། །དཔལ་མགོན་བླ་མ་ལེགས་པའི་ཞབས་ལ་འཚལ་ལོ། །བྱམས་བརྩེའི་དབང་ཕྱུག་སྙིང་གི་མ་ཎི་ཀ་སྟེ་ནོར་བུ། །བཀའ་དྲིན་མཚུངས་མེད་དགེ་བའི་བཤེས་བྱམས་པ་བློ་གྲོས་ཕུན་ཚོགས་ཁྱོད་ལ། །སྡེབ་ལེགས་ཚིག་གི་སྲད་བུ་ལ་བརྒྱུས་པའི། །ལེགས་བཤད་མེ་ཏོག་གསར་བའི་སྐྱེས་འདི་འབུལ། །དུས་གསུམ་རྒྱལ་བའི་བགྲོད་པ་གཅིག་པུའི་ལམ། །གསང་ཆེན་གདམས་པ་རྒྱ་མཚོའི་སྙིང་པོའི་བཅུད། །ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཉེ་ལམ་མཆོག །ཟབ་མོ་བླ་མའི་རྣལ་འབྱོར་འདི་ཉིད་ནི། །ཕྱིའི་བར་ཆད་གདོན་གསུམ་ནང་གི་བར་ནད་གསུམ་གསང་བའི་བར་ཆད་དུག་གསུམ་དང་བཅས་པ་ཞི་བ་དང་། །མཆོག་གི་དངོས་གྲུབ་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་དང་མཐུན་མོང་གི་དངོས་གྲུབ་ལས་བཞི་དང་གྲུབ་ཆེན་བརྒྱད་སོགས་ཐོབ་པར་བྱེད་པའི། །ངེས་དོན་གྱི་གསང་སྔགས་མཐའ་དག་ལམ་གྱི་ཐབས་མཁས་ཇི་སྙེད་ཀྱི། །གནད་དོན་མ་ལུས་ཚང་བའི་ཉམས་ལེན་ལམ་ཟབ་བླ་མ་འདི་ཉིད་ཡིན། །ཡིན་པའི་རྒྱུ་མཚན་ནི་ལམ་གྱི་སྐྱབས་ཡུལ་བླ་མའི་སྐུ་དགེ་འདུན་གསུང་དམ་ཆོས་ཟུང་འཇུག་སངས་རྒྱས་ཏེ་དཀོན་མཆོག་རྣམ་གསུམ་དང་། །འབྲས་བུ་སྐྱབས་ཡུལ་རང་སེམས་དག་པའི་གསལ་བ་སྤྲུལ་སྐུ་སྟོང་པ་ཆོས་སྐུ་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྟེ་སྐུ་གསུམ་ལ་སོགས་པ། །མདོར་ན་སྐྱབས་གནས་ཐམས་ཅད་བླ་མའི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་ལ། །ཚང་བའི་ཚུལ་འདི་ལེགས་པར་རྟོགས་གྱུར་ན། །གཞི་ལམ་འབྲས་གསུམ་ངོ་བོ་གཅིག་ད་ལྟའི་རིག་པ་སྐད་ཅིག་མ་འདི་ལས་ལོགས་སུ་ཡོད་པ་མ་ཡིན་པས། །ལམ་གྱི་ཆོས་སྨིན་གྲོལ་འཁོར་བཅས་པ་རྣམས་བླ་མའི་རྣལ་འབྱོར་གྱི་ནང་དུ་འདུས་པ་དང་། །གཞི་ཡི་ཆོས་ཀུན་རང་གི་ཕུང་ཁམས་སྐྱེ་མཆེད་ལ། །ཚང་ཞིང་དེ་ཡང་རིག་པ་སྐད་ཅིག་མ་འདི་ལ་ཚང་བའི་བློ་འདི་ཤུགས་ཀྱིས་སྐྱེ་བར་འགྱུར། །ལམ་གྱི་ཆོས་རྣམས་ཇི་ལྟར་ཚང་ན། མདོར་བསྟན་རྒྱས་བཤད་གཉིས་ལས་དང་པོ་ནི། སྔོན་འགྲོ་ཚོགས་གཉིས་བླ་མའི་ལམ་གྱིས་རྫོགས། །དངོས་བཞི་རིམ་གཉིས་བླ་མའི་ལམ་ལ་ཚང། །འབྲས་བུ་སྐུ་གཉིས་བླ་མའི་ལམ་གྱིས་ཐུགས་ཡིད་འདྲེས་ན་སྐུ་གཉིས་ཐོབ། །དེ་ཕྱིར་འདི་ལ་གཞི་ལམ་འབྲས་གསུམ་ཐམས་ཅད་ཚང་ཞེས་བྱ། །རྒྱས་པར་བཤད་པ་ནི། སྨིན་བྱེད་དབང་བཞི་བླ་མའི་ལམ་གྱིས་རིམ་དང་གཅིག་ཅར་གྱི་སྒོ་ནས་ཐོབ། །གྲོལ་བྱེད་ལམ་བཞི་བླ་མའི་ལམ་ལ་ཚང་སྟེ་ལམ་བཞི་ཆར་གྱི་ལྟ་བ་འདྲེན་་ནུས་པའི་ཕྱིར། །སྤང་བྱ་ལུས་དང་ངག་དང་ཡིད་དང་གསུམ་ཆར་གྱི་སྒྲིབ་པ་དང་བཅས་སྒྲིབ་བཞི་བླ་མའི་ལམ་གྱིས་སྤོང། །གནས་སྐབས་ལས་བཞི་བླ་མའི་ལམ་གྱིས་འགྲུབ། །མཐར་ཐུག་སྐུ་བཞི་བླ་མའི་ལམ་གྱིས་རང་ངོ་འཕྲོད་པའི་སྒོ་ནས་ཐོབ། །དེ་ཕྱིར་འདི་ལ་ཐམས་ཅད་ཚང་ཞེས་བྱ། །དེ་ལྟ་ན་སྐྱབས་གནས་དང་ལམ་ཐམས་ཅད་བླ་མའི་ལམ་ལ་ཚང་བར་ཤེས་པའི་སྒོ་ནས། བདེ་གཤེགས་རྒྱལ་བ་གཤེགས་པ་དང་གཤེགས་མ་སེམས་དཔའ་དང་སེམས་མ་ཁྲོ་བོ་དང་ཁྲོ་མོའི་ཚོགས་རྣམས་གདན་གསུམ་ཚང་བའི་ལྷ། །བླ་མའི་སྐུ་ལ་གཟུགས་ཕུང་རྣམ་སྣང་སོགས་ངོ་བོ་སྒོ་ནས་ཚང་བར་ཡིད་ཆེས་ནས། །སྐུ་ཡི་བྱིན་མ་ལུས་འོད་དཀར་པོ་ༀ་ཡིག་གི། །རྣམ་པས་བླ་མའི་སྨིན་མཚམས་ནས་བྱུང་རང་གི་དཔྲལ་བར་ཐིམ་པའི་མོད། །སྦྱང་གཞི་ཕུང་ཁམས་སྐྱེ་མཆེད་དེ་ཕུང་པོ་ལྔ། འབྱུང་བ་ལྔ། དབང་པོ་དྲུག །ཡུལ་དྲུག །ཚིགས་ཆེན་བརྒྱད་སྤྱི་བོ་དང་རྐང་མཐིལ་གཉིས་བཅས་སུམ་ཅུ་གཉིས། །སྦྱང་འབྲས་གདན་གསུམ་ཚང་བ་ལྷ་ཡི་ངོ་བོར་ཐག་བཅད་ནས། །མཉམ་རྗེས་ཀུན་ཏུ་མ་བརྗེད་སྐྱོངས་ཤེས་ན། །བུམ་དབང་སྨིན་གྲོལ་ལམ་བསྐྱེད་རིམ་འབྲས་བུ་སྤྲུལ་སྐུ་བཅས་དེ་ལ་ཚང། །དེ་བཞིན་ཡི་གེ་གསང་དབང་དང་ཁམས་ཤེས་རབ་ཡེ་ཤེས་དབང་དང་རླུང་དབང་བཞི་པ་སོགས་ཀྱི། །གདན་གསུམ་དག་བྱ་དག་བྱེད་ངོ་སྤྲད་དེ། །བྱིན་རླབས་དབང་བཞིའི་ཚུལ་དུ་བླངས་ནས་ནི། །སྐུ་བཞིའི་རྟེན་འབྲེལ་བསྒྲིགས་པའི་ཐབས་ཟབ་མོ་ཤེས་ན། །སྨིན་གྲོལ་ལམ་གྱི་ཟབ་གནད་མ་ལུས་པ། །ཐམས་ཅད་འདི་ལ་ཚང་བ་ཡིན་ཞེས་བྱ། །གནས་ལུགས་བསྐྱང་བ་ནི། བླ་མའི་ཐུགས་དང་རང་སེམས་བསྲེས་ནས་བླ་མ་དྲན་བཞིན་པའི་རིག་པ་རང་བབས་སུ་བཞག་ནས་ནི། །རིག་པའི་ཡེ་ཤེས་རང་ངོ་མཐོང་བ་ན། །ཀུན་འབྱུང་དུག་ལྔ་སྡུག་བསྔལ་ཕུང་པོ་ལྔ། །མ་སྤངས་ཕུང་པོ་དང་དུག་ལྔ་ལྷ་དང་ཡེ་ཤེས་ཆེན་པོ་ཡི། །ངོ་བོར་གདོད་ནས་ལྷུན་གྱིས་གྲུབ་པའི་ཚུལ། །འཁོར་འདས་བཟང་ངན་གཉིས་འཛིན་སོགས་སྣང་སྲིད་ཐམས་ཅད་རང་སེམས་སྤྲོས་པ་དང་བྲལ་བ་སོགས་སྐུ་གསུམ་རང་ངོ་འཕྲོད་པའི་དག་པ་མཉམ་ཉིད་ཆེན་པོའི་ལྟད་མོ་འདི། །མངོན་སུམ་མཐོང་ན་སྟེ་རང་སེམས་བླ་མར་མཐོང་ན་དབང་བཞི་རྫོགས་ཞེས་གསུངས་པ་ལྟར་དབང་བཞི་བྱིན་རླབས་ཀྱི་ལམ་གནད་ཀུན། །སེམས་ངོ་སྐྱོང་བ་འདི་ལ་འདུས་ཀྱི་གཞན་རྣམས་བསྐྱེད་རྫོགས་འཁོར་འདས་སོགས་སྤྲོས་པ་ཙམ། །རིགས་ཀུན་གྱི་ཁྱབ་བདག་རྡོ་རྗེ་དཔའི་ངོ་བོ་དཔལ་མགོན་བླ་མ་ཞེས། །བརྗོད་པ་གཞན་གྱི་ལད་མོ་མ་ཡིན་པར། །དཀོན་མཆོག་གསུམ་དང་ཡི་དམ་ཞི་ཁྲོའི་རབ་འབྱམས་ལྷ་ཚོགས་རྣམས། །བླ་མ་མཆོག་ལས་གཞན་དུ་མི་རྙེད་པའི། །ཡིད་ཆེས་དད་པའི་ངེས་པ་བསྐྱེད་ནས་ནི། །དངོས་གཞི་ལྷ་ཡི་བསྒོམ་བཟླས་བྱེད་པ་དང་། །ཐུན་མཚམས་སུ་ཁ་ཟས་ཀྱི་རྣལ་འབྱོར་ཡང་བླ་མ་མཆོད་པར་ཤེས་པ་དང་གཏོར་མའི་རྣལ་འབྱོར་དང་། །འཕྲོ་རྒོད་ཉོན་མོངས་པ་དུག་ལྔའི་རྟོག་པ་འདོད་ཆགས་ཀྱི་རྣམ་རྟོག་ཤར་ཚེ་བླ་མ་འོད་དཔག་མེད་མཇལ་བྱུང་སྙམ་པ་སོགས་དང་། །སྐྱེ་འཆི་བར་དོའི་འཁྲུལ་སྣང་ལ་སོགས་པ། །མདོར་ན་འཁོར་འདས་ཀྱི་སྣང་བ་ཐམས་ཅད་། ཟབ་མོ་བླ་མའི་ལམ་དུ་འཁྱེར་ཤེས་ན། །སྣང་སྲིད་བླ་མར་ཤར་བའི་ཉམས་ལེན་འདིས། །ལྷན་སྐྱེས་བདེ་ཆེན་རིག་སྟོང་གཉུག་མའི་གཤིས། །ངེས་པ་དོན་གྱི་བླ་མ་རིན་པོ་ཆེའི། །རང་ཞལ་མཇལ་ཏེ་སེམས་ངོ་འཕྲོད་ནས་རྗེས་སུ་འཛིན་པར་འགྱུར། །མ་དག་རང་སེམས་ཐ་མལ་དུ་ལུས་པའི་ཚེ། །སྟེ་སོ་སྐྱེ་འཆིང་བ་ཀུན་ལྡན་ཕྱིར། སྤངས་རྟོགས་ཡོན་ཏན་རྫོགས་པའི་སངས་རྒྱས་དང་། །ཁྱད་པར་མེད་པའི་དཔལ་མགོན་བླ་མ་ཡང་། །གང་ཟག་ཕལ་བའི་ཚུལ་དུ་མཐོང་བར་འགྱུར། །བར་དུ་ཚོགས་གཉིས་བསགས་ཏེ་སེམས་ཉིད་ཅུང་ཟད་སྦྱང་བ་མཐོང་ལམ་གྱི་ཡེ་ཤེས་ཐོབ་པ་ན། །དམ་པའི་མགོན་དེ་སྤྲུལ་བའི་སྐུ་རུ་མཐོང་། །སེམས་ཉིད་ཤིན་ཏུ་དག་པའི་དག་ས་བཅུ་ལ་སོགས་པའི་གནས་སྐབས་ན། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་རུ་སྣང་། །ནམ་ཞིག་དགོངས་པ་དབྱེར་མེད་གྱུར་པ་ན། །ཆོས་སྐུའི་ངང་དུ་རོ་གཅིག་འགྱུར་བའི་ཕྱིར། །བླ་མའི་དགོངས་པ་སངས་རྒྱས་དངོས་ཡིན་ཀྱང། །བློ་ཡི་རིམ་པས་དུ་མར་སྣང་བ་ལགས། །ཚུལ་འདི་ཟབ་མོ་བླ་མའི་རྣལ་འབྱོར་འདི་ནི། །དབང་པོ་རབ་ཀྱི་ལམ་གྱི་དངོས་གཞི་ཞེས། །སྐྱོན་མེད་གྲུབ་པའི་དབང་ཕྱུག་ས་སྐྱ་པ། །གོང་མའི་གསུང་གི་དགོངས་པ་ཡིན་ནམ་སྙམ། །ལྟ་རིམ་ནི། འཁོར་འདས་གཉིས་པོ་རྟོག་པས་བཏགས་པ་ཙམ། །དགེ་དང་སྡིག་པ་སེམས་སྣང་ཙམ་དུ་ཟད། །བསྐལ་པའི་ཡུན་དང་ཆེ་ཆུང་བཟང་ངན་སོགས། །ཐམས་ཅད་བློས་བཏགས་ཡིན་གྱི་དོན་ལ་མེད། །འདི་འདྲའི་ཚུལ་ལ་ངེས་པ་བསྐྱེད་ནས་ནི། །ལྷ་སྔགས་ཏིང་འཛིན་སྒྱུ་མར་ཤེས་པའི་བློས། །དཔེར་ན་སྟན་ཐོག་གཅིག་གི་ཉམས་ལེན་གྱི། །སྔོན་འགྲོ་ཚོགས་གཉིས་བསོག་པའི་ཐབས་མཁས་དེས། །ལས་ཉོན་འཁོར་བའི་འཁྲུལ་སྣང་སྦྱོངས་པ་དང་། །རྒྱ་ཆེན་ཚོགས་གཉིས་ལམ་དུ་བྱེད་པའི་ཚུལ། །གཞི་ལམ་འབྲས་གསུམ་པོ་བློས་བཏགས་པ་ཙམ་མ་གཏོགས་ངོ་བོ་དབྱེར་མེད་པའི་དོན་རྟོགས་ན། །འབད་པ་ཆུང་ངུས་ཚོགས་གཉིས་རྫོགས་པར་འགྱུར་། །དཔེར་ན་བདུད་ཚོགས་སེམས་སྣང་ཡིན་པར་མ་ཤེས་ན། །ཇི་ལྟརབཏུལ་ཀྱང་འདུལ་བར་མི་ནུས་བཞིན། །ཚོགས་གཉིས་རང་སྣང་ཡིན་པར་མ་ཤེས་ན། །ཇི་ལྟར་སྒྲུབ་ཀྱང་རྫོགས་པར་མི་འགྱུར་རོ། །རྡོ་རྗེ་འཆང་ནས་རིམ་པར་བརྒྱུད་པ་ཡི། །སྙན་བརྒྱུད་ཟབ་མོའི་བླ་མའི་རྣལ་འབྱོར་གྱི་གདམས་པ་འདི་ཡོད་ན། །གསེར་འགྱུར་རྩི་ཡིས་ལྕགས་ཁམས་གསེར་དུ་བསྒྱུར་བ་ཇི་ལྟ་བ་བཞིན་དུ། །མི་བཟད་ལས་ངན་འཁྲུལ་བའི་རྟོགས་ཚོགས་ཐམས་ཅད་བསོད་ནམས་ཚོགས་སུ་འགྱུར། །དེ་བཞིན་བསྲུང་འཁོར་གཞལ་ཡས་ཁང་སོགས་ཀྱིས། །རིམ་པ་བཞིན་རང་སེམས་འཁྲུལ་སྣང་གིས་བདུད་ཚོགས་འདུལ་དང་གཞལ་ཡས་ཁང་བསྒོམ་པས་ཞིང་ཁམས་སྦྱོང་བ་སོགས། །དག་བྱ་དག་བྱེད་སྦྱོར་བའི་ཚུལ་ཟབ་མོ་བརྒྱུད་ལྡན་བླ་མ་ལ་ཡུན་དུ་བསྟེན་ཏེ་གནད་ཚུལ་བཞིན་ཤེས་ན། །ཀུན་མཁྱེན་གོ་འཕང་ཐོབ་ལ་མི་རིང་ཉེ། །གང་ཞིག་ཕར་ཕྱིན་ཐེག་པའི་གཞུང་ལུགས་ལས། །མགོ་དང་རྐང་ལག་གཏོང་བའི་དཀའ་སྤྱད་ཀྱིས། །བླ་མེད་རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །མྱུར་ཡང་གྲངས་མེད་གསུམ་གྱི་ཚོགས་བསགས་དགོས། །གལ་ཏེ་རྡོ་རྗེ་ཐེག་པའི་ལམ་ཞུགས་ནས། །རང་སེམས་སྐུ་བཞི་ངོ་སྤྲོད་ཀྱི་གདམས་པ། ཟབ་མོ་ནང་གི་དེ་ཉིད་ཤེས་གྱུར་ན། །འདོད་ཡོན་མ་སྤངས་པ་ལམ་དུ་ཁྱེར་བའི་གསང་སྔགས་རྡོ་རྗེ་ཐེག་པ་ཐབས་མཁས་ཀྱིས། །ཚེ་གཅིག་ལ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གསུངས། །འཁྲུལ་སྣང་འཁོར་བའི་སྡུག་བསྔལ་ཀུན་གྱི་རྒྱུ། །ཡུན་རིང་སྤང་དཀའ་ཉོན་མོངས་དུག་ལྔ་པོ། །དེ་དག་བླ་མའི་དྲིན་གྱིས་རང་ངོ་ཤེས་པའི་ཚེ། །ཡེ་ཤེས་ལྔ་ཡིན་ལོགས་ན་ཡེ་ཤེས་མེད། །མ་དག་ལས་ཉོན་རྒྱུ་ལས་གྲུབ་པ་ཡི། །རང་ལུས་རྩ་སོགས་དཀྱིལ་འཁོར་བཞི་པོ་འདི། །དག་པ་ཡེ་ཤེས་ཆེན་པོའི་རང་གཟུགས་ཀྱི། །རྒྱལ་བ་སྐུ་བཞི་ཞེས་པའང་རང་ངོ་ཤེས་ན་འདི་རང་ལགས། །བདུད་དང་གདུག་རྩུབ་ལྷ་འདྲེས་འཚེ་བ་ཡང་། །ནང་གི་ཉོན་མོངས་དུག་ལྔའི་གཟུགས་བརྙནཡིན། །རྣམ་དག་རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་ཡང་། །རང་སེམས་དག་པའི་སྣང་བརྙན་ཙམ་དུ་བས། །འཁོར་འདས་ཕྱི་རུ་བཟུང་ནས་རེ་དོགས་ཀྱིས། །ངལ་བའི་ཁུར་ཆེན་འཛིན་པ་སྤངས་ནས་ནི། །གཉིས་མེད་སེམས་ཀྱི་དེ་ཉིད་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་མཐོང་བ་ན། །འཁྲུལ་སྣང་དགག་སྒྲུབ་ངང་གིས་ཞིག་པར་འགྱུར། །སྲིན་བུའི་ཁ་ཆུས་རང་ལུས་བཅིང་བ་ལྟར། །རང་གི་རྟོག་པས་རང་ཉིད་བསླུས་པའི་ཚུལ། །བླ་མའི་དྲིན་གྱིས་ལེགས་པར་རྟོགས་འགྱུར་ན། །འཁོར་བ་སྤངས་དང་མྱང་འདས་ཐོབ་ཅེས་བྱ་བ་ཐ་སྙད་ཙམ། །སྦྱིན་པ་གཏོང་བ་སོགས། དགེ་བའི་སེམས་ཀྱིས་བདེ་སྐྱིད་མི་ཚོལ་བར། །ཚོང་ཁེ་སྐྱེད་སོགས་ཁོ་ན་འབད་པའི་སྒོ་བརྒྱས་ཕུན་ཚོགས་སྒྲུབ་པ་ལྟར། །ཟབ་མོ་ནང་གི་རྟེན་འབྲེལ་མི་ཤེས་པར། །སངས་རྒྱས་ཕྱི་རུ་བཙལ་བའང་དེ་དང་འདྲ། །ཁ་ཟས་རང་གིས་ཟ་བ་སྤངས་ནས་ནི། །རང་གི་གཟུགས་བརྙན་ཟས་ཀྱིས་སྐྱོངས་བ་ལྟར། །རང་ལུས་རྒྱལ་བའི་དཀྱིལ་འཁོར་མི་མཆོད་པར། །དེ་ཡི་གཟུགས་བརྙན་མཆོད་པ་ཉོན་རེ་མོངས། །ལུས་འདི་རྒྱལ་བ་ཀུན་གྱི་ཕོ་བྲང་སྟེ། །ས་དང་ལམ་གྱི་གཏེར་མཛོད་ལུས་འདི་ཡིིན། །སངས་རྒྱས་ཐོབ་པ་ལུས་འདིའི་དྲིན་ཡིན་པས། །ལུས་ལ་བརྙས་པ་དུག་བཞིན་སྤོང་བར་མཛོད། །སྡེ་སྣོད་གསུམ་དང་རྣམ་བཞི་རྒྱུད་སྡེ་ཡི། །བརྗོད་བྱ་ཐེག་གསུམ་ལམ་གྱི་རྟོགས་རིགས་ཀུན། །སྡོམ་པ་གསུམ་སོགས་རྣམ་བྱང་ཆོས་རྣམས་ཀུན། །རིག་ཐོག་གཅིག་ཏུ་དྲིལ་ལ་ཉམས་སུ་ལོངས། །དལ་འབྱོར་རྟེན་ཐོབ་ཆོས་དང་བླ་མ་བཟང་། །མཐུན་རྐྱེན་ལེགས་ཚོགས་གང་ལ་བསམ་ཀྱང་རུང་། །རྟེན་འབྲེལ་འདི་འདྲ་ཕྱི་ནས་རྙེད་དཀའ་བས། །ཡུན་རིང་འཚོ་བའི་ཐུགས་བསྐྱེད་ཅིས་ཀྱང་མཛོད། །བདག་ཀྱང་འདི་འདྲའི་ཚུལ་ལ་བསླབ་ནས་ནི། །མྱུར་དུ་སྙིང་པོའི་བཙན་ས་འཛིན་འདོད་ཀྱང་། །འཁྲུལ་རྟོག་ཡན་པར་ཤོར་བའི་གཞན་དབང་འདི། །ཡང་དག་ལམ་དུ་གཏོང་བར་དཀའ་བ་འདྲ། །མཁས་པའི་གཞུང་ལ་ཅུང་ཟད་སྦྱངས་ན་ཡང་། །སྒོམ་པའི་ཉམས་མྱོང་བདག་ལ་མ་མཆིས་པས། །གོ་ཡུལ་ཚིག་གི་ལམ་ལ་ཞེན་པ་ཡི། །རྟོག་གེའི་ཚིག་ལ་ཡིད་རྟོན་འཆའ་བ་ལས། །དམ་པ་ཁྱེད་ཀྱིས་ད་ལྟའི་མཛད་པ་བཞིན། །ད་དུང་སྒྲུབ་པའི་རྒྱལ་མཚན་ཚུགས་ཤིག་དང་། །ཁོ་ཐག་ནང་ནས་ཆོད་པའི་ཉམས་མྱོང་ཞིག །འབྱུང་བ་རྟེན་འབྲེལ་ཟབ་མོའི་ཆེ་བ་ལགས། །གཏིང་མཐའ་མི་མངོན་སྲིད་པའི་རྒྱ་མཚོ་ཆེ། །སྡུག་བསྔལ་བྱེ་བའི་རླབས་ཕྲིང་གཡོ་བ་འདི། རང་བློ་རྨོངས་པའི་རྣམ་འགྱུར་ཙམ་ཞིག་ལས། །གཞན་དུ་གྲུབ་པ་ཡོད་ཚོད་མི་འདྲ་བས། །ཀུན་རྨོངས་སྲིད་པའི་མུན་པ་འཇོམས་པ་ལ། །བྱིན་རླབས་བདུད་རྩིའིི་འོད་དཀར་དང་འགྲོགས་པ། །མཁྱེན་པའི་གཏེར་གྱུར་རྗེ་བཙུན་བླ་མ་དང་། །དབྱེར་མེད་ཨ་མའི་ཟླ་བ་བླ་མ་བློ་གྲོས་ལ་སྦྱར་ན་མཁའ་སྤྱོད་མ་དང་རིན་པོ་ཆེ་ཉིད་ལ་སྦྱར་ན་དབྱངས་ཅན་མ་སྟེ་བླ་མ་དང་ལྷག་པའི་ལྷ་དབྱེར་མི་ཕྱེད་པ་དེ་མ་ལགས་སམ་སྟེ་ལགས་སོ། །འདི་བགྱིས་པ་ལས་བྱུང་བའི་དགེ་བ་ཡིས། །ཡིད་མཐུན་ཆོས་ཀྱི་གྲོགས་པོ་ཁྱོད་དང་ངས། །ཡུན་རིང་སྒྲུབ་པའི་དམ་བཅའ་མཐར་ཕྱིན་ནས། །སྤངས་རྟོགས་ཡོན་ཏན་ཡོངས་སུ་རྫོགས་པར་ཤོག །འདི་སྣང་ནུབ་ནས་ཕྱི་མའི་དུས་ཀྱི་ཚེ། མཁའ་སྤྱོད་དག་པའི་ཞིང་ཁམས་ལ་སོགས་པར། །རྗེ་བཙུན་བླ་མ་བཞུགས་པའི་ཞབས་དྲུང་དུ། །ངོ་ཤེས་བཞིན་དུ་བདག་ཅག་འཕྲད་པར་ཤོག །དེ་ནས་མིག་འཕྲུལ་ལྟ་བུའི་ཏིང་འཛིན་གྱིས། །རྒྱལ་ཀུན་གསུང་གི་བདུད་རྩི་འཐུང་བ་དང་། །ཞིང་ཁམས་རྒྱ་མཚོའི་བཀོད་པ་བལྟ་བའི་ཕྱིར། །བདག་ཅག་གཉིས་པོ་ལྷན་དུ་འདོང་པར་ཤོག །རབ་ཞི་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན། །མཁའ་ཁྱབ་གདུལ་བྱའི་བསམ་པ་དང་འཚམས་པར། །སྣ་ཚོགས་སྤྲུལ་པའི་རོལ་པ་བསམ་ཡས་ཀྱིས། །རྒྱལ་ཀུན་ཕྲིན་ལས་ལྷན་དུ་སྐྱོང་བར་ཤོག །གཡོ་མེད་ལྷག་བསམ་བཟང་པོའི་མཐུ་སྟོབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །བླ་མ་མཆོག་གསུམ་ལྷ་ཡི་བྱིན་མཐུ་ཡིས། །ཇི་སྐད་སྨོན་པ་དེ་བཞིན་འགྲུབ་གྱུར་ཅིག །ཚུལ་འདི་རྗེ་བཙུན་བླ་མའི་བཀའ་དྲིན་གྱིས། །འཁྲུལ་མེད་དཔལ་ལྡན་ས་སྐྱའི་རང་ལུགས་ལ། །ཤེས་ནས་དད་པ་ཐོབ་པའི་སྐལ་བཟང་པོ་། །ཤཱཀྱའི་དགེ་སློང་ཀུན་དགའི་མིང་གིས་བྲིས། །ཤིན་ཏུ་དགེ་ཞིང་བཀྲ་ཤིས་དཔལ་འབར་ཤོག།། །།དགེའོ། །དགེའོ། །དགེའོ། །

རྡོ་རྗེ་ཐེག་པའི་ཉམས་ལེན་ཟབ་མོ་བླ་མའི་རྣལ་དོན་འགྲེལ་ཚང་ལ་མ་ནོར་བ་འདི་ཉིད་བླ་མའི་ཞལ་རྒྱུན་ལྟར་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཆན་བུ་བཏབ་པ་རབ་རྒྱལ་ཤིང་ཡོས་ལོའི་འཇམ་དབྱངས་ས་པཎ་གྱི་དགོངས་རྫོགས་དུས་ཆེན་ཉིན་པར་དུ་བསྐྲུན་པ་དགེའོ། །


previousགསོལ་འདེབས་དང་འཕྲིན་བཅོལ་སྨོན་ལམ་གྱི་སྐོར།next