Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཁན་ཆེན་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་བྱམས་པ་ཀུན་དགའི་མཚན་ཅན་སྟོན་འཁོར་ལ་ཞབས་བརྟན་ལེགས་འབུལ་གྱི་ཡི་གེ་འཆི་མེད་གྲུབ་པའི་བདེན་ཚིག
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁན་ཆེན་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་བྱམས་པ་ཀུན་དགའི་མཚན་ཅན་སྟོན་འཁོར་ལ་ཞབས་བརྟན་ལེགས་འབུལ་གྱི་ཡི་གེ་འཆི་མེད་གྲུབ་པའི་བདེན་ཚིགnext

མཁན་ཆེན་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་བྱམས་པ་ཀུན་དགའི་མཚན་ཅན་སྟོན་འཁོར་ལ་ཞབས་བརྟན་ལེགས་འབུལ་གྱི་ཡི་གེ་འཆི་མེད་གྲུབ་པའི་བདེན་ཚིག


JKT020_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

༈ མཁན་ཆེན་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་བྱམས་པ་ཀུན་དགའི་མཚན་ཅན་སྟོན་འཁོར་ལ་ཞབས་བརྟན་ལེགས་འབུལ་གྱི་ཡི་གེ་འཆི་མེད་གྲུབ་པའི་བདེན་ཚིག་ཅེས་བྱ་བ། གཙུཎྜིབསཾམེདྨོའི་སྒོ༽ སཾཔུཎྞསྱསུལཀྐཎཾཔྲབྷཱ། ཙྪནྡཤུདྡྷདཱིབྷེ། ཏྲེལོཀྱེཥཱཧིཏཾསུཁཾཔྲདཱ། པཏྠདྨསརཀལྤཛིབྱཏྭཾ། །བཀྲ་ཤིས་སྲིད་དང་ཞི་བའི་ལེགས་བྱས་ཀྱིས། །དགེ་མཚན་མཐའ་དག་རྫོགས་པའི་སྣང་བ་ཡིས། །འཇིག་རྟེན་གསུམ་ན་ཕན་བདེའི་མཆོག་སྦྱིན་པའི། །ཞབས་པད་བསྐལ་པ་རྒྱ་མཚོར་འཚོ་གཞེས་གསོལ། ༡ །གཟོད་ནས་འོད་གསལ་གཉུག་མ་རྡོ་རྗེའི་སེམས། །གློ་བུར་འཁྲུལ་པའི་མཚན་མ་ལས་འདས་བཞིན། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ཅན། །ལོངས་སྤྱོད་ཡོངས་རྫོགས་འཁོར་ལོར་འཚོ་གཞེས་གསོལ། ༢ །བརྟན་གཡོ་ཀུན་ལ་ཁྱབ་པའི་ཡེ་ཤེས་སྐུ། །ཤེས་རབ་དབྱིངས་ཀྱི་ཕྱག་རྒྱ་ལ་སྦྱར་བས། །མཆོག་ཏུ་མི་འགྱུར་གྲུབ་པའི་སྣང་བརྙན་ནི། །ཁ་སྦྱོར་རྡོ་རྗེའི་གཟུགས་སུ་འཚོ་གཞེས་གསོལ། ༣ །སྲོག་རྩོལ་བརྗོད་པ་འགགས་པའི་དེ་མ་ཐག །མི་ཤིགས་ཚངས་པའི་སྒྲ་དབྱངས་སྲིད་པ་ན། །ལམ་བདེན་རྒྱ་མཚོའི་གདངས་སུ་འབབས་པའི་དཔྱིད། །བདེ་ཆེན་ནཱ་དའི་གསུང་དུ་འཚོ་གཞེས་གསོལ། ༤ །ཤེས་དང་ཤེས་བྱ་རོ་གཅིག་ཉིད་གྱུར་པའི། །གཟུང་འཛིན་སྤྲོས་པ་བརྟུལ་བའི་སེམས་༼འདིའི་ནང་རི་མོ་ཡོད།༽


JKT020_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དབྱིངས། །ཡེ་ཤེས་མཆོག་གི་སྣང་བ་དང་འགྲོགས་པ། །རང་བཞིན་མེད་པའི་ཐུགས་སུ་འཚོ་གཞེས་གསོལ། ༥ །གང་དུ་སྐྱེ་བའི་འཇུག་ལྡང་མ་མཆིས་ཀྱང་། །རིག་དང་བརྩེ་བའི་དབང་གིས་སྲིད་པ་འདིར། །བྲལ་སྨིན་ཡོན་ཏན་རྒྱ་མཚོར་འཆར་བའི་ཕུལ། །སྙིང་རྗེས་ཡོངས་གང་ཆེན་པོར་འཚོ་གཞེས་གསོལ། ༦ །མཐའ་གཉིས་དབུ་མར་བསྙལ་བའི་ཕ་རོལ་ན། །བྱང་ཆུབ་མཆོག་གི་འབྱོར་པ་མི་ཟད་པས། །རྟག་ཅིང་ཁྱབ་དང་ལྷུན་གྱིས་གྲུབ་པ་ཡི། །ཕྲིན་ལས་རྒྱུན་མི་འཆད་པར་འཚོ་གཞེས་གསོལ། ༧ །མདོར་ན་མཁའ་ཁྱབ་སྐུ་དང་ཡེ་ཤེས་ཀྱི། །དགེ་མཚན་འགོག་པ་མེད་པར་འཚོ་གཞེས་བཞིན། །ཐུགས་རྗེའི་སྣང་བ་དམ་པས་ས་གསུམ་ན། །ཤིས་པའི་པདྨོ་རྟག་ཏུ་རྒྱས་གྱུར་ཅིག ༨ །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རང་ཉིད་ཀྱིས་མཁན་ཆེན་རྡོ་རྗེ་འཆང་ཁུ་དབོན་ལ་ཞབས་བརྟན་ལེགས་འབུལ་ཕུལ་བའི་མགོ་བརྗོད་དུ་བྲིས་པ་དགེ། །།


previousམཁན་ཆེན་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་བྱམས་པ་ཀུན་དགའི་མཚན་ཅན་སྟོན་འཁོར་ལ་ཞབས་བརྟན་ལེགས་འབུལ་གྱི་ཡི་གེ་འཆི་མེད་གྲུབ་པའི་བདེན་ཚིགnext