Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱད་ཅུ་གྱ་གཉིས་པ།

2 occurrences of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]


collapse section
collapse section
  
 expand section
collapse section
 
  
 expand section
  
  
  
  
  
  
  
 collapse section
  
  
  
  
  
  
  
  
འཛིན་པའི་རྟོག་པ་གཉིས་པ། ཆོས་མཆོག་ཏུ་གཏོགས་པའི་རྣམ་པར་རྟོག་པ་དགུ།
  
  
 expand section
 expand section
 expand section
 expand section
 expand section
 expand section
 expand section


2 occurrences of བསམ་གཏན་བཞི་པའི་གནས་བརྒྱད་
[Clear Hits]

 
previousའཛིན་པའི་རྟོག་པ་གཉིས་པ། ཆོས་མཆོག་ཏུ་གཏོགས་པའི་རྣམ་པར་རྟོག་པ་དགུ། next

འཛིན་པའི་རྟོག་པ་གཉིས་པ། ཆོས་མཆོག་ཏུ་གཏོགས་པའི་རྣམ་པར་རྟོག་པ་དགུ།


DTG082_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་ལ་ཞིག་འདི་སྐད་དུ་འདྲི་ཞིང་ཅི་སྒྱུ་མའི་སྐྱེས་བུ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ་ཞེས་མཆི་ན། བཅོམ་ལྡན་འདས་དེ་སྐད་དུ་འདྲི་བ་དེ་ལ་ཇི་སྐད་དུ་བསྟན་པར་བགྱི། ཅི་སྒྱུ་མའི་སྐྱེས་བུ་འདི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། སྒྱུ་མའི་སྐྱེས་བུ་འདི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བར་ལ་བསླབས་ཤིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། སྒྱུ་མའི་སྐྱེས་བུ་འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ལ་བསླབས་ཤིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ་ཞེས་མཆི་ན། བཅོམ་ལྡན་འདས་དེ་སྐད་དུ་འདྲི་བ་དེ་ལ་ཇི་སྐད་དུ་བསྟན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟ་བས་ན་དེ་ཁྱོད་ཉིད་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་ལུང་སྟོན་ཅིག །ཅེས་བྱ་བ་ནི་འཛིན་པའི་རྟོག་པ་གཉིས་པ་ཕྱིར་བསྟན་པ་ཡིན་ནོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་ཀྱང་གཞན་ལ། སྒྱུ་མའང་གཞན་ཞིག་ཡིན་སྙམ་མམ། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་དང༌། རྣམ་པར་ཤེས་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་


DTG082_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་ཆོས་ཀྱི་མཆོག་ཏུ་གཏོགས་པའི་རྣམ་པར་རྟོག་པ་དང་ལྡན་པ་རྟོག་པ་དང་པོ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མིག་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་དང༌། ཡིད་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། གཟུགས་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། སྒྲ་དང༌། དྲི་དང༌། རོ་དང༌། རེག་དང༌། ཆོས་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་གཉིས་པ་སྐྱེ་མཆེད་དུ་བཏགས་པ་ལ་རྣམ་པར་རྟོག་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མིག་དང༌། གཟུགས་དང༌། མིག་གི་རྣམ་པར་ཤེས་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རྣ་བ་དང༌། སྒྲ་དང༌། རྣ་བའི་རྣམ་པར་ཤེས་པ་དང༌། སྣ་དང༌། དྲི་དང༌། སྣའི་རྣམ་པར་ཤེས་པ་དང༌། ལྕེ་དང༌། རོ་དང༌། ལྕེའི་རྣམ་པར་ཤེས་པ་དང༌། ལུས་དང༌། རེག་བྱ་དང༌། ལུས་ཀྱི་རྣམ་པར་ཤེས་པ་དང༌། ཡིད་དང༌། ཆོས་དང༌། ཡིད་ཀྱི་རྣམ་པར་ཤེས་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མིག་གི་འདུས་ཏེ་རེག་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རྣ་བའི་འདུས་ཏེ་རེག་པ་དང༌། སྣའི་འདུས་ཏེ་རེག་པ་དང༌། ལྕེའི་འདུས་ཏེ་རེག་པ་དང༌། ལུས་ཀྱི་འདུས་ཏེ་རེག་པ་དང༌། ཡིད་ཀྱི་འདུས་ཏེ་རེག་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། སྣའི་འདུས་ཏེ་རིག་པའི་རྐྱེན་གྱིས་ཚོར་བ་དང༌། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང༌། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་


DTG082_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཚོར་བ་དང༌། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སའི་ཁམས་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་སའི་ཁམས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། སའི་ཁམས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་སའི་ཁམས་སོ། །བཅོམ་ལྡན་འདས་ཆུའི་ཁམས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། ཆུའི་ཁམས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་ཆུའི་ཁམས་སོ། །བཅོམ་ལྡན་འདས་མེའི་ཁམས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། མེའི་ཁམས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་མེའི་ཁམས་སོ། །བཅོམ་ལྡན་འདས་རླུང་གི་ཁམས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། རླུང་གི་ཁམས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་རླུང་གི་ཁམས་སོ། །བཅོམ་ལྡན་འདས་ནམ་མཁའི་ཁམས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། ནམ་མཁའི་ཁམས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་ནམ་མཁའི་ཁམས་སོ། བཅོམ་ལྡན་འདས་རྣམ་པར་ཤེས་པའི་ཁམས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་རྣམ་པར་ཤེས་པའི་ཁམས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་གསུམ་པ་ཁམས་སུ་བཏགས་པ་ལ་རྣམ་པར་རྟོག་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མ་ཡང་གཞན་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་གཞན་ཞིག་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མ་རིག་པ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། མ་རིག་པ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་མ་རིག་པའོ། །བཅོམ་ལྡན་འདས་འདུ་བྱེད་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་མ་ལགས་ཏེ། འདུ་བྱེད་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་འདུ་བྱེད་དོ། །བཅོམ་ལྡན་འདས་རྣམ་པར་ཤེས་པ་ཡང་གཞན་ལ། སྒྱུ་མ་ཡང་གཞན་མ་ལགས་ཏེ། རྣམ་པར་ཤེས་པ་


DTG082_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་རྣམ་པར་ཤེས་པའོ། །བཅོམ་ལྡན་འདས་མིང་དང་གཟུགས་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་མ་ལགས་ཏེ། མིང་དང་གཟུགས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་མིང་དང་གཟུགས་སོ། །བཅོམ་ལྡན་འདས་སྐྱེ་མཆེད་དྲུག་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་མ་ལགས་ཏེ། སྐྱེ་མཆེད་དྲུག་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་སྐྱེ་མཆེད་དྲུག་གོ །བཅོམ་ལྡན་འདས་རེག་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་མ་ལགས་ཏེ། རེག་པ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་རེག་པའོ། །བཅོམ་ལྡན་འདས་ཚོར་བ་ཡང་གཞན་ལ་སྒྱུ་མ་ཡང་གཞན་མ་ལགས་ཏེ། ཚོར་བ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་ཚོར་བའོ། །བཅོམ་ལྡན་འདས་སྲེད་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་མ་ལགས་ཏེ། སྲེད་པ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་སྲེད་པའོ། །བཅོམ་ལྡན་འདས་ལེན་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་མ་ལགས་ཏེ། ལེན་པ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་ལེན་པའོ། །བཅོམ་ལྡན་འདས་སྲིད་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་མ་ལགས་ཏེ། སྲིད་པ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་སྲིད་པའོ། །བཅོམ་ལྡན་འདས་སྐྱེ་བ་ཡང་གཞན་ལ་སྒྱུ་མ་ཡང་གཞན་མ་ལགས་ཏེ། སྐྱེ་བ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་སྐྱེ་བའོ། བཅོམ་ལྡན་འདས་རྒ་ཤི་ཡང་གཞན་ལ་སྒྱུ་མ་ཡང་གཞན་མ་ལགས་ཏེ། རྒ་ཤི་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་རྒ་ཤིའོ་ཞེས་བྱ་བ་ནི། དེ་ཉིད་ཀྱི་རྟོག་པ་བཞི་པ་རྟེན་ཅིང་འབྲེལ་བར་འབྱུང་བ་བཏགས་པ་ལ་རྣམ་པར་རྟོག་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བར་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་ལྔ་པ་རྣམ་པར་བྱང་བར་བཏགས་པ་ལ་རྣམ་པར་རྟོག་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་


DTG082_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་གཞན་ལ། སྒྱུ་མ་ཡང་གཞན་མ་ལགས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་དྲུག་པ་མཐོང་བའི་ལམ་དུ་བཏགས་པ་ལ་རྣམ་པར་རྟོག་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་ཡང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་བདུན་པ་བསྒོམ་པའི་ལམ་དུ་བཏགས་པ་ལ་རྣམ་པར་རྟོག་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྟོང་པ་ཉིད་ཐམས་ཅད་ཀྱང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་རྟོག་པ་བརྒྱད་པ་ཁྱད་པར་གྱི་ལམ་དུ་བཏགས་པ་ལ་རྣམ་པར་རྟོག་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ཡང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་ཀྱང་གཞན་ལ་སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་གཟུགས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། གཟུགས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་གཟུགས་སོ། །བཅོམ་ལྡན་འདས་ཚོར་བ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། ཚོར་བ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་ཚོར་བའོ། །བཅོམ་ལྡན་འདས་འདུ་ཤེས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། འདུ་ཤེས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་འདུ་ཤེས་སོ། །བཅོམ་ལྡན་འདས་འདུ་བྱེད་རྣམས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། འདུ་བྱེད་རྣམས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་འདུ་བྱེད་རྣམས་སོ། །བཅོམ་ལྡན་འདས་རྣམ་པར་ཤེས་པ་


DTG082_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་རྣམ་པར་ཤེས་པའོ། །བཅོམ་ལྡན་འདས་མིག་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས། བཅོམ་ལྡན་འདས་གཟུགས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས། བཅོམ་ལྡན་འདས་མིག་གི་རྣམ་པར་ཤེས་པ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས། བཅོམ་ལྡན་འདས་མིག་གི་འདུས་ཏེ་རེག་པ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས། བཅོམ་ལྡན་འདས་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་སྐྱེས་པའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས། བཅོམ་ལྡན་འདས་རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས། བཅོམ་ལྡན་འདས་ཡིད་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས། བཅོམ་ལྡན་འདས་ཆོས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས། བཅོམ་ལྡན་འདས་ཡིད་ཀྱི་རྣམ་པར་ཤེས་པ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས། བཅོམ་ལྡན་འདས་ཡིད་ཀྱི་འདུས་ཏེ་རེག་པ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས། བཅོམ་ལྡན་འདས་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་སྐྱེས་པའི་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས། བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཉིད་སྒྱུ་མ། སྒྱུ་མ་ཉིད་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཉིད་སྒྱུ་མ། སྒྱུ་མ་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ།


DTG082_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་བྱང་ཆུབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཅི་སྒྱུ་མ་ལ་སྐྱེ་བའམ། འགག་པ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མ་ལ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་ལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་བྱང་བ་མེད་པ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འགྱུར་རམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པར་འགྱུར་རམ། ཚད་མེད་པ་དང༌། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སློབ་པར་འགྱུར་རམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང༌། མངོན་པར་ཤེས་པ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སློབ་པར་འགྱུར་རམ། ཐམས་ཅད་ཤེས་པ་ཉིད་དུ་འབྱུང་བར་འགྱུར་རམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བར་འདུ་ཤེས་པ་དང༌། ཀུན་ཤེས་པ་དང༌། གདགས་པ་དང༌། ཐ་སྙད་དུ་བྱ་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། འདུ་ཤེས་པ་དང༌། ཀུན་ཤེས་པ་དང༌། གདགས་པ་དང༌། ཐ་སྙད་ཙམ་གྱིས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་སྐྱེ་བའམ། འགག་པའམ། ཀུན་ནས་ཉོན་མོངས་པའམ།


DTG082_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བྱང་བ་དམིགས་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་ལ་འདུ་ཤེས་མེད་ཅིང་ཀུན་ཤེས་པ་མེད་པ་དང༌། གདགས་པ་མེད་པ་དང༌། ཐ་སྙད་མེད་པ་དང༌། མིང་མེད་པ་དང༌། མིང་དུ་གདགས་པ་མེད་པ་དང༌། ལུས་མེད་པ་དང༌། ལུས་ཀྱི་ལས་མེད་པ་དང༌། དག་མེད་པ་དང༌། ངག་གི་ལས་མེད་པ་དང༌། ཡིད་མེད་པ་དང༌། ཡིད་ཀྱི་ལས་མེད་པ་དང༌། སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། ཀུན་ནས་ཉོན་མོངས་པ་མེད་པ་དང༌། རྣམ་པར་བྱང་བ་མེད་པ་དེ། ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང༌། མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་ལགས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྒྱུ་མའི་སྐྱེས་བུས་བསླབས་པ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསླབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ཉིད་སྒྱུ་མའི་སྐྱེས་བུར་རིག་པར་བགྱི་སྟེ། འདི་ལྟ་སྟེ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཅི་ཕུང་པོ་ལྔ་པོ་འདི་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ནི་དངོས་པོ་མ་མཆིས་པའི་རང་བཞིན་ནོ། །དེ་བཞིན་དུ་ཕུང་པོ་ལྔ་ནི་རྨི་ལམ་ལྟ་བུའོ། །རྨི་ལམ་ཡང་དངོས་པོ་མེད་པའི་རང་བཞིན་ལགས་ཏེ། དམིགས་སུ་མ་མཆིས་


DTG082_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་བཞིན་དུ་ཕུང་པོ་ལྔ་པོ་དངོས་པོ་མེད་པའི་རང་བཞིན་གྱིས་དམིགས་སུ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྲ་བརྙན་ལྟ་བུ་དང༌། མིག་ཡོར་ལྟ་བུ་དང༌། སྤྲུལ་པ་ལྟ་བུ་དང༌། གཟུགས་བརྙན་ལྟ་བུའི་ཕུང་པོ་ལྔ་པོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་རྨི་ལམ་ནི་དངོས་པོ་མ་མཆིས་པའི་རང་བཞིན་ཏེ། སྒྲ་བརྙན་ནི་དངོས་པོ་མ་མཆིས་པའི་རང་བཞིན་ནོ། །དེ་བཞིན་དུ་མིག་ཡོར་དང༌། སྤྲུལ་པ་དང༌། གཟུགས་བརྙན་ནི་དངོས་པོ་མ་མཆིས་པའི་རང་བཞིན་ཏེ། དམིགས་སུ་མ་མཆིས་སོ། །དེ་བཞིན་དུ་ཕུང་པོ་ལྔ་པོ་ནི་དངོས་པོ་མེད་པའི་རང་བཞིན་གྱིས་ན་དམིགས་སུ་མ་མཆིས་སོ། །བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་སྒྱུ་མ་ལྟ་བུའོ། །ཚོར་བ་ནི་སྒྱུ་མ་ལྟ་བུའོ། །འདུ་ཤེས་ནི་སྒྱུ་མ་ལྟ་བུའོ། །འདུ་བྱེད་རྣམས་ནི་སྒྱུ་མ་ལྟ་བུའོ། །རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུའོ། །རྣམ་པར་ཤེས་པ་གང་ཡིན་པ་དེ་ཡང་དབང་པོ་བྲུག་དང་ཕུང་པོ་ལྔའོ། །དེ་དག་ཀྱང་ནང་སྟོང་པ་ཉིད་ཀྱིས་མི་དམིགས་སོ། །ཕྱི་སྟོང་པ་ཉིད་ཀྱིས་མི་དམིགས་པ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་མི་དམིགས་སོ། །བཅོམ་ལྡན་འདས་གལ་ཏེ་དེ་སྐད་དུ་བཤད་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་མི་ཞུམ། ཀུན་ཏུ་མི་ཞུམ། འགྱོད་པར་མི་འགྱུར། མི་དངང༌། ཀུན་ཏུ་མི་སྐྲག །ཀུན་ཏུ་སྐྲག་པས་ཟིན་པར་མི་འགྱུར་ན། བཅོམ་ལྡན་འདས་དེ་ནི་ཐམས་ཅད་ཤེས་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར། ལམ་ཤེས་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་རྗེས་སུ་ཐོབ་པར་འགྱུར་བར་རིག་པར་བྱའོ་ཞེས་བྱ་བ་ནི་དགུ་པ་མི་སློབ་པའི་ལམ་དུ་བཏགས་པའི་རྣམ་པར་རྟོག་པ་སྟེ་འཛིན་རྟོག་གཉིས་པའོ། །


previousའཛིན་པའི་རྟོག་པ་གཉིས་པ། ཆོས་མཆོག་ཏུ་གཏོགས་པའི་རྣམ་པར་རྟོག་པ་དགུ། next