Nitartha Digital Library
Tibetan
གསུང་འབུམ་པོད་བཅུ་པ། དྲིས་ལན།


  expand section
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོ་བརྒྱད་པ་མོས་བསྔོ་ཡི་རང་གི་སྒོམ་ལམ་གསུམ་གྱི་ཁྱད་པར་ཇི་ལྟར་ཡིན་ཞེས་པའི་ལན།
   
   
   
   
   
   
   
   
   
  expand section


 
previousབཅོ་བརྒྱད་པ་མོས་བསྔོ་ཡི་རང་གི་སྒོམ་ལམ་གསུམ་གྱི་ཁྱད་པར་ཇི་ལྟར་ཡིན་ཞེས་པའི་ལན།next

བཅོ་བརྒྱད་པ་མོས་བསྔོ་ཡི་རང་གི་སྒོམ་ལམ་གསུམ་གྱི་ཁྱད་པར་ཇི་ལྟར་ཡིན་ཞེས་པའི་ལན།

བཅོ་བརྒྱད་པ་མོས་བསྔོ་ཡི་རང་གི་སྒོམ་ལམ་གསུམ་གྱི་ཁྱད་པར་ཇི་ལྟར་ཡིན་ཞེས་པའི་ལན།

མོས་བསྔོ་ཡི་རང་གི་སྒོམ་ལམ་གསུམ་གྱི་ཁྱད་པར་ཇི་ལྟར་ཡིན་ཞེས་པའོ། །གཉིས་པ་ལན་ནི། ཡུམ་ཤེར་ཕྱིན་སོགས་ཡོན་ཏན་ཅན་དུ་ངེས་ཟིན་པའི་ཆོས་ལ་དམིགས་ནས་དེ་ཁོ་ན་ལྟར་ཡིན་པར་འཛིན་པའི་ཐེག་ཆེན་སྒོམ་ལམ་དེ། ཐེག་ཆེན་མོས་པ་སྒོམ་ལམ་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། དགེ་བ་གསོག་བྱེད་ཀྱི་ཐེག་ཆེན་སྒོམ་ལམ་མོས་པའི་མཚན་ཉིད། འཕགས་པའི་སྒོམ་ལམ་ཟག་བཅས་གང་ཞིག་ཡུམ་ཤེར་ཕྱིན་ཡོན་ཏན་ཅན་ལ་ཡོན་ཏན་ཅན་དུ་ངེས་ནས་འཛིན་པ་སྟེ། ཞེས་དང༌། ངོ་བོ་ནི། ཟག་བཅས་ཀྱི་སྒོམ་ལམ་གང་ཞིག་ཡུམ་ཡོན་ཏན་ཅན་དུ་ངེས་པར་བྱས་པའི་དངོས་པོ་ལ་དེ་ཁོ་ན་ལྟར་ངེས་པར་འཛིན་པའོ། །ཞེས་གསུངས་པའི་ཕྱིར་རོ། །ཡུལ་ངེས་ལྔའི་མོས་པ་ནི། ཀུན་བཏུས་ས་འགྲེལ་ལས། མོས་པ་གང་ཞེ་ན། ཐེ་ཚོམ་ཅན་ལ་མོས་པ་མེད་པས། དམིགས་ཡུལ་ལུང་དང་རིགས་པས་དཔྱད་ན་ཐེ་ཚོམ་མེད་པས་ངེས་པའི་དངོས་པོ་ལ་དམིགས་ནས། རྣམ་པ་སྟོང་ཉིད་དང་བདག་མེད་ལ་སོགས་པ་འདི་ནི་འདི་ཁོ་ན་བཞིན་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་ཇི་ལྟར་ངེས་པ་བཞིན་མཐའ་གཅིག་ཏུ་འཛིན་པ་སྟེ། དེ་གཅེས་སུ་བྱེད་པ་ནི་རང་གི་གྲུབ་མཐའ་ལས་མི་འཕྲོགས་ཤིང་ཕས་རྒོལ་གྱིས་གཞན་དུ་དྲང་བར་མི་ནུས་པ་ཉིད་ཀྱི་ལས་ཅན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཉ་ཊཱིཀ་ལས། རྩ་བ་ལ། ཤེར་པ་ལ་མོས་པའི་གནས་སྐབས་རང་དོན་མོས་པ་དགུ་བོ་རྣམས་ལ་བསྟོད་པ་ཙམ་དགུ། གཉིས་དོན་མོས་པ་དགུ་ལ་བཀུར་བ་ཙམ་དགུ། གཞན་དོན་མོས་པ་དགུ་ལ་བསྔགས་པ་ཙམ་དགུ་སྟེ་དགུ་ཚན་གསུམ་གྱིས་བསྟོད་བཀུར་བསྔགས་པ་བྱས་པར་མདོ་ལས་འདོད་དེ་བཤད་དོ། །ཞེས་བསྟོད་པ་རང་དོན་གནས་སྐབས་དང་བཀུར་བ་གཉིས་དོན་མོས་པའི་གནས་སྐབས་དང་བསྔགས་པ་གཞན་དོན་གནས་སྐབས་ལ་བཞག་པ་མི་འཐད་པར་ཐལ། རད་ཀིར་གྱིས་བསྟོད་པ་ཆུང་འབྲིང་ཆེ་གསུམ་ལ་བསྟོད་བཀུར་བསྔགས་གསུམ་བཞག་པ་དེའི་སྒོ་ནས་ཉ་ཊཱིཀ་ལས་བཅོམ་རལ་སོགས་ཀྱི་འདོད་པ་དགག་ཚུལ་ཡོད་པའི་ཕྱིར་ཏེ། ཉ་ཊཱིཀ་ལས།བསྟོད་བཀུར་བསྔགས་གསུམ་རྟོག་པ་ཡིན་གྱི་སྒྲ་ཡིན་པ་མི་སྲིད་ཅེས་བཅོམ་རལ་སོགས་འཆད་དོ། །དེའི་དགོངས་པ་དེ་མིན་ཏེ་སྒྲར་གཏོགས་པ་ཞེས་པ་བརྗོད་བྱ་དོན་ལ་མེད་པའི་སྒྲ་ཙམ་དུ་འགྱུར་ཞེས་པར་དགོངས་སོ། །དེས་ན་ཡོན་ཏན་ཇི་ལྟ་བ་བཞིན་རྟོགས་ནས་སྟོན་པའི་ངག་ཚིག་གི་རིག་བྱེད་ཡང་བསྟོད་བཀུར་སོགས་ཡིན་ཏེ། ཨཱརྱས་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་པས་བསྔགས་པའི་དོན་གསལ་བར་བྱེད་དོ། །ཞེས་དང༌། རད་ཀིར་གྱིས། བསྟོད་པ་ནི་བསྟོད་པ་ཙམ་མོ། །བཀུར་བ་ནི་འབྲིང་དུ་བསྟོད་པའོ། །བསྔགས་པ་ནི་ཆེར་བསྟོད་པའོ། །ཞེས་དང༌། གསེར་གྱིས་ཡང་ཆུང་འབྲིང་ཆེན་པོ་བཤད་དོ། །སངས་རྒྱས་ཐུགས་དགེས་པ་ཁོ་ན་བསྟོད་སོགས་ཡིན་ན་བསྟོད་སོགས་ལ་ཆུང་འབྲིང་ཆེན་པོ་མི་འཐད་དེ། སངས་རྒྱས་ཐུགས་དགེས་པའི་རྟོགས་པ་ལ་ཆེ་ཆུང་སོགས་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །ཐེག་ཆེན་བསྔོ་བ་སྒོམ་ལམ་གྱི་ཁྱད་པར་ལ། དགེ་རྩ་གཞན་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ཕྱིར་དུ་སྟོབ་པའི་ཐེག་ཆེན་སྒོམ་ལམ་དེ། ཐེག་ཆེན་བསྔོ་བ་སྒོམ་ལམ་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། དགེ་བ་མི་ཟད་པར་བྱེད་པའི་ཐེག་ཆེན་འཕགས་པའི་སྒོམ་ལམ་བསྔོ་བ་ཡིད་ལ་བྱེད་པའི་མཚན་ཉིད། ཟུར་དང་བོ་འདྲ། དགེ་བ་རྣམས་གཞན་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་སྟོབ་པའོ། །ཞེས་གསུངས་པས་སོ། །ཡང་མདོ་ལུགས་མ་ལས། བསྔོ་བ་དེ་ནི་དམིགས་པ་མེད་པའི་རྣམ་པ་ཅན་ནོ། །ཞེས་པ་ལྟར་ན་དོན་དམ་བདེན་པའི་རྣམ་པ་ཅན་ཡིན་དགོས་སམ་དཔྱད། ཡང་ཉ་ཊཱིཀ་ལས། ཆོས་རྗེ་བུ་རིན་ནི། ཆོས་དབྱིངས་སོགས་འདུས་བྱས་མ་བྱས་ཀྱི་དགེ་བ་ཐམས་ཅད་བསྔོ་རྒྱུ་ཡིན་གསུངས་ལ། མཁས་པ་ཆེན་པོ་བཅོམ་རལ་དང་ཆོས་རྗེ་ཀུན་མཁྱེན་ཆེན་པོ་ནི། ཆོས་དབྱིངས་སོགས་བསྔོ་རྒྱུ་མིན་ཞེས་དང༌། ཁྱད་པར་དུ་ཆོས་རྗེ་ཀུན་མཁྱེན་ཆེན་པོ་ནི། ཆོས་དབྱིངས་ནི་བསྔོ་ས་ཡིན་གསུངས་པས་གང་མོས་པ་ལྟར་བྱའོ། །ཞེས་དང༌།ཕུང་པོ་གསུམ་པའི་རྒྱུན་བཤགས་ཀྱི་འགྲེལ་བ་ལས། དེ་ཉིད་ཀྱི་ཡུལ་དུ་དམིགས་པའི་ཆོས་དབྱིངས་དེ་ཡང་སྤྱི་ལྡོག་ནས་བསྔོ་བར་བྱ་བ་ནི་ཡིན་ཏེ། དགེ་བ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་དམིགས་ནས་གནས་ལུགས་མཐར་ཐུག་པའི་ཆོས་ཀྱི་སྐུར་སྨོན་པར་བྱེད་དགོས་པའི་ཕྱིར་རོ། །ཆོས་དབྱིངས་བསྔོ་རྒྱུར་བྱས་ན་དེ་ལ་མཚན་མར་བལྟ་བར་འགྱུར་སྙམ་ན། བསྔོ་བ་ནི་ཀུན་རྫོབ་ལ་བརྟེན་ནས་བཞག་དགོས་པ་བསོད་ནམས་བསྔོ་བྱར་བྱེད་པ་དང་ཁྱད་པར་མེད་པས་མཚན་ལྟར་མི་འགྲོའོ། །ཆོས་དབྱིངས་བསྔོ་བྱར་བྱེད་པ་ཡང་ཀུན་རྫོབ་ཀྱི་བློ་ངོར་ཡིན་ལ། དོན་དམ་པར་ནི་བསྔོ་བ་ཉིད་ཀྱང་མ་གྲུབ་ན། ཆོས་དབྱིངས་བསྔོ་བྱ་ཡིན་མིན་གྱི་དཔྱད་པ་མི་འཇུག་གོ ། ཞེས་སོགས་ཀྱིས་ཆོས་དབྱིངས་བསྔོ་རྒྱུ་ཡིན་མིན་དཔྱད་པར་བྱའོ། །རྗེས་སུ་ཡི་རང་སྒོམ་ལམ་གྱི་ཁྱད་པར་ལ། རང་གཞན་དེ་དགེ་རྩ་ཅི་རིགས་ལ་རབ་ཏུ་དགའ་བ་ཡིད་ལ་བྱེད་པའི་ཐེག་ཆེན་སྒོམ་ལམ་དེ། ཐེག་ཆེན་རྗེས་སུ་ཡི་རང་སྒོམ་ལམ་གྱི་མཚན་ཉིད་ཡིན་ཏེ། ཉ་ཊཱིཀ་ལས། གསུམ་པ་དགེ་བ་འཕེལ་བྱེད་ཐེག་ཆེན་འཕགས་པའི་སྒོམ་ལམ་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་བླ་མེད་ཀྱི་མཚན་ཉིད། དང་བོ་འདྲ། རང་གཞན་གྱི་དགེ་རྩ་ལ་རབ་ཏུ་དགའ་བ་ཡིད་ལ་བྱེད་པའོ། །ཞེས་གསུངས་པས་སོ། །ཡང་ཉ་ཊཱིཀ་ལས། རྗེས་སུ་ཡི་རང་ཡིད་ལ་བྱེད་པས་ནི། རང་བྱའི་ཡུལ་གཞན་གྱི་བསོད་ནམས་བྱས་པ་དེ་ལ་ཡི་རང་བ་རང་གི་བསོད་ནམས་གཉིས་བློ་མཉམ་ན་མཉམ་པ་ཉིད་དང་རང་བྱེད་བློ་དམའ་ན་ཆུང་ལ། མཐོ་ན་ཆེ་བར་འཐོབ་པོ་ཞེས་བྱ་བ་འདི་ཡིན་ནོ། །ཡང་ན་བསོད་ནམས་ཆེན་པོ་ཐོབ་པར་མཉམ་ཞེས་སྟོན་པ་ཡིན་ནོ། །ཞེས་གསུངས་པ་ལ། དཔེར་ན་གཞན་གྱི་བསྐལ་ཆེན་གྲངས་མེད་གཅིག་ཚོགས་པའི་ཡི་རང་དང་བྱང་སེམས་ས་དང་པོ་བས་རང་གི་ཡི་རང་གཉིས་བློ་མཉམ་ན་བསྐལ་ཆེན་གྲངས་མེད་གཅིག་གི་ཚོགས་ཀྱི་དགེ་རྩ་གསར་དུ་ཐོབ་བམ་ཅི། ཐོབ་ན་དེའི་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་རིམ་གྱིས་བསགས་དགོས་པ་ཡིན་མིན་དཔྱད། ཡང་སྔོན་མེད་ལེགས་བཤད་ལས། འདི་ནི་མཉམ་བཞག་སྒྲུབ་པ་སྒོམ་ལམ་ཞེས་བྱ་ཞིང༌། རྗེས་ཐོབ་ཏུ་མོས་པ་དང༌། བསྔོ་བ་དང་རྗེས་སུ་ཡི་རང་གསུམ་ལ་སློབ་དགོས་པ་དེ་ནི་མཚོན་བྱེད་དེ་ཐབས་མཁས་ཀྱི་སྒོ་ཐམས་ཅད་ལ་ཡང་བསླབ་པར་བྱའོ། །ཞེས་གསུངས་པ་ལྟར་མོས་བསྔོ་རྗེས་སུ་ཡི་རང་སྒོམ་ལམ་ལ་རྗེས་ཐོབ་གྱི་ཁྱབ་པ་ཡོད་མེད་ཞིབ་པར་དཔྱད་དགོས་སོ། །ཞིབ་པར་མདོ་ལུགས་མ་དང་ཉ་ཊཱིཀ་ལས་ཤེས་པར་བྱའོ། །


previousབཅོ་བརྒྱད་པ་མོས་བསྔོ་ཡི་རང་གི་སྒོམ་ལམ་གསུམ་གྱི་ཁྱད་པར་ཇི་ལྟར་ཡིན་ཞེས་པའི་ལན།next