གནས་ཆེན་བྱིན་འབེབས་རྩ་གསུམ་རྒྱུད་བསྐུལ་བྱིན་རླབས་སྤྲིན་ཕུང་།
གནས་ཆེན་བྱིན་འབེབས་རྩ་གསུམ་རྒྱུད་བསྐུལ་བྱིན་རླབས་སྤྲིན་ཕུང་བཞུགས་སོ། །
ན་མོ་རཏྣ་ཏྲ་ཡཱ་ཡ། ཆོས་སྐུ་ཀུན་ཏུ་བཟང་པོ་ལ། །གསོལ་བ་འདེབས་སོ་བྱིན་ཆེན་ཕོབ། །འོག་མིན་ཆོས་དབྱིངས་ཞིང་ཁམས་སུ། །གནས་འདི་བྱིན་གྱིས་བརླབ་པར་ཞུ། །གཞོན་ནུ་བུམ་སྐུའི་རང་བཞིན་དུ། །རི་འདི་བྱིན་གྱིས་བརླབ་ཏུ་གསོལ། །ཀུན་བཟང་ཡུམ་གྱི་མཁའ་ཀློང་དུ། །ཁང་པ་འདི་ཉིད་བྱིན་གྱིས་རློབས། །དྲུག་པ་རྡོ་རྗེ་འཆང་ཆེན་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྲིད་པའི་རྩེ་མོ་འོག་མིན་དུ། །གནས་འདི་བྱིན་གྱིས་བརླབ་པར་ཞུ། །གཟུགས་ཁམས་འོད་ཀྱི་ཞིང་བཀོད་དུ། །རི་འདི་བྱིན་གྱིས་བརླབ་ཏུ་གསོལ། །
རིན་ཆེན་ནོར་བུའི་ཁང་བརྩེགས་སུ། །ཁང་པ་འདི་ཉིད་བྱིན་གྱིས་རློབས། །ལོངས་སྐུ་རྒྱལ་བ་རིགས་ལྔ་ལ། །གསོལ་བ་འདེབས་སོ་བྱིན་ཆེན་ཕོབ། །དག་པའི་ཞིང་ཁམས་ལྔ་པོ་རུ། །གནས་འདི་བྱིན་གྱིས་བརླབ་པར་ཞུ། །བྱང་ཆུབ་ཤིང་ཆེན་ལྔ་པོ་རུ། །རི་འདི་བྱིན་གྱིས་བརླབ་ཏུ་གསོལ། །ཡེ་ཤེས་ལྔ་ཡི་ཕོ་བྲང་དུ། །གནས་ཁང་འདི་ཉིད་བྱིན་གྱིས་རློབས། །ཇོ་བོ་ཐུགས་རྗེ་ཆེན་པོ་ལ། །གསོལ་བ་འདེབས་སོ་བྱིན་ཆེན་ཕོབ། །པོ་ཊ་ལ་ཡི་གནས་མཆོག་ཏུ། །གནས་འདི་བྱིན་གྱིས་བརླབ་པར་ཞུ། །རི་བོ་ཆེན་པོ་ཏཱ་ལ་རུ། །རི་འདི་བྱིན་
གྱིས་བརླབ་ཏུ་གསོལ། །རང་བྱུང་རིན་ཆེན་གཞལ་ཡས་སུ། །གནས་ཁང་འདི་ཉིད་བྱིན་གྱིས་རློབས། །རྗེ་བཙུན་མགོན་པོ་འཇམ་དབྱངས་ལ། །གསོལ་བ་འདེབས་སོ་བྱིན་ལྟཆེན་ཕོབ། །འཇམ་དབྱངས་སྤྲུལ་པའི་ཞིང་ཁམས་སུ། །གནས་འདི་བྱིན་གྱིས་བརླབ་པར་ཞུ། །རི་བོ་རྩེ་ལྔའི་གནས་མཆོག་ཏུ། །རི་འདི་བྱིན་གྱིས་བརླབ་ཏུ་གསོལ། །རང་བྱུང་མཆོད་རྟེན་ཤེལ་ཁང་དུ། །གནས་ཁང་འདི་ཉིད་བྱིན་གྱིས་རློབས། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་ཆེན་ཕོབ། །ལྕང་ལོ་ཅན་གྱི་གནས་མཆོག་གནས་འདི་བྱིན་གྱིས་བརླབ་པར་ཞུ། །གསེར་གྱི་རི་བདུན་བྱང་ངོས་རྩེར། །རི་འདི་བྱིན་གྱིས་བརླབ་ཏུ་གསོལ། །རྣམ་ཐོས་སྲས་ཀྱི་ཕོ་བྲང་དུ། །གནས་ཁང་འདི་ཉིད་བྱིན་གྱིས་རློབས། །ཨོ་རྒྱན་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་བྱིན་ཆེན་ཕོབ། །གསང་སྔགས་ཆོས་ཀྱི་འབྱུང་གནས་སུ། །གནས་འདི་བྱིན་གྱིས་བརླབ་པར་ཞུ། །ཟངས་མདོག་དཔལ་གྱི་རི་བོ་རུ། །རི་འདི་བྱིན་གྱིས་བརླབ་ཏུ་གསོལ། །པདྨ་འོད་ཀྱི་གཞལ་ཡས་སུ། །གནས་ཁང་འདི་ཉིད་བྱིན་གྱིས་རློབས། །ཐུབ་དབང་གནས་བརྟན་བཅུ་
དྲུག་ལ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །རྒྱ་གར་རྡོ་རྗེ་གདན་སྟེང་དུ། གནས་འདི་བྱིན་གྱིས་བརླབ་པར་ཞུ། །བྱ་རྒོད་ཕུང་པོའི་རི་བོ་རུ། །རི་འདི་བྱིན་གྱིས་བརླབ་ཏུ་གསོལ། །ནཱ་ལེནྡ་ཡི་གཙུག་ལག་ཏུ། །གནས་ཁང་འདི་ཉིད་བྱིན་གྱིས་རློབས། །ཡི་དམ་བདེ་མཆོག་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་བྱིན་ཆེན་ཕོབ། །ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་སུ། །གནས་འདི་བྱིན་གྱིས་བརླབ་པར་ཞུ། །བདེ་མཆོག་ཕོ་བྲང་གངས་རི་རུ། །རི་འདི་བྱིན་གྱིས་བརླབ་ཏུ་གསོལ། །ཨོ་རྒྱན་གནྡྷོའི་གཙུག་ལག་ཏུ། །གནས་ཁང་འདི་ཉིད་བྱིན་གྱིས་རློབས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ། །གསོལ་བ་འདེབས་སོ་བྱིན་ཆེན་ཕོབ། །འོག་མིན་དུར་ཁྲོད་ཆེན་པོ་རུ། །གནས་འདི་བྱིན་གྱིས་བརླབ་པར་ཞུ། །མ་ལ་ཡ་ཡི་རི་བོ་རུ། །རི་འདི་བྱིན་གྱིས་བརླབ་ཏུ་གསོལ། །རང་སྣང་ཐོད་པའི་གཞལ་ཡས་སུ། །གནས་ཁང་འདི་ཉིད་བྱིན་གྱིས་རློབས། །དཀོན་མཆོག་གསུམ་དང་རྩ་བ་གསུམ། །བདེ་ལྡན་ཀུན་གྱི་བདེན་སྟོབས་དང་། །རྒྱལ་བ་སྲས་བཅས་ཐུགས་རྗེ་དང་། །མཁའ་འགྲོ་ཆོས་སྐྱོང་ནུས་མཐུ་དང་། །
བདག་གི་ལྷག་བསམ་རྣམ་དག་མཐུས། །དེང་སང་ལྔ་བརྒྱ་དགུ་པའི་དཀྱིལ། །ད་དུང་ལྔ་བརྒྱ་ཕྲག་ཕྱེད་བདུན། །ཐུབ་དབང་བསྟན་པ་གནས་སོ་ཞེས། །མགོན་པོའི་རྒྱུད་ནས་། གསུང་པ་ལྟར། །དེ་སྲིད་གནས་འདིར་བསྟན་པ་དར། །གཙུག་ལག་དགེ་འདུན་ཚད་ལྡན་ནི། །བརྒྱ་སྟོང་ཁྲི་འབུམ་རིམ་པར་འདུ། །བཤད་སྒྲུབ་བསྟན་པ་ཉི་ལྟར་གསལ། །མཚན་ལྡན་བཤེས་གཉེན་རྒྱུན་མི་ཆད། །ལུགས་གཉིས་དཔལ་འབྱོར་རྟག་ཏུ་རྒྱས། །དེ་ལ་བར་ཆད་མེད་པ་རུ། །བྱིན་གྱིས་རློབས་ཤིག་དཀོན་མཆོག་གསུམ། །དངོས་གྲུབ་གནོང་ཞིག་ཡི་དམ་ལྷ། །རྟེན་འབྲེལ་བསྒྲིགས་ཤིག་ཌཱཀྐིའི་ཚོགས། །བར་ཆད་སོལ་ཅིག་ཆོས་སྐྱོང་རྣམས། །དཔལ་འབྱོར་སྤེལ་ཅིག་རྣམ་ཐོས་སྲས། །ཞེས་པ་སྒྲ་རྒྱལ་འབྲུག་གི་ལོའི། །ས་ག་ཟླ་བའི་བཅོ་ལྔའི་ཉིན། །ཐུབ་དབང་བྱང་ཆུབ་རྒྱུད་གསུངས་པའི། །དུས་ལ་ཁང་པའི་རབ་གནས་སུ། །དགེ་སློང་རྡོ་རྗེ་འཛིན་པ་ནི། ༧ རཱ་ག་ཨ་སྱས་བྲིས་པའོ། །སརྦ་མངྒ་ལཾ།། །། ༈ གྲུབ་ཐོབ་གོང་མ་རྣམས་ཀྱི་ཆོས་བརྒྱུད་བསྟན་པའི་གནས་ཚད་ལུང་བསྟན་དང་། རྗེ་འདི་ལ་ལུང་བསྟན་རྟེན་འབྲེལ་ལེགས་ལམ་དུ་འགྱུར་བཞིན་དེ་རྣམས་གེགས་མེད་དུ་གྲུབ་པའི་བདེན་ཚིག་སྨོན་ལམ་བཏབ་པ་བཞུགས་སོ། །ན་མོ་ཤཱཀྱ་མུ་ན་ཡེ། །
བསླུ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྨོན་ལམ་ཡོངས་སུ་འགྲུབ་པར་བྱིན་གྱིས་རློབས། །གསང་བདག་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །དེ་ལ་བར་ཆད་མེད་པར་བྱིན་གྱིས་རློབས། །བཅོམ་ལྡན་དོན་ཡོད་གྲུབ་ལ་ཕྱག་འཚལ་ལོ། །སྨོན་ལམ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །འཕགས་པ་དགེ་བའི་བཤེས་གཉེན་རྟོགས་བརྗོད་ལས། །གནས་བརྟན་བཅུ་དྲུག་འཁོར་དང་བཅས་པ་ཡི། །ཡར་འཕེལ་ཚེ་ལོ་དྲུག་བརྒྱའི་བར་དག་ཏུ། །བསྟན་པ་སྲུང་ཞིང་སྐྱོང་བར་ཞལ་བཞེས་པའི། །བདེན་པའི་བྱིན་རླབས་གནས་འདིར་འབྱུང་གྱུར་ཅིག །དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་ཆེན་ལས། །ལོ་གྲངས་སྟོང་ཕྲག་དུ་མའི་བར་དག་ཏུ། །ཁོལ་བུ་ཁོལ་བུར་བསྟན་པ་གནས་གསུངས་པའི། །བདེན་པའི་བྱིན་རླབས་གནས་འདིར་འབྱུང་གྱུར་ཅིག །བླ་མེད་ཨ་ཏི་ཡོ་གའི་རྒྱུད་རྣམས་ལས། །དྲུག་ཅུ་ནས་བཟུང་ཚེ་ལོ་བཅུ་པའི་བར། །ཀུན་བཟང་ཐུགས་ཀྱི་བསྟན་པ་དར་གསུངས་པའི། །བདེན་པའི་བྱིན་རླབས་གནས་འདིར་འབྱུང་གྱུར་ཅིག །ཨུ་རྒྱན་ཆེན་པོའི་མ་འོངས་ལུང་བྱང་ལས། །མདོ་བསྟན་ནུབ་ཀྱང་སྔགས་ཀྱི་བསྟན་པ་
ནི། །སངས་རྒྱས་བསྟན་པ་ཡུན་རིང་གནས་གསུངས་པའི། །ལུང་བསྟན་བྱིན་རླབས་གནས་འདིར་འབྱུང་གྱུར་ཅིག །མགོན་པོ་གྲི་གུག་བརྩེགས་པའི་རྒྱུད་ཆེན་ལས། །བསྟན་པ་ལྔ་བརྒྱ་ཕྲག་དགུ་ནུབ་པའི་རྗེས། །མགོན་པོ་ཕྲིན་ལས་བཞི་ཡི་བསྟན་པ་ནི། །ལྔ་བརྒྱ་ཕྲག་བཞིར་གནས་པར་གསུངས་པ་ཡི། །བདེན་པའི་བྱིན་རླབས་གནས་འདིར་འབྱུང་གྱུར་ཅིག །ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞལ་ཆེམས་ལས། །བསྟན་པ་རྟགས་ཙམ་འཛིན་པའི་དུས་སུ་ཡང་། །བསྟན་པ་ཤིན་ཏུ་རྒྱས་པར་གསུངས་པ་ཡི། །བདེན་པའི་བྱིན་རླབས་གནས་འདིར་འབྱུང་གྱུར་ཅིག །བླ་མ་དགོངས་པ་འདུས་པའི་དམ་ཆོས་རྣམས། །ནམ་ཡང་མི་ནུབ་དར་ཞིང་རྒྱས་གསུངས་པའི། །བདེན་པའི་བྱིན་རླབས་གནས་འདིར་འབྱུང་གྱུར་ཅིག །ལང་གྲོའི་སྨོན་ལམ་དབང་གིས་རཏྣ་གླིང་། །སློབ་མ་ཡང་སློབ་རྗེས་སློབ་བསྟན་པ་རྒྱས། །ཁྱད་པར་གཙང་དང་ཁམས་སུ་དར་གསུངས་པའི། །བདེན་པའི་བྱིན་རླབས་གནས་འདིར་འབྱུང་གྱུར་ཅིག །གུ་རུའི་ལུང་བསྟན་སངས་རྒྱས་བསྟན་པའི་མཇུག །གཏེར་གྱི་བསྟན་པ་སྐྱོང་བར་གསུངས་པ་ཡི། །ལུང་བསྟན་བྱིན་རླབས་གནས་
འདིར་འབྱུང་གྱུར་ཅིག །ནཱ་རོ་པ་ཡིས་མར་པ་ལོ་ཙཱ་ལ། །ཆོས་བརྒྱུད་ཆུ་བོའི་རྒྱུན་བཞིན་རྒྱས་གསུངས་པའི། །ལུང་བསྟན་བྱིན་རླབས་གནས་འདིར་འབྱུང་གྱུར་ཅིག །མར་པ་ལོ་ཙཱས་མི་ལ་རས་པ་ལ། །སངས་རྒྱས་བསྟན་པ་ཇི་སྲིད་གནས་ཀྱི་བར། །ཉམས་རྟོགས་བརྒྱུད་པ་མི་འཆད་གསུངས་པ་ཡི། །ཉམས་རྟོགས་བརྒྱུད་པ་གནས་འདིར་འབྱུང་བར་ཤོག །འཕགས་མ་སྒྲོལ་མས་ཀརྨ་པཀི་ལ། །བརྒྱུད་པའི་མཆོག་གྱུར་འདི་ལ་སྔགས་འཆང་དང་། །རྣལ་འབྱོར་དཔག་མེད་འབྱུང་བར་ལུང་བསྟན་པའི། །མོས་ཤིང་གུས་རྣམས་བྱང་ཆུབ་ཐོབ་གསུངས་པའི། །བདེན་པའི་བྱིན་རླབས་གནས་འདིར་འབྱུང་གྱུར་ཅིག །གྲུབ་ཆེན་པཀིར་མ་མགོན་རྣམ་གཉིས་ཀྱིས། །ཇི་སྲིད་སངས་རྒྱས་བསྟན་པ་གནས་ཀྱི་བར། །བརྒྱུད་པ་འཛིན་རྣམས་སྐྱོངས་ཤིང་སྲུང་མཛད་པ། །ཞལ་བཞེས་བྱིན་རླབས་གནས་འདིར་འབྱུང་གྱུར་ཅིག །སྡེ་བརྒྱད་བརྟན་མ་མགུར་ལྷ་ཐམས་ཅད་ཀྱིས། །མ་འོངས་གུ་རུ་པདྨའི་རྗེས་འཇུག་རྣམས། །སྲུང་སྐྱོབ་སྡོང་གྲོགས་མཛད་པར་དམ་བཅས་པའི། །ཐ་ཚིག་བདེན་པ་གནས་འདིར་འབྱུང་གྱུར་ཅིག །མཁའ་
སྤྱོད་པ་ལ་མགོན་པོ་ཕྱག་བཞི་པས། །མི་རབས་བཅུ་དྲུག་བར་དུ་གཏོར་མ་ནི། །ཐེབས་གཅིག་མེད་ཀྱང་བསྟན་པ་སྲུང་གསུངས་པའི། །བདེན་པའི་བྱིན་རླབས་གནས་འདིར་འབྱུང་གྱུར་ཅིག །མཁའ་སྤྱོད་པ་ལ་སྐྱེས་བུ་ཆེན་པོ་ཡིས། །གཏོར་མ་བྱིན་ནས་མི་རབས་བཅུ་དྲུག་ཏུ། །བསྟན་པ་སྲུང་བའི་དམ་བཅའ་ཕུལ་བ་ཡིས། །བྱིན་རླབས་དངོས་གྲུབ་གནས་འདིར་འབྱུང་གྱུར་ཅིག །རྨི་ལམ་འཁྲུལ་སྣང་པད་འབྱུང་བཀའ་ཤོག་ལས། །མི་རབས་བཅོ་ལྔར་ཕ་རྗེས་བུ་ཡིས་སླེབས། །གསུངས་པ་དེ་ཉིད་དོན་དང་ལྡན་གྱུར་ཅིག །ཆོས་ཉིད་རྣམ་དག་རྒྱུ་འབྲས་བསླུ་མེད་དང་། །རྩ་བ་གསུམ་གྱི་ཐུགས་རྗེ་ཚད་མེད་མཐུས། །གནས་འདིར་ཚུལ་ཁྲིམས་ལྡན་པའི་རབ་བྱུང་ཚོགས། །གངྒཱའི་རྒྱུན་བཞིན་དར་ཞིང་རྒྱས་གྱུར་ཅིག །ཅེས་པ་གདུང་རྟེན་རབ་གནས་ཚར་ནུབ་གདུང་རྟེན་པར་བཞེངས་ཡོད་དེ། །མར་མེ་ཡོན་ཆབ་མེད་པར་སྒོག་པར་ལུས་སམ། རི་ཁྲོད་དང་བཅས་པ་མྱུར་དུ་འཇིགས་སམ་ཅི་ཆ་ཡོད་བསམས་ནས། བརྟགས་བྱས་ནུབ་རྨི་ལམ་དུ། རང་གི་མདུན་དུ་ཁྲི་མཐོན་པོའི་སྟེང་ན། སྤྲུལ་སྐུ་དཀོན་མཆོག་བསྟན་འཛིན་དངོས་འདྲ་བ་བཞུགས་འདུག །གསོལ་འཕྲོའི་ཤ་བཙོས་པ་གཅིག་བདག་ལ་གནང་དྲན་འདུག་དེ་ཡི་ཕར་ལོ་དེ་ན་སྤྲུལ་སྐུ་སྒྲུབ་བརྒྱུད་བསྟན་པ་རྣམ་
རྒྱལ་སྐུ་ཧ་ཅང་མི་གསལ་ཙམ་བཞུགས་འདུག །ཁོང་རྣམ་གཉིས་ཀྱི་མཚན་དེ་ལ་བསམ་ན་རྟེན་འབྲེལ་ལེགས། རྟེན་བཞེངས་པའི་ལྷ་བཟོ་ཕེབས་ཁ་ནུབ། རང་ཚང་གི་དུང་དཀར་གཉིས་བསྒྲིག་ཅིང་བཏང་སོང་བས། །སྐད་ཆེན་པོ་བྱུང་བ་རྨིས་ངས་གདུང་རྟེན་བཞུགས་སའི་མཆོད་བཀྱག་བཟོས་དུས་ས་བརྐོས་ས་ནས་བན་ཆུང་ཀརྨའི་མིང་ཅན་གྱིས་རྡོའི་དུང་དཀར་རང་བྱོན་གྲུ་གང་དང་། མཁྱེན་རབ་ཀྱི་མིང་ཅན་གྱིས་རྡོའི་རལ་གྲི་རང་བྱོན་འཁྱོད་གང་དེ་དག་རྙེད་པའི་དུས་དང་། རང་བྱོན་གསལ་བ་དང་། རྙེད་མཁན་གྱི་མིང་རྣམས་རྟེན་འབྲེལ་ངོ་མཚར་ཆེ་བར་གདའ། དེ་བས་སྔོན་ཞིག་ན་རྨི་ལམ་དུ་རྗེ་ཆོས་ཀྱི་དབང་ཕྱུག་གསལ་བར་མཇལ་རེས་འགའ་ནི་སྤྲུལ་སྐུ་ཡེ་ཤེས་སྙིང་པོ་ཡིན་སྙམ་བྱེད་དེ། །བདག་ལ་ལུང་བསྟན་གྱི་དཔེ་ཆ་གཅིག་གནང་། དེ་ལ་བདག་གི་བརྒྱུད་པ་བླ་རབས་བཅུ་གསུམ་འོང་རྒྱུའི་མིང་གསལ་བར་གདའ་སྟེ་ཡིད་ལ་མ་ཟིན། འདི་རྣམས་རགས་རིམ་གྱི་མིང་ཡིན། འདི་ཡི་བར་བར་དུ། མང་པོ་འོང་བ་ནི་མ་ངེས་གསུངས༔ དཔེ་འདི་བདག་གིས་ཁྱེར་འོང་བས། རང་གི་སློབ་མ་ཡིན་པའི་བླ་མ་འགའ་རེས་སྟོན་དང་ཟེར། ཁྱེད་རྣམས་ལ་བསྟན་པས་ཕན་མེད། འདི་ངའི་དབོན་རྒྱུད་ཁོ་ན་ལ་འོང་རྒྱུ་རེད་སྨྲས་པ་རྨིས། དེ་རྣམས་ལ་བདེན་པ་ཡོད་ཙྪིན། གནས་འདིར་རྔ་དང་དྲིལ་བུའི་སྒྲ་ཡུན་རིང་པོར་མི་འཆད། གདུང་རྟེན་འདི་རྣམས་འོ་མི་བརྒྱལ་འདྲ་བསམས་ནས་སྨྲས་པའོ། །ཨ་རཱ་གས་སོ། །