Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
  expand section
  collapse section
   
   
   
   
   
   
   
   
   
   
   
རྗེས་སུ་ཡི་རང་བའི་སྒོམ་ལམ་བཤད་པ།
   
   
   
  expand section
  expand section
  expand section
  expand section
  expand section


 
previousརྗེས་སུ་ཡི་རང་བའི་སྒོམ་ལམ་བཤད་པ།next

རྗེས་སུ་ཡི་རང་བའི་སྒོམ་ལམ་བཤད་པ།


GLG013_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་ཡི་རང་བའི་སྒོམ་ལམ་བཤད་པ། གསུམ་པ་རྗེས་སུ་ཡི་རང་སྒོམ་ལམ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པ་གསུམ་ལས། དང་པོ་ནི། ཤེས་བྱ་ཆོས་ཅན། དེའི་འོག་ཏུ་དུས་གསུམ་པར་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པ་ཞེས་བྱ་བའི་སྒོམ་ལམ་འཆད་དེ། རབ་ཏུ་དགའ་བའི་སེམས་ཀྱིས་དེ་ལྟར་ལེགས་པར་བསྔོས་པའི་དངོས་པོ་གང་དུ་མངོན་པར་སྤེལ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས་ལས། དང་པོ་ནི། བྱང་སེམས་སྒོམ་ལམ་པའི་རྒྱུད་ཀྱི་རྗེས་སུ་ཡི་རང་ཆོས་ཅན། ཁྱེད་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའི་སྒོམ་ལམ་ཡིན་པར་སྐབས་འདིར་བརྗོད་དེ། ཐ་སྙད་དུ་དམིགས་པའི་ཐབས་དང་། དོན་དམ་པར་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པ་དག་གིས་རང་གཞན་གྱི་དགེ་རྩ་ལ་ཡི་རང་བ་དེ་དང་མཚུངས་ལྡན་གྱི་ཟག་པ་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། གཉིས་པ་མཐའ་དཔྱད་པ་ལ། དགག་གཞག་སྤང་གསུམ་ལས། དང་པོ་ལ། ཁ་ཅིག །རང་གི་དགེ་རྩ་ལ་དགའ་བ་


GLG013_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་པའི་རྗེས་སུ་ཡི་རང་སྒོམ་ལམ་དང་། གཞན་གྱི་དགེ་རྩ་ལ་དགའ་བ་སྒོམ་པའི་རྗེས་སུ་ཡི་རང་སྒོམ་ལམ་གཉིས་འགལ་ཟེར་ན། དེ་མི་འཐད་པར་ཐལ། རྗེས་སུ་ཡི་རང་སྒོམ་ལམ་ཡིན་ན་དེ་གཉིས་ཀ་ཡིན་དགོས་པའི་ཕྱིར། གཉིས་པ་རང་ལུགས་ནི། རང་གཞན་གྱི་དགེ་རྩ་ལ་དགའ་བ་སྒོམ་པའི་ཟག་པ་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་དེ་རྗེས་སུ་ཡི་རང་སྒོམ་ལམ་གྱི་མཚན་ཉིད། གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག །རྗེས་སུ་ཡི་རང་སྒོམ་ལམ་ཡིན་ན་གཞན་གྱི་དགེ་རྩ་ལ་དགའ་བ་བསྒོམས་པས་དགེ་བ་དེ་ཆེ་ཆུང་མཉམ་པར་ཐོབ་པས་ཁྱབ་པར་ཐལ། དེའི་ཕན་ཡོན་ཞིག་ཡོད་པའི་ཕྱིར་ན་མ་ཁྱབ། འདོད་ན། སངས་རྒྱས་འཕགས་པའི་དགེ་རྩ་ལ་དགའ་བ་སྒོམ་པའི་རྗེས་སུ་ཡི་རང་སྒོམ་ལམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས། གསུམ་པ་ནི། བྱང་སེམས་སྒོམ་ལམ་པའི་རྒྱུད་ཀྱི་རྗེས་སུ་ཡི་རང་བ་ཆོས་ཅན། ཁྱོད་རྗེས་སུ་ཡི་རང་བར་བྱ་བའི་སྒོམ་ལམ་དག་ཡིན་ཏེ། རབ་ཏུ་དགའ་བའི་སེམས་ཀྱིས་ཀུན་རྫོབ་ཏུ་ཐབས་ཀྱི་རང་བཞིན་གྱི་དགེ་བའི་རྩ་བ་རྣམས་ལ་དམིགས་ནས་དོན་དམ་པར་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པ་ཉིད་ཀྱིས་ཟག་པ་དང་བཅས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། གསུམ་པ་དོན་བསྡུ་བ་ནི། སྒོམ་ལམ་གསུམ་བསྟན་པ་དེ་ལ་གསུམ་པོའི་བྱེད་ལས་མདོར་བསྡུས་པའི་དོན་མོས་པ་ཡིད་ལ་བྱེད་པས་ཁྱད་པར་དུ་བྱས་པའི་སྒོམ་ལམ་ནི་ཆོས་ཅན། ཁྱོད་བྱེད་ལས་ཁྱད་པར་ཅན་དང་ལྡན་ཏེ། འབྱུང་ཁུངས་དག་ནས་གསེར་གྱི་གར་བུ་རྙེད་པ་བཞིན་དུ་བསོད་ནམས་མངོན་པར་འདུ་བྱེད་པ་ཡིན་པའི་ཕྱིར། བསྔོ་བ་ཡིད་ལ་བྱེད་པས་ཁྱད་པར་དུ་བྱས་པའི་སྒོམ་ལམ་ནི་ཆོས་ཅན།
བྱེད་ལས་ཁྱད་པར་ཅན་དང་ལྡན་ཏེ། གར་བུ་དེ་གསེར་འགར་གྱིས་རྒྱན་དུ་སྒྱུར་བ་བཞིན་དུ། ཁྱོད་ཀྱིས་དགེ་བ་རྣམས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་སྒྱུར་བར་བྱེད་པའི་ཕྱིར། རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པས་ཁྱད་པར་དུ་བྱས་པའི་སྒོམ་ལམ་ནི་ཆོས་ཅན། བྱེད་ལས་ཁྱད་པར་ཅན་དང་ལྡན་ཏེ། རང་དང་གཞན་གྱིས་བསོད་ནམས་བྱས་པ་མཉམ་པ་ཉིད་དུ་འཐོབ་བོ་ཞེས་བྱ་བ་འདི་འབྱུང་བ་ཡིན་པའི་ཕྱིར། སྨྲས་པ། ཚངས་དབང་མཆོད་སྦྱིན་བརྒྱ་པ་ལ་སོགས་པའི། །ཀུན་གྱི་གཙུག་ན་ཞབས་རྡུལ་ལེགས་འགོད་པས། །བསྟོད་བསྔགས་དབྱངས་ཀྱིས་དབུགས་དབྱུང་མོས་པའི་ལམ། །དེ་འདྲར་འཇུག་པའི་སྐྱེས་བུ་སྐལ་བ་བཟང་། །ཆོས་ཀུན་དམིགས་མེད་སྟོང་པའི་མཁའ་དབྱིངས་ལ། །ཕུལ་བྱུང་དགེ་བའི་རླུང་གི་རྒྱལ་མཚན་གྱིས། །བྱང་ཆུབ་མཆོག་གི་ཁ་དོག་རྣམ་བཀྲ་བ། །འདི་འདྲ་སྐལ་བཟང་ཡོངས་ཀྱི་གཟིགས་མོའི་གནས། །གཞན་གྱིས་ངལ་བརྒྱས་བསྒྲུབས་པའི་དགེ་བའི་འབྲས། །རྣམ་སྨིན་དཀར་པོར་འཛག་པའི་ལོངས་སྤྱོད་ལ། །ལྷན་ཅིག་དགྱེས་རྒུར་སྤྱོད་པའི་བྱང་སེམས་ལ། །མ་བྱིན་ལེན་གྱི་ལྟུང་བ་བྱུང་གིས་དོགས། །ཨེ་མ་སྔོན་མེད་སུ་ཝརྞ། །ཐེག་ཆེན་ལམ་གྱི་སོར་མོ་ལས། །ལེགས་འོངས་གཟུགས་ཀྱི་སྤྲུལ་སྒྱུར་འདི། །ལྟ་བྱེད་ལེགས་བྱས་ཟོང་གིས་བསྒྲུབས། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །


previousརྗེས་སུ་ཡི་རང་བའི་སྒོམ་ལམ་བཤད་པ།next