Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of ཆོས་རྒྱལ་ཕྲག་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  
ལེའུ་ཞེ་བརྒྱད་པ། ཆོས་སྐྱོང་རང་བཞིན་ཤུགས་ལ་འཁོར་བའི་ཕྱིར། །བླ་རྡོ་བརྟེན་རྫས་ཤ་རུལ་སྦྲང་འཁོར་ཡོད། །
  
  
  
  
  
  


1 occurrence of ཆོས་རྒྱལ་ཕྲག་
[Clear Hits]

 
previousལེའུ་ཞེ་བརྒྱད་པ། ཆོས་སྐྱོང་རང་བཞིན་ཤུགས་ལ་འཁོར་བའི་ཕྱིར། །བླ་རྡོ་བརྟེན་རྫས་ཤ་རུལ་སྦྲང་འཁོར་ཡོད། །next

ལེའུ་ཞེ་བརྒྱད་པ། ཆོས་སྐྱོང་རང་བཞིན་ཤུགས་ལ་འཁོར་བའི་ཕྱིར། །བླ་རྡོ་བརྟེན་རྫས་ཤ་རུལ་སྦྲང་འཁོར་ཡོད། །


CMR032_Page_0710
[མ་དཔེ་གཟིགས་ན་འདིར་གནོན།]

༼ཚི༽ རི་ཆོས་མཚམས་ཀྱི་ཞལ་གདམས་ལས། ཆོས་སྐྱོང་སྤྱི་སྒྲུབ་ཀྱི་བླ་རྡོ་རྟེན་རྫས་ཀྱི་ཡིག་ཆུང་ཤ་རུལ་སྦྲང་བུ་རང་འཁོར་ཞེས་བྱ་བ་བཞུགས་སོ། །ན་མོ་བཛྲ་པཱ་ཎི་ཡེ། ཆོས་སྐྱོང་སྤྱི་ཡི་བླ་རྡོ་སྲོག་འཁོར་དང་། །རྟེན་རྫས་སྒྲུབ་རྫས་སོ་སོའི་སྒྲུབ་ཐབས་ནས། །སོ་སོའི་གཞུང་བཞིན་གྲུབ་ན་མཆོག་ཡིན་ཏེ། །ཤེས་པར་དཀའ་ཞིང་ཤེས་ཀྱང་འཛོམ་པར་དཀའ། །གཏན་ནས་མེད་ན་འགྲུབ་པར་དཀའ་བ་སྟེ། །དཔེར་ན་རྔ་དང་པི་ཝཾ་ལ་སོགས་བཞིན། །རྫས་སྣ་གཅིག་མ་ཚང་ཡང་དོན་མི་འགྲུབ། །སྤྱིར་ནི་ལྷ་ཡི་བླ་རྡོ་ཤེལ་དཀར་རྡོ། །མི་ཡི་བླ་རྡོ་དྲུག་དམར་གཡུ་ཡིན་ཏེ། །འདྲེ་ཡི་བླ་རྡོ་ཕ་ཝང་ལོང་བུ་ཉིད། །མཁའ་འགྲོ་མ་ཡི་བླ་རྡོ་མུ་མེན་དང་། །ནོར་ལྷའི་བླ་རྡོ་གསེར་ནི་ས་བྱུང་བ། །ཀླུ་ཡི་བླ་རྡོ་མུ་ཏིག་ཉ་ཕྱིས་ཡིན། །ལྷ་མོའི་བླ་རྡོ་མཚོ་རྡེལ་སྔོན་པོ་དང་། །རྡོ་ནག་གྲུ་གསུམ་མགོན་པོའི་བླ་རྡོར་བཤད། །དེ་དག་སོ་སོར་ས་བོན་ཡི་གེ་བྲི། །སོ་སོར་མ་རྙེད་ལྷ་འདྲེ་ཐམས་ཅད་ཀྱི། །བླ་རྡོ་གཅིག་བསྡུས་ཕ་ཝང་ལོང་བུ་ཡིན། །རབ་གསེར་འབྲིང་དངུལ་ཐ་མ་མཚལ་གྱིས་ནི། །ཕྱོགས་བཞིར་ཛཧཱུྃ་བཾ་ཧོའི་ཡི་གེ་བཞི། །སྟེང་དུ་གཙོ་བོ་ཡབ་ཡུམ་ས་བོན་དང་། །ཡུམ་མེད་ན་ནི་གཙོ་བོའི་ས་བོན་


CMR032_Page_0711
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །འོག་ཏུ་ལས་མཁན་ཕོ་མོའི་ས་བོན་བྲི། །དེས་ནི་གང་ཡིན་ལྷ་དེའི་བླ་རྡོ་ཚང་། །རབ་ནི་དར་རམ་གོས་ཆེན་ལྷ་ཡི་མདོག །མ་རྙེད་གྲོ་ཤོག་གཙང་མ་ལ་ཡང་རུང་། །རྩ་སྔགས་ཕྲེང་གཅིག་བྲིས་པས་བླ་རྡོ་དྲིལ། །དེ་ཉིད་གོས་དར་ལྷ་ཡི་ཁ་དོག་བཏུམས། །དེ་ཉིད་མཚོན་སྐུད་སྣ་ལྔས་རྒྱ་གྲམ་བཅིང་། །དེ་ཉིད་ལྷར་བསྐྱེད་བསྐྱེད་བསྟིམ་གཏོར་མ་འབུལ། །མི་གཤེགས་དེར་བསྟིམ་རྟེན་འབྲེལ་རབ་གནས་བྱ། །དེ་ཉིད་སྒྲུབ་ཚེ་ག་འུར་ལུས་ལ་བཅང་། །ཚར་ནས་རྟེན་སྒམ་ནང་ངམ་མདའ་དར་བཏགས། །རྟག་ཏུ་མི་གཤེགས་དེ་ལ་ཐིམ་པར་དམིགས། །རྡོ་ནི་བླ་རྡོ་སྔགས་ནི་སྲོག་འཁོར་ཚང་། །ཕྱི་རྟེན་མགོན་པོར་གཡག་ནག་དར་སྣས་བརྒྱན། །ལྷ་མོར་ལུག་ནག་སྤྱི་དཀར་བྱ་མོ་་ནག །དམ་ཅན་ར་དཀར་གཉའ་ནག་རྔ་ཁྲས་བརྒྱན། །ནོར་ལྷའི་རིགས་ལ་རྟ་སྔོན་ཆུ་རིས་དང་། །བཙན་ལ་ཁྱི་དམར་རྟ་དམར་ཀླུ་ལ་ནི། །ཆུ་རྟ་སྔོན་པོ་སྦལ་པ་སྦྲུལ་གྱི་གཟུགས། །རབ་ནི་དར་རས་ཐ་ན་ཤོག་བུར་བྲིས། །མདའ་ལ་བཏགས་པས་ཕྱི་རྟེན་དེ་ཡིས་ཚང་། །མདའ་གཙང་རྒོད་སྒྲོ་མེ་ཡིས་མ་བཤུར་བ། །རང་མདོག་དར་བཏགས་དེ་


CMR032_Page_0712
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ནང་རྟེན་ཚང་། །ཤོག་བུ་གཙང་མའམ་དར་རས་ཙཀྱི་བྲི། །དེ་ཡི་རྒྱབ་ཏུ་ཐུགས་ཐད་ས་བོན་བྲི། །དེ་རྒྱབ་གང་ཡིན་ཕྱག་གཡས་ཕྱག་མཚན་བྲི། །མཐའ་སྐོར་བསྙེན་སྔགས་སྒྲུབ་སྔགས་གཡས་བསྐོར་བྲི། །མ་ཤོང་སྔགས་མཇུག་ནང་དུ་བཅུག་པར་བྱ། །དེ་ཉིད་སྤྱན་དབྱེ་རབ་གནས་བརྡའ་ཙམ་བྱ། །གཟའ་སྐར་བཟང་ངམ་དུས་ཚོད་གཉན་པོ་ལ། །བྲི་དང་རབ་གནས་ཉིན་གཅིག་གིས་རྫོགས་བྱ། །རྟེན་རྫས་ཀུན་གྱི་མཆོག་ཏུ་གྱུར་པ་སྟེ། །སྒྲུབ་དུས་གཏོར་མའི་མགོ་ལ་བཙུགས་པ་སྟེ། །ཚར་ནས་མདའ་དར་མགུལ་བཏགས་རྟེན་སྒམ་སྦ། །སྐུ་ནི་སྐུ་རྟེན་སྔགས་ནི་གསུང་གི་རྟེན། །ཕྱག་མཚན་བྲིས་པས་ཐུགས་ཀྱི་རྟེན་ཚང་ངོ་། །གསུང་རྟེན་གོང་དུ་བཤད་པའི་བླ་རྡོའོ། །བསྐང་རྫས་རྣམ་པ་སྣ་ཚོགས་གསུངས་པ་རྣམས། །བསྐང་རྫས་ཐང་སྐུའམ་ཟན་ལ་པར་བཏབ་རུང་། །དངོས་སུ་མེད་ཀྱང་དམིགས་རྟེན་བརྡ་མཚོན་རེ། །མེད་ན་ལྷ་མོའི་རིགས་ནི་མི་འགྲུབ་སྟེ། །ཏིང་འཛིན་གསལ་ཡང་དེ་ཡིས་མི་ཆོག་ཕྱིར། །རྫས་ལ་དགའ་བས་རྫ་ས་དགའ་མ་ཞེས་བྱ། །བསྐང་བའི་ནང་ནས་གསུངས་པའི་རྫས་དེ་དག །དངོས་སུ་འཛོམ་ན་མ་བསྒྲུབ་ན་ཡང་


CMR032_Page_0713
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག །དཔེར་ན་ཤོ་རུལ་སྦྲང་མ་འདུ་མཚུངས་གསུངས། །དེ་དོན་མ་མགོན་རྒྱུད་གཞུང་རྣམས་སུ་གསལ། །རང་མདོག་དར་རམ་རས་ལ་སྐུ་བྲིས་པ། །དེ་ནི་ཕྱར་དར་ཀུན་ལ་ཡོངས་སུ་གྲགས། །རང་མདོག་དར་ཁ་མ་ཉམས་གཙང་མ་ལ། །བསྙེན་སྔགས་འབོད་སྔགས་སྤྱན་འདྲེན་སྔགས་བྲིས་པ། །ལྕགས་སམ་གང་རུང་རྡོ་རྗེའི་སྣེ་ལ་བཏགས། །སྤྱན་འདྲེན་སྐབས་སུ་ལག་གཡུག་ཚུལ་དུ་གཡབ། །དེ་ནི་གཡབ་དར་ཡིན་ཏེ་ཤེས་མཁན་དཀོན། །སྐྱེས་པ་ཐིག་ལེ་མ་ཉམས་གསང་རྡོར་ནི། །འབྲས་བུ་གཉིས་བཅས་མི་དབང་འབྲས་བུ་ཡིན། །མིང་སྲིང་སྦྱོར་བའི་བྱིས་པ་ནལ་བུ་སྟེ། །ཧ་ཏ་ཞེས་པ་ལག་པའི་མིང་ཡིན་ལ། །མཚལ་གྱི་ཤིང་ཏོག་པད་མ་རཀྟ་ཡིན། །སྟོན་ཁ་ལྕང་མའི་ལོ་མ་རླུང་ཁྱེར་བ། །ས་ལ་མ་ཕོག་བར་སྣང་ཁམས་ནས་བཟུང་། །དེ་ཡི་སྟོད་ལ་ལྷ་མོའི་སྐུ་བྲིས་ལ། །ཕྱེད་བཅད་སྨད་ལ་ལྷ་མོའི་སྙིང་པོ་བྲི། །དེ་གཉིས་ཞལ་སྦྱར་ཚོན་སྐུད་སྣ་ལྔས་བཅིངས། །ལྷ་མོ་བསྐྱེད་བསྟིམ་འབྲལ་མེད་ལུས་ལ་བཅངས། །ལྷ་མོ་ལུས་དང་གྲིབ་བཞིན་འགྲོགས་པར་གསུངས། །དེ་ནི་ལྷ་མོའི་རྟེན་རྫས་ཀུན་ལས་མཆོག །རི་རྒྱལ་


CMR032_Page_0714
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་པོ་གྲགས་པ་ཅན་གྱི་རྩེ། །ཡང་ན་རི་མགུལ་རི་ཟུར་ཡིན་ཀྱང་རུང་། །རྡོ་ནག་ཟུར་གསུམ་ཤ་རིལ་མཛུབ་རྩེ་ཙམ། །གྲི་གུག་གམ་ནི་གྲི་ཡི་རྩེ་མོས་བླངས། །ལག་པས་མ་རེག་ཤོག་བུའི་ནང་བཏུམ་ལ། །ལོགས་གཅིག་གསེར་གྱི་ཧཱུྃ་ཡིག་བྲི་བ་དང་། །གཡས་སུ་དེ་ཡི་ལས་མཁན་གང་ཡིན་སྲོག །གཡོན་དུ་དེ་ཡི་ཡུམ་དེའི་ས་བོན་བྲི། །གོང་ལྟར་སྔགས་ཀྱི་ཤོག་དྲིལ་གྱིས་བཏུམས་ཏེ། །བཏག་གམ་བཅངས་པ་མགོན་པོའི་བླ་རྡོ་མཆོག །དེ་བཞིན་མཚོ་གཉན་རྡེའུ་སྔོན་པོ་གཅིག །ལག་པས་མ་རེག་ཁེམ་མམ་སྐྱོགས་ཀྱིས་བླངས། །བྷྱོའམ་མ་བྲིས་སྔགས་བཏུམས་ལྷ་མོའི་རྟེན། །ཕུབྲིས་སྔགས་གཏུམ་ཀླུ་ཡི་བླ་རྡོ་ཡིན། །གལ་ཏེ་ཕྱི་རྟེན་རྟ་དང་གཡག་རྩེན་ན། །དང་པོ་རྣམ་འཇོམས་གཟུངས་ཆུ་གཏོར་བས་བཀྲུ། །ར་ལ་བཙག་བྱུག་རྣ་བ་དཔུང་པ་གཉིས། །རྔ་ཚོན་སྔོ་དམར་དར་སྣ་སྲུང་སྐུད་གདགས། །གང་ཡིན་ལྷ་ཡི་སྙིང་པོའི་ཤོག་དྲིལ་ནི། །རྣ་བའམ་ནི་དཔུང་པའི་གསེབ་ཏུ་བཏགས། །བསྐང་གསོའི་སྐབས་སུ་འདི་ལ་རྟེན་ཆོས་ལ། །མི་ནོར་སྤེལ་ཞིང་སྲུང་བའི་ཕྲིན་ལས་བཅོལ། །སྤུ་མི་བྲེགས་ཤིང་ཤ་མི་གཅོད་པ་དང་། །ལུད་སོགས་


CMR032_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པའི་ཁལ་ནི་བཀལ་མི་བྱ། །སྐབས་སུ་ལྷ་ཡང་དེ་ལ་བསྟིམ་དམིགས་ན། །གཅན་གཟན་ཆོམ་རྐུན་རྣམས་ལ་དཔའ་བ་ཡིན། །རིགས་མཐུན་དུད་འགྲོའི་ཁྱུ་ཡང་སྲུང་བར་འགྱུར། །དེ་བཞིན་རྔ་ཐུག་བཙུག་པར་བྱ་བ་དང་། །ཁ་ཊཾ་སྡེ་ཆེན་བླ་ཆེན་དགོན་པ་སོགས། །འཐོབ་ཆ་ཡོད་པ་མིན་པས་མི་ཁྱག་ཟེར། །མདུང་ལྕགས་སྐྱ་སེར་སྔ་གས་པ་སུས་ཀྱང་རུང་། །ཐུགས་ཀྱི་རྩེ་སྟོད་སྲོག་ཤིང་དེ་ཡི་ནང་། །ཆོས་སྐྱོང་རྣམས་ཀྱི་འབོད་སྔགས་བསྙེན་སྔགས་བཅུག །རྐེད་པར་རྒད་པའི་སྔགས་རིང་ཤོག་དྲིལ་བཅུག །རྩ་བར་བསད་སྔགས་ཤོག་དྲིལ་བཅུག་པ་ནི། །མ་ནིང་རྔ་ཐུག་ཨོ་རྒྱན་གྱིས་མཛད་ལུགས། །རྔ་ཐུག་ནང་དུ་ཕྱོགས་གསུམ་ཤོག་དྲིལ་བཏགས། །ཡང་ན་ཤིང་གི་ནང་དུ་བཅུག་ཀྱང་རུང་། །དེ་ནི་རྔ་ཐུག་ཡུ་བ་མ་བརྟེན་ཏེ། །རྔ་ཐུག་ཁུར་དགོས་སྒར་པ་བྱེད་པའི་ལུགས། །ལྕགས་དེ་གནམ་ལྕགས་མ་ལ་ཡ་ཡི་རི། །རྔ་མ་མགོན་སྤྲུལ་བྱ་རོག་ནག་པོ་སྟེ། །ཡུ་བ་བྱང་ཤར་དཔག་བསམ་ལྗོན་པའི་ཤིང་། །དཔལ་ལྡན་ལྷ་མོའི་བཞུགས་གནས་མཚོན་པ་ཡིན། །དགུ་གཏོར་དུས་སུ་རྒྱུན་དུ་དེ་ལ་བསྟིམ། །དགོན་པ་ལྷ་ཆ་བྲང་ང་


CMR032_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ། །སྲུང་ཞིང་སྐྱོབ་པའི་བཅོལ་གཏམ་ཡང་ཡང་བྱ། །དེ་ཡིས་ཡུལ་ཕྱོགས་དགོན་གནས་སྲུང་བའི་མཆོག །དེ་ལས་ས་སེར་གནམ་སྔོན་དར་ལྕེ་དམར། །དར་ནག་ཆོས་སྐྱོང་སྔགས་བྲིས་བཏགས་པ་ཡིས། །ཆོས་སྐྱོང་སྲུང་མ་ཤུགས་ལ་འཁོར་བའི་གནད། །དར་ལ་འདུ་བ་ལྷ་འདྲེ་སྤྱི་ཡི་ལུགས། །ཞེས་པ་ཆོས་སྐྱོང་སྤྱི་ཡི་རྟེན་རྫས་རྣམས། །ཚེགས་ཆུང་དོན་ཆེ་སུས་ཀྱང་རྙེད་སླ་བ། །རྟ་ལོ་ཁྲུམས་ཟླའི་མར་ངོའི་བཅུ་གཉིས་གུང་། །རཱ་ག་ཨ་སྱས་ངག་ཁྲིད་ཚུལ་དུ་སྨྲས། །སྔགས་ཀྱི་རྣལ་འབྱོར་བརྩོན་འགྲུས་རྒྱ་མཚོ་བས། །སྔགས་ཆུང་གསར་བུ་རྣམས་ལ་ཕན་ཕྱིར་བྲིས། །སྦ་འོས་གསལ་བཀོད་ཉེས་འགལ་སྲུང་མར་བཤགས། །དགེ་བས་སྔགས་ཀྱི་བསྟན་པར་དར་རྒྱས་ཤོག །ལེའུ་ཞེ་བརྒྱད་པའོ་མངྒ་ལཾ།། །།འོ་སྐོར་གྱི་ཆོས་སྐྱོང་འདི་ཡི་མཚན་ནི། ལྷོ་བྲག་གི་མགོན་པོ་གཅིག་མགྱོགས་མ་ཞེས་ཀྱང་བྱ།་ཟངས་དཀར་ལོ་ཙཱ་བའི་ཤ་བ་རྒྱུག་འགྱེལ་ཞེས་ཀྱང་བྱ། གཉལ་པ་ཉི་མ་འབར་གྱི་ཕོ་རོག་ལྡིང་སྒྱུར་ཞེས་ཀྱང་བྱ། གཉལ་པ་ཇོ་སྲས་ཀྱི་མྱུར་བ་ཁྲག་སྐྱུགས་ཞེས་ཀྱང་བྱ། ཆོས་སྐྱོང་འདི་ནི་མགོན་པོ་སྤྱི་བསྡུས་ཀྱི་སྒྲུབ་པ་ཡིན་པ་


CMR032_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ལ། སློབ་དཔོན་ཨརྞ་པ་ཡི་མགོན་པོ་སྤྱི་སྒྲུབ་ཞེས་ཀྱང་བྱ། མལ་གྱོ་ལོ་ཙཱ་བའི་མགོན་པོ་མེ་ཡི་སྤུ་གྲི་ཞེས་ཀྱང་བྱ། སློབ་དཔོན་ཉི་མ་འབར་གྱི་མགོན་པོ་ཕུང་བྱེད་ཅེས་ཀྱང་བྱ། གཉལ་པ་ཇོ་སྲས་ཀྱི་མགོན་པོ་བེང་ཆེན་ཞེས་ཀྱང་བྱ། བླ་མ་རས་ཆེན་གྱི་མགོན་པོ་ལྕགས་པར་མ་ཞེས་ཀྱང་བྱ། དོན་དམ་པར་ནི། མགོན་པོ་འདི་ཡི་མཚན་ནི། དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་ཞེས་བགྱི་བ་ལགས་སོ། །མགོན་པོ་འདི་ནི་ཤིན་ཏུ་སྟོབས་དང་རྫུ་འཕྲུལ་ཆེ་བ་སྟེ། རྒྱུད་མེ་ལྕེ་ཕྲེང་བ་ལས། བཅོམ་ལྡན་འདས་ཀྱིས་མགོན་པོ་ནག་པོ་ལ་བཀའ་སྩལ་པ། །སྐྱེས་བུ་ཁྱོད་ཀྱི་མཐུ་རྩལ་ནི། །སྲིད་པ་གསུམ་ལ་བྱོལ་འདེབས་ཤིང་། །ཁམས་གསུམ་དབང་དུ་སྡུད་པར་བྱེད། །འདོད་ཁམས་དཀྲུག་ཅིང་ཟིལ་གྱིས་གནོན། །སྟོང་གསུམ་གཞན་དུ་འཕེན་པར་བྱེད། །འབྱུང་བ་ཀུན་གྱི་རྒྱུན་ལམ་གཅོད། །རྒྱ་མཚོ་ཆེན་པོ་ཧུབ་ཀྱིས་འདེབས། །རི་རབ་ལྷོ་རུ་སྒྱུ་ཟ་བར་བྱེད། །དགྲ་བགེགས་འབྱུང་པོ་ཚར་གཅོད་ཅིང་། །ཁྱོད་ཀྱི་གད་མོ་བགད་པ་ནི། །གཤེ་བའི་གད་མོས་ལྷ་རྣམས་བརྒྱལ། །བདུད་དང་མུ་སྟེགས་བསྔངས་བར་བྱེད། །།


CMR032_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་ལ་ཐུག་པར་བརྒྱལ་བར་འགྱུར། །ངོ་མཚར་གད་མོས་དབང་དུ་སྡུད། །མ་མོའི་ཚོགས་རྣམས་ཡིད་ཀྱང་འཕྲོག །ཧཱུྃ་སྒྲས་ཁམས་གསུམ་དབང་དུ་སྡུད། །ཕཊ་ཀྱིས་སྟོང་གསུམ་དུས་གཅིག་སྒྲོལ། །ལེ་ཕེ་ཕོ་ཀྱིས་འཇིག་རྟེན་གཡོ། །གཡོ་བས་ཐམས་ཅད་དབང་དུ་སྡུད། །བངས་ཀྱི་སྟོབས་ནི་གློག་དང་འདྲ། །སྟོང་གསུམ་དུས་གཅིག་ཁྱབ་པར་འགྲོ། །མངོན་ཤེས་ལྔ་དང་རབ་ལྡན་ཞིང་། །རྫུ་འཕྲུལ་སྣ་ཚོགས་རབ་བསྟན་ནས། །འགྲོ་བ་ལོག་རྟོག་སྒྲོལ་བར་བྱེད། །མཁའ་འགྲོ་ཀུན་གྱི་གཙོ་བོ་སྟེ། །དུར་ཁྲོད་ཀུན་གྱི་བདག་མོ་སྟེ། །ལྷ་ཆེན་ཚོགས་ཀྱི་བདག་པོ་སྟེ། །ཞིང་སྐྱོང་དཔའ་བོའི་དམག་དཔོན་བྱེད། །གཤིན་རྗེ་བདུད་ཀྱི་རྗེ་བོ་མཛད། །གནོད་སྦྱིན་ཀུན་ཀྱང་བྲན་དུ་ཁོལ། །དེ་ལྟར་དཔལ་ལྡན་དེད་དཔོན་ཁྱོད། །ཅེས་གསུངས་སོ། །རིན་ཆེན་དཔུང་རྒྱན་ལས། །གང་ཚེ་ཅི་ཡིས་འདུལ་བ་ཤེས་པ་པོ། །ཅི་དང་ཅི་འདུལ་སྤྲུལ་པ་ཤེས་པ་པོ། །ཞེས་གསུངས་པ་དང་། སྲོག་གི་འཁོར་ལོའི་རྒྱུད་ལས། མགོན་པོ་ཉིད་ཀྱིས་སྨྲས་པ། ཨེ་མ་ཧོ། བདག་ནི་ཤིན་ཏུ་མི་བསྲུན་པས། །སྲིན་པོ་རྣམས་ཀྱང་བྲན་དུ་ཁོལ། །ལྷ་མ་


CMR032_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་རྣམས་བརླག་པར་བྱེད། །ལྷ་སྲིན་སྡེ་བརྒྱད་འཁོར་དུ་བཅས། །ལྷ་མ་ཡིན་གྱི་བུ་མོ་རྣམས། །སྲིན་མོར་བཅས་ཏེ་ཁས་བླངས་ནས། །སངས་རྒྱས་བསྟན་པ་བསྲུང་དུ་བཅུག །ཅེས་སོ། ཞེས་པ་ལུང་འདྲེན་འདི་ཡང་ཕྱག་དཔེ་ནས་ཁོལ་དུ་ཕྱུངས་ཏེ་རིན་པོ་ཆེའི་ཞལ་སྔ་ནས་ཀྱིས་བསྩལ་བ་ལྟར་བདག་ཀརྨ་བཱིརླ་སཱ་ག་རས་མགྱོགས་པར་བྲིས་པའོ།། །།


previousལེའུ་ཞེ་བརྒྱད་པ། ཆོས་སྐྱོང་རང་བཞིན་ཤུགས་ལ་འཁོར་བའི་ཕྱིར། །བླ་རྡོ་བརྟེན་རྫས་ཤ་རུལ་སྦྲང་འཁོར་ཡོད། །next