Nitartha Digital Library
Tibetan
 
previousགསུམ་པ་བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ།next

གསུམ་པ་བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ།

གསུམ་པ་བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ་ནི།

རྩ་བར། ལུགས་འདི་དགེ་སློང་ཟླ་གྲགས་ཀྱིས། །

དབུ་མའི་བསྟན་བཅོས་ལས་བཏུས་ནས། །

ལུང་ཇི་བཞིན་དང་མན་ངག་ནི། །

ཇི་ལྟ་བ་བཞིན་བརྗོད་པ་ཡིན། །

འདི་ལས་གཞན་ན་ཆོས་འདི་ནི། །

ཇི་ལྟར་མེད་པ་དེ་བཞིན་དུ། །

འདིར་འབྱུང་ལུགས་ཀྱང་གཞན་ན་ནི། །

མེད་ཅེས་མཁས་རྣམས་ངེས་པར་མཛོད། །

ཅེས་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་བའི་དབུ་མ་ལ་འཇུག་པའི་བཤད་ལུ༷གས་འདི༷་དགེ༷་སློ༷ང་དཔལ་ལྡན་ཟླ༷་གྲ༷གས་ཀྱི༷ས། དབུ༷་མ༷འི་བསྟ༷ན་བཅོ༷ས་རྩ་བ་ཤེས་རབ་སོགས་ལ༷ས་བཏུ༷ས་ན༷ས་ངེས་དོན་གྱི་མདོ་རྣམས་ཀྱི་ལུ༷ང་ཇི༷་ལྟ་བ་བཞི༷ན་ད༷ང༌། འཕགས་པ་ཀླུ་སྒྲུབ་ཀྱི་མ༷ན་ང༷ག་ནི༷་ཇི༷་ལྟ༷་བ༷་བཞི༷ན་དུ་བརྗོ༷ད་པ༷་ཡི༷ན་ནོ། །རྩ་ཤེས་ལ་སོགས་པའི་དབུ་མའི་གཞུང་ལུགས་འདི༷་ལ༷ས་གཞ༷ན་པའི་སེམས་ཙམ་གྱི་བསྟན་བཅོས་ལ་སོགས་པའི་ནང་ན༷་ཟབ་མོ་སྟོང་པ་ཉིད་ཀྱི་ཆོ༷ས་འདི༷་ནི༷། ཇི༷་ལྟ༷ར་ཕྱིན་ཅི་མ་ལོག་པར་བཤད་པ་མེ༷ད་པ༷་དེ༷་བཞི༷ན་དུ༷། ཁོ་བོ་ཅག་གིས་བརྒལ་ལན་དང་བཅས་ཏེ་རིགས་པ་སྣ་ཚོགས་ཀྱི་སྒོ་ནས་བཤད་པའི་དབུ་མ་ལ་འཇུག་པ་འདི༷ར་འབྱུ༷ང་བ་སྟེ་ཇི་ལྟར་ལུ༷གས་ཀྱ༷ང་སྟེ་ལུགས་འདི་ཡང་སེམས་ཙམ་པའི་བསྟན་བཅོས་ལ་སོགས་པའི་བསྟན་བཅོས་གཞ༷ན་ན༷་ནི༷་བཤད་པ་མེ༷ད་ཅེ༷ས་མཁ༷ས་པ་རྣ༷མས་ཀྱིས་ངེ༷ས་པར་མཛོ༷ད་ཅིག དེ་ངེས་པར་འབྱེད་དགོས་པའི་རྒྱུ་མཚན་ནི། འཇུག་པའི་གཞུང་འདིར་ཆོས་ཐམས་ཅད་དོན་དམ་པར་རང་མཚན་གྱིས་གྲུབ་པ་མེད་པར་མ་ཟད། ཐ་སྙད་དུ་རང་མཚན་གྱིས་གྲུབ་པ་མེད་པར་བཤད་ཅིང༌། བཤད་པ་ལྟར་ཆོས་ཐམས་ཅད་གདོད་མ་ནས་རང་མཚན་གྱིས་གྲུབ་པ་ཅུང་ཟད་ཀྱང་མེད་པས། དོན་འདི་ཉིད་མ་རྟོགས་པར་ཐར་བ་ཙམ་ཡང་མི་ཐོབ་ལ། བྱེ་མདོ་སེམས་གསུམ་གྱིས་དོན་དམ་བདེན་པར་བཤད་པ་ཐམས་ཅད་ལུགས་འདིར་དོན་དམ་བདེན་པར་བཞེད་པ་མ་ཡིན་ལ། དེར་མ་ཟད་རང་རྒྱུད་པས་ཀྱང་རང་མཚན་གྱིས་གྲུབ་པ་བཞག་པ་ཡིན་པས་དེའི་ལུགས་ཀྱི་བདེན་པ་གཉིས་ཀྱང་མི་འཐད་དོ། །དེས་ན་ཟླ་བ་གྲགས་པ་རང་གི་ལུགས་ཀྱི་དབུ་མ་འདི་ནི་སེམས་ཙམ་པ་དང་ཐུན་མོང་བ་མ་ཡིན་པར་མ་ཟད། མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ལྷའི་དགོངས་པ་འགྲེལ་བའི་ལེགས་ལྡན་དང་ཞི་འཚོ་སོགས་དབུ་མ་པ་གཞན་གྱི་ལུགས་དང་ཡང་ཐུན་མོང་མ་ཡིན་པར་མཁས་པ་རྣམས་ཀྱིས་ཤེས་པར་གྱིས་ཤིག་ཅེས་འདོམས་པ་ཡིན་ནོ། །རང་འགྲེལ་ལས། ལུགས་འདི་ནི་ཐུན་མོང་མ་ཡིན་ནོ་ཞེས་མཁས་པ་རྣམས་ཀྱིས་ངེས་པར་བྱའོ། །དེ་ཉིད་ཡིན་ཕྱིར་སློབ་དཔོན་གྱི་ཐུགས་དགོངས་མི་ཤེས་ཤིང་དོན་གྱི་དེ་ཁོ་ན་ཉིད་ངེས་པར་ཟིན་པ་མེད་པར་ཡི་གེ་ཙམ་ངེས་པས་འཇིགས་པར་འགྱུར་བ་རྣམས་ཀྱིས་འཇིག་རྟེན་ལས་འདས་པའི་ཆོས་འདི་ཡོངས་སུ་སྤངས་པས་དེའི་ཕྱིར་བསྟན་བཅོས་ཀྱི་དོན་གྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བའི་ཕྱིར། དབུ་མའི་བསྟན་བཅོས་ལ་འཇུག་པ་འདི་སྦྱར་བ་ཡིན་ནོ་ཞེས་བཤད་པ། ཞེས་གསུངས་སོ། །རྩ་བར། ཀླུ་སྒྲུབ་བློ་མཚོ་ཤིན་ཏུ་རྒྱ་ཆེའི་ཁ་དོག་གིས་འཇིགས་པས། །སྐྱེ་བོས་ལུགས་བཟང་གང་དག་རྒྱང་རིང་སྤངས་པས་དེ་ཡི་ཚིག །ལེའུར་བྱས་པའི་ཁ་འབུས་ཀུ་མུ་ཏ་ཁ་ཕྱེ་བའི་ཆུས། །ད་ལྟ་ཟླ་བ་གྲགས་པ་རེ་རྣམས་རབ་ཏུ་སྐོང་བར་བྱེད། །ཞེས་འཕགས་པ་ཀླུ༷་སྒྲུ༷བ་ཀྱི་ཟབ་མོ་སྟོང་ཉིད་རྟོགས་པའི་བློ༷་གྲོས་ཀྱི་རྒྱ་མཚོ༷་ཤི༷ན་ཏུ༷་རྒྱ༷་ཆེ༷འི་གཏིང་དཔག་པར་དཀའ་བའི་ངམ་གནག་པའི་ཁ༷་དོ༷ག་གི༷ས་འཇི༷གས་ཤིང་སྐྲག་པ༷ས། སེམས་ཙམ་པ་ལ་སོགས་པའི་སྐྱེ༷་བོ༷ས་ཀླུ་སྒྲུབ་ཀྱི་ལུ༷གས་བཟ༷ང་པོ་ཟབ་མོ་དེ་ཁོ་ན་ཉིད་ག༷ང་ད༷ག་རྒྱ༷ང་རི༷ང་དུ་སྤ༷ངས་མོད་ཀྱང༌། གསུང་རབ་ལས་བཤད་པའི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་ལས་བཤད་པ་ལས་གཞན་དུ་མིན་པར་བདག་གིས་ཤེས་རབ་ཀྱིས་རྙེད་པ༷ས་ན། དབུ་མ་རྩ་བའི་གཞུང་དེ༷་ཡི༷་ཚི༷ག་ལེ༷འུ༷ར་བྱ༷ས་པ༷འི་ཁ༷་འབུ༷ས་པའི་ཀུ༷་མུ༷་ཏ༷་ཁ༷་ཕྱེ༷་བ༷འི་ནང་གི་དེ་ཁོ་ན་ཉིད་ཀྱི་བདུད་རྩིའི་ཆུ༷ས། ཀུ་མུ་ཏ་ཁ་འབྱེད་མཁན་ད༷་ལྟ༷་ཟླ༷་བ༷་གྲ༷གས་པ༷་ནི་ཡིད་ལ་རེ༷་བ་རྣ༷མས་ར༷བ་ཏུ་སྐོ༷ང་བར་བྱེ༷ད་པའི་ཕྱིར་རོ། །རང་འགྲེལ་ལས། གལ་ཏེ་གནས་བརྟན་དབྱིག་གཉེན་དང༌། ཕྱོགས་ཀྱི་གླང་པོ་དང༌། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ། །ཞེས་སོ། །ཡང་ཟབ་མོའི་དོན་འདི་སུ་ཞིག་གིས་རྟོགས་ཞེ་ན། རྩ་བར། དེ་ཉིད་བཤད་ཟིན་ཟབ་མོ་འཇིགས་རུང་འདི་ནི་སྔོན་གོམས་ཉིད་ལས་སྐྱེ་བོ་ཡིས། །ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱིས་ཐུགས་སུ་ཆུད་མི་འགྱུར། །དེ་ཕྱིར་ཚུལ་ལུགས་རང་བློས་སྦྱར་བ་དེ་དག་མཐོང་ནས་བདག་ཏུ་བརྗོད་པ་ཡི། །གཞུང་ལུགས་རྣམས་ལྟར་གཞན་ལུགས་བཞེད་གཞུང་འདི་ལས་གཞན་ལ་དགའ་བློ་དོར་བར་བྱ། །ཞེས་དེ༷་ཁོ་ན་ཉི༷ད་ཀྱི་དོན་བཤ༷ད་ཟི༷ན་པའི་ཟ༷བ་མོ༷་སྔར་འཇི༷གས་སུ་རུ༷ང་བ་འདི༷་ནི༷། སྔོ༷ན་ཚེ་རབས་གཞན་དུ་སྟོང་ཉིད་ལ་ལྷག་པར་མོས་པའི་བག་ཆགས་གོ༷མས་པའི་རྒྱུ་ཉི༷ད་ལ༷ས། སྐྱེ༷་བོ༷་ཡི༷ས་ཏེ་སྐྱེ་བོ་རྣམས་ཀྱིས་ངེ༷ས་པ༷ར་རྟོ༷གས་པར་འགྱུ༷ར་བ་ཡིན་གྱི། ཟབ་མོའི་དོན་འདི༷་ནི༷་གསུང་རབ་མང་དུ་ཐོས་པ་གས༷ན་པ་རྒྱ༷་ཆེ༷་བ་ཡིན་ཡ༷ང་བསྟན་བཅོས་མཛད་པ་པོ་གཞ༷ན་གྱི༷ས་ཐུ༷གས་སུ༷་ཆུ༷ད་པར་མི༷་འགྱུ༷ར་བ་དེ༷་ཡི་ཕྱི༷ར་ན་དབུ་མ་པའི་ལུགས་ཀྱི་དོན་དམ་བདེན་པ་ལས་གཞན་པའི་དོན་དམ་པ་སྟོན་པའི་ཚུ༷ལ་ལུ༷གས་སངས་རྒྱས་ཀྱི་དགོངས་པར་མ་སོང་བའི་ར༷ང་བློ༷ས་སྦྱ༷ར་བ༷་ཡི་སེམས་ཙམ་པ་ལ་སོགས་པའི་ལུགས་འདི༷་ད༷ག་མཐོ༷ང་ན༷ས། དཔེར་ན་བད༷ག་ཏུ༷་བརྗོ༷ད་པ༷་སྟེ་གང་ཟག་གི་བདག་ཡོད་པར་སྟོན་པ་ཡི༷་མུ་སྟེགས་མེད་པའི་གཞུ༷ང་ལུ༷གས་རྣ༷མས་ལ་དགའ་བའི་བློ་དོར་བ་ལྟ༷ར། སློབ་དཔོན་གཞ༷ན་གྱི་ལུ༷གས་ཀྱིས་བཞེ༷ད་པའི་གཞུ༷ང༌། དབུ་མ་པའི་ལུགས་འདི༷་ལ༷ས་གཞ༷ན་པ་རྣམས་ལ༷དག༷འ་བའི་བློ༷་དོ༷ར་བ༷ར་བྱ༷་བ་ཡིན་པར་ཟླ་བ་གྲགས་པས་སྐབས་འདིར་བཤད་དོ། །


previousགསུམ་པ་བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ།next