མངོན་པར་ཤེས་པ།
སྙན་གྱི་མངོན་པར་ཤེས་པ་ནི། ཡར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཐུགས་ཡེ་ཤེས་རྩེ་གཅིག་པ་ཉིད་ལ་ཉིད་གླེང་བསླང་བ་གསན། ཐད་ཀར་ལོངས་སྐུའི་ཚོམ་བུ་ལྔར་གསལ་ཡི་གེ་དྲུག་གི་རང་སྒྲ་གསན། མར་སྤྲུལ་སྐུའི་ཞིང་ན་ཇི་སྐད་སྨྲས་པ་ཐམས་ཅད་གསན་ནོ། །ཐུགས་ཀྱི་མངོན་པར་ཤེས་པས། ཡར་ཆོས་སྐུ་རིན་པོ་ཆེའི་སྦུབས་ན་འབྱེད་པ་མེད་པའི་ཤེས་རབ། འཛིན་པ་མེད་པའི་རང་གསལ་རང་སྣང་གི་ཡེ་ཤེས་ལ་གཞན་སྣང་གི་རྣམ་རྟོག་མེད་པར་བཞུགས་པ་མཁྱེན་ནོ། །ཐད་ཀར་རང་གི་དགོངས་པ་མི་འགག་པར་གསལ་ལོ། །མར་སེམས་ཅན་གྱི་རྟོགས་པ་མངོན་དུ་མཁྱེན་ནོ། །གནས་ཀྱི་མངོན་པར་ཤེས་པ་ནི། སྐུ་གསུམ་གྱི་བཞུགས་གནས་ཆོས་ཀྱི་དབྱིངས་དང་འོད་ཀྱི་སྣང་བ་དང་། འབྱུང་བ་བཞི་ལ་རྟེན་འཆའ་ལུགས་མཁྱེན་ཏེ། རིགས་དྲུག་གི་གནས་མ་འགགས་པར་གསལ་ལོ། །
ལས་ཀྱི་མངོན་པར་ཤེས་པ་ནི། སྔོན་རང་གིས་ཇི་ལྟར་སྤྱད་པ་དང་། ད་ལྟ་འགྲོ་བ་གཞན་ཇི་ལྟར་སྤྱོད་པ་དང་། དེའི་རྣམ་པར་སྨིན་པ་ཐམས་ཅད་མཁྱེན་ནོ། །ཐུགས་རྗེའི་བྱིན་རླབས་ཀྱི་མངོན་པར་ཤེས་པ་ནི། མཐུན་པའི་སེམས་ཅན་ལ་སྣང་བས། རིགས་དྲུག་མཐུན་པས་མཐུན་པ་འདུལ་བར་གཟིགས་ཏེ། སྤྲུལ་པའི་སྐུ་དྲུག་འཆར་ལུགས་མཁྱེན་ནོ། །རིགས་ཀྱི་བུ་དེ་ལ་ཆོས་ཀྱི་སྤྱན་ཞེས་ཅི་ཕྱིར་གདགས་ཅེ་ན། སྤྲུལ་པའི་སྐུ་འཁོར་བའི་ཆོས་དང་། ཆོས་སྐུ་རིན་པོ་ཆེ་མྱ་ངན་ལས་འདས་པའི་ཆོས་གཉིས་རྣམ་རྟོག་མི་མངའ་བར་གསལ་བས་ཆོས་ཀྱི་སྤྱན་ནོ། །མངོན་པར་ཤེས་པ་ནི། ལྐོག་གྱུར་དུ་གཟིགས་སོ། །སྤྱན་ནི་གསལ་ལ་མི་རྟོག་པ་སྟེ། གཟུགས་བརྙན་ལ་སོགས་པའོ། །དེའི་ཚེ་རང་བྱུང་གི་ཡི་གེ་དྲུག་འཆར་བ་ནི། འ་དང་། ཨ་དང་། ཧ་དང་། ཤ་དང་། ས་དང་། མ་སྟེ་རིགས་ཀྱི་བུ་ཡི་གེ་དྲུག་པོ་དེ། གཞི་ཆོས་ཀྱི་སྐུ་ལ་དོན་དུ་བཞུགས་སོ། །དབྱིངས་དང་རིག་པའི་ཡེ་ཤེས་དང་། །ཤེས་རབ་མི་འགྱུར་མཉམ་པ་ཉིད། །དབྱེ་རུ་མེད་པར་གནས་པའོ། །བག་ཆགས་ཡུལ༷་{ལུས་}ཅན་སྤྲུལ་སྐུ་ལ། །ལུས་ཀྱི་གནས་དྲུག་ལ་གནས་ཏེ། །གསུང་འགག་པ་མེད་པར་དོན་ལ་སྦྱོར་བའོ། །ལོངས་སྐུའི་ལྗགས་ལས་འཕྲོ་བར་བྱ་བ་ནི། ཐུགས་རྗེ་རང་འབྱུང་བའི་གཞི་མ་འགགས་པའོ། །དེ་ཚེ་ཡི་གེ་དྲུག་ལས་འོད་ཟེར་དཀར་དམར་གཉིས། རིན་པོ་ཆེའི་སྲད་བུ་བསྒྲིལ་མའམ། ཚོན་སྐུད་བསྒྲིལ་མ་ལྟར་འཕྲོས་པས། ལས་དག་པའི་སྤྲུལ་པ་ཕོ་མོའི་སྤྱན་ནས་འཇུག །སེམས་ཅན་ལས་ཀྱིས་སྐྱེ་བ་ནི་མངལ་ནས་འཇུག་གོ། བདེ་ཆེན་གསང་བའི་གནས་ནས་བདེ་
བ་ཆེན་པོ་འོད་འབར་བའི་རྟ་ལ་ཞོན་ནས། བདེ་བ་ཆེན་པོ་ཡོངས་སུ་ཁྱབ་པའི་ཐིག་ལེ་ལ། སྣོད་དང་བཅུད་ཀྱི་ཚུལ་དུ་གབ། དེ་སྤྲུལ་པའི་སྐུར་གྱུར་ནས་སེམས་ཅན་གྱི་དོན་བྱེད་པས། དོན་ཡོད་འགྲོ་བའི་དོན་བྱེད་པའོ། །རྟོགས་མེད་དུ་འབྱུང་བས། དྲུག་པོ་ཀུན་གྱི་དོན་མ་སྤངས་པའོ། །དེ་བཞིན་གཤེགས་པ་སྔ་མ་ལས་ཕྱི་མ་འཆར་ཏེ། དེ་བཞིན་དུ་སྤྲུལ་པའི་སྐུ་རྒྱུན་མི་ཆད་པས། སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བའོ། །ཕྱོགས་གཅིག་ཏུ་མ་ངེས་ཏེ། གདུལ་བྱ་གང་ལ་གནས་པའི་དོན་མཛད་པས། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད་པའོ། །མཐུན་པས་མཐུན་པར་འདུལ་བས་ན། ཇི་བཞིན་འགྲོ་བའི་དོན་བྱེད་པའོ། །ཐུགས་རྗེའི་ལྕགས་ཀྱུས་ཞིང་དག་པ་ངེས་པའི་ས་ལ་འཛིན་པའོ། །རྫོགས་ལྡན་གྱི་དགོངས་པའོ། །དེ་ནས་བདག་ཉིད་ཆོས་སྐུར་གྲོལ་བས་ན། མི་གནས་པའི་ཡེ་ཤེས་ཆེན་པོས། འབྱེད་པ་མེད་པའི་ཀློང་དུ་ཁོད་མཉམ་པའོ། །དེ་བས་ན་མཐའ་མའི་རྫོགས་ལྡན་ཆེན་པོའོ། །ཞེས་གསུངས་སོ། །བར་དོར་སྤྱན་ལ་སོགས་པ་རང་སྣང་དུ་ཐོབ་ནས། སྐད་ཅིག་ལ་སྤྲུལ་པ་འགྲོ་དྲུག་གི་གནས་སུ་འཕྲོས་པས་དོན་བསྐལ་པ་རྒྱ་མཚོར་མཛད་པ་སྟོན་ཏེ། སྐད་ཅིག་བསྐལ་པ་རྒྱ་མཚོར་སྟོན་ཞིང་། བསྐལ་པ་རྒྱ་མཚོར་དོན་མཛད་པ་ཡང་། སྐད་ཅིག་སོང་བའི་ཡུན་ནས་ལྷུན་གྲུབ་ཏུ་ཐིམ་པས་བསྐལ་པ་རྒྱ་མཚོ་སྐད་ཅིག་ཏུ་སྟོན་པ་སྟེ། གནས་འདི་ནི་བསམ་གྱིས་མི་ཁྱབ་པའོ།། །།