Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  collapse section
   
   
   
   
   
   
   
   
   
   
བསྔོ་བ་སྒོམ་ལམ་བཤད་པ།
   
   
   
   
  expand section
  expand section
  expand section
  expand section
  expand section


 
previousབསྔོ་བ་སྒོམ་ལམ་བཤད་པ།next

བསྔོ་བ་སྒོམ་ལམ་བཤད་པ།


GLG013_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བསྔོ་བ་སྒོམ་ལམ་བཤད་པ། གཉིས་པ་བསྔོ་བ་སྒོམ་ལམ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། སྒོམ་ལམ་གཉིས་པ་དགེ་རྩ་རྫོགས་བྱང་གི་ཡན་ལག་ཏུ་སྒྱུར་བྱེད་བསྔོ་བ་ཡིད་ལ་བྱེད་པ་ཞེས་བྱ་བ་འཆད་ཚུལ་ཡོད་དེ། དེ་ལྟར་ཡུམ་དོན་གསུམ་གྱི་འབྱུང་གནས་སུ་མོས་པའི་སྒོམ་ལམ་ལས་བསྔོ་བ་འབྱུང་བའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། ཡོངས་སུ་བསྔོ་བ་ཁྱད་པར་ཅན་བྱང་སེམས་སྒོམ་ལམ་པ་དེ་ཡི་བསྔོ་བ་ཆོས་ཅན།


GLG013_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་བྱེད་པ་མཆོག་དང་ལྡན་པ་ཡིན་ཏེ། རང་གཞན་གྱི་དགེ་རྩ་རྣམས་རྫོགས་བྱང་གི་ཡན་ལག་ཏུ་སྒྱུར་བར་བྱེད་པའི་བསྔོ་བ་ཡིན་པའི་ཕྱིར། ཤེས་བྱ་ཆོས་ཅན། དེ་ལ་ནི་རྣམ་པ་བཅུ་གཉིས་ཡོད་དེ། བྱེད་པ་མཆོག་དང་ལྡན་པའི་བསྔོ་བ། སྦྱིན་བྱའི་རྫས་ལ་བདེན་ཞེན་འགོག་པའི་དམིགས་མེད་ཀྱི་རྣམ་པ་ཅན་དུ་བསྔོ་བ། སྦྱིན་ཡུལ་ལ་བདེན་ཞེན་འགོག་པའི་ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཅན་གྱི་བསྔོ་བ། སྦྱིན་པ་ལ་དེ་འགོག་པའི་དབེན་པའི་བསྔོ་བ། རང་དང་སངས་རྒྱས་ཀྱི་དགེ་བ་ལ་དེ་འགོག་པའི་སངས་རྒྱས་བསོད་ནམས་ཚོགས་ཀྱི་རང་བཞིན་དྲན་པའི་སྤྱོད་ཡུལ་ཅན་གྱི་བསྔོ་བ། ཕྱིན་དྲུག་གི་དགེ་བ་ལ་དེ་འགོག་པའི་ཐབས་མཁས་དང་བཅས་པའི་བསྔོ་བ། འཁོར་གསུམ་ལ་དེ་འགོག་པའི་མཚན་མ་མེད་པའི་བསྔོ་བ། ཐ་སྙད་དུ་རྟེན་འབྲེལ་སྒྱུ་མར་ཤེས་ནས་སངས་རྒྱས་ཀྱི་སར་དམིགས་པའི་སངས་རྒྱས་རྗེས་སུ་ཡི་རང་གི་བསྔོ་བ། འཁོར་བའི་རྒྱུར་མི་བསྔོ་བའི་ཁམས་གསུམ་དུ་གཏོགས་པ་མ་ཡིན་པའི་བསྔོ་བ། བསྔོ་བ་གཞན་བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་ཆུང་ངུ་དང་། འབྲིང་དང་། ཆེན་པོ་རྣམ་པ་གསུམ་དུ་ཡོད་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །རང་གི་དགེ་རྩ་རྫོགས་བྱང་གི་ཡན་ལག་ཏུ་སྒྱུར་བར་བྱེད་པའི་བསྔོ་བ་སྒོམ་ལམ་དང་། གཞན་གྱི་དགེ་རྩ་རྫོགས་བྱང་གི་ཡན་ལག་ཏུ་སྒྱུར་བར་བྱེད་པའི་བསྔོ་བ་སྒོམ་ལམ་འགལ་ཟེར་ན། མི་འཐད་པར་ཐལ། བསྔོ་བ་སྒོམ་ལམ་ཡིན་ན་དེ་གཉིས་ཀ་ཡིན་དགོས་པའི་ཕྱིར། གཉིས་རང་ལུགས་ནི། རང་གཞན་གྱི་དགེ་རྩ་རྫོགས་བྱང་གི་ཡན་ལག་ཏུ་སྒྱུར་བར་བྱེད་པའི་ཟག་པ་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་བསྔོ་བ་སྒོམ་ལམ་གྱི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁོ་ན་རེ། ཐེག་དམན་གྱི་བསྔོ་བ་སྒོམ་ལམ་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། དེར་ཐལ། དེ་ཡོད་


GLG013_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། དེར་ཐལ། ཉན་ཐོས་སྒོམ་ལམ་པའི་རྒྱུད་ཀྱི་བསྔོ་བ་དེ་དེ་ཡིན་པའི་ཕྱིར། དེར་ཐལ། དེ་བསྔོ་བ་གང་ཞིག །སྒོམ་ལམ་ཡིན་པའི་ཕྱིར་ན་མ་ཁྱབ། གསུམ་པ་ནི། བྱང་སེམས་སྒོམ་ལམ་པ་ཆོས་ཅན། ཁྱོད་ཀྱིས་དགེ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མི་ཟད་པར་བྱ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་རྣམ་པ་བཅུ་གཉིས་བྱེད་དེ། ཁྱོད་ཀྱིས་དགེ་བ་རྣམས་དོན་དམ་པར་མི་དམིགས་པར་ཐ་སྙད་དུ་དམིགས་པ་ཐེག་པ་གསུམ་གྱིས་གདུལ་བར་བྱ་བའི་སེམས་ཅན་ལ་ལམ་ཉེ་བར་སྟོན་པའི་རྒྱུའི་ངོ་བོ་བྱེད་པ་དང་ལྡན་པ་རྣམས་ཀྱིས་དེ་ལྟར་བྱེད་པའི་ཕྱིར། བསྔོ་བ་ཡིད་བྱེད་ཀྱི་བྱང་སེམས་སྒོམ་ལམ་པའི་བསྔོ་བ་ཆོས་ཅན། ཇི་སྐད་བཤད་པའི་མོས་པ་ཁྱད་པར་ཅན་ཞེས་བྱ་བ་དེ་ལྟར་མིང་དུ་བཏགས་པའི་ཡིད་ལ་བྱེད་པའི་བསྔོ་བ་ཡིན་ཏེ། གོ་རིམ་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་དོན་དམ་པར་མི་དམིགས་ཤིང་ཐ་སྙད་དུ་དམིགས་པའི་བསྔོ་བ་ཡིན་པའི་ཕྱིར། དེ་ཆོས་ཅན། མི་དམིགས་པའི་མིང་ཅན་གྱི་བསྔོ་བ་ཡིན་ཏེ། ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་དོན་དམ་པར་མི་དམིགས་ཤིང་། ཐ་སྙད་དུ་དམིགས་པའི་བསྔོ་བ་ཡིན་པའི་ཕྱིར། དེ་ཆོས་ཅན། ཕྱིན་ཅི་མ་ལོག་པའི་མིང་ཅན་གྱི་བསྔོ་བ་ཡིན་ཏེ། བསྔོ་བར་བྱེད་པའི་སེམས་ཅན་ལྷག་མ་སྔར་བཞིན། དེ་ཆོས་ཅན། དབེན་པའི་མིང་ཅན་གྱི་བསྔོ་བ་ཡིན་ཏེ། བསྔོ་བ་པོ་བདག་ལ་སོགས་པ་དང་ལྡན་པའི་དངོས་པོ་སྔར་བཞིན། དེ་ཆོས་ཅན། དེ་བཞིན་གཤེགས་པའི་དགེ་བའི་རྩ་བའི་ཚོགས་ཀྱི་རང་བཞིན་དྲན་པའི་མིང་ཅན་གྱི་བསྔོ་བ་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་ཀྱི་དགེ་བ་སྔར་བཞིན། དེ་ཆོས་ཅན། ཐབས་ལ་མཁས་པ་དང་བཅས་པའི་མིང་ཅན་གྱི་བསྔོ་བ་ཡིན་ཏེ། སྦྱིན་པའི་ཕར་ཕྱིན་ལ་སོགས་པ་སྔར་བཞིན། དེ་ཆོས་ཅན། མཚན་མ་མེད་པའི་མིང་ཅན་གྱི་བསྔོ་བ་ཡིན་ཏེ། བསྔོ་བ་སྔར་བཞིན་
དེ་ཆོས་ཅན། སངས་རྒྱས་ཀྱིས་གནང་བའི་མིང་ཅན་གྱི་བསྔོ་བ་ཡིན་ཏེ། ལམ་ཐམས་ཅད་སྔར་བཞིན། དེ་ཆོས་ཅན། ཁམས་གསུམ་པོར་མ་གཏོགས་པའི་མིང་ཅན་གྱི་བསྔོ་བ་ཡིན་ཏེ། འདོད་པ་ལ་སོགས་པའི་ཁམས་སྔར་བཞིན། དེ་ཆོས་ཅན། བསོད་ནམས་ཆེན་པོ་ལས་བྱུང་བ་ཞེས་བྱ་བའི་བསྔོ་བ་ཆུང་ངུའི་མིང་ཅན་གྱི་བསྔོ་བ་ཡིན་ཏེ། འགྲོ་ཀུན་དགེ་བ་བཅུ་ལ་སོགས་པའི་ལས་ཀྱི་ལམ་ལ་བཀོད་པའི་དགེ་བ་སྔར་བཞིན། དེ་ཆོས་ཅན། བསོད་ནམས་ཆེན་པོ་འབྱུང་བའི་བསྔོ་བ་འབྲིང་གི་མིང་ཅན་ཡིན་ཏེ། འགྲོ་ཀུན་རྒྱུན་དུ་ཞུགས་པ་ལ་སོགས་པ་ལ་བཀོད་པའི་དགེ་བ་སྔར་བཞིན། དེ་ཆོས་ཅན། བསོད་ནམས་ཆེན་པོ་འབྱུང་བ་བསྔོ་བ་ཆེན་པོའི་མིང་ཅན་ཡིན་ཏེ། འགྲོ་ཀུན་བླ་ན་མེད་པའི་བྱང་ཆུབ་ལ་གནས་པར་བྱས་པའི་དགེ་བ་རྣམས་སྔར་བཞིན།


previousབསྔོ་བ་སྒོམ་ལམ་བཤད་པ།next