Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

1 occurrence of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
འཇམ་དཔལ་གཤིན་རྗེ་ཁྲོ་ཆུའི་ལས་བྱང་རྒྱས་བསྡུས་གསུམ་དང་མདོས་ཟློག་ཡང་ཟློག་རྣམས་ཀྱི་ཟིན་བྲིས།
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of འཚེར་རྩུབ་
[Clear Hits]

 
previousའཇམ་དཔལ་གཤིན་རྗེ་ཁྲོ་ཆུའི་ལས་བྱང་རྒྱས་བསྡུས་གསུམ་དང་མདོས་ཟློག་ཡང་ཟློག་རྣམས་ཀྱི་ཟིན་བྲིས།next

འཇམ་དཔལ་གཤིན་རྗེ་ཁྲོ་ཆུའི་ལས་བྱང་རྒྱས་བསྡུས་གསུམ་དང་མདོས་ཟློག་ཡང་ཟློག་རྣམས་ཀྱི་ཟིན་བྲིས།


CMR012_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གཤིན་རྗེ་ཁྲོ་ཆུའི་ལས་བྱང་རྒྱས་བསྡུས་གསུམ་དང་མདོས་ཟློག་ཡང་ཟློག་རྣམས་ཀྱི་ཟིན་བྲིས་ཡོད།།


CMR012_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཡ་མཱནྟ་ཀ་ཡེ། སྲུང་བ་འཇམ་དཔལ་སྨན་གདོང་དང་། །ཟློག་བསད་གཤིན་རྗེ་དུག་གདོང་ལ། །དགོངས་པ་འགྲོལ་ཕྱིར་ཕྱག་འཚལ་ནས། །དེ་ཡི་འདོན་འགྲིགས་བཤད་པར་བྱ། །རང་བཞིན་བསྙེན་སྒྲུབ་བྱ་ཚུལ་དང་། །སྲུང་ཟློག་བསད་པ་བྱ་ཚུལ་ལོ། །བསྙེན་བསྒྲུབ་བྱ་ཚུལ་སྟ་གོན་རྣམས། །གཞུང་ལྟར་རྒྱས་བསྡུས་གང་ལྕོགས་བཅའ། །འདོན་ལུགས་ཁྱད་པར་མེད་པ་ཡིན། །དེ་ལའང་རྒྱུས་བསྡུས་འབྲིང་གསུམ་སྟེ། །རྒྱས་པ་སི་ཏུས་བསྒྲིགས་པ་ལྟར། །སྐྱབས་སེམས་མངོན་རྟོགས་གཞུང་ལྟར་ལ། །མངོན་རྟོགས་ཕྱི་ཡི་སྲུང་འཁོར་དང་། །ནང་གི་


CMR012_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་སྲུང་འཁོར་གཉིས། །སྡེབ་འཁྱོར་ཡོད་པས་སབ་པར་བྱ། །རྙིང་མ་སྤྱི་ཡི་ལུགས་ཡིན་པས། །བདག་མདུན་སོ་སོར་འདོན་སྲོལ་མེད། །ཆོ་ག་གཅིག་གིས་དུས་གཅིག་བསྐྱེད། །མཆོད་བསྟོད་སོ་སོར་མི་དགོས་ཏེ། །མཆོད་བསྟོད་ཚར་གཅིག་འདོན་པའི་ཚེ། སྤྲུལ་པའི་ལྷ་མོ་གྲངས་མེད་ཀྱིས། །བདག་མདུན་སོ་སོར་མཆོད་བསྟོད་དམིགས། །སྨན་མཆོད་བརྒྱུད་རིམ་ཁ་སབ་བྱ། །གཏོར་མདོས་མ་བྱས་གོང་དེར་བསྙེན་པ་བྱས་ན་ལེགས། །གཞུང་གི་བསྟོད་པ་ཚར་བའི་རྗེས། །ཧཱུཾ། པདྨ་ཉི་མའི་གདན་སྟེང་ནས། །ཞེས་སོགས་བསྟོད་པ་རྒྱས་པའང་


CMR012_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར། །དེ་རྗེས་བསྙེན་པ་བྱ་བ་སྟེ། །ཟིན་བྲིས་གཞུང་ནས་འབྱུང་བ་ལྟར། །གནས་གསུམ་བྱིན་རླབས་དབང་བསྐུར་སོགས། །བསྒོམ་ཞིང་སོ་སོའི་སྔགས་ཀྱང་བཟླ། །ཐུགས་ཀའི་ཧཱུྃ་མཐའ་སོགས་པའི་དམིགས་པ་བྷྱོ། །བདག་བསྐྱེད་མཛྫུ་ཤྲཱི་དང་། །དུ་ཏྲི་སོགས་ལ་དམིགས་བསྙེན་བྱ། །བདག་བསྐྱེད་ཞལ་ནས་སྔགས་ཕྲེང་སོགས། །མདུན་བསྐྱེད་ལ་དམིགས་བསྙེན་པ་བྱ། །བདག་མདུན་བསྙེན་པ་ཚར་བའི་རྗེས། །མདུན་བསྐྱེད་གནས་གསུམ་བདུད་རྩི་སོགས། །དངོས་གྲུབ་ལེན་པའི་སྔགས་དམིགས་བྱ། །ཨོྃ་ཨཱཿཧཱུྃ་ཀཱ་ཡ་སིདྡྷི་སོགས་། །དེ་ནས་མདུན་དུ་ཨེ་ལས་ལྕགས་ཁང་སོགས། །ཚེ་བདུད་གཟིར་བའི་སྔགས་དམིགས་བྱ། །དེ་རྗེས་གཏོར་མ་གསོ་བྱས་ལ། །ཧཱུྃ། ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ། །ཚིགས་བཅད་སྔགས་བཟླས་གཏོར་མ་བསྔོ། །འདི་ལ་གཏོར་ཆུང་འབུལ་ཀྱང་ལེགས། །ཧཱུྃ་ཡ་བྷྱོ་སོགས་བསྟོད་པ་བྱ། །དེ་ནས་དབྱངས་གསལ་རྟེན་འབྲེལ་བརྗོད། །དེ་རྣམས་སྔ་ཐུན་རིམ་པ་སྟེ། །ཐུན་གཞན་གསུམ་ལ་དེ་དང་མཚུངས། །འཛོམས་ན་ཞག་རེ་ཚོགས་རེ་བྱ། །སྤྲོ་ན་མངའ་གསོལ་གསོལ་ཁའང་བྱ། །དེ་ལྟར་བདུན་གཅིག་བདུན་གཉིས་


CMR012_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སམ། །བདུན་གསུམ་བསྙེན་སྒྲུབ་གཞི་བསྙེན་ཡིན། །བདུན་གསུམ་དག་ལས་རིང་མི་བྱ། །གྲོལ་ཁ་སྒྲུབ་རྟེན་གཏོར་མ་ལ། །དམིགས་པས་རང་ལ་དབང་ཡང་བླངས། །ཀཱ་ཡ་ཝཱཀ་ཙིཏྟ་སོགས། །གནས་གསུམ་བྱིན་གྱིས་བརླབ་ཚུལ་བྱ། །དེས་ནི་བསྙེན་བསྒྲུབ་བྱ་བའི་ཚུལ། །ཆོ་ག་རྒྱས་པའི་འདོན་འགྲིགས་རྫོགས།། ༈ །།ཆོ་ག་བསྡུས་པའི་འདོན་འགྲིག་ནི། །གནམ་ལྕགས་གོ་མཚོན་གཞུང་ལྟར་ལ། །གནུབས་སྟོན་སངས་རྒྱས་ཡེ་ཤེས་ཀྱི། །བསྟོད་པ་ཡན་ཆད་གཞུང་ལྟར་ལས། །ཐུན་མཚམས་གསུམ་ནི་དགོང་ཐུན་མཇུག །ཚེ་སྒྲུབ་ནོར་སྒྲུབ་གཉིས་པོ་སྦྱར། །རྫོགས་རིམ་བསྡུ་རིམ་མི་བྱའོ། །དེ་བཞིན་ཚེ་སྒྲུབ་ནོར་སྒྲུབ་གཉིས། །རྒྱས་པའི་སྐབས་སུའང་ཤེས་པར་གྱིས། །གསོལ་ཁ་བསྐང་གསོལ་ཚོགས་མཆོད་གསུམ། །འདོད་ན་རྒྱས་པའི་སྐབས་ལྟར་བྱ། །དེ་ནས་རྒྱུན་ཁྱེར་ཉམས་ལེན་བྱེད་འདོད་ན། །གནམ་ལྕགས་གོ་མཚོན་གཞུང་ལྟར་ལས། །བདག་བསྐྱེད་བསྙེན་པའི་སྐབས་དེ་རུ། །བསྙེན་པ་ཅི་ནུས་འབད་པར་བྱ། །མདུན་བསྐྱེད་ཐང་སྐུ་དར་ནག་གམ། །མེད་ན་གཏོར་མའི་རྩེ་རུ་བསྐྱེད། །མདུན་བསྐྱེད་བསྙེན་པ་ཅི་འགྲུབ་


CMR012_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དངོས་གྲུབ་ལེན་ཆོག་གཞུང་ལྟར་ལས། །མདུན་དུ་ཨེ་ལས་ལྕགས་ཁང་སོགས། །ཚེ་བདུད་གཟིར་མནན་མི་དགོས་ཏེ། །བཏོན་ཡང་འགལ་བ་མེད་པ་ཡིན། །ཐུན་མཚམས་ཕྱི་སྣོད་འཇིག་རྟེན་སོགས། །གཞུང་གི་གཏོར་བསྔོས་བསྟོད་པའང་བྱ། །སྔ་དྲོ་སྲུང་བའི་དམིགས་པ་དང་། །སྲུང་སྔགས་ཧཱུྃ་བྷཾ་རཀྵ་སོགས། །ཕྲེང་སྐོར་ཙམ་ཞིག་བརྗོད་པར་བྱ། །དེ་ནས་བྱ་བ་གང་དགོས་བསྒྲུབ། །ཕྱི་དྲོ་ལས་བྱང་ཝིག་མི་དགོས། །དྲན་རྫོགས་ཉིད་དུ་གསལ་བཏབ་ནས། །ལུས་ལྷ་གཤིན་རྗེའི་ལུས་བཅས་གསལ་བཏབ་ལ། །ཟློག་དམིགས་དང་བཅས་ཟློག་སྔགས་བཟླ། །བརྒྱ་ལས་མང་བར་མི་བྱ་སྟེ། །མཐུ་འདྲེན་བྱེད་ན་སུམ་བརྒྱ་ཡིན། །དེ་ནས་དམར་གཏོར་གཅིག་བཤམས་ལ། །ཨེ་གཏོར་སྣོད་ལ་སོགས་འགུགས་གཞུག་དང་། །དྲག་པོ་ཆོས་དབྱིངས་ལ་སོགས་ནས། །ཕྲིན་ལས་མཛོད་བར་གཞུང་ལྟར་འདོན། །ཤ་ཁྲག་གཤིན་རྗེའི་ཟོས་ལྷག་སོགས། །དམིགས་པ་དང་བཅས་ཐུན་གཏོར་དེ། །འཕེན་ནམ་གནོད་བྱེད་དགྲ་ཡུལ་སོགས། །ཕུལ་བ་ལ་སོགས་སྐབས་དང་བསྟུན། །དེ་རྗེས་རང་གི་ལག་མཐིལ་སོགས། །དམིགས་པ་དང་བཅས་ཐལ་མོ་ནི། །


CMR012_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ལན་དགུ་དང་བཅས་སྔགས་བཟློག་སྔགས་དང་སྤྱད། །དེ་ནས་སྤྱི་གཙུག་མཆོད་རྟེན་ལ་སོགས་བརྗོད་པ་ཡིན། །དེ་ཉིད་རྒྱུན་ཁྱེར་བྱས་པ་ན། །བསྙེན་པ་སྲུང་ཟློག་བསད་པ་སོགས། །ཐམས་ཅད་དེ་གས་ཆོག་པར་ངེས། །མ་ཚིག་ཙམ་གྱིས་བསྡུས་པ་ནི། །ཧེ་ལ་སྣ་ཚོགས་ལས་གྲུབ་སོགས། །མངོན་རྟོགས་ཉུང་ངུ་དེ་ཉིད་བརྗོད། །དེ་འང་བསྙེན་པ་སྲུང་ཟློག་བསད། །གཅིག་ཆོག་གསུམ་གྱི་གདམས་པ་འདུས། །དེ་དོན་ཟིན་བྲིས་དག་ལས་གསལ། །དེ་ནས་གཏོར་ཟློག་ཡང་ཟློག་གཉིས། །བཅའ་ཚོགས་མཐོང་བ་བརྒྱུད་པ་ལྟར། །དེ་ཡང་ཟིན་བྲིས་དག་ལས་གསལ། །ཆོ་ག་རྒྱས་པ་གཞུང་ལྟར་ལས། །སྲུང་འཁོར་རང་ཐུགས་ཕྱི་ནང་གཉིས་པོ་སབ། །སྨན་མཆོད་སྐབས་སུ་བརྒྱུད་རིམ་སབ་། །ཀཱ་ཡ་སིདྡྷི་ཞེས་པའི་སྐབས། །གནས་གསུམ་ཐིག་ལེ་ལྕེ་ལ་བཞག །བསྟོད་པ་ཡན་ཆད་གཞུང་ལྟར་ལས། །ཧཱུཾ་པདྨ་ཉི་མ་ལ་སོགས་པའི། །བསྟོད་པ་རྒྱས་པའང་བསྟོད་པའི་རྗེས། །བསྙེན་པ་ཕྲེང་སྐོར་ཙམ་ཞིག་བྱ། །དེ་ནས་སྲུང་སྔགས་ཅུང་ཟད་བཟླ། །དེ་ཚེ་བསྙེན་པ་བསྲུང་བ་ཡིན། །དམིགས་རིམ་བསྡུས་པ་ཅི་ཟིན་བྱ། །དེ་ནས་གསོལ་ཀ་


CMR012_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་གསོལ་གསུམ། །སྦྱར་ན་ལེགས་ཤིང་མ་སྦྱར་རུང་། །སྦྱར་ན་གཏོར་ཟློག་གསོ་བྲན་ཝིག །ཡང་ན་གཏོར་ཆུང་ཕུལ་ཡང་ལེགས། །དེ་ནས་ཚོགས་བྱ་ཚོགས་ཕུད་ཕུལ། །ཁྲོ་ཆུ་ཁོ་ནར་གཙོར་བཟུང་ནས། །སྐབས་འདིར་གཏོར་བསྔོས་གང་དགོས་བྱ། །མ་སབ་ནའང་མ་ཚང་མེད། །ཚོགས་ཕུད་བར་པས་བསྐང་བ་གསོ། །མེད་ན་གཏོར་ཟློག་གསོ་བྲན་བྱ། །གཞུང་གི་བསྐང་བ་ཉུང་ངུ་འདོན། །གཏོར་ཟློག་མེད་པའི་ཚོགས་ལ་ནི། །བསྒྲལ་ལས་གུད་དུ་མི་དགོས་ཏེ། །བསྐང་བའི་ནང་ན་དོན་གྱིས་ཚང་། །གཏོར་ཟློག་ཡོད་ན་ཚོགས་དུམ་བདུན། །ཟན་ལིང་བདུན་དང་ཤ་དུམ་བདུན། །གཏོར་ཆུང་མང་བ་སོ་སོར་བཤམས། །མདུན་དུ་ཟངས་ལྕགས་སྣོད་ཀྱི་ནང་། །ཚོགས་དུམ་ལིངྒ་གཅིག་བཞག་བྲན། །བྲུབ་ཁུང་ཡོད་ན་བྲུབ་ཁུང་དང་། །མེད་ན་གཏོར་ཆེན་འོག་རྣམས་སུ། །ཟན་ལིང་བཞག་པ་ལ་དམིགས་ཏེ། །བྲུབ་ཁུང་བསྐྱེད་ཆོག་ནས་བཟུང་སྟེ། །ཀཱི་ལ་ཡ་ཡི་བར་ཡན་འདོན་། །དེ་ནས་གཏོར་ཆུང་གཉིས་བྲན་ལ། །གཤེད་ཆེན་སྡེ་བཞིའི་བསྐུལ་པ་དང་། །གནམ་ལྕགས་རྒྱ་གྲམ་འབར་བ་སོགས། །སྔགས་པ་སྡེ་དྲུག་གཏོར་མ་འབུལ། །ཕུར་


CMR012_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་བཏོན་ལ་ཕུར་པ་བཏབ། །ཐུན་རྫས་སོགས་ཀྱི་དམོད་པ་བརྗོད་པའི་ཚེ། །ཕྱི་ལག་བྱས་ལ་ཐུན་རྫས་བརྒྱབ། །དེ་ནས་ཡུངས་དཀར་ནས་བཟུང་སྟེ། །ཐོ་བའི་བར་གྱི་ཐུན་རྫས་བརྒྱབ། །ཤིན་ཏུ་གལ་ཆེན་ཡིན་ན་ནི། །ཐུན་རྫས་རེ་ལ་བསད་སྔགས་སྦྱར། །ཧཾ་ཟེར་རམ་ནི་ཐོད་སྟེང་དུ། །ལིང་རོ་བཀྱག་ལ་ཞལ་བསྟབ་གྱེར། །གཏོར་ཟློག་ནང་ཕུལ་བདུད་རྩིས་བྲན། །དེ་ནས་གཏོར་ཆུང་གཅིག་བཤམས་ལ། །ཧཱུྃ། ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ། །ནས་བཟུང་བསྒྱུར་བའི་ཕྲིན་ལས་མཛོད། །སྔོན་ཚེ་ཟློག་པ་གང་ནས་བྱུང་། །སོགས་ནས་འདི་ལྟར་བཟློག་བར་འདོན། །བྷྱོ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ནས། །བན་བོན་སྔགས་པའི་བྱད་ཁ་བཟློག་གི་བར། །ཧཱུཾ། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད། །འཇིག་རྟེན་དྲེགས་པ་སྐུ་གསུང་ཐུགས་སྤྲུལ་དང་། །ཟློག་སྒྱུར་དུས་བབ་བར་གྱི་ཚིག་གསུམ་མཐར། །བདག་ཅག་ཡོན་མཆོད་འཁོར་བཅས་ཞེས་པ་ནས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད་ཀྱི་བར། །དེ་ནས་རྔ་ནི་དྲག་བརྡུང་ཟློག་སྔགས་བཟླ། །དེ་ཡིས་གཙོ་བོའི་ཟློག་པ་ཚང་བ་ཡིན། །བན་སྐྱོང་བོན་སྐྱོང་ཀུན་གྱི་གཤེད་


CMR012_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཕྱིར། །ཁྱོད་ཁ་བཟློག་ལ་འདི་བས་ཟབ་པ་མེད། །དེ་ནས་སླར་ཡང་ཟན་ལིང་ཚོགས་དུམ་བཤམས། །བྲུབ་ཁུང་བསྐྱེད་ཆོག་ཝིག་ནི་མི་དགོས་ཏེ། །གཏོར་ཆུང་བཤམས་ལ་ཕོ་ཉ་བསྐུལ་བ་ནི། ། བྷྱོ༔ འཆི་བདག་ནག་པོའི་དུས་བབ་ཚིག་གཅིག་ལ། །གཤེད་ཆེན་སྡེ་བཞིའི་དུས་བབ་མན་ཆད་སྦྱར། །བསྙེན་སྔགས་བླ་འགུགས་སྔགས་བསྟབ་བརྗོད་པར་བྱ། ། བྷྱོ༔ བཀའ་ཉན་ཆེན་མོ་ནས་བཟུང་ལྷ་དབྱེ་གྱེར། །བྱ་རོག་འུག་པའི་སྒོ་ཡིས་འཐབ་ཚུལ་བྱ། །མེད་ན་ཐུན་བྲབ་ལྷ་དབྱེའི་སྔགས་ཀྱང་བརྗོད། །སྐད་ཅིག་ལྷོ་ཕྱོགས་ལ་སོགས་ཐུན་བྱིན་རླབས། །གཤེད་ཆེན་སྡེ་བཞི་སྔགས་པ་སྡེ་དྲུག་གཉིས། །གཙོ་བོ་མ་གཏོགས་འཁོར་ལ་མི་སྦྱར་རོ། །བྷྱོ༔ འཆི་བདག་ནག་པོའི་དུས་ལ་བབ། །ཅེས་པ་ནས་ཐོ་བའི་བར་གོང་ལྟར་ལས། །བསྟབ་པ་འཆི་བདག་ནག་པོའི་ཞལ་དུ་བསྟབ། །བྷྱོ༔ སྐུ་ཡི་སྤྲུལ་པ་འཆི་བདག་ནག་པོ་ནས། །ཚིག་གཉིས་མཇུག་ཏུ་ཞལ་གཅིག་ཕྱག་གཉིས་སོགས། །ལས་མཛོད་ཅིག་བར་བརྗོད་ཅིང་གཏོར་ཆུང་འབུལ། །འཇིག་རྟེན་དྲེགས་པ་སྐུ་གསང་ཐུགས་སྤྲུལ་དང་། །སྐུ་ཡི་སྤྲུལ་པས་ནམ་མཁའ་གང་ཞེས་མཐར། །བདག་ཅག་ཡོན་མཆོད་ཅེས་ནས་


CMR012_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་མཛོད་བར། །ཟློག་སྔགས་བརྗོད་ཅིང་རྔ་དྲག་བརྡུང་། །དེས་ནི་སྐུ་སྤྲུལ་འཆི་བདག་ཟློག་པ་རྫོགས། །འཆི་བདག་འདི་ནི་ནཱ་ག་རཀྵ་སྟེ། །གཏད་དང་ཀླུ་གདོན་ཟློག་པའི་མཆོག་ཡིན་ནོ། །དེ་ནི་གཞུང་ལྟར་འགྲེས་རྣམས་ཤེས་བྱས་ཏེ། །ཚེ་བདག་འདི་ནི་ཟློག་བསད་ཡང་ཟློག་མཆོག་།ཡང་ཟློག་རྡོ་རྗེ་ཕ་ལམ་མཆོད་བསྟོད་དང་། གཏོར་ཟློག་ཀྱང་ནི་འདི་ལ་འཐུས་པ་ཡིན། །དེ་ནི་ཐུགས་སྤྲུལ་སྲོག་བདག་འགྲེས་གཤང་སྟེ། །སྲོག་བདག་སྲོག་ཐིག་ཁ་ཐུན་དོན་གཅིག་སྟེ། །བསད་པའི་ལས་ལ་ཤིན་ཏུ་རྣོ་བར་བཤད། །དེ་ནས་བེ་བྷ་སྭ་ཏའི་འགྲེས་བཤང་འདོན། །བི་བྷ་སྭ་ཏ་འཆར་ཀའི་མིང་ཡིན་ཏེ། །ཟོར་ཁ་རྒོད་སྟོང་ཟློག་པའི་མཆོག་ཏུ་གསུངས། །ཕྲིན་ལས་སྤྲུལ་པ་ཟ་ཝ་ལྗང་ནག་ནི། །ཡིག་ཆ་ལ་ལར་ཟ་བ་ལྗང་དམར་ཡོད། །ཡ་ཀའི་རྫོགས་པའི་སངས་རྒྱས་མན་ཆོད་ནས། །མ་ཀའི་འཇག་མའི་སྲིན་བུ་ཡན་ཆད་ཀྱིས། །སྲོག་དབུགས་ཟ་བ་སྲིད་པ་ལས་ཀྱིས་བསྐོས། །དེ་ཕྱིར་ཟ་བ་ཞེས་སུ་མིང་བཏགས་ཏེ། །དོན་ལ་འཆི་བདག་ནག་པོ་ཡིན་པར་ངེས། །ཡ་མ་རཱ་ཙ་ཆོས་རྒྱལ་དོན་གཅིག་སྟེ། །ངོ་བོ་རྫོགས་པའི་སངས་རྒྱས་ཡིན་


CMR012_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་། །རྣམ་པ་གཤིན་རྗེ་ཡོངས་ཀྱི་སྡེ་དཔོན་ཚུལ། །ས་བརྒྱད་སེམས་དཔའ་དགེ་སྡིག་ཤན་འབྱེད་ཡིན། །དེ་དག་རྣམས་ལས་འཇིགས་པའི་ལྷ་གཞན་མེད། །ཚར་གཅིག་ནང་དུ་གབ་བདུན་སྤྱད་པ་དེས། །ཟློག་པ་ཚར་གཅིག་ཟློག་པ་ཚར་བདུན་ཚང་། །བཅུ་དྲུག་བཏོན་པས་ཟློག་པ་བརྒྱ་རྩ་ཚང་། །དེ་ནི་རྒྱས་པ་ཡིན་ཞིང་འབྲིང་གི་ཆེ། །གཙོ་བོ་ཞིག་དང་འཁོར་གསུམ་ལ། །འགྲེས་བཤང་དཔེར་ན་ཟློག་པ་ཚར་གསུམ་འགྲོ། །བསྡུ་ན་གཙོ་འཁོར་བདུན་པོ་ཕྱོགས་གཅིག་བསྡུ། །འགྲེས་ཀྱི་ས་རུ་བདུན་པོའི་མཚན་རྣམས་བརྗོད། །བསྒྲལ་ལས་བསྟབ་པ་གཏོར་ཟློག་གཞུང་ཉིད་འདོན། །དེ་ནས་ཚོགས་རོལ་ལྷག་མ་རྩང་ནང་ཕུལ། །དེ་ནས་རྩང་གྱེར་བཏོན་པས་ཟློག་གཞུང་རྫོགས། །ཟློག་བསད་ཐུན་མོང་ཕྱི་རྟགས་ཐོན་འདོད་ན། །ཟློག་པ་རེ་ལ་འགུགས་གཞུག་གསུམ་གསུམ་རེ། །བླ་འགུགས་སྔགས་ལ་ཉི་ཤུ་རྩ་གཅིག་ཙམ། །ཕུར་འདེབས་ལ་སོགས་ཐུན་གྱི་སྐབས་ཀུན་ཏུ། །དམིགས་པ་གསལ་བས་བསད་སྔགས་ཚར་གསུམ་རེ། །དེ་ལྟར་བྱས་པས་བསད་ཟློག་གཉིས་ཀ་འགྲུབ། །རྟགས་ཐོན་བྱེད་ན་ཞག་རེ་ཚར་གསུམ་འདོན། །བར་སྐབས་སྔ་དྲོ་ཀུན་ལ་སྲུང་སྔགས་


CMR012_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ནུས་བཟླ། །ཕྱེད་ཡོལ་ཉི་ནུབ་བར་དུ་ཟློག་པའི་སྔགས། །ཉི་ནུབ་ནས་བཟུང་མཚན་མོའི་ཆ་རྒྱུན་ལ། །བསད་སྔགས་ཁོ་ན་བཟླ་བར་བྱ་བ་སྟེ། །སྔགས་རྒྱུན་བྱེད་མཁན་མང་དུ་ཡོད་ན་མཆོག །མེད་ན་རང་གིས་བར་སྐབས་ཅི་ནུས་བཟླ། །དེ་ལྟར་རྨིས་རྟགས་མ་ཐོན་བར་དུ་འབད། །བདེ་རིམ་ཡིན་ན་ཡོན་བདག་འདོད་དང་བསྟུན། །དེ་ནས་འབུལ་ཉིན་སྔ་དྲོའི་ཆ་ལ་ནི། །སྔ་དྲོ་གནམ་ལྕགས་གོ་མཚོན་ལ་སོགས་པ། །ཁྲོ་ཆུའི་ལས་བྱང་བསྡུས་པ་ཚར་གཅིག་འདོན། །ཚོགས་དང་བསྒྲལ་ལས་བསྟབ་པ་སྔོན་དང་མཚུངས་། །ཟློག་གཞུང་གབ་མ་སྤྱད་པ་བསྡུས་པ་འདོན། །ཟོར་སྣོད་ནང་དུ་ཟོར་ཆེན་གཉིས་དང་ནི། །རུ་ཏྲ་སྡེ་བཞི་དེ་འདྲར་ཆུང་བ་བཞི། །ཁྲམ་ཟོར་ཁྲག་ཟོར་རྡོ་ཟོར་མདའ་དང་གཞུ། །ཀོང་ཟོར་མདའ་འཕང་ནམ་རྒྱང་བཙུགས་པ་ཞིག །སྒོང་ཟོར་དང་བཅས་དཔེའུ་རིས་ལྟར་བཅའ། །སྔར་ནས་བཅས་ལ་་་ཡུངས་ཀར་སྔགས་ནས་གཏོར། ཐུན་སྔགས་བྲབ་ན་བཟང་། །འཕྲལ་དུ་དེ་ཉིན་བཅས་ན་འགལ་བ་མེད། །དེ་ནས་འབུལ་ཉིན་གསེར་སྐྱེམས་དཀར་གཏོར་འབུལ། །སྔོན་ནས་གཏོར་མའི་སྟོད་ཆ་ལྷ་སོ་སོ། །སྨད་ཆ་བྲུབ་ཁུང་དགྲ་


CMR012_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཤ་ཁྲག་དང་། །སྐེད་པ་མཆོད་པའི་སྤྲིན་དུ་བསྒོམ་ཡོད་པ། །ཡིད་ཀྱིས་ལྷ་ཚོགས་ནམ་མཁར་བཏེགས་བྱས་ནས། །སྤྲིན་ནག་འཁྲིག་བཞིན་འུར་ཆེམ་ནམ་མཁར་བཞུགས་། །ཞལ་ཡང་རང་ལ་མི་བལྟ་དགྲ་ལ་བལྟ། །རྔམ་རྔམ་ཅིག་ཅིག་དམག་ལ་ཆས་པར་བྷེ། །ཕྱར་ནག་སྟེང་དུ་གཏོར་མདོས་ཞལ་བསྒྱུར་ལ། །དེ་མཐར་གཏོར་ཆུང་བཅུ་བཞིའི་བསྐོར་བ་ཅན། །བཀུག་གཞུག་བསྡུས་པ་ཙམ་ཞིག་འགྲུབ་ན་ལེགས། །མ་འགྲུབ་ན་ཡང་དགྲ་བགེགས་ཤ་ཁྲག་དམིགས། །ཨེ་དྲག་པོ་ཆོས་དབྱིངས་གཤིན་རྗེ་ལ་སོགས་པའི། །སྡེ་ཚན་སོ་སོའི་མཚན་གྱི་མཇུག་ཏུ་ནི། །དམ་རྫས་ཕྱི་ནང་ལ་སོགས་ཚིག་བདུན་པོ། །སྦྱར་ནས་རྫོ་ངས་འདེབས་ཚུལ་དུ་གཏོར་ཆུང་འབུལ། །རྩ་སྔགས་མཇུག་ཏུ་ཤན་པ་ནག་པོ་སོགས། །ཁཱ་ཧི་སྦྱར་ཞིང་རོལ་མོ་འུར་བརྡུང་བྱ། །ནམ་མཁར་བཞུགས་པའི་ལྷ་ཚོགས་ཐམས་ཅད་ཀྱིས། །དགྲ་བགེགས་ཤ་ཁྲག་ལྷག་མེད་ཧབ་ཐོབ་ཟོས། །དམག་ཆེན་བཟའ་བཏུང་ཟས་ཀྱིས་མགུ་བ་ལྟར། །ཁྲོས་འཁྲུགས་རྔམ་ཞིང་ཟ་ཟ་རམ་རམ་བསམ། །དེ་ནས་བདེ་རིམ་གཏོར་ཟློག་ཡིན་ན་ནི། །ཕྱོགས་ཀྱི་གཙང་སར་འབུལ་རྒྱུ་བསྐུར་བས་ཆོག །


CMR012_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་དཀར་གཏོར་དེ་རྗེས་གཏོར་ཟློག་ཁྱེར། །དང་པོ་འགྲོ་ཁ་ཡུད་ཙམ་བཀྱག་བཅུག་ལ། །ཉི་མ་ལྷོ་ཕྱོགས་མ་ཡི་བསྐུལ་རིང་འདོན། །སྒོ་ཐེམ་ནས་བཟུང་གོམ་པ་བདུན་ཅུ་ནི། །རྩ་བཞི་བས་ནི་ཉེ་ན་འཁོར་ལ་ལྡོག །དེ་ནས་ཕྱི་ལྟས་མི་བྱ་ཚུར་འོང་སྟེ། །གཏོར་སྣོད་སྒོ་ཐེམ་རྩ་རུ་སྒྲུབ་པར་བྱ། །གཏོར་སྐྱེལ་ཚུར་ལ་མ་ཕྱིན་བར་དུ་ནི། །ཟློག་སྔགས་འདོན་ཅིང་རོམ་མོ་ཅི་བཅད་དེ། །དེ་ནི་གཏོར་སྐྱེལ་དག་གིས་སྲུང་བ་ཡིན། །དེ་ནས་སྒོ་རྩར་གཏོར་སྣོད་སྒྲུབ་པ་ལ། །དམ་སྲི་འགུགས་གཞུག་བྱས་ལ་གཏོར་བྲོ་བརྡུང་། །ནང་དུ་ཕྱིན་ནས་ཚེ་འགུགས་ནོར་སྒྲུབ་སོགས། །གནམ་ལྕགས་གོ་མཚོན་གཞུང་ནས་འབྱུང་ལྟར་འདོན། །དགའ་སྟོན་ཚོགས་འཁོར་ཡོད་ན་བཟང་བ་སྟེ། །ཆད་མདོ་བརྟན་སྐྱོང་རྗེས་ཆོག་བཀྲ་ཤིས་སོགས། །ལས་བྱང་ཆེ་བའི་གཞུང་རྣམས་ཚང་བར་བྱ། །གལ་ཏེ་འཇམ་སྟབས་མི་བྱ་རྩུབ་བྱེད་ན། །ཁྱིམ་དེར་ཕྱོགས་ཀྱི་གཙང་སར་ཁ་ཕྱོགས་སུ། །སླ་ངའི་ནང་དུ་གྲུ་གསུམ་ཨེ་བཅས་ནས། །དེ་ནང་གཏོར་མའི་ཞབས་དང་བྲུབ་ཁུང་གི །ཤོག་ལིང་ཡོད་ན་བཏོན་ནས་དེར་བཞག་ལ། །མེད་ན་ཟན་ལིང་ཆེ་བ་གཅིག་བཞག་ནས། །ཧོམ་ཁུང་བསྐྱེད་


CMR012_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་བཀུག་གཞུག་བཅས་པ་བྱ། །སྐབས་འདིར་ཆད་མདོའི་གཏོར་མ་ཕུལ་ཡང་ཉིན། །སྒོང་ཟོར་ནས་བཟུང་ཟོར་རྣམས་རིམ་བཞིན་འཕངས། །བཞེས་འབོད་བྱས་ལ་ཟོར་ཆེན་འཕེན་པ་དང་། །མཉམ་དུ་དར་ནག་ཆོས་གོས་ལ་སོགས་བརྡབ། །གལ་ཏེ་ཟོར་ཆེན་མ་གྱུ་ཚུར་ལོག་ན། །ཟོར་ཆེན་གཉིས་པོ་འཕང་བར་བྱ་བ་ཡིན། །སྔོན་མ་གྱུ་ན་རྒྱབ་མ་བསྐྱལ་མི་དགོས། །དེ་ཡང་མ་གྲུ་ལན་གསུམ་དག་ལ་བསྐྱལ། །སྦྱིན་བདག་གམ་ནི་གྲྭ་སློབ་གལ་ཆེན་རྣམས། །གྲལ་ནི་མགོ་མཇུག་ལྡོག་པར་འཁོད་པ་ཡིས། །གྲལ་མཇུག་གཏོར་ཟློག་ཉིད་ལ་ཐུག་པར་བསྡད། །གྲལ་མགོར་རྡོ་རྗེ་སློབ་དཔོན་ཉིད་འདུག་ནས། །གཏོར་ཟློག་ནང་གི་ཡ་མ་རཱ་ཙ་ཡི། །གཏོར་མ་བླངས་བྲན་གཅིག་གིས་གཅིག་ལ་གཏད། །རྡོ་རྗེ་སློབ་དཔོན་ཕྱག་ཏུ་ཕྱིན་པ་ནས། །ཧཱུཾ། གཉིས་མེད་སྤྲུལ་པ་ཡ་མ་རཱ་ཙ་སོགས། །ཟློག་གཞུང་ཡ་མ་རྭ་ཙའི་ལེའུ་བཏོན། །ཟློག་སྔགས་བརྗོད་ནས་ལིང་གར་བརྒྱབ། །དེ་ནསཟ་བ་ལྗང་ནག་ནས་བཟུང་སྟེ། །འཆི་བདག་ནག་པོའི་བར་གྱི་ལས་གཤིན་ལྔ། །འདྲེས་བཤང་བཏོན་ཅིང་གཏོར་མ་ལིངྒར་བརྒྱབ། །དེ་རྗེས་གཙོ་བོའི་གཏོར་མ་སྣོད་དུ་བཤམས། །དཔལ་འབར་


CMR012_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས་ལ་སློབ་དཔོན་ཕྱག་ཏུ་ཐོགས། །ཕྱག་རྟགས་རྡོ་རྗེ་བརྗོད་ན་ལེགས་པ་སྟེ། །ཧཱུྃ། ལས་ཀྱི་གཤིན་རྗེ་ནག་པོ་མཐུ་བོ་ཆེ། །ཞེས་པ་གཙོ་བོའི་ཟློག་པ་དེ་ཉིད་ཀྱིས། །ཟོར་ཁ་རླུང་ཁ་བསྒྱུར་བའི་ཕྲིན་ལས་མཛོད། །ཟློག་སྔགས་བཏོན་ཅིང་ཀུན་གྱི་སྤྱི་བོར་འགྲིམ། །མི་ཆེན་བླ་ཆེན་ལ་སོགས་ང་རྒྱལ་ཅན། །དབུ་ན་གཏོར་མ་འཇོག་པ་མི་བདེ་ན། །ཕྱག་ཏུ་བཞག་པ་ཙམ་གྱིས་འཐུས་པ་ཡིན། །དམིགས་པ་གཏོར་མའི་རྩེ་སྟོད་ཁྲོ་ཆུའི་སྐུ། །དེ་ལ་ཡེ་ཤེས་བསྐལ་པའི་མེ་འབར་བས། །བསྲུང་བྱའི་ནད་དང་ལུས་གདོན་ཐམས་ཅད་བསྲེགས། །སྔོན་གྱི་འཁོར་ནི་དྲུག་པོ་འགྲིམ་པའི་ཚེ། །བསྲུང་བྱའི་ནད་གདོན་བར་ཆད་ཐམས་ཅད་ཀུན། །ལག་འགྲིམས་བྱས་པས་གཏོར་མའི་འོད་ཟེར་གྱིས། །ནད་དང་གདོན་དང་དགྲ་དང་བར་ཆད་ཀུན། །རྩིག་གསེབ་དུ་བ་རླུང་གིས་དེད་པ་ལྟར། །དེད་ནས་སླ་ངའི་ནང་གི་ལིངྒར་བསྟིམ། །གཏོར་མ་དྲུག་པོ་གྲ་སྟ་མེ་འབར་བས། །ལིངྒར་བརྒྱབས་པས་རྩྭ་ཕུང་མེ་བརྒྱབ་ལྟར། །རྡུལ་དུ་བརླགས་ནས་རྗེས་མེད་སོང་བར་བསམ། །དེ་ནས་གཙོ་བོའི་གཏོར་མ་དེ་ཉིད་ནི། །གནམ་ལྕགས་རི་བོ་ཟུར་གསུམ་ལ་སོགས་པ། །དམིགས་


CMR012_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བཅས་དམིགས་པ་མ་ཟིན་བར། །གཏོར་མ་ལིངྒར་རྒྱག་སྟོང་བྱེད་བཞིན་དུ། །ཟློག་སྔགས་་་་བསད་པ་ཡིན་ན་བསད་སྔགས། མང་བཏོན་ལིངྒའི་སྟེང་དུ་བསྐྱེལ། །དར་ནག་བརྡབ་ཅིང་རོལ་མོ་དྲག་ཏུ་འཁྲོལ། །དེ་ནས་ས་ལ་གྲུ་གསུམ་རིམ་མཚན་བྲི། །དེ་སྟེང་ཤིང་གིས་གྲུ་གསུམ་བསྒོང་བྱས་ནས། །གཏོར་མ་ལིངྒ་རྩང་དང་བཅས་པ་བསྲེགས། །སྦྱིན་སྲེག་བྱེད་ན་ཤོག་ལིང་སྐྱུར་ནས་བཞག །ཐལ་བ་རྒྱ་གྲམ་ལམ་དང་མཆོད་རྟེན་འོག །ས་ནོན་ཆེ་བ་གཅིག་ཏུ་བླུག་པར་བྱ། །དེ་གོང་ཚོགས་དང་ཆད་མདོ་ཚེ་སྒྲུབ་དང་། །བཀྲ་ཤིས་བསྡུ་ཚིག་ལ་སོགས་གཞུང་ལྟར་རོ། །དེ་ནི་རིམ་གྲོ་ལུགས་ཀྱི་དྲག་ལས་ཡིན། །བསད་ཟློག་གཉིས་ལ་རྟགས་ཐོན་དྲག་ལས་ནི། །ཟིན་བྲིས་རྒྱས་པའི་ནང་ནས་འབྱུང་བ་ལྟར། །སྔོན་ནས་མར་མེ་གཏོར་ཟློག་མདུན་དུ་བཞག །འགུགས་གཞུག་དུས་སུ་དེ་ལ་དམིགས་རིམ་བྱ། །འབུལ་ཁ་ཉིན་པར་འགུགས་གཞུག་བརྒྱ་རྩ་བྱ། །གཏོར་ཟློག་གཏོར་རྫོངས་བཅས་པ་ཚར་བའི་རྗེས། །སྔོན་དུ་དཀར་གཏོར་དེ་རྗེས་རང་ཉིད་ཀྱི། །གཏོར་མགྲོན་ཆོས་སྐྱོང་གང་ཡོད་དམར་གཏོར་དང་། །མར་མེ་གཏོར་ཟློག་དར་ནག་རྣམས་ཀྱང་ཁྱེར། །སྔགས་ཆས་གྱོན་ལ་


CMR012_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

གོམ་པ་དོན་བཞིའི་སར། །དགྲ་སོགས་ཕྱོགས་ནི་གཙང་སར་ཁ་བལྟས་ཏེ། །དང་པོ་དཀར་གཏོར་འབུལ་ཞིང་གསེར་སྐྱེམས་མཆོད། །དེ་ནས་རང་གི་ཆོས་སྐྱོང་ཐམས་ཅད་ཀྱི། །དྲག་རིམ་གཏོར་མ་རྗེས་བཞག་རིམ་གྱིས་བཤམས། །དེ་ནས་ལིངྒ་མར་མེ་བཅས་པ་ལ། །འགུགས་གཞུག་ལན་གསུམ་བླ་འགུགས་དང་བཅས་བརྗོད། །ཀོང་བུ་དེ་ཉིད་དགྲ་བོ་དངོས་སུ་བསམ། །བསད་སྔགས་བརྗོད་ཅིང་སྔར་ནས་སྔགས་པ་ཡི། །ཁྲག་གིས་མར་མེ་དེ་ཉིད་བསད་པའི་ཚེ། །དགྲ་བོའི་རྣམ་ཤེས་ནག་སྐམ་སོང་བར་བསམ། །མར་མེ་གསུམ་གཉིས་ཙམ་ཞིག་མ་ཟད་པར། །བསད་སྔགས་བཟླ་ཞིང་དམིགས་པ་ཁོ་ན་གཟིར། །ཁྲག་གི་ནད་རླངས་དུག་རླངས་རྣམས་སུ་བསམ། །མར་མེ་བསད་རྗེས་ལྷ་གྲངས་གཏོར་མའམ། །མེད་ན་ཁྲོ་ཆུའི་ཆད་མདོའི་གཏོར་མ་དེ། །དགྲ་བོའི་ཕྱོགས་སུ་རྩེ་བསྟན་ཕུལ་བར་བྱ། །དེ་རྗེས་མདོས་ཀྱི་རྩང་རྣམས་བླངས་བྱས་ནས། །ཡ་མ་རཱ་ཙ་ལ་སོགས་ལས་གཤིན་དྲུག །ཁྱིམ་དུ་གཏོར་རྒྱབ་བྱེད་ལྟར་རིམ་བཞིན་འཕེན། །དེ་རྗེས་གཙོ་བོའི་གཏོར་མ་ལག་ཏུ་ཐོགས། །ཉི་མ་ལྷོ་ཕྱོགས་བསྐུལ་རིང་བཏོན་པའི་རྗེས། །གནམ་ལྕགས་རི་བོ་


CMR012_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་གསུམ་ལ་སོགས་པའི། །དམིགས་པ་མ་ཟིན་བར་དུ་བསད་སྔགས་བཟླ། །དེ་ཚེ་རོལ་མོ་བསྒྲགས་ཤིང་གཟི་བརྗིད་བསྐྱེད། །དམིགས་པ་ཟིན་ནས་ཐེ་ཚོམ་མེད་པར་འཕངས། །དར་ནག་བརྡབ་ཅིང་ཆས་གོས་དང་། །དུག་པོ་གང་ཡིན་མགོ་མཇུག་ལྡོག་ལ་བརྡབ། །དེ་ནས་དམིགས་མེད་ངང་ལ་ཡུད་ཙམ་སྡོད། །གལ་ཏེ་གཏོར་མ་གྲུ་བར་མ་གྱུར་ན། །ཚུར་འོང་ལན་གསུམ་འཕང་བར་བཤད། །ཟོར་དང་གཏོར་མ་གྲུ་བའི་གནད་ཟབ་ལ། །གཏོར་རྩེ་སྦོམ་ཞིང་རྩ་བ་ཕྲ་བར་བཤད། །འཕེན་ཕྱོགས་ཅུང་དམའ་རང་ཕྱོགས་མཐོ་བར་བྱ། །ཧ་ཅང་གཟར་ན་ལེགས་པ་མ་ཡིན་ནོ། །དེ་ནས་མདོས་སྣོད་སྦུབ་ལ་གཏོར་བྲོ་བརྡུང་། །དར་དྲིལ་ཕྱི་མིག་མི་བྱ་ཁྱིམ་དུ་འོང་། །རྗེས་སུ་ཁྱུང་དམར་གཅིག་གིས་བཅད་པར་བསྒོམ། །ལམ་དུ་འོང་ཚེ་རྣམ་འཇོམས་བསྒྲག་པར་བྱ། །ནང་དུ་སྦྱིན་སྲེག་བླུག་རྒྱུ་ཡོད་ན་བླུགས། །དེ་ནས་དགའ་སྟོན་ཚོགས་ཀྱི་འཁོར་ལོ་བྱ། །ཚེ་སྒྲུབ་ནོར་སྒྲུབ་བཀྲ་ཤིས་མི་བྱའོ། །ཡང་ཟློག་ཡིན་ན་བཅའ་ཚོགས་ཟིན་བྲིས་ལྟར། །འདོན་ལུགས་གཏོར་ཟློག་ཉིད་དང་མཚུངས་པ་ལ། །འབུལ་དུས་དང་པོ་དཀར་གཏོར་གསེར་སྐྱེམས་ཕུལ། །དེ་ནས་ཕྱི་ཡི་རྩང་རྣམས་ཤབ་བྱས་


CMR012_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཧོམ་ཁུང་བཅོ་ལྔའི་ནང་གི་ལིངྒ་བླངས། །སླ་ངའི་ནང་བཞག་སྔར་དང་འདྲ་བ་སྟེ། །ལིངྒ་བྲན་ལ་འགུགས་གཞུག་ལན་གསུམ་བྱ། །དེ་ནས་འདི་ལ་གཏོར་རྫོངས་མི་བྱེད་པར། །དྲག་པོ་ཆོས་དབྱིངས་གཤིན་རྗེའི་གཞལ་ཡས་སོགས། །མཇུག་ནས་རིམ་བཞིན་ཡར་སྟོན་ལིངྐར་བརྒྱབ། །རྗེས་ལ་གཙོ་བོའི་གཏོར་མ་དེ་ལ་ནི། །ཉི་མ་ལྷོ་ཕྱོགས་མ་ཡི་བསྐུལ་རིང་མཇུག །དགོངས་སུ་གསོལ་སོགས་བཞེས་འབོད་བྱས་པའི་མཐར། །ཟློག་སྔགས་བཟླ་ཞིང་ལིངྒའི་སྟེང་དུ་བསྐྱེལ། །དར་ནག་གཡབ་ཅིང་མདོས་གདན་སྣོད་སྦུབས་ནས། །དགྲ་བགེགས་དམ་སྲི་འགུགས་གཞུག་ཅུང་ཞིག་བྱ། །དེ་ནས་ཡ་མ་རཱ་ཙའི་ཕྱོགས་ཕྱོགས་བསྐུལ་སྟོན་ཏེ། །ས་གས་ས་འོག་ཡ་མ་རཱ་ཙ་ལངས། །ཁ་ཡི་ནང་དུ་དགྲ་བགེགས་དམ་སྲི་བཅུག །དེ་སྟེང་རི་རབ་གླིང་བཞིས་མནན་པར་བྷེ། །ལས་བྱང་མཇུག་གི་རྟ་བྲོ་བརྡུང་བར་བྱ། །གལ་ཏེ་ཡང་ཟློག་ཕྱི་རོལ་འགྲིགས་ན་ནི། །མར་མེ་ཁྲག་གསོད་སྦྱར་ཡང་རུང་བ་ཡིན། །བྱ་ཚུལ་རྣམས་ནི་གོང་དང་མཚུངས་པ་ཡིན། །འདི་ནི་རྙིང་མ་སྤྱི་ཡི་ལུགས་ཡིན་པས། །བདག་མདུན་སོ་སོར་འདོན་པ་མི་དགོས་ཀྱང་། །གསར་མའི་ཆོས་


CMR012_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐུགས་ཞེན་ཆེ་བའི་ཕྱིར། །སོ་སོར་མེད་པས་བློ་ཁ་མི་རྫོགས་ན། །གནམ་ལྕགས་གོ་མཚོན་སྟོད་ཆ་བདག་བསྐྱེད་བྱ། །མདུན་དུ་ཨེ་ལས་ལྕགས་ཁང་ཞེས་སོགས་དང་། །མདུན་བསྐྱེད་ལ་དམིགས་བསྙེན་པའི་དམིགས་རིམ་བསྒྱུར། །བདག་བསྐྱེད་བསྟོད་པ་ཡན་ཆད་ཚར་བའི་རྗེས། །ཟློག་པའི་དམིགས་པ་བྱེད་ལ་ལུས་ལྷ་སྒྱུར། །མདུན་བསྐྱེད་སི་ཏུའི་ལུགས་ཀྱི་ཆོ་ག་དེའི། །སྐྱབས་འགྲོ་སེམས་བསྐྱེད་མཚམས་གཅོད་སྒྱུར་བར་བྱ། །མཆོད་པ་བྱིན་རླབས་མན་ཆད་གཞུང་ལྟར་འདོན། །སྲུང་འཁོར་ཁ་བ་གཉིས་པོ་མི་སབ་བོ། །དེ་མིན་བསྟོད་པ་ཡན་ཆད་གཞུང་ལྟར་རོ། །ལས་འགྲིགས་གཏོར་ཟློག་འདོན་ལུགས་གཞུང་དང་མཚུངས། །རྒྱུན་ཁྱེར་ཤིན་ཏུ་བསྡུས་པའི་ཉམས་ལེན་ནི། །ཧ་ལ་སྣ་ཚོགས་ལས་གྲུབ་ཅེས་པ་ཡི། །མངོན་རྟོགས་ཤིན་ཏུ་བསྡུས་པ་ཆག་མེད་དང་། །སྔ་དྲོ་སྲུང་དམིགས་བསྲུང་སྔགས་ཅི་ནུས་བཟླ། །དགོང་མོ་ཟློག་དམིགས་ཟློག་སྔགས་ཅི་འགྲུབ་དང་། །ཉིན་གུང་མཚན་སོགས་བསྙེན་པ་ཅི་ནུས་འབད། །འགྲོ་འདུག་ལ་སོགས་སྤྱོད་ལམ་གང་བྱེད་ཚེ། །བསྐྱེད་རྫོགས་ཟུང་འཇུག་ངང་ལ་བསྙེན་པ་བྱ། །རབ་ཏུ་དགུ་གསུམ་ཐ་མ་ཉེར་དགུ་ལ། །དམར་


CMR012_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་དང་ནི་བསྐུལ་པ་གང་རུང་ཞིག །ཆག་མེད་བྱེད་པ་འདི་ཡི་དམ་ཚིག་ཡིན། །ཀརྨ་ཚེ་བརྟན་མཆེད་གྲོགས་རྣམ་གསུམ་གྱིས། །བསྐུལ་ཚེ་རཱ་ག་ཨ་སྱས་འཕྲལ་དུ་སྨྲས། །འགལ་འཁྲུལ་མཆིས་བཤགས་དགེ་བ་བྱང་ཆུབ་བསྔོ། །ཡི་གེ་པ་ཡང་བསྐུལ་པ་པོ་དེས་བྱས། །མངྒ་ལཾ། དགེའོ།། དགེའོ།། །། ༧ ཁམས་སྟོད་སྒོམ་སྡེ་ནང་ཆེན་འབང་སྒང་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའཇམ་དཔལ་གཤིན་རྗེ་ཁྲོ་ཆུའི་ལས་བྱང་རྒྱས་བསྡུས་གསུམ་དང་མདོས་ཟློག་ཡང་ཟློག་རྣམས་ཀྱི་ཟིན་བྲིས།next