Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
  collapse section
   
   
   
   
   
  collapse section
   
   
   
   
  collapse section
   
   
   
   
   
   
འཛམ་བུ་གླིང་གི་ཡོན་ཏན་བྱེ་བྲག་ཏུ་བཤད་པ།
   
   
   
   
   
  collapse section
   
   
   
   
   
   
   
  collapse section
   
   
   
   
   
   
  collapse section
   
   
   
   
   
   
   
   
  collapse section
   
   
   
   
   
  collapse section
   
   
   
   
   
   


 
previousའཛམ་བུ་གླིང་གི་ཡོན་ཏན་བྱེ་བྲག་ཏུ་བཤད་པ།next

འཛམ་བུ་གླིང་གི་ཡོན་ཏན་བྱེ་བྲག་ཏུ་བཤད་པ།


GLG014_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་བུ་གླིང་གི་ཡོན་ཏན་བྱེ་བྲག་ཏུ་བཤད་པ་ནི། ཤེས་བྱ་ཆོས་ཅན། དེ་འཆད་ཚུལ་ཡོད་དེ། འཕགས་པའི་ཡུལ་འདི་ནས་རྩིས་པའི་བྱང་དུ་རི་ནག་པོ་དགུ་འདས་པའི་ཕ་རོལ་ན་རི་བོ་གངས་ཅན་ཞེས་བྱ་བའི་གངས་རི་ཡོད་པའི་ཕྱིར། གཞན་ཡང་ཡོད་དེ། དེ་ནས་ཀྱང་ཕ་རོལ་ན་ནི་སྤོས་ངད་ལྡང་བའི་རི་ཡོད་ཅིང་། དེའི་དཔག་ཚད་བཅུའི་ཚུར་རོལ་ལྷོ་ཕྱོགས་ན་མཚོ་མ་དྲོས་པ་ཞེས་བྱ་བ་ཆུ་ཞེང་དཔག་ཚད་ལྔ་བཅུ་ཡོད་པའི་མཚོ་ཡོད་པའི་ཕྱིར། ཡན་ལག་བརྒྱད་ལྡན་གྱི་ཆུས་གང་བའི་མཚོ་དེ་ཆོས་ཅན། ཁྱོད་ཀྱི་དབྱིབས་ཚད་ཡོད་དེ། དབྱིབས་གྲུ་བཞི་པ། ཆུ་ཞེང་གཉིས་ཀར་དཔག་ཚད་ལྔ་བཅུ་རེ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་སྒྲ་དོན་ཡོད་དེ་ཀླུ་མ་དྲོས་པ་གནས་པས། དེ་ལྟར་བརྗོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་དབུས་ན་ཕུན་སུམ་ཚོགས་པའི་ཤིང་ཡོད་དེ། དེ་ན་འཛམ་བུ་པྲིཀྵ་ཞེས་བྱ་བ་འབྲས་བུ་མངར་པོ་དང་ལྡན་པ་ལྷ་རྣམས་ཀྱིས་ལོངས་སྤྱོད་པའི་ཤིང་ཡོད་པའི་ཕྱིར། ཆུ་བོ་གངྒ་ཆོས་ཅན། ཡོད་དེ། མཚོ་དེའི་ཤར་ན་དངུལ་གྱི་བྲག་གླང་པོ་ཆེའི་ཁ་འདྲ་བ་ནས། དངུལ་གྱི་བྱེ་མ་འདྲེན་ཅིང་བབས་ནས་སྐོར་བ་ལན་བདུན་བྱས་ཏེ་འགྲོ་བའི་ཕྱིར། སིནྡྷུ་ཆོས་ཅན། ཡོད་དེ། ལྷོ་ཕྱོགས་ན་གསེར་གྱི་བྲག་ཁྱུ་མཆོག་གི་ཁ་འདྲ་བ་ནས་གསེར་གྱི་བྱེ་མ་འདྲེན་ཅིང་སྔར་བཞིན་འགྲོ་བའི་ཕྱིར། པཀྵུ་ཆོས་ཅན། ཡོད་དེ། ནུབ་ཕྱོགས་ན་བཻཌུཪྱའི་བྲག་རྟའི་ཁ་འདྲ་བ་ནས་བཻཌཱུཪྱའི་བྱེ་མ་འདྲེན་ཅིང་སྔར་བཞིན་འགྲོ་བའི་ཕྱིར། སི་ཏ་ཆོས་ཅན། ཡོད་དེ། བྱང་ཕྱོགས་ན་བྲག་སེང་གེའི་ཁ་འདྲ་བ་ནས་བབས་ཏེ་སྔར་བཞིན་འགྲོ་བའི་ཕྱིར། སྤོས་ངད་ལྡང་ཆོས་ཅན། ཁྱོད་ཀྱི་བྱང་ཕྱོགས་དཔག་ཚད་ཉི་ཤུ་ན་བྲག་རི་གསེར་གྱི་བྱ་སྐྱིབས་བྱ་བ་ཡོད་དེ་དེ་རང་དང་མཚུངས་པའི་གསེར་གྱི་བྱ་སྐྱིབས་བརྒྱད་སྟོང་གིས་བསྐོར་བ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ཚད་དབྱིབས་ཡོད་དེ། ཞེང་དུ་དཔག་ཚད་ལྔ་བཅུ། འཕངས་སུ་དཔག་ཚད་ཕྱེད་བཞི། དབྱིབས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད་པའི་ཕྱིར་བྱ་སྐྱིབས་དེ་ཆོས་ཅན། ཁྱོད་ཀྱི་བྱང་ཕྱོགས་དཔག་ཚད་ཉི་ཤུ་ན་ཤིང་ས་ལའི་རྒྱལ་པོ་རབ་ཏུ་
བརྟན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་ས་ལའི་ཕྲེང་བ་རིམ་པ་བདུན་གྱིས་བསྐོར་བ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ཤར་ཕྱོགས་དཔག་ཚད་ཉི་ཤུ་ན་རྫིང་བུ་དལ་གྱིས་བབ་པ་ཞེས་བྱ་བ་ཡོད་དེ། སྦྲང་རྩི་ལྟ་བུའི་ཆུས་གང་བ་དེའི་རོ་དང་ལྡན་པ་ཡོད་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་ཚད་ཡོད་དེ། ཞེང་དུ་དཔག་ཚད་ལྔ་བཅུ་དང་། མཐའ་སྐོར་དུ་དཔག་ཚད་ཉིས་བརྒྱ་ཡོད་པའི་ཕྱིར། ཁྱོད་ཀྱི་ཡོན་ཏན་ཡོད་དེ། ཨུཏྤལ་ལ་སོགས་པའི་མེ་ཏོག་སྡོང་བུ་གཤོལ་མདའ་ཙམ་དང་། མེ་ཏོག་ཤིང་རྟའི་ཕང་ལོ་ཙམ། ལོ་མ་བ་གླང་གི་ཀོ་བ་ཙམ། རྩ་བ་སྐྱེས་བུ་ཆེན་པོའི་བརླ་ཤ་ཙམ། ཁོར་ཡུག་ཏུ་རྫིང་བུ་བརྒྱད་སྟོང་གིས་བསྐོར་བ་ཡོད་པའི་ཕྱིར། ཤེས་བྱ་ཆོས་ཅན། སྔར་བཤད་པ་དེ་དག་གི་ཉེ་སྐོར་དུ་ལྷ་རྣམས་ཀྱི་གླང་པོ་ཆེ་གཡུལ་ངོར་སྤྱོད་པ་རབ་བརྟན་ཡོད་དེ། འཁོར་གླང་པོ་ཆེ་བརྒྱད་སྟོང་དང་བཅས་ནས་དགུན་ཟླ་བཞིར་བྲག་གསེར་གྱི་བྱ་སྐྱིབས་དང་། དབྱར་ཟླ་བཞིར་ཤིང་ས་ལའི་རྒྱལ་པོ་རབ་བརྟན་གྱི་ཉེ་སྐོར་དུ་གནས་པའི་ཕྱིར། ལྷོ་འཛམ་བུ་གླིང་ཆོས་ཅན། ཁྱོད་ལ་ཡོན་ཏན་ཁྱད་པར་ཅན་གཞན་ཡང་ཡོད་དེ། དབུས་སུ་རྡོ་རྗེ་གདན་ཞེས་བྱ་བ་བསྐལ་བཟང་གི་སངས་རྒྱས་སྟོང་མངོན་པར་རྫོགས་པར་འཚང་རྒྱ་བའི་གནས་བསྐལ་པ་འཇིག་པའི་ཚེ་ཡང་མི་འཇིག་པར་གནས་པ་དང་། ཤར་ཕྱོགས་ན་འཕགས་པ་འཇམ་དཔལ་གྱི་གནས་རི་བོ་རྩེ་ལྔ། ལྷོ་ཕྱོགས་ན་ཕྱག་ན་པདྨའི་གནས་རི་བོ་གྲུ་འཛིན། ནུབ་ཕྱོགས་ན་མཁའ་འགྲོའི་གསང་མཛོད་ཨུ་རྒྱན་གྱི་ཡུལ། བྱང་ཕྱོགས་ན་ཆོས་རྒྱལ་རིགས་ལྡན་སུམ་ཅུ་རྩ་གསུམ་གྱི་གནས་ཤམ་བྷ་ལ་ཡོད་པའི་ཕྱིར། །


previousའཛམ་བུ་གླིང་གི་ཡོན་ཏན་བྱེ་བྲག་ཏུ་བཤད་པ།next