བར་དོའི་གདམས་པ།
གསུམ་པ་བར་དོའི་གདམས་པ་ནི། ཆོས་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པས་འཕོ་བའི་མན་ངག་ཁྱད་འཕགས་སུ་གསུངས་པ་འདི་ལྟ་སྟེ། གལ་ཏེ་དེ་ལས་བར་དོར་འཕོ་བ་ན། །ཀུན་གཞིའི་རྣམ་ཤེས་ནོར་རྒྱས་རླུང་དང་བཅས། །ཐིག་ལེ་གཉིས་དང་ལྷན་གཅིག་ལུས་ལས་འཕོ། །དེ་ཡང་ཐིག་ལེ་དམར་པོ་སྟེང་དང་ནི། །དཀར་པོ་འོག་གི་ལམ་ནས་འབྱུང་བར་འགྱུར། །དེ་ཚེ་ཤེས་པ་རྒྱལ་བ་སངས་ཞེས་བྱ། །བར་དོ་རྫུས་སྐྱེས་བག་ཆགས་ཙམ་གྱི་ལུས། །སྐད་ཅིག་དེ་ལ་རྨི་ལམ་ལུས་བཞིན་འགྲུབ། །དུས་དེར་བར་དོའི་མན་ངག་ཟབ་མོ་གཅེས། །སྔོན་དུ་བར་དོ་ཡིན་སྙམ་ཡང་དང་ཡང་། །གོམས་པར་བྱ་ཞིང་ཡིན་མིན་བརྟག་པའི་ཐབས། །སྒྲིབ་པ་ཡོད་མེད་སྔར་འདྲིས་མི་རྣམས་ཀྱིས། །ཤེས་གཅིག་མི་ཤེས་བྲག་རི་ལ་སོགས་ལ། །ཐོགས་པ་ཡོད་མེད་བརྟག་པའང་གོམས་པར་བྱ། །ཤིན་ཏུ་གོམས་ན་བར་དོའི་སྐབས་སུའང་། །བར་དོ་ཉིད་དུ་རང་གིས་ཤེས་པ་དང་། །གཞན་གྱིས་ཁྱོད་ནི་བར་དོ་ཡིན་ནོ་ཞེས། །བརྗོད་པ་ལས་ཀྱང་བར་དོར་ཤེས་པ་འབྱུང་། །དེ་ལྟ་མིན་ན་རྨི་ལམ་རྨི་ལམ་དུ། །གཉིད་དུས་ཉིད་ན་ཤེས་པ་མིན་པ་ལྟར། །བར་དོ་རྣམས་ཀྱིས་བར་དོར་ངོ་མི་ཤེས། །མ་ཤི་སྙམ་ནས་སྔར་བཞིན་བག་ཆགས་སོགས། །དེ་ཕྱིར་དེ་ཚེ་བར་དོར་ཤེས་པ་གཅེས། །ཤེས་ནས་སྔར་གྱི་གདམས་ངག་བསྒོམས་པ་གཅེས། །དེར་ཡང་འོད་གསལ་སྣང་བ་གང་ཤར་ལ། །འཛིན་མེད་ངང་ནས་གཏད་དེ་ལྟ་བ་ཙམ། །མ་ཡེངས་རྩེ་གཅིག་གནས་ན་འཇིགས་སྣང་དང་། །བྲལ་ནས་འོད་གསལ་ཉིད་ལ་ཐིམ་པར་འགྱུར། །འཆི་ཁ་བར་དོའི་གནས་སྐབས་ཐམས་ཅད་དུ། །རང་ལ་ངེས་ཤེས་བརྟན་པོ་ཡོད་པའམ། །གཞན་གྱིས་ཟབ་མོའི་གསལ་འདེབས་ཡང་ཡང་གཅེས། །གལ་ཏེ་བར་དོ་ཉིད་དུ་མ་གྲོལ་ནའང་། །ཆོས་པའི་རིགས་སུ་རྣལ་འབྱོར་ལྡན་པར་སྐྱེ། །དེ་གོམས་པ་ལས་མཆོག་གི་དབྱིངས་སུ་འགྲོ། །གལ་ཏེ་ཡུན་རིངས་བསྒོམས་པར་མ་གྱུར་ཀྱང་། །ཆོས་དབྱིངས་ཉམས་མྱོང་ངེས་ཤེས་བརྟན་པོ་དང་། །མི་དགེ་སྤངས་ཤིང་དམ་ཚིག་མ་ཉམས་ན། །འཆི་ཁའི་འོད་གསལ་བར་དོའི་འོད་གསལ་དག །ཡང་ཡང་གོམས་པས་སྐྱེ་བ་བདུན་གྱི་མཐར། །ངེས་པར་འགྲོ་བ་འདི་ལ་ཐེ་ཚོམ་མེད། །ཅི་སླད་ཅེ་ན་མགོན་པོ་སྤྱན་རས་གཟིགས། །ཚད་མར་གྱུར་ཅིང་དཔང་དུ་གྱུར་པ་དེས། །ངེས་པ་ཉིད་དུ་དེ་ལྟར་གསུངས་ཕྱིར་དང་། །ལུང་ལ་རྟེན་པའི་རིགས་པས་འགྲུབ་ཕྱིར་རོ། །འདི་ལས་གཞན་པའི་འཕོ་བ་བར་དོ་ཡི། །མན་ངག་ཟབ་ཟབ་ལྟ་བུ་ཕལ་ཆེ་ལ། །འཕོ་ཡུལ་འོད་གསལ་ཆོས་སྐུ་མཐོང་པ་དཀོན། །གལ་ཏེ་མཐོང་ཡང་ཆོས་སྐུར་ཤེས་པ་དཀོན། །དེ་དག་འཕོ་ཡུལ་བློ་ཡིས་བཀོད་པ་ལ། །རྣམ་ཤེས་འཕོས་སོ་སྙམ་ནས་རློམ་པ་ཙམ། །དེ་ཕྱིར་འོད་གསལ་བདེ་གཤེགས་སྙིང་པོ་དང་། །རྣམ་ཤེས་བློ་བུར་དྲི་མ་ཕྱེད་པ་ཅེས། །དེ་སླད་འདི་ནི་ཁྱད་འཕགས་ཆེན་པོ་སྟེ། །སྣོད་མིན་རྣམས་ལ་ཤིན་ཏུ་གསང་ཞིང་སྦ། །སྣོད་ལྡན་རྣམས་ལ་བཀའ་རྒྱ་དམ་པོ་ཡིས། །རིམ་པ་རིམ་པར་གདབ་ཀྱིས་གཞན་དུ་མིན། ཞེས་པའོ།། །།